Nitartha Digital Library
Tibetan
 
previousམར་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་ཡི་གེ་རིན་ཆེན་གྲུ་གཟིངས།next

མར་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་ཡི་གེ་རིན་ཆེན་གྲུ་གཟིངས།


KMC015_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་ཡི་གེ་རིན་ཆེན་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །


KMC015_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི་སིདྡྷཾ། དཀྱིལ་འཁོར་རབ་འབྱམས་སྤྲོ་ཞིང་སྡུད། །སངས་རྒྱས་རྣམས་ཀྱི་འདྲེན་པ་སྟེ། །དེ་ཀུན་ཕྲིན་ལས་དག་ཀྱང་སྒྲུབ། །དཔལ་ལྡན་བླ་མ་སྤྱི་བོར་མཆོད། །རྣམ་པ་དྲན་པས་བདེ་ཆེན་སྟེར། །གསང་སྔགས་བཟླས་པས་དངོས་གྲུབ་འཐོབ། །དཀྱིལ་འཁོར་མཐོང་བས་སྡིག་ཀུན་འཛད། །ཧེ་རུ་ཀ་དཔལ་ཚོགས་ལ་འདུད། །བླ་མེད་སྔགས་ཀྱི་གྲུབ་པའི་དབྱིག །རེ་བ་སྩོལ་ལ་མཐུ་ཆེན་པོ། །དབང་བྱེད་ལྕགས་ཀྱུའི་འཁྲུལ་འཁོར་ནི། །བསྙེན་པའི་ཡི་གེ་མདོ་ཙམ་འཆད། །དེ་ལ་བྱ་སྤྱོད་རྣལ་འབྱོར་


KMC015_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་ཁྱད་པར་དུ་མས་འཕགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དགྱེས་པ་རྡོ་རྗེ་ཐོག་དྲངས། རྒྱུད་སྡེ་ཆེན་པོ་འགའ་ཞིག་གི་བསྙེན་ཡིག་རབ་གསལ་དུ་འགོད་པ་ལ་དོན་གསུམ། སྤྱི་དོན་གྱིས་ཁོག་བཀྲོལ། ལག་ལེན་བྱེ་བྲག་ཏུ་བཤད། ཚད་དང་འབྲས་བུ་སྨོས་པའོ། །དང་པོ་ལའང་གསུམ། བསྙེན་སྒྲུབ་སྤྱིའི་རྣམ་བཞག །བསྐྱེད་རིམ་གྱི་རྣམ་བཞག །བཟླས་པའི་རྣམབཞག་གོ། །དང་པོ་ནི། འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་


KMC015_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། །ཐ་མ ལ་པ་ནི་རྡོ་རྗེ་བཞི། མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་གསུངས་པ་ལྟར་སྤྱིར་ནི་དབང་བརྟུལ་རྡོ་རྗེ་བཞི་སོགས་ཀྱིས་བསྐྱེད་པ་རིམ་པ་དང་པོ་དང་། དབང་རྣོན་ཡན་ལག་དྲུག་སོགས་རིམ་པ་གཉིས་པ་ལ་སློབ་པ་ལ་བསྙེན་པ་ཞེས་བྱ་སྟེ། དབང་རབ་གནས་སོགས་བྱེད་ན་སྒྲུབ་ལ་མི་བྱེད་ན་འཇོག་པ་མ་ཡིན་པར་བྱང་ཆུབ་སྒྲུབ་པའི་ཆེད་དུ་བར་ཆད་མེད་པར་བསྒོམ་པར་བྱ་བ་ཡིན་ལ། བསྐྱེད་རིམ་ཁོ་ན་ལ་ལྟོས་པའི་བསྙེན་སྒྲུབ་ཀྱང་ཚུལ་བཞིན་བྱེད་ན། ཐོག་མར་མེ་ཏོག་ཕོག་པའི་ལྷའམ་གཙོ་བོ་རྐྱང་པ་ལ་གསལ་སྣང་བརྟན་པོར་མ་གྱུར་བར་དུ་བསྒོམ་པ་ནི་བསྙེན་པ་སྟེ། དྲན་པ་གཅིག་པ། དེ་ནས་དཀྱིལ་འཁོར་ཡོངས་རྫོགས་གསལ་སྣང་བརྟན་པོར་ཐོབ་ཀྱི་བར་དུ་བསྒོམ་ལ་དེ་དག་གི་བཟླས་པའང་དུས་རྟགས་གྲངས་ཚད་རྫོགས་པར་བཟླ་བ་ཉེ་བསྙེན་ཏེ་རྟོག་པའི་རྣལ་འབྱོར། དེ་ནས་རྡུལ་ཚོན་སོགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བ་བཞེངས་ནས་ཟླ་བ་དྲུག་ལ་སོགས་པར་བར་མ་ཆད་པར་བསྒོམ་བཟླས་


KMC015_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་མཆོད་གཏོར་ལ་བརྩོན་པ་སྒྲུབ་པ། དེས་མ་འགྲུབ་ན་ཁྱད་པར་གྱི་ཆོ་ག་དང་ལྡན་པས་ལན་གསུམ་ལ་སོགས་པ་སྤོགས་ཤིང་རྡོ་རྗེ་སེམས་དཔའ་བསད་པའི་ཆོ་ག་ཞེས་བྱ་བ་དྲག་ཤུལ་སྒྲུབ་པ་ལ་སོགས་པ་ནི་སྒྲུབ་པ་ཆེན་པོ་སྟེ། ལྷ་བསྒོམ་སྔགས་བཟླས་སུ་རློམས་པའི་ཙབ་ཙོབ་མང་པོ་ལ་མ་ལྟོས་པར་རྩ་བའི་ཡི་དམ་གཅིག་གྲུབ་པས་ལས་དང་དངོས་གྲུབ་ཐོགས་པ་མེད་པར་འགྲུབ་པར་འགྱུར་པས་རྒྱ་གར་བ་དང་། སྔོན་བྱོན་བོད་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པར་ཟད་དོ། །ད་ལྟའི་སྐབས་སུ་དེ་ལྟར་བྱེད་མཁན་སྲིད་མཐའ་མ་བཀག་ཙམ་དུ་གྱུར་མོད། དབང་རབ་གནས་སྦྱིན་སྲེག་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་སྒྲུབ་པ་ལ་བཟླས་པའི་བསྙེན་པ་མཐར་ཕྱིན་པ་ཙམ་ཏུ་མི་རུང་སྟེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་ཏུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་


KMC015_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་དང་། དཀྱིལ་ཆོག་རྡོར་ཕྲེང་ལས། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་ཏུ་བསྙེན་པས་ཚོགས་བསགས་ཤིང་། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །ཅེས་གསུངས་པའི་རྗེས་སུ་འབྲང་ནས་གྲངས་བསྙེན་ཙམ་གྱི་ཕྱག་ལེན་མཛད་པ་ནི་མང་ཞིང་། མཛད་ཚུལ་གྲུབ་མཐའ་སོ་སོས་ཕྱག་བཞེས་ཐ་དད་པར་སྣང་སྟེ། དྭགས་བརྒྱུད་སྔ་རབས་པ་རྣམས་ཀྱིས་ནི་རྩ་བའི་ཡི་དམ་བདེ་མཆོག་ཡབ་ཡུམ་ལྟ་བུ་ལ་གཞུང་ནས་བཤད་ཚོད་ཀྱི་བསྐྱེད་རིམ་མམ། གཙོ་བོར་རྫོགས་རིམ་རྩལ་དུ་བཏོན་ནས་ཡེ་ཤེས་ལ་དབང་ཐོབ་སྟེ་གྲུབ་པའི་མཚན་མ་བརྙེས་པ་ན་རྒྱུད་སྡེ་རབ་འབྱམས་ཀྱི་སྟོན་པ་དང་སྡུད་པ་པོར་མཛད་པ་དང་། བཀའ་བརྒྱུད་ཕྱི་མ་རྣམས་ཀྱིས་དཀྱིལ་འཁོར་གང་གི་སློབ་དཔོན་གྱི་བྱ་བ་བསྒྲུབ་པར་འོས་པ་དེ་དང་དེའི་གྲངས་བསྙེན་ཚད་དང་ལྡན་པ་ཙམ་མ་སོང་ཀ་མེད་དུ་མཛད། ས་ལུགས་པས་དགྱེས་རྡོར་དང་། ཇོ་


KMC015_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་པས་དུས་བདེ་འཇིགས་གསུམ་བསྙེན་ཆེན་ཚད་ལྡན་སོང་ཕྱིན། མཆོག་སྒྲུབ་ཀྱི་ལྷ་ཐམས་ཅད་ངོ་བོ་གཅིག་པས་ཐམས་ཅད་ཀྱི་དབང་དང་སྒྲུབ་མཆོད་སོགས་བྱར་རུང་བར་བཞེད། བུ་ལུགས་རྣམས་ཀྱིས། བླ་མེད་ལ་གཤེད་དམར་ལྟ་བུ་རྩ་བའི་ཡི་དམ་གཅིག རྣལ་འབྱོར་ལ་རྡོ་རྗེ་དབྱིངས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། བྱ་རྒྱུད་རིགས་གསུམ་སྤྱི་ལྟ་བུའི་དཀྱིལ་འཁོར་གཙོ་བོ་རེའི་བསྙེན་པ་ངེས་པར་དགོས་གསུངས། དགེ་ལུགས་པས་དབང་བསྐུར་ཚད་ལ་བསྙེན་པ་མ་སོང་བར་མི་རུང་བར་བཞེད་དོ། །དེ་དག་ལས་ལག་ལེན་ཏུ་འདེབས་པར་བྱ་གང་ཞེ་ན། གཙོ་བོར་ཡེ་ཤེས་བརྙེས་ན་གྲངས་བསྙེན་ཙམ་ལ་ལྟོས་མི་དགོས་ཀྱང་དེང་སང་ནི་ཡེ་ཤེས་ཇི་བཞིན་བརྙེས་པ་དཀོན་པས་ངེས་པར་དཀྱིལ་འཁོར་སོ་སོར་ལས་རུང་གི་ཆེད་དུ་བསྙེན་བཟླས་བྱེད་པ་ཉིད་བཟང་ཞིང་། འོན་ཀྱང་དབང་བསྐུར་གང་དགོས་ཀྱི་དཀྱིལ་འཁོར་ལ་བསྙེན་བཟླས་ཚད་ལྡན་མི་འགྲུབ་པས། རྩ་བའི་ཡི་དམ་གང་ཡིན་པ་གཅིག་གིས་དུས་གྲངས་


KMC015_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་བསྙེན་པ་ཁ་སྐོང་སྦྱིིན་སྲེག་དང་བཅས་པ་ཚད་ལྡན་སྔོན་ཏུ་སོང་ནས། གཞན་རྣམས་བསྙེན་ཆུང་རེ་བགྱིད་པ་ཕྱག་ལེན་ནོ། །དེ་ལྟར་གཞི་བསྙེན་སྔོན་ཏུ་སོང་བའི་རྡོ་རྗེ་སློབ་དཔོན་དེས་དབང་བསྐུར་བའི་སྐབས་སུ་བབ་པ་ན་བྱེ་བྲག་གི་བསྙེན་པ་ལྷ་ལ་གནང་བ་ཞུ་བའི་དོན་དུ་ཞག་བདུན་ལ་སོགས་པ་བྱ་སྟེ། ཡོ་ག་སྟོད་འགྲེལ་ལས། དཀྱིལ་འཁོར་བྲི་བའི་དུས་སུ་ཞག་བདུན་གྱི་བར་དུ་རྡོ་རྗེས་སེམས་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། ཏིང་ངེ་འཛིན་གསུམ་བསྒོམས་ནས་དེ་ནས་སྐྱིལ་འཁོར་བྲི་བར་བྱའོ། །ཞེས་དང་། འགྲོ་འདུལ་ནག་འབྱམས་ལས་ཀྱང་དེ་དང་མཚུངས་པར་གསུངས། ཨཱབྷ་ཡ་རྗེས་འབྲང་དང་བཅས་པས་བསྙེན་པ་ཁ་གསོར་གྲགས་པའི་སྐབས་ལྷག་ལྷའི་སྔགས་ཁྲི་ཕྲག་ཙམ་གྱིས་རུང་བར་ཡང་བཞེད་ལ། ད་ལྟ་ནི་འདི་ཙམ་ལག་ལེན་བྱེད་པའང་ཆེས་ཉུང་ངོ་། །གཉིས་པ་བསྐྱེད་རིམ་སྤྱིའི་རྣམ་གཞག་མདོར་སྨོས་པ་ལ་ལྔ། གང་དུ་བསྒོམ་པའི་གནས། སྒོམ་པ་པོའི་གང་ཟག །སྒོམ་པའི་དུས། སྒོམ་པའི་


KMC015_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན། བསྒོམ་བྱའི་རང་བཞིན་བཤད་པའོ། །དང་པོ་ནི་བསམ་གཏན་དང་མཐུན་པའི་གནས་མི་དང་མི་མ་ཡིན་གྱི་འཚེ་བ་མེད་པ། བྱིན་གྱིས་བརླབས་པའི་གནས་རྣམས་སུའམ། རང་གི་ཁྱིམ་དུ་བསྒོམ་པར་བྱ་ཞིང་། གལ་ཏེ་ཉེ་བར་འཚེ་བ་ཕྲ་མོ་རྣམས་ཀྱིས་མི་གནོད་པ་ཞིག་ཡིན་ན་ནི་དུར་ཁྲོད་ལ་སོགས་པའི་གནས་སུ་བསྒོམ་པར་བྱའོ། །གཉིས་པ་ནི། དབང་ལེགས་པར་ནོས་པས་རྒྱུད་སྨིན་ཅིང་། བསྲུང་བྱའི་དམ་ཚིག །བསྒྲུབ་བྱའི་སྡོམ་པ། ཡན་ལག་བརྟུལ་ཞུགས་རྣམས་དང་ལྡན་ཞིང་། ཉམས་ན་ཕྱིར་བཅོས་པ་ལ་བརྩོན་པའོ། །གསུམ་པ་ནི། ལས་དང་པོ་པ་མཚན་མོའི་དུས་སུ་སེམས་འཛིན་པ་གཙོ་ཆེ་ཞིང་། སྤྱིར་སྒོམ་བཟླས་ནི་ཐུན་གསུམ་མམ་དྲུག་གམ། གཙོ་བོར་ཐུན་བཞིའི་རྣལ་འབྱོར་དུ་བྱས་ལ། ཅུང་ཟད་བརྟན་པ་ཐོབ་ནས་ནི། གུས་པ་དང་བཅས་རྒྱུན་མི་འཆད་པར་བསྒོམ་པར་བྱ་བ་ཡིན་ནོ། །བཞི་པ་ནི། བསམ་པ་ཐེ་ཚོམ་མེད་པའི་སྙིང་སྟོབས། གྲོགས་རིག་མ་མཚན་ལྡན། ཡོ་བྱད་དམ་ཚིག་གི་བྲིས་


KMC015_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། རྡོར་དྲིལ་མཎྜལ་མེ་ཏོག །བཟའ་བའི་དམ་ཚིག་མཆོད་པ་དང་བཅས་པ་ཉེ་བར་འཚོགས་པར་བྱའོ། །དེ་ལྟར་ཡང་སློབ་དཔོན་མཚོ་སྐྱེས་རྡོ་རྗེས། ཡིད་དུ་འོང་བའི་གནས་སུ་རིག་མ་དང་བཅས་པས་བདུད་རྩི་ལྔའི་དམ་ཚིག་བསྟེན་ནས་མཆོད་པ་དང་གཏོར་མ་བྱས་ནས། ཞེས་གསུངས་ལ། གཞན་ཡང་ཐེག་པ་ཐུན་མོང་གི་བསམ་པ་རྣམས་དང་། ལུས་གནད་མཚན་ཉིད་ཚང་བ་སོགས་ཀྱང་ཏིང་ངེ་འཛིན་གྱི་མཐུན་རྐྱེན་ཡིན་ནོ། །ལྔ་པ་ནི། དེ་ལྟར་འབད་པ་དུ་མས་བསྙེན་ཅིང་བསྒྲུབ་པར་བྱ་རྒྱུ་གྲོལ་བྱེད་ལམ་གྱི་རིམ་པ་དང་པོ་བསྐྱེད་རིམ་མདོ་ཙམ་བཤད་པ་ལ་བཅུ་གཅིག་སྟེ། ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། གོ་རིམ། གྲངས་ངེས། སྒོམ་པའི་དགོས་པ། འབྲེལ། བསྐྱེད་རིམ་གྱི་ཡེ་ཤེས་ཇི་ལྟར་སྒྲུབ་ཚུལ། ཡེ་ཤེས་དེ་གང་ཟག་བཞིར་ན་འཕར་བའི་ཚུལ། ཡེ་ཤེས་དེ་ལ་འཇུག་ཚུལ་གྱི་རིམ་པ་བཤད་པའོ། །དང་པོ་ནི། བྲིས་སྐུ་སོགས་མཐོང་བ་དང་ཚིག་བརྗོད་པས་ཐོས་པ་སོགས་ལས་རྗེས་སུ་དཔག་སྟེ་རྣམ་པར་རྟོག་པས་དངོས་སུ་


KMC015_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཤིང་། རྟོག་བཅས་རྟོག་མེད་གང་རུང་གི་ལྷའི་རྣལ་འབྱོར་ཞིག་ལ། རྣམ་པ་འཁོར་བའི་སྐྱེ་ཤི་བར་དོ་གསུམ་དང་དབྱིབས་མཐུན་པས་སྦྱོང་ཞིང་། སྐུ་གསུམ་དང་རྣམ་པ་མཐུན་པས་ལམ་དུ་བྱེད་པ་། དགོས་པ་རྫོགས་རིམ་གྱི་སྨིན་བྱེད་ཀྱི་གཞིར་གྱུར་ཅིང་། གྲོགས་བཅོས་མའི་བདེ་བ་དང་སྟོང་པས་བརྒྱན་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། ཨུཏྤ་ཏྟི་ཀྲ་མ་སྟེ་གསར་དུ་བཅོས་པ་དང་བཏགས་པ་དང་བསྐྱེད་པ་སོགས་ལ་འཇུག་པས། ཆོས་ཉིད་གནས་ལུགས་ཀྱི་ལྷ་དེ་ཞལ་ཕྱག་ལ་སོགས་པའི་རྣམ་པར་བཅོས་ཏེ་མཚན་མའི་མིང་བཏགས་ཤིང་རྣམ་རྟོག་གིས་བསྐྱེད་པའི་རྣལ་འབྱོར་ཡིན་པས་དེ་སྐད་བྱའོ། །གསུམ་པ་ནི། རྣམ་རྟོག་གིས་བརྟགས་པའི་ལྷ་སྐུ་ཡིན་པ་ཙམ་གྱིས་བསྐྱེད་རིམ་དུ་མ་ངེས་ཀྱང་། ཁྱད་གཞི་རྣམ་རྟོག་གིས་བརྟགས་པའི་ལྷ་སྐུལ་ཁྱད་ཆོས་ཆོ་གའི་ཁྱད་པར་རྒྱལ་བས་སྔགས་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་གི་རིམ་པ་ཚང་བ། ངོ་བོའི་ཁྱད་པར་ཐུན་མོང་མ་ཡིན་པའི་ཞུ་བདེའི་ཆ་ཤས་དང་སྟོང་


KMC015_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་རྒྱས་བཏབ་པ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་པར་བྱེད་པ་སྟེ། ཁྱད་པར་བཞི་ལྡན་ནམ། འཇུག་པའི་ཁྱད་པར་སློབ་དཔོན་གྱིས་བྱིན་གྱིས་བརླབས་པ་སྟེ་ལྔ་ལྡན་ནོ། །ཁྱད་པར་གཉིས་པ་དང་གསུམ་པ་ནི། བསྐྱེད་རིམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ལ། གཞན་རྣམས་ནི་རྒྱུད་སྡེ་བཞིའི་ལྷའི་རྣལ་འབྱོར་ཐམས་ཅད་ལ་དགོས་སོ། །དག་རྫོགས་སྨིན་གསུམ་ཞེས་བྱ་བ་ནི། གཞི་འཁོར་བའི་སྲིད་པ་སྐྱེ་བའི་རིམ་པ་རྣམས་འདྲ་མཚུངས་ཀྱི་སྒོ་ནས་དག་པར་བྱེད་པ་དང་། འབྲས་བུ་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པ་མཚུངས་པའི་སྒོ་ནས་རྫོགས་པ་སྟེ་ཐོབ་པར་བྱེད་པའི་རྒྱུ་དང་ལམ་གོང་མ་རྫོགས་རིམ་བསྒོམ་པའི་གཞི་འདིངས་ཤིང་རྒྱུད་སྨིན་པར་བྱེད་པ་རྣམས་སོ། །བཞི་པ་ནི། སྒོམ་པ་པོའི་གང་ཟག་གི་དབང་དུ་བྱས་ན། བསྐྱེད་རིམ་གྱིས་བསྒྲུབ་པའི་ཏིང་ངེ་འཛིན་དང་། བསྐྱེད་རིམ་དངོས་ཀྱི་ཏིང་ངེ་འཛིན་དང་རྫོགས་རིམ་དང་འབྲེལ་བའི་བསྐྱེད་རིམ་སྟེ་


KMC015_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། བསྒོམ་བྱའི་ལྷའི་དབང་དུ་བྱས་ན། དཀྱིལ་འཁོར་ཡོངས་རྫོགས་དང་། ཆ་ཤས་བསྒོམ་པ་གཉིས། ཏིང་ངེ་འཛིན་གྱི་ཡན་ལག་གི་དབྱེ་བ་ནི། བསྙེན་སྒྲུབ་ཡན་ལག་བཞི་དང་། རྣལ་འབྱོར་བཞི་དང་། ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་ལ་སོགས་པའོ། །དངོས་གྲུབ་སྒྲུབ་པའི་གནས་སྐབས་ཀྱི་སྒོ་ནས་དབྱེ་ན། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །སྒོམ་པ་མཆོག་དམན་གྱི་སྒོ་ནས་དབྱེ་ན། རྟོག་པའི་རྣལ་འབྱོར་དང་། དྲན་པ་གཅིག་པ་ལ་སོགས་རྒྱུད་དང་རྒྱ་གཞུང་རྣམས་ལས་མང་དུ་གསུངས་ཏེ་འགའ་ཞིག་ནི་གཤམ་དུ་རིམ་པར་འཆད་པ་འགྱུར་རོ། །འདིར་རྗེ་མཻ་ཏྲི་པ་ཆེན་པོས། ཕྱི་རོལ་བསྐྱེད་པའི་རིམ་པ་དང་། ཟབ་མོ་བསྐྱེད་པའི་རིམ་པ་གཉིས་སུ་གསུངས་ཤིང་། དང་པོ། རྣམ་པར་རྟོག་པས་ཕར་བཏགས་ནས་ཇི་ལྟར་བསྐྱེད་པ་དང་མཐུན་པར་གོམས་པར་བྱས་པས་གསལ་བར་སྣང་བ་ཙམ་ལས། ཚུར་བསྟན་གྱི་སྣང་ཚུལ་གང་ཡང་སྟེར་དུ་མེད་པ་དང་། གཉིས་པ་


KMC015_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་དང་། རྡོར་བཟླས་ཀྱི་རྣལ་འབྱོར་ལ་བཞེད་དོ། །ལྔ་པ་ནི། རྡོ་རྗེ་སྙིང་འགྲེལ་ལས། དང་པོར་རེ་ཞིག་ཞིང་དག་ཕྱིར། །ཁྲེ་ཙི་རྣམས་ནི་བཏབ་པར་འགྱུར། །ཕྱི་ནས་དག་པའི་ཞིང་ལ་ནི། །སྭ་ལུའི་འབྲས་ནི་ཐོབ་པའོ། །ཅེས་སོགས་དཔེར་མཛད་པ་དང་། རྣམ་རྟོག་རྒྱ་རུ་ཚུད་པ་ཡི། །འགྲོ་བ་གསུམ་པོ་རྣམས་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པ འི་ཆོ་ག་སྟོན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་རྣམ་འཇུག་བྱ། །ཅེས་གསུངས་ཤིང་། དགྱེས་རྡོར་ལ་སོགས་པ་རྒྱུད་གཞན་ལས་ཀྱང་། དེ་ལྟར་གསུངས་པ་མང་སྟེ། དབང་རྟུལ་དང་པོའི་ལས་ཅན་ཤིན་ཏུ་མང་པོ་ཞིག་ཚེ་འདིར་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་སྐལ་བ་མེད་པ་དང་། ཅུང་ཟད་ཡོད་ཆུག་ཀྱང་བསྐྱེད་རིམ་སྔོན་དུ་མ་སོང་བར་རྫོགས་རིམ་གྱི་རྟོགས་པ་དངོས་མི་སྐྱེ་བའི་དབང་དུ་མཛད་ནས། དང་པོར་བསྐྱེད་རིམ་བརྟན་པ་


KMC015_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱི་བར་དུ་བསྒོམས། དེ་ནས་རྫོགས་པའི་རིམ་པ་སྒོམ་པ་སྟེ། རྟེན་བརྟེན་པའི་ཚུལ་དུ་ཉམས་སུ་ལེན་པའམ། དང་པོར་བསྐྱེད་རིམ་ཅུང་ཟད་གོམས་པར་བྱས་ནས། ཕྱིས་བསྐྱེད་རྫོགས་སྦྲགས་ཏེ་སྒོམ་པ་སྔོན་འགྲོ་དངོས་གཞིའི་ཚུལ་དུ་བྱེད་པའམ། དང་པོ་ཉིད་ནས་ཐུན་གྱི་སྟོད་ལ་བསྐྱེད་རིམ་དང་། སྨད་ལ་རྫོགས་རིམ་སྒོམ་པ་ལྟ་བུ་གཅིག་གྲོགས་གཅིག་ཤོས་ཀྱིས་བྱེད་པ་གྲོགས་དང་གྲོགས་ཅན་གྱི་ཚུལ་གྱིས་སྒྲུབ་པ་སྟེ། དགྱེས་རྡོར་གྱི་ལུགས་ལ་བརྟེན་ནས་མངའ་བདག་མར་པའི་བཀའ་བརྒྱུད་དང་། རྗེ་ས་སྐྱ་པ་རྣམས་ནི་ཕྱག་ལེན་གྱི་གཙོ་བོ་འདི་ལ་མཛད་ཅིང་། དབང་པོ་རྣོན་པོས་ནི་ཐུན་གཅིག་ལའང་ཟུང་འཇུག་ཏུ་བསྒོམ་པར་བཞེད་དོ། །ཤིན་ཏུ་དམན་པ་ཚེ་འདིར་རྫོགས་རིམ་གཏན་ནས་བསྒོམ་མི་ནུས་པ་དང་། ཚེ་འདིར་བསྐྱེད་རིམ་བསྒོམས་ཤིང་། ཕྱི་མ་རྫོགས་རིམ་སྒོམ་པ་ཡང་ཡོད་ལ། དེ་ཡང་བསྐྱེད་རྫོགས་གོ་རིམ་སྔ་མ་དང་འདྲ་སྟེ། རིགས་པ་ནི་སུ་ཞིག་རྫོགས་རིམ་གྱི་ཡེ་ཤེས་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེས་


KMC015_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་དེ་ལ་བོགས་འབྱིན་གྱི་གནས་སྐབས་སྲིད་མཐའ་ཙམ་ལ་དུས་ཡུད་ཙམ་ལན་རེ་ལན་གཉིས་མ་གཏོགས། བསྐྱེད་རིམ་བསྒོམ་པ་མི་འབྱུང་སྟེ། རྫོགས་རིམ་དངོས་གཞིའི་ཡེ་ཤེས་སྐྱེས་ནས་བསྐྱེད་རིམ་བསྒོམ་པ་ལ་ཕལ་ཆེར་དུ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་རིམ་པ་གཉིས་ཀར་བསྒོམ་དགོས་ཕྱིན་ཆད། སྤྱིར་བཏང་དུ་དང་པོར་བསྐྱེད་རིམ་དང་ཕྱིས་རྫོགས་རིམ་བསྒོམ་པ་ཡིན་ཅིང་། ཞིང་ཐ་རྒོད་བཏུལ་ནས་དང་པོར་འབྲུ་ངན་པ་བཏབ་སྟེ་ཞིང་དུལ་བར་བྱས་པའི་རྗེས་སུ་སཱ་ལུ་ལ་སོགས་པའི་བཟང་འབྲུ་འདེབས་པར་བྱེད་པ་བཞིན་དུ། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་མཐར་ཕྱིན་པར་བྱེད་པའམ། བསྐྱེད་རིམ་ཅི་རིགས་སྔོན་ཏུ་གཏོང་བ་ཡིན་ནོ། །དབང་རབ་བསྐྱེད་རིམ་ལ་བསླབ་མི་དགོས་ཤིང་། དབང་པོ་འབྲིང་མན་ཆད་ཀྱི་དབང་དུ་མཛད་ནས་བསྐྱེད་རིམ་བསྒོམ་པར་བཤད་པ་ཙམ་ལ་བརྟེན་ནས། དེང་སང་གི་སྔགས་པར་རློམས་པ་ཁ་ཅིག་བསྐྱེད་རིམ་ལ་ཆེད་གཉེར་མི་བྱེད་ཅིང་། སེམས་གནས་ཙམ་གཙོར་གཏོན་པ་སྣང་མོད།


KMC015_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟད་ཐ་མའི་ཐ་མར་གྱུར་པ་ཞིག་རབ་ཀྱི་རབ་ཏུ་རློམས་ནས་དེའི་ལམ་དུ་འཇུག་པའི་ཚུལ་བྱས་ཀྱང་རང་འབྲས་འགྲུབ་པར་དཀའ་སྟེ། ད་ལྟར་གྱི་གང་ཟག་ཚུར་ཤོག་གིས་བསྙེན་པར་རྫོགས་པ་བཞིན་ནོ། །འོན་ཀྱང་རྒྱུད་ལས་གསུངས་པའི་དོན་ནི། ཆེད་དུ་བྱ་བའི་གདུལ་བྱའི་ནང་ཚན་དབང་པོ་བརྟུལ་འབྲིང་རྣོན་པོ་གསུམ་གྱི་དབང་དུ་བྱས་ཀྱི། ད་ལྟའི་སྔགས་པ་ཕལ་ཆེར་ཐོས་པའི་སྐལ་པ་ཅན་ཙམ་སྟེ། ཐེག་པ་གང་དུ་ཡང་རིགས་མ་ངེས་པ་སྟེས་དབང་གིས་སྔགས་ལ་ཞུགས་པ་ཡིན་པས། འདི་དག་ལ་ནི་རྫོགས་རིམ་དངོས་གཞི་སྐྱེ་དཀའ་བ་བཞིན་ཏུ་བསྐྱེད་རིམ་དངོས་ཀྱང་སྐྱེ་དཀའ་ལ། རྗེས་མཐུན་ཙམ་ནི་གཉིས་ཀར་སྐྱེར་རུང་བས་གང་མོས་པ་ལ་ཞུགས་པས་གདུལ་བྱ་དེ་ཉིད་ལ་ལྟོས་པའི་དོན་ཁྱད་པར་ཅན་འགྲུབ་ཀྱི། སྔ་ཕྱིའི་གོ་རིམ་མཐའ་གཅིག་ཏུ་ངེས་བཟུང་མི་དགོས་ཀྱང་། གཅིག་ལ་བརྟེན་ནས་གཅིག་ཤོས་འདོར་བ་མི་བྱའོ། །དྲུག་པ་ནི། ཐེག་པ་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཡིན་ལ། དབང་པོ་རྣོ་བརྟུལ་


KMC015_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཟླས་ཕྱེ་བའི་བརྟུལ་པོར་གྱུར་པ་རྣམས་ཀྱི་དབང་དུ་བྱས་ནས། བསྐྱེད་རིམ་ལམ་གྱི་སྔོན་འགྲོ་དང་། རྫོགས་རིམ་ལམ་དངོས་གཞི་ཡིན་པའི་རིམ་པ་དང་། སྤྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་གཞི་འདིངས་པ་བསོད་ནམས་ཀྱི་ཚོགས་ཡིན་ཅིང་འདིར་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྣམ་པ་ཐམས་ཅད་པའི་ཡེ་ཤེས་སྐྱེ་བའི་གེགས་བསལ་བའི་རྒྱུར་བསོད་ནམས་ཀྱི་ཚོགས་བསྐྱེད་པའི་རིམ་པ་བསྒོམ་པར་འདོད་པའི་ཕྱིར། སྔོན་འགྲོ་དངོས་གཞིའམ། རྟེན་བརྟེན་པའི་སྒོ་ནས་གཉིས་སུ་གྲངས་ངེས་པ་དང་ཚོགས་གཉིས་རྒྱུ་འབྲས་ཀྱི་སྒོ་ནས་དང་། བདེན་པ་གཉིས་ཀྱི་རིམ་པས་ཀྱང་བསྐྱེད་རྫོགས་གཉིས་སུ་གྲངས་ངེས་པ་དང་། མཐར་གཏུགས་ན་སྐྱེ་འཆི་གཉིས་ཀར་རྫོགས་རིམ་གྱིས་སྦྱོང་བ་ཡིན་མོད་ཀྱང་། རེ་ཞིག་དེ་སྒོམ་པའི་སྐལ་བ་མེད་པ་ལ་དང་པོ་ཉིད་ནས་ཀྱང་བསྐྱེད་རིམ་ནི། འཁོར་བར་སྐྱེད་པའི་རྣམ་རྟོག་མགོ་གནོན་གྱི་གཉེན་པོ་སྟོབས་ཆེན་པོ་དང་ལྡན་པ་ཡིན་ལ། འཇིག་པའི་རྣམ་རྟོག་གི་ཡང་གཉེན་པོ་ཅུང་ཟད་ཙམ་བྱེད་མོད་ཀྱི།


KMC015_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པའི་ཕྱོགས་ལ་འཇུག་པ་ཙམ་གྱི་སྟོབས་མི་བྱེད་པ་དང་བསྐྱེད་རིམ་གྱི་ལམ་ཡང་གང་ཟག་འགའ་ཞིག་ལ་གནས་སྐབས་འགའ་ཞིག་ཏུ་ངེས་པར་དགོས་པའི་ཡང་ཕྱིར། དགོས་པ་འདི་ལ་ལྟོས་ནས་རིམ་པ་གཉིས་ཞེས་གྲངས་ངེས་སུ་མཛད་པའོ། །བདུན་པ་ནི། ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་གཙོ་བོར་བྱས་པས་རང་གཞན་གྱི་བསོད་ནམས་རྒྱ་ཆེན་པོ་གསོག་པ་དང་། གང་ཟག་གི་དབང་པོའི་ཁྱད་པར་ལས་མང་པོ་ཞིག་བསྐྱེད་རིམ་མེད་པར་རྫོགས་རིམ་གྱི་རྟོགས་པ་བསྐྱེད་མི་ནུས་པའི་རིགས་ལ་རྫོགས་རིམ་གྱི་རྟོགས་པའི་རྒྱུད་སྦྱང་བའི་དོན་དང་། ཁ་ཅིག་རྫོགས་རིམ་ཁོ་ན་བསྒོམས་པས་ཡེ་ཤེས་སྐྱེ་རུང་ཙམ་ཡིན་ཀྱང་བསྐྱེད་རིམ་སྔོན་ཏུ་སོང་བའམ། སྦྲགས་ཏེ་བསྒོམས་ན་རྫོགས་རིམ་གྱི་ཡེ་ཤེས་མྱུར་དུ་སྐྱེ་བ་དང་། བོགས་ཆེ་བའི་རིགས་ཅན་ལ་རྫོགས་རིམ་མྱུར་དུ་བསྐྱེད་པ་དང་། ལྷག་པར་སྐྱེད་པའི་དོན་དང་། འགའ་ཞིག་ཚེ་དེ་ལ་རྫོགས་རིམ་སྒོམ་པར་མི་ནུས་པ་དང་། མི་མོས་པའི་རིགས་ཅན་དག་


KMC015_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟུང་བ་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལའང་བསྐྱེད་རིམ་གྱིས་བོགས་འབྱིན་པའི་གནས་སྐབས་ཡོད་པས་བསྐྱེད་པའི་རིམ་པ་བསྒོམ་པར་བསྟན་པའི་དགོས་པ་ནི་དེ་དག་ཡིན་ནོ། །དེས་ན་རྫོགས་རིམ་གྱི་དམིགས་པ་ས་བོན་དང་། བསྐྱེད་རིམ་གྱི་བསྒོམ་པ་ཆུ་ལུད་ལྟ་བུའི་དཔེའང་སྦྱོར་བར་མཛད་དོ། །བརྒྱད་པ་ལ་གཞི་བཤད་ལམ་དང་འབྲེལ་བའི་འབྲས་བུ་གྲུབ་ཚུལ་སྨོས་པའོ། །སྤྱིར་གསང་སྔགས་བླ་མེད་ཀྱི་ཕྱོགས་ནི་གཞི་བསྒྱུར་བའི་ལམ་ཁྱད་པར་ཅན་ཡིན་ལ། བསྒྱུར་བྱའི་གཞི་ནི། འཁོར་བ་སྣོད་བཅུད་ཀྱི་འཇིག་རྟེན། ཕུང་ཁམས་སྐྱེ་མཆེད་ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་ལས་ཉོན་སྡུག་བསྔལ་གསུམ་གྱིས་བསྡུས་པ་འདི་དག་ཡིན་ལ། དེ་དག་མདོ་ལུགས་དང་སྔགས་ཕྱི་པ་ལྟར་སྐྱོན་ཏུ་ལྟ་ནས་སྤོང་བར་མི་བྱེད་པར། ལྷ་སྐུ་དང་བདེ་ཆེན་ལ་སོགས་པ་གཞིའི་ཆོས་དེ་ཉིད་དང་རྣམ་པ་ཕྱེད་འདྲ་ཞིང་། ཕྱེད་འགལ་བ་ཅན་དུ་བསྒྱུར་ནས་སྣང་བཅས་ཀྱི་ཡེ་ཤེས་དེ་ཉིད་བསྒོམས་པས་གཞིའི་ཆོས་ཉིད་དམ་


KMC015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རྟོགས་པར་བྱེད་པ་སྟེ། དཔེར་ན་དུག་གི་སྡོང་པོ་བཅད་པ་དང་འབྱིན་པ་སོགས་ཀྱིས་མི་སྤོང་བར་སྔགས་ཀྱིས་བཏབ་ནས་སྨན་ཆེན་པོར་བསྒྱུར་བ་བཞིན་ནོ། །དེའང་ལུས་ཀྱི་ཆོས་ཉིད་ཡེ་ཤེས་ཀྱི་ལྷ་སྐུར་གདོད་ནས་གྲུབ་ཅིང་དེ་ལ་བརྟེན་ནས་བྱུང་བའི་དྲི་མ་ཡིན་པའི་ཕྱིར། མེ་ལོང་གི་གཡའ་མེ་ལོང་གི་གཟུགས་དང་ཕྱོགས་འདྲ་ཙམ་དུ་འབྱུང་པ་ལྟར། རྡོ་རྗེའི་སྐུ་དང་རྣམ་པ་ཕྱོགས་འདྲ་རུང་ཙམ་དུ་ལུས་དེ་ཡང་བཞིན་ལག་དབང་པོ་དང་བཅས་པའི་རྣམ་པར་ཤར། དེའི་ཚེ་རྣལ་འབྱོར་པས་ལུས་དང་ལུས་ཀྱི་ཆོས་ཉིད་གཉིས་རྣམ་པ་འདྲ་བའི་འདྲ་ཆོས་ལྷའི་རྣལ་འབྱོར་བསྒོམས་པས་ཐ་མལ་གྱི་ལུས་ཀྱི་རིགས་རྒྱུན་དེ། གནས་གྱུར་ནས་ལམ་གྱིས་བསྡུས་པའི་ཡེ་ཤེས་ལྷ་སྐུའི་རྣམ་པ་ཅན་དུ་གྱུར་བ་ནི། དཔེར་ན་སྔགས་བཏབ་པས་དུག་གི་ནུས་པ་སྨན་མཆོག་གི་ནུས་པར་གྱུར་པ་ལྟ་བུའོ། །ལམ་དུས་ཀྱི་ལྷ་སྐུ་དེ་གོམས་པ་ན། ཐ་མ་ལ་ལུས་ཀྱི་སྣང་བའི་དྲི་མ་ཀུན་དག་པའི་ཚེ། ལམ་ཡང་དབྱིངས་སུ་ཐིམ་ནས་ཆོས་ཉིད་ཀྱི་


KMC015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྡོ་རྗེ་མངོན་འགྱུར་དུ་ཐོབ་པར་འགྱུར་ཏེ། ཚུལ་འདིས་ཉོན་མོངས་ལམ་བྱེད་ཀྱི་དོན་སོགས་ཆོས་གཞན་ཐམས་ཅད་ལའང་རིགས་བསྒྲེ་ཞིང་། འདུས་པ་ཕྱི་མ་ལས། གསང་སྔགས་ཀྱི་སྒྲ་དོན་ཡིད་སྐྱོབ་པ་ལ་བཤད་པའི་དོན་ཀྱང་དེར་ཐུག་གོ། །དགུ་པ་ལ་གཉིས། སྤང་གཉེན་སྤྲོད་ཚུལ། ཏིང་ངེ་འཛིན་དངོས་བཤད་པའོ། །དང་པོ་ནི། འཁོར་བར་འཆིང་བའི་རྩ་བ་བསྐྱེད་རིམ་གྱི་སྤང་བྱ་ནི། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །བསྒོམ་པ་ཡང་དག་རབ་བསྒྲགས་སོ། །ཅེས་གསུངས་པས། ཐ་མལ་དུ་སྣང་བ་དང་ཐ་མལ་དུ་ཞེན་པ་གཉིས་ཡིན་ལ། དེ་ལྷ་སྐུའི་སྣང་བ་དང་ལྷར་ཞེན་པའི་རྣལ་འབྱོར་སྒོམ་པས་སྣང་ཞེན་མངོན་འགྱུར་འཕྲལ་དུ་འགོགས་པ་ཡིན་ཏེ། དེ་ཡང་རང་བཞིན་མེད་པར་ཤེས་པས། ཐ་མལ་དང་ལྷའི་སྣང་བ་གང་ལའང་བདེན་ཞེན་ཡང་འགགས་ཏེ། སྣང་ཞེན་བདེན་འཛིན་གསུམ་ལ། རང་རང་དང་རྣམ་པ་འགལ་བའི་གཉེན་པོ་ལ་འབད་པས་སྡུག་བསྔལ་བདེན་པ་མ་དག་པའི་སྣང་བ་འདི་ཉིད་དག་པའི་


KMC015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་བསྒྱུར་ནས་སྡུག་བསྔལ་གྱི་སྣང་བ་འཕྲལ་དུ་འགོགས་ཤིང་། བརྩོན་འགྲུས་དང་ལྡན་པས་ཡེངས་མེད་དུ་བསྒོམ་ན་གསལ་སྣང་ཡང་སྐྱེ་སླ་བ་ཡིན་ཏེ། ཆགས་ལྡན་གྱི་ཡིད་ཡུལ་དུ་བུད་མེད་ཀྱི་གསལ་སྣང་མཐོང་བ་བཞིན་ནོ། །རྣམ་འགྲེལ་ལས་ཀྱང་། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གོམས་ན་ཡང་དག་ཡིན་མིན་གཉིས་ཀའི་གསལ་སྣང་འབྱུང་བ་ཡིན་ནོ། །གཉིས་པ་ལ་གསུམ། གསལ་བ། སྟོང་པ། བདེ་བའི་ཏིང་འཛིན་བསྒྲུབ་ཚུལ་ལོ། །དང་པོ་ལ་གཉིས་ཀྱི། གསལ་སྣང་སྒྲུབ་ཚུལ་ནི། དཔེར་ན་ཐོག་མར་ཐོར་ཚུགས་ཀྱི་རྩེ་མོའི་ནོར་བུ་ལ་སེམས་འཛིན་པ་དམིགས་བསྐོར་གཅིག །ཡང་ན་ཐོག་མར་ཕྱག་སེན་དམར་པོ་འོད་འཕྲོ་བ་ལ་སེམས་འཛིན་པའང་ཡོད། དེ་ནས་ཐོར་ཚུགས་དང་བཅས་པའི་རྩ་ཞལ་ལ་གཅིག །དེ་བཞིན་ཏུ་ཞལ་ལྷག་མ་རྣམས་ལ་ཡང་རེ་རེ། སྐུ་བྱིངས་ལ་གཅིག །ཕྱག་ལྷག་


KMC015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་གཡས་གཡོན་གཉིས་བསྡམས་སུ་བྱས་ལ་ཐུན་དྲུག །ཞབས་གཡོན་གདན་དང་བཅས་པ་ལ་གཅིག །དེ་བཞིན་ཏུ་གཡས་ལའང་གཅིག །ན་བཟའ་རྒྱན་བཅས་པ་ལ་གཅིག །སླར་སྐུ་ཡོངས་རྫོགས་པ་ལ་ཅིག་ཆར་སེམས་འཛིན་པ་སྟེ་བཅུ་དྲུག་གོ། །འགའ་ཞིག་དེ་བཀག་སྟེ། དཀྱིལ་འཁོར་ཡོངས་རྫོགས་སམ་སྐུ་ཙམ་ལ་ཕྱོགས་གཅིག་ཏུ་གསལ་སྣང་འགྲུབ་པར་འདོད་དེ། ལས་དང་པོ་པ་དམིགས་པ་རྒྱ་ཆེན་པོ་སྒོམ་མི་ནུས་པ་རྣམས་ལ་ནི། སྔ་མ་དེ་ངེས་པར་གལ་ཆེ་ལ། དམིགས་པ་རྒྱ་ཆེན་པོ་གསལ་ཐེབས་པའི་གང་ཟག་ལ་ནི་ཕྱི་མ་དེས་ཀྱང་རུང་ཙམ་མོ། །གསལ་སྣང་རེ་ཐོབ་ནས་ཀྱང་སླར་འགྲིབ་མི་འགྲོ་ཞིང་བརྟན་པ་ཐོབ་པའི་དོན་ཏུ་ཡུན་བསྲིང་སྟེ་སྒོམ་དགོས་སོ། །གཉིས་པ་ང་རྒྱལ་སྒྲུབ་ཚུལ་ནི། དཔེར་ན། ཧེ་རུ་ཀ་དགྱེས་པ་རྡོ་རྗེ་ཉིད་ཡིན་ནོ། །སྙམ་པ་ལྟ་བུའི་སེམས་པ་གཅིག་པུ་མཐུ་ཆུང་བས། དེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། མཁྱེན་བརྩེ་ནུས་གསུམ་ཕྲིན་ལས་སྣ་ཚོགས་ཀྱི་སྤྱོད་ཚུལ་ལ་སོགས་པ་ཐམས་ཅད་རང་གི་


KMC015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་འདུ་ཤེས་ལ་བརྟེན་ཏེ། ལྷའི་འདུ་ཤེས་སྒོམ་པ་སྟེ་དེའང་རང་ཉིད་དཔལ་ཧེ་རུ་ཀ་དངོས་ཡིན་སྙམ་པ་རགས་པར་བསླབ་པ་ལ་གཅིག །རང་གི་མིང་རུས་སོགས་ཀྱི་རྣམ་རྟོག་ཆེད་ཀྱིས་སྤངས་ཏེ། ལྷའི་ང་རྒྱལ་ཙམ་ལ་སློབ་པ་དང་གཉིས། སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་ཧེ་རུ་ཀ་ང་ཡིན་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ང་ལ་ཡོད་དེ། དེའི་ཕྱིར་ང་ཧེ་རུ་ཀའོ་ཞེས་ང་རྒྱལ་བརྟན་པོ་བསྐྱེད་དེ། དེ་ཉིད་ཡུན་རིང་དུ་སྐྱོང་བ་སྟེ་གསུམ་མོ། །དེ་དག་ཀྱང་དགྱེས་རྡོར་འགྲེལ་པ་མུ་ཏིག་ཕྲེང་བ་ལས། དངོས་གྲུབ་ནི་སེམས་བརྟན་པ་སྟེ། བདག་ཉིད་ལྷའི་རྣམ་པར་སྣང་བ་དང་། དེའི་ང་རྒྱལ་དག་ལ་ཉི་མ་རེ་རེ་ཞིང་རང་གི་ངང་གིས་འཇུག་པ་དེ་ཐོབ་པའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྟོང་པ་སྒྲུབ་ཚུལ་ནི། ལྷའི་རྣམ་པ་གསལ་ཙམ་དང་། ང་རྒྱལ་ལྷང་ངེ་དེ་ལ་ངོ་བོ་དྲན་པས་གསལ་བར་རིག་ཙམ་མ་བཅོས་པའི་ཚུལ་གྱིས་སྐྱོང་ཐུབ་ན། རྣམ་པ་ལྷའི་སྣང་ཞེན་ཏུ་སྣང་བ་དེ་ངོ་བོ་སྤྲོས་པ་གང་གི་ཡང་


KMC015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཏུ་མ་མཐོང་བ། བསྐྱེད་རིམ་གྱི་ལྷ་སྤྲོས་བྲལ་གྱི་རང་བཞིན་དེ་ལྟར་བསྒོམ་དགོས་ལ། དེ་ལྟ་བུ་སྐྱོང་མི་ཐུབ་པ་རྣམས་ཀྱིས། སྟོང་པ་ཉིད་ཀྱི་ངེས་ཤེས་ཙམ་མམ་སྟོང་པར་མོས་པ་ཙམ་སྦྱང་བས་ཀྱང་འགྲུབ་སྟེ་ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་འགྱུར་རོ། །ཡང་བསྐྱེད་རིམ་གྱི་ལས་ལ་དམིགས་ཤིང་དེས་ཉེ་བར་མཚོན་པའི་ཆོས་ཐམས་ཅད་གཅིག་དུ་བྲལ་དང་། རྟེན་འབྱུང་གི་རིགས་པ་སོགས་ལ་བརྟེན་ནས་སྣང་བ་ལྟར་རང་བཞིན་མ་གྲུབ་པའི་ཚུལ་ལ་དམིགས་ནས་གསལ་སྟོང་དུ་བསྒོམ་མོ། །འདི་ཡང་ལས་དང་པོ་པ་ཞི་གནས་ཕྱོགས་མཐུན་ཙམ་ཡང་མ་གྲུབ་ཅིང་། རྣམ་པར་མི་རྟོག་པའི་སྒོམ་གྱི་འཇུག་སྒོ་ཙམ་ཡང་མ་ཤར་ཇི་སྙེད་ཅིག་འབྱུང་བ་རྣམས་ལ་ཆེས་ཕན་པར་འགྱུར་པའི་ཐབས་ཟབ་མོ་ཡིན་པས། རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ལས་ཤིན་ཏུ་རྒྱས་པ་ཆེ་ཐང་དུ་གསུངས་པ་དང་། དེའི་དགོངས་འགྲེལ་གྱི་འདུས་པའི་སྒྲུབ་ཐབས་ཚད་དང་ལྡན་པ་


KMC015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་ཞིག་ལས་བཤད་དོ། །གསུམ་པ་བདེ་བ་ནི། ཕྲ་ཐིག་གི་རྣལ་འབྱོར་སྒོམ་པས་གྲུབ་པ་ཡང་ཡོད་དེ། རྣམ་རྟོག་ཤས་ཆེ་བས་སྟེང་གི་སྣ་རྩེའམ་སྙིང་གའི་ཐིག་ལེ་ལ་སེམས་འཛིན་པ་དང་། ཉོན་མོངས་ཤས་ཆེ་བས་འོག་གསང་བའི་སྣ་རྩེར་ཐིག་ལེ་ལ་སེམས་འཛིན་པ་དང་། དེ་དག་ལ་བརྟེན་ནས་སྲོག་རྩོལ་ཅི་རིགས་པར་སྒོམ་པ་དང་། གཏུམ་མོའི་རྣལ་འབྱོར་སོགས་ཀྱིས་བདེ་བ་བསྐྱེད་པར་བྱེད་པ་ཡིན། འདི་དག་སྒོམ་པས་རླུང་སེམས་དབུ་མར་ཐིམ་སྟེ་ཞུ་བདེ་སྐྱེ་བའང་ཡོད་དེ། བདེ་བ་དེ་ནི་རྫོགས་རིམ་གྱི་རྟོགས་པ་ཡིན་ཀྱང་བསྐྱེད་རིམ་གྱི་ལྷ་ལ་རྒྱས་འདེབས་ཀྱི་སྐབས་སུ་བྱུང་བས་དེའི་ཡན་ལག་ཏུ་བྱས་སོ། །དེ་ལྟར་ལྷའི་དཀྱིལ་འཁོར་ཡེ་ཤེས་སྐུའི་མཚན་ཉིད་སྒྱུ་མའི་དཔེས་མཚོན་པ་སྟེ། དེའང་སྒྱུ་མའི་སྐུ་ལ་དཔེ་བཅུ་གཉིས་ཡོད་པ་ལས། དཔེའི་གཙོ་བོ་གསུམ་ནི། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་པ་


KMC015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཏེ། དེའང་མེ་ལོང་གི་གཟུགས་བརྙན་སྐད་ཅིག་ལ་རྫོགས་པ་ལྟར། སྐུའམ་དཀྱིལ་འཁོར་ཡང་སྐད་ཅིག་གིས་རྫོགས་པ་དང་། མེ་ལོང་དྭངས་པ་ལ་གཟུགས་བརྙན་ཤར། ཤར་བའི་དུས་ན་ཡང་མེ་ལོང་ལས་མ་འདས་པ་ལྟར། བདེ་སྟོང་ལྷན་སྐྱེས་ལས་ལྷ་སྐུར་ཤར་ཞིང་། ཤར་ཟིན་པའི་དུས་ན་ཡང་བདེ་སྟོང་གི་ཉམས་དང་མ་བྲལ་བའོ། །འཇའ་ཚོན་ནི་ཆུ་ཟིལ་དང་། འོད་ལས་ཁ་དོག་གསལ་བར་སྣང་བ་ལྟར། འབྱུང་ལུས་རགས་པ་མེད་ཀྱང་རླུང་སེམས་ཕྲ་མོ་ལས་དབྱིབས་དང་ཁ་དོག་མ་འདྲེས་པར་ཡོངས་སུ་རྫོགས་པའོ། །ཆུ་ཟླ་ལྟ་བུ་ནི་ཟླ་བ་གཅིག་ཤར་ཆུ་ཀླུང་ཀུན་ལ་ཡོངས་སུ་ཁྱབ་པ་ལྟར་ཡེ་ཤེས་ཀྱི་སྐུ་གཅིག་ཉིད་སྣང་བ་སྣ་ཚོགས་ལ་སྤྲོ་བར་ནུས་པ་སྟེ། དེ་ལྟར་མོས་པ་བྱ་དགོས་སོ། །བཅུ་པ་ནི། དེ་ལྟར་བསྐྱེད་རིམ་བསྒོམས་པས་གང་ཟག་བཞིའི་རྟོགས་པའི་རྣལ་འབྱོར་དུ་ན་འཕོ་སྟེ། ལས་དང་པོ་པ་དང་། ཡེ་ཤེས་ཕེབ་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བ་དང་། ཆེས་དབང་བའོ། །དང་པོ་ནི། དང་པོ་སྒོམ་པ་ནས་བརྩམས་


KMC015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རགས་པའི་ལྷ་རྣམས་ཅིག་ཅར་དུ་གསལ་མི་ཐེབས་ཤིང་རིམ་ཅན་གསལ་ཐེབ་པའི་བར་དུའོ། །གཉིས་པ་ནི། རགས་པའི་དཀྱིལ་འཁོར་ཅིག་ཅར་གསལ་ཐེབས་ནས། སྐྱེ་མཆེད་ཀྱི་ལྷ་ལ་སོགས་པ་རྣམས་ཅིག་ཅར་གསལ་མི་ཐེབས་པའི་བར་དུའོ། །གསུམ་པ་ནི་ཡེ་ཤེས་ལ་དབང་བཞེས་ཀྱང་བྱ་སྟེ་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱང་ཅིག་ཅར་གསལ་ཐེབ་པ་ན་སྟེ། དེ་ཙམ་ཡན་ཆད་ནི་བསྐྱེད་རིམ་རྐྱང་པས་འགྲུབ་པ་ཡོད་ལ། འདི་ཕན་ཆད་ནི་རྫོགས་རིམ་དང་མ་འབྲེལ་བ་ལ་མི་འབྱུང་སྟེ། ད་དུང་བསྐྱེད་རྫོགས་གཉིས་སྦྲགས་ཏེ་བསྒོམས་པས་ཕྲ་ཐིག་གི་དབུས་སུ་དཀྱིལ་འཁོར་སྤྲོ་བསྡུ་ནུས་པ་དང། ཐུན་དང་ཐུན་མཚམས་དབྱེ་བ་མེད་པར་གྱུར་ཏེ། རྩོལ་བ་དང་བཅས་ན་ཉིན་མཚན་བྱེ་བྲག་མེད་པར་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་གནས་ལ། བསམ་གཏན་གྱི་ལས་ཚོགས་ཐོགས་པ་མེད་པར་མ་འགྲུབ་པ་ཚུན་ཆད་དུའོ། །བཞི་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་བའམ། གྲུབ་པའི་སྐྱེས་བུ་ཞེས་ཀྱང་བྱ་སྟེ། སྐད་ཅིག་གཅིག་


KMC015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཏིང་ངེ་འཛིན་གྱི་གསལ་སྣང་རབ་འབྱམས་ཟད་མི་ཤེས་པ་འབྱུང་ཞིང་། ཡིད་ལ་བསམ་པ་ཙམ་གྱིས་སེམས་ཅན་གྱི་དོན་མང་པོ་སྒྲུབ་ནུས་པ་ཡིན་ཏེ། བསྐྱེད་རིམ་ཉིད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་མཐར་ཐུག་པ་དང་། རྫོགས་རིམ་གྱི་ཡང་དྲོད་ཕན་ཆད་ཀྱི་རྟོགས་པ་རྫོགས་པར་སྐྱེས་པ་གཉིས་ཚང་དགོས་སོ། །དེ་ལྟ་བུའི་གང་ཟག་གི་རིམ་པ་འདི་དག་སངས་རྒྱས་མཉམ་སྦྱོར་སོགས་ཀྱི་རྒྱུད་ལས་འབྱུང་ཞིང་། ཡེ་ཤེས་ཞབས་དང་། དེའི་རྗེས་འབྲང་ཤཱནྟི་པ་དང་། ཨཱབྷ་ཡ་ལ་སོགས་པས་གསལ་བ་མཛད་དོ། །ཌོམྦི་པ་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ། བདེ་བ་ཅུང་ཟད་ཐོབ་པ། བདེ་སྟོང་གི་ཉམས་སྐྱེས་པ། བདེ་སྟོང་གི་ཉམས་ཆེར་སྐྱེས་པ་དང་བཞིར་བཞག་པ་དང་། མཚོ་སྐྱེས་ལུགས་སུ་འཆིང་བ་མཐའ་དག་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང་། ཐ་མ། འབྲིང་དང་། རབ་སྟེ་བཞིར་གྲགས་སོ། །བཅུ་གཅིག་པ་འཇུག་ཚུལ་གྱི་རིམ་པ་མཐའ་ཡས་པ་ཞིག་ཡོད་ཀྱང། འདིར་བསྡུ་ན། མངོན་རྟོགས་ཀྱི་ཡན་ལག་


KMC015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡན་ལག་ཅན་ཀྱི་མངོན་རྟོགས་གཉིས་ལས། དང་པོ་ལ་རྒྱུད་དང་འགྲེལ་པའི་དགོངས་པས་མཐའ་ཡས་ཀྱང་གཙོ་བོ་བསྙེན་སྒྲུབ་ཡན་ལག་བཞི། ཏིང་འཛིན་གསུམ། རྣལ་འབྱོར་བཞི་སྟེ་དེ་རེ་རེའི་ནང་དུ་བླ་མེད་ཀྱི་བསྐྱེད་རིམ་མཐའ་དག་འདུ་ཞིང་། གཞན་ཡང་རྣལ་འབྱོར་དྲུག །བྱང་ཆུབ་བཞི་རིགས་དྲུག་ཡན་ལག་དྲུག །གནས་པའི་ཡན་ལག་བཞི་ལ་སོགས་པའོ། །དེ་ལ་བསྙེན་སྒྲུབ་ཡན་ལག་བཞི་ནི། གསང་བ་འདུས་པའི་རྒྱུད་ལས་གསུངས་པ། བསྙེན་པ་དང། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་སྟེ། དེ་རེ་རེ་ལའང་ཆུང་ངུ་། བར་པ། ཆེན་པོའི་དབྱེ་བས་ཡན་ལག་ཕྲ་མོ་བཅུ་གཉིས་ཏེ། འདུས་པ་ཡེ་ཤེས་ཞབས་ལུགས། བདེ་མཆོག་ནག་པོ་ལུགས་དང་མཁའ་འགྲོ་རྒྱ་མཚོ་སོགས་བདེ་སྐོར་དང་། དགྱེས་རྡོར། གཤེད་སྐོར་སོགས་འདི་དང་མཐུན་པས་ཤིན་ཏུ་ཁྱབ་ཆེའོ། །དུས་འཁོར་གྱི་ཡན་ལག་བཞི་ནི་དེ་དག་དང་སྦྱོར་ཚུལ་མི་འདྲའོ། །ཏིང་འཛིན་གསུམ་ནི། རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསལ་


KMC015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བར་གསུངས་པ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་རྣམས་ཏེ་བདེ་དགྱེས་གསང་འདུས། གདན་བཞི། མཱ་ཡཱ། མཉམ་སྦྱོར། སངས་རྒྱས་ཐོད་པ་སོགས་དང་། རྣལ་འབྱོར་གྱི་རྒྱུད་ཕལ་མོ་ཆེ་ཡི་ལུགས་ཡིན་ལ། དེ་དག་མིང་འདྲ་ཡང་ནང་གསེས་ངོས་འཛིན་དང་དོན་གྱི་འཇོག་སོ་མི་འདྲ་བ་མང་ངོ་། །རྣལ་འབྱོར་བཞི་ནི། མཉམ་སྦྱོར་གཤེད་དམར་ནག་གི་རྒྱུད་སོགས་ལས་གསུངས་པ། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་རྣམས་ཏེ་གཤེད་སྐོར་བདེ་མཆོག་སོགས་ཕལ་ཆེ་བ་ཞིག་ལ་འཇུག་ཅིང་རྣལ་འབྱོར་ཕྱིི་མའི་རྒྱུད་ནས་ཀྱང་བཤད་མོད། བླ་མེད་ཀྱི་བསྐྱེད་རིམ་དང་མཚན་ཉིད་མཚུངས་པ་ཁོ་ན་མ་ཡིན་ནོ། །རྣལ་འབྱོར་དྲུག་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བར། རྣལ་འབྱོར་སྔར་བཤད་བཞིའི་སྟེང་དུ། རྒྱལ་མཆོག་གཉིས་བསྣན་པར་གསུངས་ཏེ་གསང་འདུས་འཕགས་ལུགས་ཀྱི་སྒྲུབ་ཐབས་ཆིངས་འདི་ལྟར་མཛད་དོ། །བྱང་ཆུབ་བཞི་ནི། འདུས་པའི་རྒྱུད་ཕྱི་མ། དགྱེས་རྡོར།


KMC015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སམྦུ་ཌི་རྣམས་ལས། དང་པོ་སྟོང་ཉིད་བྱང་ཆུབ། གཉིས་པ་ས་བོན་བསྡུ་བ། གསུམ་པ་གཟུགས་བརྙན་རྫོགས་པ། བཞི་པ་ཡི་གེ་དགོས་པ་བཅས་པ་གསུངས་ཏེ་བསྐྱེད་མཆོག་རྒྱས་པ་ཕལ་མོ་ཆེའི་ལུགས་སོ། །ཡན་ལག་དྲུག་ནི། རྡོ་རྗེ་གུར་གྱི་དགོངས་པ་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཏེ་ཁམས་དྲུག་དང་རིགས་དྲུག་སྦྱར་བའི་ཡན་ལག་དྲུག་གིས་བཅིངས་ཏེ་མི་ཐུབ་ཟླ་བས་རྒྱ་ཆེར་བཀྲལ་ལ་མ་རྒྱུད་ཀྱི་ཆོ་གའི་ཆིངས་མཐའ་དག་འདིས་བསྡུ་བར་ཡང་བཞེད་དོ། །གནས་པའི་ཡན་ལག་བཞི་ནི། ར་ལིའི་རྒྱུད་ལས། གང་བུར་གནས་པ། ཆུར་གནས་པ། གཟུགས་སུ་གནས་པ། གཟུགས་ལས་འདས་པར་གནས་པ་རྣམས་སུ་གསུངས་པ་ནི་འབྲོག་མི་རྗེས་འབྲངས་དང་བཅས་པས་དབྱེ་ཞིང་། འདི་དག་གི་མཚན་ཉིད་ཞིབ་པར་ཤེས་པ་ཤིན་ཏུ་གལ་ཆེ་ཡང་ཡི་གེས་འཇིགས་ཏེ་མ་སྤྲོས་པ་གཞུང་ལུགས་རྣམས་ལས་རྟོགས་པར་བྱའོ། །ཆིངས་དེ་དག་གིས་བསྡུས་པའི་སྒྲུབ་ཐབས་མཁས་གྲུབ་སོ་སོས་བཀྲལ་བས་མཐའ་ཡས་པ་ཞིག་


KMC015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གཙོ་བོའི་ཆིངས་མི་འདྲ་བ་ནི་དྲུག་སྟེ། འདུས་པ་ལུགས་གཉིས། བདེ་མཆོག་ལཱུ་དྲིལ། གདན་བཞི་དུས་འཁོར་རྣམས་སྦྱང་བྱ་སྦྱོང་བྱེད་སྦྱོར་ཚུལ་རྒྱས་བཏབ་ཀྱི་དབྱེ་བ་སོགས་ཆེར་མི་མཚུངས་ཤིང་། དགྱེས་རྡོར་མཱ་ཡཱ་སོགས་ཅུང་ཟད་མི་འདྲ་བ་ནི་མང་ངོ་། །གཉིས་པ་ཡན་ལག་དེ་ལྡན་མངོན་རྟོགས་ཀྱི་ཚུལ་བཤད་པ་ལ་གསུམ། བསྐྱེད་མཆོག་གི་རང་བཞིན། མངོན་རྟོགས་སྒོམ་ཚུལ། སྦྱང་བཞི་སྦྱོང་བྱེད་བཤད་པའོ། །དང་པོ་ནི། སྤྱིར་ལྷའི་མངོན་པར་རྟོགས་པ་གང་ལ་ཡང་ཚོགས་བསགས་གཉིས་དང་སྲུང་འཁོར་རྣམས་ནི་གང་དུ་འབྱུང་ཡང་སྔོན་འགྲོ་ཡིན་ཅིང་། མཆོད་བསྟོད་ལ་སོགས་པ་ནི་ཡན་ལག་ཏུ་ཤེས་པར་བྱས་ལ། སྐྱེ་ཤི་བར་དོ་གསུམ་སྦྱོང་བ་དང་། སྐུ་གསུམ་ལམ་དུ་བྱེད་པ་ནི། ཕལ་ཆེར་དངོས་གཞི་ཡིན་ཅིང་བསྐྱེད་རིམ་ཀྱང་དངོས་ཡིན་ནོ། །ལྷ་བསྐྱེད་པ་ནི་མངོན་བྱང་ལྔ་བསྐྱེད་དང་། ཞུ་བ་གླུས་བསྐུལ་བ་དང་། ཆོ་ག་གསུམ་བསྐྱེད་དང་། ས་བོན་ཕྱག་མཚན་གཉིས་གའམ་རེ་རེས་བསྐྱེད་པའང་། རླུང་ལས་བསྐྱེད་པ།


KMC015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་བསྐྱེད་པ་སོགས་བསྐྱེད་ཚུལ་ཆོ་ག་མི་འདྲ་བ་སྣ་ཚོགས་པ་ཡོད་ཅིང་། རིགས་བདག་རང་ཆས་དང་། དབང་བསྐུར་བ་དང་། བར་དོ་མཚོན་བྱེད་ཀྱང་རྒྱས་པ་ཞལ་ཕྱག་ཅན་དང་། འབྲིང་པོ་ཡི་གེ་དང་། བསྡུས་པ་ནཱ་ད་དང་། ཤིན་ཏུ་བསྡུས་པ་གཟུགས་ཀྱི་རྣམ་པ་མི་འཇོག་པར་སེམས་སྣང་བསྲེ་ཙམ་སྟེ། འདིར་མཚོན་ན་འཇམ་དཔལ་གསང་ལྡན། བདག་མེད་མ། རྡོར་དབྱིངས། བདེ་མཆོག་འཁོར་ལོས་སྒྱུར་དྲུག་རྣམས་ལ་ཞུ་བ་གླུས་བསྐུལ་མེད་ཅིང་གཞན་རྣམས་ལ་ཡོད་པ་དང་། མ་ཧཱ་མཱ་ཡཱ་རྡོ་རྗེ་བཞི་བསྐྱེད་ཡིན་ཅིང་། ཟླ་བ་ཕྱག་མཚན་ས་བོན་ཙམ་ལས་བསྐྱེད་པ་རྣམས་ཆོ་ག་གསུམ་བསྐྱེད་དང་། གཞན་ཐམས་ཅད་མངོན་བྱང་ལྔ་བསྐྱེད། དགྱེས་རྡོར་ཡབ་ཡུམ་གུར་སམ་བདེ་མཆོག་གདན་བཞི་སོགས་བར་དོ་མཚོན་བྱེད་ནཱ་ད་ཡིན་ཅིང་། གསང་ལྡན་ནི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དང་། གཞན་རྣམས་ས་བོན་བསྐྱེད་པའི་སྐབས་དེའོ། །གཉིས་པ་ནི། འབྲས་བུའི་བརྡ་དང་སྦྱར་ནས་ཚོགས་གསོག་པའི་ཡན་


KMC015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལག །བར་ཆད་སྲུང་བའི་ཡན་ལག །གང་དུ་འཚང་རྒྱ་བའི་ཞིང་། ཇི་ལྟར་འཚང་རྒྱ་བའི་ཚུལ། སངས་རྒྱས་ཀྱི་མཛད་པ་ཞེས་བསྡུ་བ་ཡིན་ལ། དེ་ཉིད་བླ་མ་གོང་མ་རྣམས་ཀྱི་བཞེད་པས་མཉམ་པར་བཞག་པ་དང་མ་བཞག་པ་གཉིས་ལས། དང་པོ་ནི་རིམ་གཉིས་རྣལ་འབྱོར་དངོས་ཉིད་ཡིན་ལ། ཕྱི་མ་ལ་བཟླས་པའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། རྗེས་ཆགས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་རྣམས་སོ། །ཡང་སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས། དབང་པོ་བརྟུལ་པོའི་གང་ཟག་གིས་མངལ་སྐྱེས་ལ་སོགས་པ་སྐྱེ་གནས་བཞི་རིམ་གྱིས་དང་པོར་རིམ་པས་རྫོགས་པའི་ལྷའི་དཀྱིལ་འཁོར་མཐའ་དག་མ་ཚང་བ་མེད་པར་བསྒོམ་མོ། །དབང་པོ་འབྲིང་གིས་ནི་གཅིག་ཆར་ཁོ་ནས་རྣམ་པ་ཐམས་ཅད་ཀྱིས་རྫོགས་པའི་རྫུས་ཏེ་སྐྱེས་པ་ལྟ་བུའོ། །དབང་པོ་རྣོན་པོས་གཡོ་བ་དང་བརྟན་པའི་བདག་ཉིད་ཀྱི་འགྲོ་བ་ཁོ་ན་ལྷའི་རྣམ་པར་སྟོང་


KMC015_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་སྙིང་རྗེ་རོ་གཅིག་ཉིད་ཀྱིས་རང་བཞིན་གྱིས་མ་གྲུབ་པ་ཁོ་ན་ལྷག་པར་མོས་པར་བྱའོ། །ཞེས་དབང་པོ་བརྟུལ་འབྲིང་རྣོ་གསུམ་གྱི་བསྐྱེད་རིམ་བསྒོམ་ལུགས་དེ་འདྲ་བའང་གསུངས་སོ། །གསུམ་པ་ལ་བཞི། སྦྱང་གཞི་ངོས་བཟུང་། སྦྱང་བྱ་དང་སྦྱར་སྦྱངས་འབྲས་དང་སྦྱར། ལམ་བྱེད་བཤད་པའོ། །དང་པོ་ནི། གདོད་ནས་གྲུབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་གློ་བུར་དྲི་མའི་མངལ་ན་གནས་ཀྱང་ངོ་བོ་ལ་དྲི་མས་མ་གོས་པ་འཁོར་འདས་ལམ་གསུམ་གྱི་སྣང་བ་འཆར་བའི་གཞིར་གྱུར་པ་དེའོ། །གཉིས་པ་ལ་གསུམ། འཆི་བ་སྦྱོང་བྱེད། བར་དོ་སྦྱོང་བྱེད། སྐྱེ་བ་སྦྱོང་བྱེད་ཡན་ལག་དང་བཅས་པའོ། དང་པོ་ནི། འདུས་པ་ལ་ལྷག་མོས་འོད་གསལ་དུ་བསྡུ་བ་དང། དགྱེས་རྡོར་སོགས་ཕལ་མོ་ཆེར་ནི། ཡེ་ཤེས་ཚོགས་གསོག་ཉིད་འཆི་བ་སྦྱོང་བྱེད་ཡིན་པས། འདི་ནི་སྔོན་འགྲོ་དང་དངོས་གཞི་གཉིས་ཆར་ཡིན་ནོ། །ལུགས་གཞན་ནི་མང་རུང་མདོར་ན་འོད་གསལ་སྟོང་པར་སྡུད་ཚད་འདིའི་དོན་ནོ། །གཉིས་


KMC015_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཞལ་ཕྱག་ཡོངས་རྫོགས་སུ་བསྒོམ་པ་ནི་བར་དོའི་ལུས་དང་རྣམ་པ་མཐུན་པ་ཡིན། ཁ་ཅིག་ལས་ཡི་གེ་ལྔ་འགོད་པ་ནི། འབྲུ་གསུམ་པོ་བར་དོའི་ལུས་ངག་ཡིད་གསུམ། ཧོཿཡིག་ནི་སྲེད་ལེན་གཉིས་སོ། །དེ་བཞིན་ཏུ་ཡི་གེ་གཅིག་པ་དང་ནཱ་ད་འཇོག་པ་རྣམས་ཀྱང་མཚོན་བྱེད་ཙམ་མོ། །སེམས་ཀྱི་སྣང་བ་ཙམ་ལས་བར་དོའི་གཟུགས་མཚོན་བྱེད་དངོས་སུ་མ་འཇོག་པ་ནི། འཇིག་པའི་ལུས་མེད་ཅིང་ཕྲ་བའི་ཡིད་ལུས་ཙམ་ལ་བརྟེན་པ་དང་། ས་བོན་བསྐྱེད་པ་དུས་སུ་མ་གཏོགས། བར་དོའི་སེམས་སྣང་དུ་ལྡང་བ་ཡང་མེད་པ་ནི་སྲིན་བུ་པད་པ་འཕོ་བ་བཞིན་བར་དོ་ཤིན་ཏུ་ཡུན་ཐུང་བ་དུས་མཐའི་སྐད་ཅིག་མ་ཙམ་ལས་མི་གནས་པ་རྣམས་དང་མཐུན་པར་བསྒོམ་པ་ཡིན་ནོ། །གསུམ་པ་ནི་བསྐྱེད་རིམ་ཚད་ལྡན་གང་ཡང་རུང་བ་གཅིག་གིས་ཀྱང་། སྐྱེ་གནས་བཞི་ཅར་སྦྱོང་ནུས་མོད་ཀྱི། སྐྱེད་ཚུལ་དང་རྣམ་པ་འདྲ་བའི་དབང་དུ་བྱས་ནས། གཙོ་བོར་བརྫུས་སྐྱེས་དང་རྣམ་པ་མཐུན་པའི་ཀྲོང་བསྐྱེད་དང་། དྲོད་གཤེར་སྐྱེས་དང་རྣམ་པ་མཐུན་


KMC015_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟླ་བ་ས་བོན་ཙམ་ལས་བསྐྱེད་པ་དང་། རྡོ་རྗེ་དང་བཅས་པའི་ཆོ་ག་གསུམ་བསྐྱེད། སྒོང་སྐྱེས་དང་རྣམ་པ་མཐུན་པའི་མངོན་བྱང་ལྔ་བསྐྱེད། མངལ་སྐྱེས་དང་རྣམ་པ་མཐུན་པའི་ཞུ་བ་གླུས་བསྐུལ་ལས་བཞེངས་པ་རྣམས་སོ། །གོང་མ་རྣམས་མངོན་རྟོགས་གཅིག་ཉིད་ལ་ཡང་། མིག་སོགས་བྱིན་རླབས་ཀྱི་ལྷ་བརྫུས་སྐྱེས་དང་། མངོན་བྱང་ལྔ་བསྐྱེད། དྲོད་གཤེར་སྐྱེས་དང་། མཁའ་སྤྲོ་བྱེད་པ་མངལ་སྐྱེས་དང་། ཐིག་ལེའི་གོང་བུ་ལས་བཞེངས་པ་སྒོང་སྐྱེས་དང་མཐུན་པར་བཞེད། གཞན་ཡང་དཀའ་འགྲེལ་པདྨ་ཅན་ལས། དེ་ལ། ཟླ་བ་དང་ཉི་མ་དང་ས་བོན་དང་ཕྱག་མཚན་གྱི་རིམ་པས་བསྐྱེད་པའི་ལྷ་ནི་སྐྱེ་གནས་སྒོ་ང་ལས་སྐྱེས་པའོ། །ཡབ་དང་ཡུམ་གྱི་རྡོ་རྗེ་དང་པདྨའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཞུ་བ་འཐོན་པ་ལས་སྐྱེས་པ་ནི་སྐྱེ་གནས་མངལ་ལས་སྐྱེས་པའོ། །ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། །ས་བོན་ལ་སོགས་པ་དང་བྲལ་ནས་སྐད་ཅིག་ལ་འོད་གསལ་ལས་སྐྱེས་པ་


KMC015_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱེ་གནས་བརྫུས་ཏེ་སྐྱེས་པའོ། །སྐྱེ་གནས་བརྫུས་ཏེ་སྐྱེས་པ་ཁོ་ན་ལ་ཟབ་མོའི་བསྐྱེད་རིམ་དང་། བརྟགས་པའི་རྫོགས་པའི་རིམ་པ་ཞེས་ཀྱང་བརྗོད་དོ། །ཞེས་གསུངས་པ་ལྟར་བཞི་ཡོད་པ་ལས་སྒྲུབ་ཐབས་ཕལ་ཆེ་བར་སྔ་མ་གསུམ་ལྟར་བསྐྱེད་པ་མང་ལ། རྡོ་རྗེ་ཕྲེང་བར་ནི་ཕྱི་མ་ལྟར་བསྐྱེད་དེ། སྒྱུ་འཕྲུལ་དྲ་བ་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་ཞིང་བསྡུ་བའི་བྱེད་པ་པོ། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་དང་། སྡོམ་འབྱུང་ལས། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་སྒོམ། །བརྟུལ་འབྲིང་དག་གིས་བསམས་པར་བྱ། །རྣོན་པོ་སྐད་ཅིག་རྣམ་པ་ཡིས། །སེམས་ཙམ་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་གསུངས་པའི་དགོངས་པ་སྟེ། སྡོམ་འབྱུང་ལས་ཀྱང་དེ་དང་དོན་མཐུན་འབྱུང་ངོ་། །བར་དོར་འཇུག་པའི་དུས་སྣ་ཚོགས་པ་བཞིན་སྐྱེ་བ་ལེན་ཚུལ་ཡང་སྣ་ཚོགས་པ་སྟེ། སྐད་ཅིག་གཅིག་གིས་བསྐྱེད་པ་ལ་


KMC015_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སེམས་ཀྱི་འཇུག་པ་བསྲེ་བ་ཙམ་ཡིན་ལ། བར་མ་གསུམ་ནི་ས་བོན་བསྐྱེད་པའི་དེ་ཉིད་ཡིན་ཅིང་། ཞུ་བ་གླུས་བསྐུལ་བ་ལ་ནི། འཇུག་སྒོ་མི་འདྲ་བ་དུ་མའང་ཡོད་དོ། །བར་དོ་འགའ་ཞིག་མའི་སྐྲ་ནས་འཛིན་པར་འདོད་པས་མངལ་དུ་འཇུག་པ་ཡོད་པས་སྤྱི་བོ་ནས་འཇུག་པ། འོ་བྱེད་པར་འདོད་པས་འཇུག་པ་ཡོད་པ་ལྟར་ཞལ་ནས་འཇུག་པ་དང་། འགའ་ཞིག་ཕའི་ཁ་ནས་འཇུག་པ་ཡོད་པ་ལྟར། ཡབ་ཀྱི་ཞལ་ནས་འཇུག་པ་དང་། ཁ་ཅིག་སྐྱེ་གནས་ལ་རེག་པར་འདོད་པས་འཇུག་པ་ལྟར། ཐོག་མ་ཉིད་ནས་བྷ་གར་འཇུག་པའོ། །འདིའི་འབྲས་བུ་རྡོར་འཛིན་ཞེས་པ་དང་། མངོན་བྱང་ལྔ་བསྐྱེད་ཀྱི་སྐབས་ལ། ཧཱུྃ་ཡིག་སོགས་ས་བོན་སྒོམ་པ་ནི། མངལ་གྱི་གནས་སྐབས་ལྔ་སྦྱོང་ཞིང་། རྡོ་རྗེ་རྩེ་ལྔ་པ་བསྐྱེད་པའི་ལུགས་ལ། འོག་གི་རྩེ་ལྔ་ནི་ཡན་ལག་ལྔ་འགྲུབ་པ་དང་། སྟེང་གི་རྩེ་ལྔ་ནི་རྐང་ལག་རེ་རེ་བཞིན་སོར་མོ་ལྔ་ལྔ་དང་། མགོ་བོ་དང་མིག་རྣ་སྣ་ལྕེ་ལུས་ཀྱི་ཆ་ཤས་དང་བཅས་པ་སྦྱོང་བ་ཡིན། ཡང་འབྲས་བུའི་སྐབས་


KMC015_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་གོང་བུ་ཙམ་ལས་བསྐྱེད་པ་ནི་བསྡུས་པའི་དབང་དུ་བྱས་ཤིང་། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་སོགས་ནི། དབང་པོ་རྣམས་དང་ལུས་ངག་ཡིད་གསུམ་རིམ་གྱིས་རྒྱས་ཏེ་ལྷག་པར་བརྟས་ལ། ཡུལ་ལ་ལོངས་སྤྱོད་ནུས་སུ་གྱུར་པ་དང་། ཡེ་ཤེས་པ་བསྟིམ་པ་ནི། བྱེ་བྲག་ཕྱེད་པ་དང་། དབང་བསྐུར་བ་ནི་རང་གི་རིགས་ཀྱི་ཆོས་ལ་འཇུག་པ་དང་། མཆོད་བསྟོད་ལ་སོགས་པ་ནི་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་། དཀྱིལ་འཁོར་ཉེར་བསྡུ་ནི་དུས་ལས་འདས་ཏེ་ཤི་བ་དང་། ཐུན་མཚམས་ཀྱི་ལྷ་སྐུར་ལངས་པ་ནི། སྐྱེ་བ་གཞན་དུ་ཡང་སྲིད་ལེན་པ་མཚོན་པ་ཡིན་ནོ། །གསུམ་པ་སྦྱངས་འབྲས་དང་སྦྱོར་ན། གང་དུ་འཚང་རྒྱ་བའི་གནས་དང་མཚུངས་པ་གཞལ་ཡས་ཁང་། ཇི་ལྟར་སངས་རྒྱ་བའི་ཚུལ་དང་མཚུངས་པ་མངོན་བྱང་ལྔ་སོགས་བསྐྱེད་ཆོག་གིས་བསྐྱེད་པ། སངས་རྒྱས་པའི་མཛད་པ་དང་མཚུངས་པ་མཆོད་བསྟོད་བཟླས་པ་དཀྱིལ་འཁོར་ཉེར་བསྡུ་ལ་སོགས་པ་མཆོད་པ་ཆོས་སྟོན་པ་སོགས་འགྲོ་དོན་སྤྱོད་


KMC015_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མཚུངས་སོ། །གཞན་ཡང་སྐུ་གསུམ་དང་། དེའི་སྤྲུལ་སྐུའི་ཁྱད་པར་རྒྱས་པ་དང་། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་དབང་བསྐུར་བ་བརྙེས་ནས་འགྲོ་བའི་དོན་སྤྱོད་པ་དང་། མ་དག་པའི་གདུལ་བྱ་རྣམས་ལ་མྱ་ངན་ལས་འདའ་བར་སྣང་བ་དང་། དག་པའི་འཁོར་ལ་ཆོས་སྟོན་པ་དང་། སྤྲུལ་པ་ལ་སོགས་པས་འགྲོ་བའི་དོན་རྒྱུན་མ་ཆད་པ་རྣམས་དང་རིམ་པས་སྦྱར་བར་བྱ་བ་ཡིན་ནོ། །དེས་ན་བླ་མ་གོང་མ་རྣམས་ཀྱིས། ཡར་བལྟས་རྣམ་བྱང་གི་འདྲ་འབགས་དང་མཐུན་པ། མར་བལྟས་འཁོར་བའི་འདྲ་འབགས་དང་མཐུན་པ། ཞེས་གསུངས་པ་ཡང་། མངོན་རྟོགས་ཀྱི་རིམ་པའི་གཙོ་བོ་རྣམས། སྦྱང་གཞིའི་གནས་ཚུལ་དང་མཐུན་པས་དེ་སྦྱོང་བའི་ནུས་པ་ཡོད་པ་དང་། འབྲས་བུའི་གནས་ཚུལ་དང་མཐུན་པས་དེ་མཐོང་བའི་ནུས་པ་ཡོད་པའི་དོན་ནོ། །བཞི་པ་ལ་གཉིས། སྤྱིའི་ཆོས་ལམ་བྱེད་བཞི་དང་། སྒོས་ཀྱི་ཆོས་ལམ་བྱེད་དགུའོ། །དང་པོ་ནི་སྤྱིར་བསྐྱེད་རྫོགས་བསྒོམ་པའི་རིམ་པ་ཐམས་ཅད་ལ། བོད་སྔ་མ་རྣམས་


KMC015_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་འགྱུར་ཚུལ་ལམ། ལམ་བྱེད་བཞིའི་ཐ་སྙད་མཛད་དེ་ཤིན་ཏུ་ཆོས་སྐད་བཟང་ངོ་། །དེ་ལ་གཞིའི་རྣམ་པ་ལམ་བྱེད་ནི། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པས། གསལ་སྣང་སྐྱེས་ནས་མ་དག་པའི་སྣང་བ་འགོག་པ་སྟེ། ཀེང་རུས་སྒོམ་པས་གསལ་སྣང་སྐྱེས་པའི་ཚེ། འཁྲིག་པའི་འདོད་ཆགས་འགོག་པ་བཞིན་ནོ། །མོས་པ་ལམ་བྱེད་ནི་གང་དུ་མོས་པ་དེ་མངོན་ཏུ་འགྱུར་ཏེ། མནར་མེད་མེ་ཡང་ཤཱ་རིའི་བུས་ཆུར་མོས་པས་ཆུར་སོང་བ་བཞིན་ནོ། །འབྲས་བུ་ལམ་བྱེད་ནི་འབྲས་བུ་ཐོབ་བྱ་དེ་ཉིད་སྒོམ་པས་དེ་འགྲུབ་པར་འགྱུར་པ་སྟེ། ཞི་རགས་ཀྱི་རྣམ་པ་བསྒོམས་པས་བསམ་གཏན་གྱི་སེམས་འགྲུབ་པ་བཞིན་ནོ། །བྱིན་རླབས་ལམ་བྱེད་ནི་སངས་རྒྱས་སོགས་ཀྱི་བྱིན་རླབས་ཀྱིས་ཐ་མལ་པའི་ལུས་སེམས་ཡེ་ཤེས་སུ་བསྒྱུར་བ་སྟེ། བའི་ལྕི་བ་གསེར་དུ་བྱིན་རླབས་མཛད་པས་གསེར་དུ་བསྒྱུར་བ་བཞིན་ནོ། །དང་པོ་ལྷ་སྐུ་དང་བདེ་སྟོང་ཐམས་ཅད་ཡིན་ལ། བར་པ་གཉིས་ཀྱང་བསྐྱེད་རིམ་གྱི་ལྷ་སྐུ་ཐམས་ཅད་ལ་ཡོད། ཕྱི་མ་ནི་ཡེ་


KMC015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ལྷ་ཚོགས་རང་ལ་བསྟིམ་པ་དང་། རང་དང་རྩ་ཁམས་ལྷར་བསྐྱེད་པས་དེའི་བྱིན་རླབས་འབྱུང་བ་དང་། སྔགས་བཟླ་བ་དང་མཆོད་གཏོར་འབུལ་བ་ལ་སོགས་པ་ཡང་ཡིན་མོད་ཅིང་། གཙོ་བོར་ནི། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལས་འབྱུང་གང་ཡིན། །ཅེས་པ་ལྟར། མོས་གུས་དང་བླ་མའི་བྱིན་རླབས་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་སུམ་ལམ་དུ་བྱེད་པ་ཡིན་ནོ། །དེས་ལམ་དུ་བྱེད་ནུས་པར་བསྟན་ནོ། །གཉིས་པ་ལ་གསུམ། ཐུན་མོང་པའི་སྐུ་གསུམ་ལམ་བྱེད། ཐུན་མོང་མ་ཡིན་པའི་སྐུ་གསུམ་ལམ་བྱེད། སྒོས་ཆོས་མཁྱེན་གསུམ་ལམ་བྱེད་དོ། །དང་པོ་ནི། སྟོང་པས་འཆི་བ་དང་ཆོས་སྐུ་ལམ་དུ་བྱེད། ནཱ་ད་སོགས་ཀྱིས་བར་དོ་དང་ལོངས་སྐུ་ལམ་དུ་བྱེད། བར་སྲིད་ཞུགས་ཕྱིན་ཆད་སྐྱེ་བ་སྤྲུལ་སྐུ་ལམ་དུ་བྱེད་དོ། །གཉིས་པ་ནི། ཕྱི་དཀྱིལ་སྒོམ་པ་རགས་པའི་ལུས་དང་ཆོས་མཚུངས་པས་སྤྲུལ་སྐུ་ལམ་བྱེད། ལུས་དཀྱིལ་ཕྲ་བའི་ལྷའི་ངོ་བོ་དང་བདེ་བའི་རྒྱུ་ཡིན་པས་ལོངས་སྐུ་ལམ་བྱེད། བྱང་


KMC015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་དག་པ་དྲན་པ་ཆོས་ཉིད་བསམ་པ་ཡིན་པས་ཆོས་སྐུ་ལམ་བྱེད་དེ། སྔ་མ་གསུམ་བླ་མེད་ཐམས་ཅད་ཀྱི་སྤྱི་སྐད་དང་། འདི་བདེ་མཆོག་དང་ཐོད་པ་སོགས་སྒོས་ཀྱི་ཆོས་སྐད་སྐུ་གསུམ་ལམ་བྱེད་དོ། །གསུམ་པ་ནི། བྱང་ཕྱོགས་ཀྱི་དག་པ་དྲན་པ་ལམ་ཐུན་མོང་བར་དྲན་པ་གཞི་ཤེས་ལམ་བྱེད། ལུས་དཀྱིལ་ས་བཅུ་སོགས་དང་སྦྱོར་བས་ལམ་གྱི་རྣམ་པ་ལ་དམིགས་པའི་ཕྱིར་ལམ་ཤེས་ལམ་བྱེད། གོང་དུ་སྲིད་གསུམ་ལམ་བྱེད་དང་གོ་ཆ་རྒྱས་གདབ་མཆོད་བསྟོད་སོགས་རྣམ་མཁྱེན་ལམ་བྱེད་དེ་ཤིན་ཏུ་ཐུན་མོང་མ་ཡིན་པའོ། །དེང་སང་སྔགས་པར་རློམས་པ་ཕལ་མོ་ཆེ་བསྒོམ་པ་ལ་གཙོ་བོར་མི་བྱེད་པར། བཟླས་པའི་གྲངས་ཙམ་མམ། ཤིན་ཏུ་རྨོངས་པ་ཁ་ཅིག་སྒྲུབ་ཐབས་སྐོང་གསོ་སོགས་ཀྱི་གྱེར་མོ་ལ་བརྟེན། ལས་སྦྱོར་འབའ་ཞིག་དོན་ཏུ་གཉེར་པ་ནི་གསང་སྔགས་ནུབ་ལ་ཉེ་བའི་ལྟས་སུ་གསུངས་པས་འགོག་ཏུ་མི་སྤྱོད་ཀྱང་། བླུན་པོ་རྣམས་ཀྱིས་དེ་ལྟ་བུ་གསང་སྔགས་སྤྱོད་ཟེར་བ་དེ་ཡིན་པར་བསམ་ནས་འབྲས་བུ་ལ་


KMC015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བ་བྱེད་མོད། དེ་ལྟ་བུའི་གསང་སྔགས་འཆོལ་པར་སྤྱོད་པའི་འབྲས་བུ་ནི་ལས་དང་དངོས་གྲུབ་མི་འབྱུང་གི་མ་མོ་འཁྲུགས་པའི་ཁ་རླུང་ནད་མུག་མཚོན་གྱི་དུ་རུཥྐ་ལ་སོགས་པ་དང་། ཕྱི་མར་ཡང་ཚ་གྲང་གི་རྒྱལ་ཁམས་སུ་སྡུག་བསྔལ་མི་བཟད་པ་ལ་ཡུན་རིང་དུ་སྤྱོད་པར་གསུངས་སོ། །དེས་ན་ལས་དང་དངོས་གྲུབ་འགྲུབ་པའི་སྔགས་དེ་ཇི་ལྟ་བུ་སྙམ་ན། ཐོག་མར་བསྐྱེད་ཆོག་གི་མཚན་ཉིད་ཚང་བའི་ལྷ་གསལ་སྣང་མ་ཐོན་བར་དུ་བསྒོམ། དེ་ནས་གྲངས་དུས་རྟགས་གསུམ་གང་ཡང་རུང་བའི་ཟླས་པ་བྱ། ཐུན་མཚམས་སུ་བྱ་བའི་རིམ་པ་རྣམས་ཀྱང་ཅི་ནུས་སུ་སྦྱད། དམ་ཚིག་དང་སྡོམ་པ་སྲོག་ལྟར་བཙའ་མཐར་རྫོགས་པའི་རིམ་པ་ལ་གཅིག་དྲིལ་དུ་བྱེད་དགོས་པ་ཡིན་ཅིང་། དེ་ལྟར་བསྒོམ་པ་ལ་སྦྱང་གཞི་སྦྱོང་བྱེད་སྦྱོང་ཚུལ་གཙོས་བསྐྱེད་རིམ་གྱི་རྣམ་གཞག་ཞིབ་མོར་ཤེས་པ་ཤིན་ཏུ་གལ་ཆེ་ཡང། འདིར་ནི་ས་བཅད་ཙམ་ལས་སྨོས་སུ་མ་ལོངས་པས་སྤྱན་སྔ་རིན་པོ་ཆེ་དང་། ཀརྨ་ཕྲིན་ལས་པ། ཇོ་ནང་རྗེ་བཙུན་ཆེན་པོ་


KMC015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་མཛད་པའི་བསྐྱེད་རིམ་གྱི་རྣམ་བཤད་སྤྱི་དང་བྱེ་བྲག་པ་རྣམས་ལས་ཤེས་པར་བྱའོ། །གསུམ་པ་བཟླས་པའི་རྣམ་བཞག་ལ་ལྔ། བཟླ་བྱའི་སྔགས། བཟླ་ཡུལ་ཕྲེང་བ། ཇི་ལྟར་བཟླ་བའི་ཚུལ། བཟླ་བྱའི་ཚད། བཟླས་པའི་དགོས་པའོ། །དང་པོ་ལ་གསུམ། ངོ་བོ། སྒྲ་དོན། དབྱེ་བའོ། །ངོ་བོ་ལ་དོན་དམ་བརྡར་བཏགས་གཉིས་ཀྱི་དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པར་འདོད་ལ། རྗེ་མར་པས་ནི་དབྱངས་གསལ་ཐབས་ཤེས་སུ་གནས་པ་ལ་བཞེད་དེ། དོན་དམ་པའི་སྔགས་ཀྱི་ངོ་བོ་ཡིན་ལ། ཡི་གེ་འདུས་པ་གང་ཞིག་ཡང་ཡང་བཟླས་པས་དངོས་གྲུབ་འགྲུབ་པ་ནི་བརྡར་བཏགས་ཀྱི་སྔགས་ཀྱི་ངོ་བོའོ། །གཉིས་པ་ནི། སྤྱན་འདྲེན་པའམ་དེ་ཁོ་ན་ཉིད་བསྐུལ་ཞིང་ཉོན་མོངས་སོགས་འཇོམས་པར་བྱེད་པས་སྔགས་སུ་བཞེད་དེ། རྡོ་རྗེ་རྩེ་མོ་ལས། ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་བོད་བྱེད་ཅིང་། །གདུག་པ་ཐམས་ཅད་སྐྲོད་པར་བྱེད། །ཉོན་མོངས་ལ་སོགས་


KMC015_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད་ཅིང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ལ། དོན་དམ་པའི་སྔགས་ནི་ཡིད་སྐྱོབ་ཀྱི་མཚན་ཉིད་ཡིན་ཅིང་དེ་ལ་དབྱེ་ན་གསུམ་སྟེ། གསང་བ་སྤྱི་རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ཡང་། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིགས་སྔགས་ཐབས་ཀྱི་ངོ་བོ་ཉིད། །གཟུངས་སྔགས་ཤེས་རབ་ངོ་བོ་ཉིད། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་བཤད་པས། ཐབས་ཤེས་ཆ་མཉམ་དུ་གཙོ་བོར་བསྟན་པ་གསང་སྔགས་དང་། ཐབས་ཙམ་ཞིག་གཙོ་བོར་སྟོན་པ་རིག་སྔགས་དང་། ཤེས་རབ་ཙམ་ཞིག་གཙོ་བོར་སྟོན་པ་གཟུངས་སྔགས་སུ་འདོད་ཅིང་། དེ་ལའང་བཟོད་པའི་རྒྱུའི་གཟུངས། ཆོས་འཛིན། དོན་འཛིན། སྔགས་ཀྱི་གཟུངས་རྣམས་སུ་དབྱེར་ཡོད་དོ། །བརྡར་བཏགས་པའི་སྔགས་ལ་དབྱེ་ན་ནང་གི་སྔགས་དང་། ཕྱིའི་སྔགས་སོ། །དང་པོ་ནི། གསང་གནས་ཀྱི་རྩ་འདབ་ལ་དབྱངས་དང་གསལ་བྱེད་ཀྱི་སྡེ་ཚན་བརྒྱད་མི་གསལ་བར་གནས་པ་མགྲིན་རྐན་གྱི་བྱ་


KMC015_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གསལ་བར་སྐྱེ་བ་སྟེ། སམྦུ་ཊཱ་ལས། དེ་ལ་ཨ་ལི་ཀཱ་ལི་འདྲེས། །སྡེ་ཚན་བརྒྱད་ནི་རྣམ་པར་གནས། །སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཕྱིའི་སྔགས་ལ་དབྱེ་བ་གསུམ་སྟེ། སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན། རྡོ་རྗེ་ཕྲེང་བ་ལས། སྦྲུལ་དང་བཏུས་དང་མཐའ་མེད་དང་། །མགོ་མེད་ཡོངས་སུ་ཤེས་པ་ཡིས། །ༀ་དང་ཧཱུྃ་ཕཊ་སྭཱ་ཧཱ་མཐའ། །སྦྲུལ་ཞེས་བྱ་བར་མངོན་པར་བརྗོད། །རང་གི་ངོ་བོ་བརྗོད་པ་ནི། །བཏུས་པའི་མཚན་ཉིད་མིང་ཅན་ནོ། །ༀ་སོགས་ཡོད་ལ་ཞབས་མེད་པ། །མཐའ་མེད་བྱ་བའི་མིང་ཅན་ནོ། །ཐམས་ཅད་ཡོད་ལ་ༀ་མེད་པ། །མགོ་མེད་ཅེས་ནི་བཤད་པ་ཡིན། །ཞེས་གསུངས་པ་ལྟར་བཞིའོ། །རིགས་ཚན་གྱི་སྒོ་ནས་དབྱེ་ན། གསང་སྔགས། གཟུངས་སྔགས། རིག་སྔགས་གསུམ་སྟེ། དེ་དག་ཀྱང་ཕྱིའི་སྔགས་ཀྱི་སྐབས་འདིར་ལྷ་ཕོའི་སྔགས་གསང་སྔགས། མོའི་སྔགས་རིག་སྔགས། གཉིས་ཀའི་ཕྱོགས་སུ་མ་ལྷུང་བའི་ལས་ཚོགས་ཀྱི་


KMC015_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོགས་གཟུངས་སྔགས་སུ་བཞེད་དེ། ཛྙཱ་ན་ཤྲཱིའི་མཐའ་གཉིས་སེལ་བ་ལས། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དག་གི་མཐུ་ནི་ཤེས་རབ་དང་། ཐབས་དང་། ཤེས་རབ་དང་ཡེ་ཤེས་དང་། ཤེས་རབ་དང་དྲན་པ་ཐོབ་པར་བྱེད་པས་ན་ཡོན་ཏན་དེ་གསུམ་ཐོབ་པའོ། །དེ་ཡང་ལྷ་ཕོའི་ནི་གསང་སྔགས། མོའི་ནི་རིག་སྔགས། སྔགས་གཅིག་ཉིད་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་སོ། །ཡང་སྔགས་གཅིག་ཉིད་ལ་དེ་གསུམ་ཆར་ཚང་བ་དང་། ལྷ་གཅིག་ཉིད་ལ་སྔགས་དེ་གསུམ་ཆར་ཚང་བའང་ཡོད་ལ། རིག་སྔགས་དང་གཟུངས་སྔགས་གཉིས་ཀ་ལྷ་མོར་བཞག་པ་ཡང་ཡོད་པས་ཐམས་ཅད་དུ་ནི་གཅིག་ཏུ་མ་ངེས་སོ། །ཞེས་གསུངས་པ་ལྟར་རོ། །བརྡ་དོན་གྱི་སྒོ་ནས་དབྱེ་བ་ནི། རབ་ཏུ་སྒྲོན་གསལ་ལས། སྙིང་པོ། ཉེ་སྙིང་སྙིང་པོ་བསྐུལ་བ། རྩ་སྔགས། ཕྲེང་སྔགས། རིག་སྔགས། གཟུངས་སྔགས། ས་བོན། ཕྱུང་སྔགས། མིང་ཡིག་དང་པོའི་སྔགས་ཏེ་བཅུར་ཕྱེ་ནས་


KMC015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུའོ། །དེ་རྣམས་ཀྱང་རིམ་པ་བཞིན་ཏུ་ལྷ་དངོས་སུ་བརྗོད་པ། ཡན་ལག་གི་སྒོ་ནས་བརྗོད་པ། ཐུགས་ཀྱི་ནུས་པ་ནན་གྱིས་བདག་ལ་འཇུག་པ། འདོད་ལྷ་མངོན་ཏུ་བྱེད་པ། མཆོད་པའི་ཆུན་འཕྱང་འབུལ་བ། ས་འོག་སོགས་ཀྱི་དངོས་གྲུབ་བསྒྲུབ་པ། རྒྱལ་པོ་སོགས་ཀྱི་འཇིགས་པ་བཟློག་པ། ལྷ་བསྐྱེད་པ། གསང་གནས་དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ། མིང་གི་ཡི་གེ་དང་པོ་ཟློས་པ་རྣམས་སོ། །གཞན་ཡང་རྩ་སྔགས་སྐུ། སྙིང་པོ་གསུང་། ཉེ་སྙིང་ཐུགས་སྐུལ་བར་བྱེད་པའི་སྔགས་སུའང་བཤད་ཅིང་། ཇོ་བོ་རྗེས་ནི། སྙིང་རྗེ་དང་ཤེས་རབ་ཀྱི་ཐབས་ཤེས་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་ལྷའི་སྙིང་པོ་ཡིན་ལ། སེམས་སྐུལ་བར་བྱེད་པའི་སྙིང་པོ་དང་། ཉེ་བར་བསྐུལ་བའི་ཉེ་སྙིང་དང་། འཇིག་རྟེན་པའི་སེམས་ལས་སྐྱོབ་པས་གསང་སྔགས་དང་། ཡང་ཡང་དུ་བསྐུལ་བས་ཤེས་རབ་ཁྱད་པར་ཅན་སྐྱེད་པས་རིག་སྔགས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དྲན་པ་སྐྱེད་པས་གཟུངས་སྔགས་སོ། །ཞེས་ཀྱང་


KMC015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གཉིས་པ་བཟླ་ཡུལ་ཕྲེང་བའི་རྣམ་བཞག་ལ་དགུ། དང་པོ་རྒྱུ་ནི། སམྦུ་ཊཱ་ལས། ཤེལ་དང་ཉ་ལྕིབས་མུ་ཏིག་དང་། །ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །ཕྲེང་བ་ཡི་ནི་ཚད་ཉིད་དོ། །གསེར་དང་དངུལ་དང་ཟངས་མ་དང་། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་ཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱི། །དྲི་ནི་ཐམས་ཅད་ཁྱད་པར་དུ། །བསྒྲུབས་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྵ་དང་ལུང་ཐང་དང་། །དེ་བཞི་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་ཡོངས་སུ་གྲགས། །ཞེས་གསུངས་པའི་ཁམ་དཀར་པོ་ནི་རུས་པ་དང་སོགས་སྒྲས་རྡོའི་ཁྱད་པར་དཀར་པོ་སོགས་དང་གཞན་ནི་ནོར་བུ་དཀར་པོར་བཤད་ལ། དབང་གི་ཕྲེང་བ་གུར་གུམ་སོགས་ཀྱི་དོན་ནི་གུར་གུམ་སོགས་དྲི་བཟང་སྣ་ཚོགས་ཀྱི་ལྡེ་གུའི་རིལ་བུ་ལ་མིག་ཕུག་པའོ། །ལས་ཐམས་ཅད་ལ་


KMC015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དུ་བསྔགས་པ་ནི། དེ་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་པུ་ཏྲོ་ཛཱི་བ་ཀ་ཟུར་ཆག་པའོ། །མཆན།ཏེ་ཙི་ནི་ལས་ཀུན་བྱེད། །ཅེས་གསུངས་པ་ལྟར་ལ། དེའང་རྒྱ་ནག་ཕྱོགས་ནས་འོང་བ་འདི་ཉིད་མིན་པར། ལྷོ་བལ་ནས་འོང་བའི་འཇག་ལྦུ་འདྲ་བ་གང་བུ་གཅིག་གི་ནང་དུ་བརྒྱ་རྩ་འོང་བར་གྲགས་པ་འདི་ཉིད་ཡིན་ཞེས་པཎ་ཆེན་ནགས་རིན་གསུངས་ཟེར། མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླངས་ནས་སུ། ཞེས་གསུངས་པ་ལྟར་མ་རྒྱུད་རྣམས་ལས་སྐྱེས་པ་གྲིར་ཤི་བའི་ཐོད་པའི་ཕྲེང་བ་ལ་བསྔགས་པ་ཆེ། བརྟག་གཉིས་ལས་ཀྱང་ལས་མཐུན་གྱི་ཕྲེང་བ་སོ་སོར་བཤད་པ་སོགས་མང་ངོ་། །གཉིས་པ་རིལ་གྲངས་ནི། གཤེད་དམར་རྒྱུད་ལས། ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་ལ་བརྒྱད་ཀྱིས་ལྷག་དེ་བཞིན། །དབང་དགུག་ཉི་ཤུ་རྩ་ལྔའོ། །མངོན་སྤྱོད་དྲུག་ཅུ་རྩ་བཞི་སྟེ། །རྡོག་པོ་རྣམས་ནི་སྔགས་ཀྱི་སྐུ། །རྒྱ་ཆེར་སྔགས་ཀྱིས་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ནོ། །གསུམ་པ་ཕྲེང་ཐག་གི་དབྱེ་བ་ནི། རྡོ་རྗེ་


KMC015_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ལས། གསེར་གྱི་སྐུད་པས་བརྒྱུ་བར་བྱ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཡང་ན་རས་བལ་སྐུད་པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང་། །ཡན་ལག་ཤིན་ཏུ་རྫོགས་པ་དང་། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པས་བརྒྱུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །ཞེས་པ་ལྟར་ཏེ། སྡོམ་འབྱུང་ལས་མངོན་སྤྱོད་ཀྱི་སྦྱོར་བ་ལ་ཕྲེང་ཐག་སོ་སོར་བཤད་པ་རྣམས་ཀྱང་སྐབས་དེ་དག་ཏུ་རས་བལ་སྐུད་པ་ལ་བསྲེའོ། །ཉག་མའི་གྲངས་ཀྱང་། སཾ་ཊ་ལས་དགུར་གསུངས་པ་ཉེ་བའི་སྲས་བརྒྱད་རྡོ་རྗེ་འཆང་དང་དགུ་མཚོན་པ་རྗེ་བཙུན་རྩེ་མོས་བཞེད། བཞི་པ་མདོ་འཛིན་ནི། གཉིས་བརྩེགས་ཀྱི་འོག་མ་ཡེ་ཤེས་སྟོབས་དང་སྟེང་མ་ཆོས་དབྱིངས་མཚོན་པར་བཤད། ལྔ་པ་བརྒྱུ་ཚུལ་ནི། ཕྲེང་ཐག་བྱང་སེམས་དང་རྡོག་མ་རྣམས་དེ་བཞིན་གཤེགས་པ་དགྲ་བཅོམ་པར་མོས་ཏེ་ཧཱུྃ་གླུར་ལེན་ཞིང་བརྒྱུ་བར་གསུངས་སོ། །དྲུག་པ་བྱིན་རླབས་ནི་དགྱེས་རྡོར་སྒྲུབ་དཀྱིལ་དུ་བཤད་པ་དེ་སམྦུ་


KMC015_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱའི་རྒྱུད་ལས་གསུངས་ཤིང་། རྒྱུད་འདི་རྒྱུད་མང་པོའི་བཤད་རྒྱུད་ཡིན་པས་དམིགས་བསལ་མ་སྨོས་པ་ཐམས་ཅད་ལ་སྦྱོར་བར་བྱ། བཟླས་ཟིན་པ་ན་ཕྲེང་བ་སྙིམ་པར་བཅུག་སྟེ། ༀ་རུ་ཙི་ར་མ་ཎི་པྲ་ཝརྟ་ན་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་བཟླས་ཏེ། བཀུར་བསྟི་དང་བཅས་པས་བཅང་བའམ་བཞག་གོ། །བདུན་པ་བགྲང་ཚུལ་ནི། ཞི་བ་ལ་མཛུབ་མོ། རྒྱས་པར་གུང་མོ། དབང་ལ་སྲིན་ལག །མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་དུ་བཞག་ཅིག་མདོ་འཛིན་ལ་མི་འགོམ་པར་དེ་ལ་བསྐོར་བ་བྱེད་ཚུལ་གྱིས་བགྲང་བར་བཤད། དེའང་སཾ་ཊཱ་ལས། རྡོ་རྗེ་གཉིས་མེད་དངོས་པོ་ལས། །གཡོན་པ་རྡོ་རྗེ་ཅན་གྱི་དངོས། །ཞེས་གཡོན་རྡོ་རྗེར་བསམ་ནས་བགྲང་བ་མ་རྒྱུད་ལ་གཡོན་གྱི་ཀུན་སྤྱོད་གཙོ་བོ་ལ་དགོངས་སམ་སྙམ། ཁ་ཅིག་ལྷ་ཕོ་སྒྲུབ་ན་གཡས་དང་མོ་སྒྲུབ་ན་གཡོན་གྱིས་བགྲངས་བར་བཞེད་དོ། །བརྒྱད་པ་འགྱུར་ཁྱད་ནི། རྡོ་རྗེ་རྩེ་མོ་ལས། ལྕགས་ཀྱིས་བཟླས་པ་ཉིས་འགྱུར་རོ། །དེ་བཞིན་ཟངས་མས་བཞི་འགྱུར་ཏེ། །རུ་རཀྵ་ཡིས་བྱེ་བ་


KMC015_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །མུ་ཏིག་གིས་ནི་བརྒྱ་འགྱུར་རོ། །དབང་པོས་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱིས་འབུམ་དུ་འགྱུར་བ་ཡིན། །པདྨས་བྱེ་བ་བརྒྱ་འགྱུར་ཏེ། །བོ་ཏེ་ཙེ་ཡིས་གྲང་མེད་དོ། །ཞེས་གསུངས་པ་ཉིད་དོ། །དགུ་པ་མཚོན་དོན་ནི། ཕྲེང་བས་སྔགས་ཀྱི་དཀོན་མཆོག་གསུམ་མཚོན་པར་བྱེད་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། རིལ་བུ་རྣམས་ན་དགྲ་བཅོམ་སྟེ། །སྟེང་མ་མཆོད་རྟེན་དུ་ནི་བརྟགས། །མཆོད་རྟེན་ཆོས་ཀྱི་དབང་པོ་བས། །ཆོས་ཀྱི་དབྱིངས་ནི་དབུས་སུ་བྱ། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བཟླ་བའི་ཚུལ་བཤད་པ་ལ་བཞི། སྒོ་གསུམ་གི་བཟླ་ཚུལ། བཟླ་དུས། སྐྱོན་སེལ། སྟོབས་བསྐྱེད་པའོ། །དང་པོ་ལའང་གསུམ། ལུས་བཟླས། ངག་བཟླས། ཡིད་བཟླས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་ནི། དེ་ཡང་བཟླས་པ་ཞེས་པ་ནི་བསྐྱར་ཞིང་བསྐོར་བའི་དོན་ཡིན་པས། ལུས་ཀྱི་ལས། ངག་གི་བརྗོད་པ། ཡིད་ཀྱི་ཏིང་ངེ་འཛིན་གསུམ་ཀ་ཡང་ཡང་བལྡབ་ཅིང་བསྐྱར་བ་སྟེ། དེ་ལ་བཟླ་བྱ་མཚན་ཉིད་དང་ལྡན་


KMC015_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྲེང་བ་དེ། ཟློ་བྱེད་སོར་མོ་རྣམས་ཀྱིས། བཟླ་ཚུལ་ལས་སོ་སོ་ལ་གོང་སྨོས་བགྲང་ཚུལ་ལྟར་རམ། ལས་དམིགས་བསལ་མེད་ན་ལྷའི་རིགས་ཀྱི་ཁྱད་པར་གཙོ་བོར་གྱུར་པ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་མཛུབ་མོའི་སྟེང་དུ་བཞག་པ་དང་། རྡོ་རྗེའི་རིགས་ལ་གུང་མོ་དང་། རིན་པོ་ཆེའི་རིགས་ལ་སྲིན་ལག་དང་། མཐེའུ་ཆུང་གི་པདྨའི་རིགས་དང་། སོར་མོ་བཞི་ཀ་སྦྱར་བས་ལས་ཀྱི་རིགས་ལ་བགྲང་སྟེ། དེའང་མཐེ་བོང་ལྕགས་ཀྱུ་བསམ་ནས་དེས་ལྷ་ཐམས་ཅད་རང་དང་ཉེ་བར་སྤྱན་དྲངས་ཤིང་ཤིན་ཏུ་མཉེས་པས་དངོས་གྲུབ་སྩོལ་བར་བསམ་སྟེ། ཕྲེང་བ་ནང་དུ་བགྲང་བར་བྱ་སྟེ། རྡོ་རྗེ་མཁའ་འགྲོ་ལས། མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པའོ། །མངོན་སྤྱོད་ཀྱི་ལས་ཆེས་གསང་བ་འགའ་ཞིག་ལ་བསྒྲུབ་བྱ་བསད་པའི་སྦྱོར་བས་ཕྲེང་རྡོག་ཕྱིར་བསྒྱུར་བའང་ཡོད་དོ། །གཉིས་པ་


KMC015_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བཟླ་བྱ་སྔར་བཤད་བརྡར་བཏགས་པའི་སྔགས་ཉིད། ཟློ་བྱེད་ལྕེ་དང་རྐན་དང་སོ་ལ་སོགས་པ་འཕྲོད་པའི་བྱེད་པ་དང་། ཡི་གེ་རང་རང་གི་སྐྱེ་གནས་ལས་འཐོན་པའི་རྩོལ་བ་དང་བཅས་པས། བཟླ་ཚུལ་ལ་གསུམ་སྟེ། སྐད་གསང་བསྟོད་དེ་ཡི་གེ་རིང་ཐུང་སོགས་ཕྱེད་པར་བཟླ་བ་རིག་བྱེད་བཀླག་པ་ལྟ་བུའི་བཟླས་པ་དང་། ལྕེ་རྩེ་དང་མཆུ་ཅུང་ཟད་གཡོ་བས་གོང་བས་ཐོས་ཙམ་དུ་བཟླ་བ་ཤུབ་བུའི་བཟླས་པ། སྙིང་པོ་ལ་སོགས་པ་རང་དང་གཞན་གཉིས་ཀས་ཐོས་པར་དྲག་ཏུ་བརྗོད་པ་ཁྲོ་བོའི་བཟླས་པ་སྟེ། དེའང་མཆོག་སྒྲུབ་དང་། ཞི་རྒྱས་དབང་གསུམ་ཕལ་མོ་ཆེར་ཤུབ་བུའི་བཟླས་པ་གཙོར་བྱེད་ཅིང་། སྣོད་མིན་སྐྱེ་བོས་དབེན་པའི་སར། སྒྲུབ་པའི་ཁྱད་པར་འགའ་ཞིག་དང་། བྱིང་བ་སེལ་བ། གནོད་པ་ཟློག་པ། བསྐྲད་པ་སོགས་མངོན་སྤྱོད་ཕལ་ཆེར་རིག་བྱེད་འདོན་པ་ལྟ་བུ་དང་། ཁྲོ་བཟླས་ཀྱང་སྐབས་འགར་སྦྱོར་དགོས་སོ། །གསུམ་པ་ནི། བཟླ་བྱ་སྐབས་སུ་བབ་པའི་ཏིང་ངེ་འཛིན། ཟློ་བྱེད་མ་ཡེངས་རྩེ་


KMC015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་དྲན་པས། ཇི་ལྟར་བཟླ་བ་ལ་གཉིས། བཟླ་ཚུལ་གྱི་ཁྱད་པར་དང་། བསྒོམ་ཚུལ་གྱི་ཁྱད་པར་རོ། །དང་པོ་ལ་གསུམ། ཡིད་ཀྱི་བཟླས་པ་དང་། འགོག་པའི་བཟླས་པ་དང་། རྡོ་རྗེའི་བཟླས་པའོ། །དང་པོ་ནི་སྔགས་ཀྱི་ཚིག་འབྲུ་ངག་ཏུ་མི་བརྗོད་པ་ཡིད་བཟླས་ཁོ་ནས་བཟླ་བའོ། །གཉིས་པ་ནི། སྲོག་རྩོལ་གྱི་རླུང་བསྡོམས་ཏེ་བཟླ་བ་འགོག་བཟླས་ཆུང་ངུ་། གཟུང་འཛིན་གྱི་རྟོག་པ་བཀག་སྟེ་སྤྲོས་མེད་ཕྱག་རྒྱ་ཆེན་པོའི་ངང་ནས་བཟླ་བ་འགོག་བཟླས་ཆེ་བ་སྟེ་ཕྱི་མ་འདི་ནི་རྣལ་འབྱོར་གྱི་བཟླས་པ་དང་གཅིག་གོ། །གསུམ་པ་ནི། རིམ་ལྔ་ལས། བརྗོད་དང་དམིགས་པར་བཅས་པ་དང་། །བརྡ་གྱུར་དང་ནི་དོན་དམ་མོ། །ཞེས་བཞིར་གསུངས་པའི་བརྗོད་པ་རྡོར་བཟླས་ནི་རླུང་འཇུག་གནས་ལྡང་གསུམ་པོ་བརྗོད་པའི་ཡི་གེ་གསུམ་གྱི་སྒྲ་གདངས་སུ་དྲན་པ་དང་། དམིགས་པ་རྡོར་བཟླས་ནི་རླུང་འཇུག་གནས་ལྡང་གསུམ་ཡི་གེ་གསུམ་དཀར་དམར་སྔོ་བའམ། སྐུ་གསུང་ཐུགས་ཀྱི་ལྷ་དཀར་དམར་སྔོ་གསུམ་དང་། གནས་


KMC015_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འབྲུ་གསུམ་གང་རུང་ལ་དམིགས་པ་དང་། བརྡ་གྱུར་རྡོར་བཟླས་ནི་རླུང་ནང་དུ་འཇུག་པས་ༀ། གནས་པས་ཨཱཿ ལྡང་བས་ཧཱུྃ་མཚོན་པ་ནི་མཚོན་བྱེད་མིང་གི་བརྡ་ཡིན་ལ། བརྡ་ཅན་སྣང་བ་གསུམ་དུ་ཤེས་ནས་བཟླ་བ་ནི་བརྡའི་བཟླས་པའོ། །དོན་དམ་རྡོ་རྗེའི་བཟླས་པ་ནི་རླུང་འབྱུང་འཇུག་གནས་གསུམ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པས་འོད་གསལ་གཅིག་པུའི་རང་བཞིན་ཏུ་ཤེས་ནས་བཟླ་བའོ། །གཉིས་པ་སྒོམ་ཚུལ་གྱི་ཁྱད་པར་ལའང་གསུམ། ཕྱིའི་བཟླས་པ་དང་། ནང་གི་བཟླས་པ། གསང་བའི་བཟླས་པའོ། །དང་པོ་ལ་གཉིས། ལྷ་སྐུའི་རྣམ་པ་ཙམ་རྗེས་སུ་དྲན་ནས་བཟླ་བ་ནི་གཟུགས་ཀྱི་བཟླས་པའོ། །ལྷ་གཙོ་འཁོར་ཐམས་ཅད་ཀྱིས་སྔགས་དེ་ཉིད་མགྲིན་གཅིག་ཏུ་བཟླ་བར་མོས་ཏེ་དེའི་རམ་འདེགས་ཀྱི་ཚུལ་དུ་བཟླ་བ་ནི་ཕྱིའི་བཟླས་པ་དངོས་ཏེ། དེའང་གཙོ་བོ་ལྟ་བུ་ལ་ཞལ་དུ་ཡོད་དང་འཁོར་གྱི་ལྷ་དུ་ཡོད་ཀྱིས་འདོན་པར་བསྒོམས་ཏེ་བཟླས་པས་དེ་སྙེད་པའི་གྲངས་ཀྱི་འགྱུར་


KMC015_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་གསུངས་ཏེ། ཤཱནྟི་པས། ཞལ་ཐམས་ཅད་དང་ལྷ་མོའི་ཞལ་ཐམས་ཅད་ནས་ཀྱང་སྔགས་ཟློས་པར་མོས་པར་བྱའོ། །འདི་ལྟར་དེ་བས་ན་རང་གི་ལྷའི་བཟླས་པ་ནི་བརྒྱད་འགྱུར་ཡིན་དགྱེས་རྡོར་ལྷ་དགུ་ལ་མཚོན་པའོ། །ལ། ལྷ་མོ་ཐམས་ཅད་ཀྱི་སྔགས་བཟླས་པ་བྱས་པར་འགྱུར་རོ། །ཞེས་པ་ལྟར་དྲིལ་བུ་བ་དང་ལྭ་བ་པས་ཀྱང་བཤད་པས་སོ། །འདི་ལ་ཛ་ལནྡྷ་ར་པ་སོགས་ཀྱིས་དམ་ཚིག་གི་བཟླས་པ་ཞེས་གསུངས། གཉིས་པ་ནང་བཟླས་ལ་གསུམ། འཁོར་བའི་བཟླས་པ་དང་། བཀོད་པའི་བཟླས་པ་དང་། སྤྲོ་བསྡུའི་བཟླས་པའོ། །དང་པོ་འཁོར་བའི་བཟླས་པ་ཡང་སྤྱི་འགྲོ་དང་ཁྱད་པར་ཅན་གཉིས་ལས། དང་པོ་ལའང་། བདག་མདུན་གཉིས་ཀའི་ཐུགས་ཀར་པདྨ་དང་ཟླ་ཉིའམ། ཟླ་ཉི་གང་རུང་གི་གདན་གྱི་དབུས་སུ་རང་ལྷའི་ས་བོན་གྱི་ཡི་གེ་བཀོད་ཅིང་། མདུན་ནས་བརྩམ་སྟེ་གཡས་བསྐོར་དུ་སྔགས་ཀྱི་ཕྲེང་བ་ལྷའི་སྐུ་མདོག་དང་མཐུན་པ་མ་འབྲེལ་ཞིང་ཟེར་མ་ཆད་པར་བསམ་སྟེ། བསྐོར་ཕྱོགས་སྤྱི་དང་མཐུན་པ་ཉིད་དུ་


KMC015_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྲགས་པར་འཁོར་བ་མི་མངོན་ཙམ་དུ་འཁོར་བར་བསམ་སྟེ། དེ་ནས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་སྔགས་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ། རང་གི་ཞལ་དུ་ཞུགས་ཤིང་ཐུགས་ཀ་ནས་འཐོན་ཏེ་ཞལ་དང་ཐུགས་ཀ་ནས་ཐུགས་ཀར་འཁོར་བར་བསམ་ནས་བཟླ་བ་བདག་མདུན་གཉིས་ཀ་དང་། འབྲེལ་བ་དང་། བདག་བསྐྱེད་ཁོ་ན་ལ་ཚུལ་འདིས་སྔགས་ཕྲེང་ཞལ་ནས་ཐུགས་ཀ་དང་། ཐུགས་ཀ་ནས་ཞལ་དུ་འཁོར་བར་བསམ་སྟེ་བཟླ་བ་རྣམ་པ་གཉིས་དང་། ཡང་གཡས་བསྐོར་དང་གཡོན་བསྐོར་དུ་འཁོར་བའི་བྱེ་བྲག་གིས་རྣམ་པར་དུ་མར་ཡང་འགྱུར་ཏེ། འདི་ལ་མ་ནིང་གི་བཟླས་པའང་ཟེར། ལྷ་ཡབ་རྐྱང་ཅན་སོགས་ལ་སྦྱར་རོ། །ཁྱད་པར་ཅན་གྱི་བཟླས་པ་ནི། གསང་བའི་བཟླས་པ་དང་དོན་གཅིག་པས་འོག་ཏུ་འཆད་དོ། །འཁོར་བའི་བཟླས་པ་འདི་གསར་མ་ཕལ་ཆེར་ལ་མ་གྲགས་ཀྱང་ཀཾ་ཚང་ལུགས་སུ་སྤྱི་འགྲོར་མཛད་པ་རྗེ་གཙུག་ལག་ཕྲེང་བ་སོགས་ཀྱིས་བཤད་པ་ལྟར་སྤྱི་བཤད་དུ་སྨོས་པའོ། །


KMC015_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བཀོད་པའི་བཟླས་པ་ནི། བདག་བསྐྱེད་དམ་མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའམ་ཟླ་བ་ལ་ས་བོན་མཐར་སྔགས་ཕྲེང་མགོ་གྱེན་བསྟན་མར་མེ་ལྟར་འབར་བ་ཡིད་ཀྱིས་བཀོད་པ་ལ་དམིགས་ནས་ཟློས་པ་སྟེ། ཤཱནྟི་པས། བདག་ཉིད་དཀྱིལ་འཁོར་དང་བཅས་པའི་ལྷའི་སྐུར་གསལ་བར་དམིགས་ལ། ༀ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཡི་གེ་བཅུ་གསུམ་པོ་དེ་དག་སྙིང་གའི་ཉི་མའི་སྟེང་དུ་མགོ་གྱེན་དུ་བསྟན་ནས་ལངས་པ་མར་མེ་ལྟར་འབར་བ། དཀྱིལ་འཁོར་ལྟ་བུར་ཡིད་ཀྱིས་བྲིས་ལ། ཞེས་གསུངས་པ་ལྟར་རོ། །འདི་ལ་ཤཱནྟི་པ་དང་དམ་ཚིག་རྡོ་རྗེས་གོང་བུའི་བཟླས་པར་གསུངས་སོ། །གསུམ་པ་སྤྲོ་བསྡུའི་བཟླས་པ་ནི། སྔགས་ཀྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་ལྷའི་རྣམ་པ་གསལ་གདབ་ཅིང་མཆོད་པ་དང་། སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སེམས་ཅན་གྱི་དོན་བྱས། སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས་ཏེ་ཚུར་འདུས་རང་གི་སྙིང་གར་ཐིམ་ཞིང་ཟློས་པ་དང་། ཁ་ཅིག་ལས་འོད་


KMC015_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚབ་ཏུ་ལྷ་སྤྲོ་བ་སྟེ་མན་སྙེ་དང་ཨ་བྷི་ངྷ་ན་ལས་འདི་དང་དམ་ཚིག་གི་བཟླས་པ་གཅིག་པར་གསུངས། འདི་ལ་མར་མེ་མཛད་ཀྱིས། ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླས། །བརྗོད་ཅིང་སྲོག་གིས་སྤྲོ་བྱ་ཞིང་། །སྔགས་ནི་རྩོལ་བས་བསྡུ་བར་བྱ། །ཞེས་དབུགས་འབྱིན་པའི་ཚེ་ལྷ་སྤྲོ་བ་དང་རྔུབ་པའི་ཚེ་སྡུད་པར་གསུངས་པ་ལ། ཤཱནྟི་པས། སྔགས་ཀྱི་ཚད་དང་བསྟུན་ནས་གཅིག་གམ་གཉིས་སམ་མང་པོ་བརྗོད་ནས་དབུགས་རིང་དུ་འབྱིན་པ་ནི་སྲོག་ཡིན་ཏེ་དེས་བསྡུས་པ་ནི་བརྗོད་པ་དང་སྤྲོ་བའི་དུས་སོ། །དེ་ལྟར་བཟླས་ན་སེམས་མི་གཡེང་ངོ། །ཞེས་ཀྱང་གསུངས་སོ། །གསུམ་པ་གསང་བའི་བཟླས་པ་ལ་གཉིས། རང་བཞིན་གྱི་བཟླས་པ་དང་། ཁྱོགས་ཀྱི་བཟླས་པའོ། །དང་པོ་ནི། ཨ་ཧཾ་གཉིས་དྲན་ཅིང་དེའི་རང་སྒྲ་ལ་སེམས་གཏད་པའི་སྒོ་ནས་བཟླ་བའོ། །གཉིས་པ་ནི། བདེ་དགྱེས་སོགས་རྣལ་འབྱོར་མ་རྒྱུད་ཀྱི་བཟླས་ཐབས་ཁྱད་པར་བ་སྟེ། བདག་བསྐྱེད་ཡབ་ཡུམ་ཞལ་སྦྱོར་དུ་བསམ་པའི་ཡབ་ཡུམ་གཉིས་ཀའི་ཐུགས་ཀར་


KMC015_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔགས་ཕྲེང་ས་བོན་དང་བཅས་པ་བཀོད་པའམ། ཕལ་ཆེར་ས་བོན་ཁོ་ན་བཀོད་པར་བཤད་ལ། ཐུགས་ཀའི་ཧཱུྃ་ལས་ཇི་ལྟར་བཟླ་བའི་སྔགས་ཀྱི་ཕྲེང་བ་ཞིག་བྲེང་མ་ཆད་པར་བྱུང་བ། རང་གི་རྩ་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ནས་པདྨར་སོན། རང་གི་རྡོ་རྗེའི་ལམ་ནས་ཞུགས་སྐུའི་དབྱིབས་བརྒྱུད། སླར་ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་སྔགས་ཕྲེང་བྱུང་བ་སོགས་དེ་ཉིད་རྟག་ཏུ་བསམ་ལ་སྔགས་ཅུང་ཟད་རྩུབ་པར་བཟླ་བ་དྲག་པོ་དང་། ཡང་། ཧཱུྃ་ལས་སྔགས་ཕྲེང་བྱུང་། རང་གི་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་འཐོན་པདྨ་ནས་ཞུགས། ཡུམ་གྱི་སྐུའི་དབྱིབས་བརྒྱུད་ཞལ་ནས་འཐོན། རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསྒོམ་ལ་ལྷོད་ཅིང་དལ་བར་བཟླ་བ་ཞི་བ་སྟེ། ཡབ་ཡུམ་ཁ་སྦྱོར་དུ་བཟླ་བའི་ལུགས་ལ་སྔགས་ཕྲེང་ཡབ་རྗེས་ཡུམ་མི་བྱེད་པར་གཉིས་བསྒྲིགས་ཡིག་འབྲུ་ཁ་སྦྱོར་དུ་བྱུང་བར་བསྒོམ། སྔ་མས་གསལ་སྟོང་འཆར་ཞིང་ཐིག་ལིའི་གེགས་སེལ། ཕྱི་མས་བདེ་སྟོང་


KMC015_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཞིང་རླུང་གི་གེགས་སེལ་ཞེས་བླ་མ་གཉན་རས་གསུངས། དང་པོས་བྱིང་བ་སེལ། ཕྱི་མས་རྒོད་པ་སེལ་ཞིང་། སྔ་མ་བསྒོམས་པས་རོ་སྟོད་ན་བ་དང་། དབུགས་འཚང་བ་དང་། ཤེས་པ་འཕྱོ་བ་སོགས་བྱུང་ན། ཕྱི་མ་འདི་བསྒོམས་པས་གེགས་སེལ་དུ་ཡང་འགྱུར། སྔ་མས་རྫོགས་རིམ་གྱི་སྐབས་སྲོག་ཐུར་སེལ་ལ་འདྲེ་བ་དང་། ཕྱི་མས་ཐུར་སེལ་སྲོག་ལ་བསྲེ་བའི་སྨིན་བྱེད་ཡང་དག་པར་འགྱུར་ཞིང་། ད་ལྟ་སྔགས་ཀྱིས་བྱིན་གྱིས་བརླབས་པས། དེ་དུས་བགེགས་མི་འབྱུང་བ་ཡིན་གསུངས་སོ། །དེའང་སྔ་དྲོ་དང་སྲོད་ལ་ཚུར་འཁོར་ཞིང་། ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བ་གདམས་ངག་ཏུ་བཞེད། བསྙེན་པའི་སྐབས། ཡིག་འབྲུའི་མདོག་ལྷའི་སྐུ་མདོག་དང་མཚུངས་ཤིང་། མྱུར་དལ་རན་པོར་འགྲོ་བ་བསྒོམ། བླ་མ་གོང་མ་ཁ་ཅིག་གིས་སྡིག་སྒྲིབ་སྦྱོང་ཕྱིར་དཀར་པོའམ། ལྷ་དབང་དུ་སྡུད་ཕྱིར་དམར་པོར་བསྒོམ་པའང་བཤད། ལས་བཞི་བསྒྲུབ་པའི་སྐབས་བདེ་མཆོག་རྒྱུད་ཀྱི་རྗེས་སུ་འབྲངས་ནས་དམིགས་པའི་ཁྱད་


KMC015_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞི་དབྱེ་སྟེ། ཞི་བ་ལ་དཀར་པོ་མདའི་ཤུགས་ཙམ་གྱིས་མྱུར་བར་འགྲོ་བ་དང་། རྒྱས་པ་ལ་སེར་པོ་སྒྲོ་ཆུན་གྱི་ཚུལ་གྱིས་འགྲོ་བ་དང་། དབང་ལ་དམར་པོ་ལྕགས་སྒྲོག་གི་ཚུལ་གྱིས་འགྲོ་བ་དང་། དྲག་པོ་ལ་ནག་པོ་སྲད་བུ་སྒྲིལ་བའི་ཚུལ་གྱིས་འགྲོ་བ་ཡིན་ཏེ། དེའང་དང་པོ་ནི། སྔགས་ཕྲེང་མདའི་ཤུགས་ལྟ་བུས་ཏལ་གྱིས་འགྲོ་བ་འོད་ཟེར་གྱི་ལི་ལི་བྱེད་པ་སྟེ་མགལ་མེའི་འཁོར་ལོ་ལྟ་བུ་ཞེས་པའང་འདི་ཡིན། གཉིས་པ་ནི། སྔགས་ཕྲེང་ཡི་གེ་རེ་རེ་བཞིན་སེར་པོ་གཙོ་ཆེ་བའི་འོད་ཟེར་ལྔ་ལྡན་མང་པོ་འཕྲོ་བ་སྨད་ཀྱི་ཕྱོགས་སུ་ཇེ་སྦོམ་དུ་འཁྱིལ་ཞིང་འགྲོ་བ་རྨ་བྱའི་སྒྲོ་ཆུན་མགོ་མཇུག་ལྡོག་པ་ལྟ་བུ། གསུམ་པ་ནི། ཡི་གེ་སྔ་མའི་ཞབས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས་ཀྱིས། ཕྱི་མ་རྣམས་ཀྱི་མགོར་ཞགས་མིག་དབྱིབས་ལ་བཏབ་སྟེ་འོད་ཟེར་རྣམས་ཀྱང་སྦྲེལ་པ་དང་གུག་པའི་རྣམ་པས་འགྲོ་བ། བཞི་པ་ནི། ཐག་མདུང་འཕེན་པའམ་ཐ་གུ་བསྒྲིལ་བ་ལྟ་བུ་ཕྱི་མ་རྣམས་ཀྱིས་སྔ་མ་འཕུལ་བའི་ཚུལ་གྱིས་དྲག་ཅིང་རྩུབ་པར་འགྲོ་བའོ། །ཐམས་


KMC015_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་འོད་ཟེར་རེག་ལ་ཡིག་འབྲུ་མ་རེག་པའོ། །སྤྱིར་སྤྲོ་བསྡུ་བཀོད་པ་དོ་ལིའི་བཟླས་པ་གསུམ་ཀ་ལ་ལས་བཞིའི་དམིགས་པ་སྦྱོར་དུ་རུང་བས། སྤྲོ་བསྡུའི་སྐབས་སྔགས་ཉིད་འོད་དང་བཅས་པ་སྤྲོ་ཞིང་བསྡུ་བའི་འགྲོས་ལ་སྦྱོར། འགོད་པའི་སྐབས་སྔགས་ལས་བྱུང་བའི་འོད་ཟེར་ལ་སྦྱར་རོ། །དེའང་སྤྱི་ཙམ་དུ་ཕ་རྒྱུད་ལ་སྤྲོ་བསྡུའི་བཟླས་པ་དང་། མ་རྒྱུད་ལ་ཁྱོགས་ཀྱི་བཟླས་པ་གཙོ་བོར་བྱ་ཞིང་། ཏིང་ངེ་འཛིན་སྐྱེ་བ་ལ། ཡིད་བཟླས། འགོག་བཟླས། རྡོར་བཟླས་རྣམས་གཙོར་བྱ། ཐམས་ཅད་དུ་སྔགས་དང་གཟུགས་དང་རྣལ་འབྱོར་གྱི་བཟླས་པ་གསུམ་གཙོར་བྱའོ། །དེ་རྣམས་ཀྱང་མན་ངག་སྙེ་མ་ལས། སྔགས་བརྗོད་པ་ཙམ་སྔགས་ཀྱི་བཟླས་པའོ། །ལྷའི་རྣལ་འབྱོར་ཙམ་རྗེས་སུ་དྲན་པ་ནི་གཟུགས་ཀྱི་བཟླས་པའོ། །དེ་ཁོ་ན་ཉིད་ཙམ་རྗེས་སུ་སེམས་པ་ནི་རྣལ་འབྱོར་གྱི་བཟླས་པའོ་ཞེས་པའོ། །སྔགས་ཀྱི་བཟླས་པ་ནི་ཡང་རྣམ་པ་མང་པོ་སྟེ། དེ་ལ་སྙིང་ཁའི་ས་བོན་ལ་སྙིང་པོའི་སྔགས་སམ། ཉེ་བའི་སྙིང་པོའི་སྔགས་


KMC015_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱེད་ཅིང་དཀྱིལ་འཁོར་གྱི་ལྷའི་ཚོགས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཁོ་ནར་ཕྲེང་བའི་སྐུད་པ་འདྲེན་པའི་ཚུར་གྱིས་འཇུག་པའི་རླུང་གིས་སྙིང་གའི་ས་བོན་ཁོ་ན་ལ་གཞུག་ཅིང་། ལྷ་སོ་སོའི་སྔགས་བརྗོད་པ་ཡོངས་སུ་རྫོགས་པ་ན་སོ་སོར་སྤྲོ་བ་དང་སྡུད་པའོ་ཞེས་པ་དམ་ཚིག་གི་བཟླས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་སྔགས་ཀྱི་ཕྲེང་བ་རང་གི་ཞལ་དུ་ཞུགས་ཏེ་རྡོ་རྗེའི་ལམ་ནས་པདྨར་སོན་ཞིང་། ཨ་ཝ་དྷུ་ཏིའི་ལམ་ནས་གྱེན་ཏུ་བྱུང་སྟེ། བཅོམ་ལྡན་འདས་མའི་ཞལ་ནས་ཕྱུང་བ་རང་གི་ཞལ་གྱི་སྒོ་ནས་ཞུས་ཤིང་དེ་བཞིན་ཁོ་ནར་འཁོར་བ་བསྒོམས་པས་ཕྲེང་བའི་སྔགས་བཟླས་པར་བྱ་ཞེས་པ་ཡི་གེ་ལྷོད་ཅིང་ཞི་བ་ནི་ཁྱོགས་ཀྱི་བཟླས་པའོ། །འདི་ཁོ་ནར་བཅོམ་ལྡན་འདས་མའི་ཞལ་དུ་འཇུག་ཅིང་རང་གི་ཞལ་ནས་ཕྱུང་བ་ཙམ་གི་ཁྱད་པར་གྱིས་སྟུག་ཅིང་རྩུབ་པའི་ཡི་གེ་ཅན་ནི་ཁྲོས་པའི་བཟླས་པའོ། །སྙིང་པོ་ལ་སོགས་པ་དྲག་ཏུ་བརྗོད་པ་ལས་ཁྲོ་བོའི་བཟླས་པའོ། །ཞེས་སོ། །


KMC015_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བཟླ་བའི་དུས་ནི། རྒྱལ་བའི་དུས་ཆེན་བཞི་དང་། ཉི་ཟླ་སྒྲ་གཅན་གྱིས་ཟིན་པ་ལ་སོགས་པ་འགྱུར་ཆེ་བའི་དུས་དང་། གཞན་ཡང་ཇི་ལྟར་འདོད་པ་བཞིན་ཏུ་བྱ་བ་ཡིན་ལ། འོན་ཀྱང་བཟླས་པ་ཕལ་ཆེར་ལ་ཐོག་མར་འཇུག་པའི་དུས་དགུན་ཟླ་འབྲིང་པོ་ཉིད་ཆེད་དུ་བསྔགས་ཤིང་། ཞག་གཅིག་ལའང་ཐུན་དྲུག་གམ། གསུམ་མམ། བཞིའམ། གཉིས་སུ་བཅད་ལ་བཟླ་བར་བྱའོ། །གསུམ་པ་བཟླས་པའི་སྐྱོན་བསལ་བ་ནི། བརྟག་གཉིས་ལས། མཉམ་བཞག་བསྒོམ་ཞིང་བཟླས་པར་བྱ། ཞེས་དང་། རྒྱུན་མི་འཆད་པར་གསང་སྔགས་བཟླ། ཞེས་གསུངས་པས། ཏིང་ངེ་འཛིན་དང་མ་བྲལ་བར་གནས་གཅིག་ཏུ་བར་མ་ཆད་པར་བཟླ་དགོས་ཀྱི། ལུས་ངག་བག་མེད་ཅིང་དམིགས་པ་མི་གསལ་བ་དང་། བརྩོན་འགྲུས་ལྷོད་པ་དང་། གནས་ཐ་དད་པ་གཞན་ནས་གཞན་ཏུ་སྤོ་ཞིང་བཟླ་བ་དང་། ལྷ་ཐ་དད་པ་གཞན་གྱི་བཟླས་པ་བྱེད་པ་དང། ཆོ་ག་ཐ་དད་གཞན་འདོན་པ་དང་། དུས་ཐ་དད་པ་གཞན་གྱིས་བར་ཆོད་པ་རྣམས་


KMC015_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྙེན་པ་མཚན་ཉིད་དང་ལྡན་པ་མ་ཡིན་ཞིང་། དེ་དག་ལས་གཞན་པའི་བསྙེན་པ་དུས་ཆེན་བཞི་དང་། གཟའ་འཛིན་ལ་སོགས་པའི་བསྙེན་པ་འགྱུར་བརྩིས་པ་དང་བཅས་པ་ཡང་བསྙེན་པའི་གྲངས་སུ་གཞུག་པ་ཁ་གཅིག་བཞེད། མདོར་ན་བཟླས་པའི་གྲངས་སུ་གཞུག་པ་ལ་ཐུན་ངོ་བོ་ལ་བཟླས་པའི་སྐྱོན་རྣམས་དང་བྲལ་ཞིང་སེམས་རྩེ་གཅིག་པར་བཟླས་པ་ཁོ་ན་དགོས་མོད། ཐུན་མཚམས་བཤང་གཅི་བྱ་བ་སོགས་ཀྱི་སྤྱོད་ལམ་ཐམས་ཅད་དུ་གང་ནུས་བཟླས་པ་ལའང་བར་ཆད་སྲུང་བ་དང་ལས་སྒྲིབ་སྦྱོང་བ་སོགས་ཀྱི་དགོས་པ་དུ་མ་ཡོད་པར་བདེ་མཆོག་གི་རྒྱུད་སོགས་ནས་གསུངས་པ་ལྟར་ཉམས་སུ་བླང་སྟེ། མི་བསྐྱོད་རྡོ་རྗེའི་དགྲ་ནག་གི་སྒྲུབ་ཐབས་ལས། ལངས་ནས་ཀྱང་གསང་སྔགས་སྐུ་ལ་དམིགས་ཤིང་གྲངས་ལ་ཕན་མི་འདོགས་པ་བཟླས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །ངག་གི་བཟླས་པ་ཐམས་ཅད་ལ་ངག་ཤིན་ཏུ་དག་པ་ཉིད་དང་། བཟླ་ཚུལ་ཤིན་ཏུ་དག་པ་དང་བཅས་པས་བཟླ་དགོས་ཏེ། ཡི་གེ་རིང་པོ་རྣམས་ཐུང་


KMC015_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཡིན་ཞིང། ཐུང་ངུ་རྣམས་རིང་པོ་དང་ཤིན་ཏུ་རིང་པོ་མ་ཡིན་པ་དང་ཤིན་ཏུ་རིང་པོ་རྣམས་ཐུང་ངུ་སོགས་མ་ཡིན་པ་ལ་སོགས་ལེགས་སྦྱར་བཀླག་ཐབས་ནས་འབྱུང་བ་ལྟ་བུས་བཟླ་བར་བྱ་ཞིང་། དེ་བཞིན་ཏུ་སྔགས་བཟླ་བ་ཧ་ཅང་བུལ་ཆེས་པ་དང་མགྱོགས་ཆེས་པ་ཡང་མ་ཡིན་ཐུང་ངུ་རྣམས་མིག་འཛུམ་གཅིག་ཡུན་ལ་སོགས་པའི་ཚད་ཉིད་དུ་བཟླ་བར་བྱ་ལ། ཁྱད་པར་དུ་སྔགས་ཀྱི་ཡི་གེ་ཉིད་མ་ཆད་ཅིང་མ་ལྷག་པ་དང་། ཚིག་ཟུར་དཔྱིས་ཕྱིན་པ་ཉིད་དུ་བརྗོད་པར་བྱ། མདོར་ན་བཟླས་པའི་སྐྱོན་ལྔ་སྤངས་ཏེ། མྱུར་དྲག་ན་ཟུར་ཆག །བུལ་དྲག་ན་གྲངས་མི་འགྲོ། སྒྲ་ཆེ་ན་བར་ཆད་བྱུང་ཆུང་ན་དངོས་གྲུབ་བུལ། ནོར་བ་དང་ཆད་ན་དངོས་གྲུབ་ལོག་སྟེ་གཤེད་དམར་གྱི་རྒྱུད་ལས། མྱུར་བ་མ་ཡིན་བུལ་བ་མིན། །ཅུང་ཟད་སྔགས་ནི་ཐོས་པར་རོ། །ཞེས་སོ། །མི་ཚིག་གིས་བར་མ་ཆོད་པ་དགོས་ཏེ། སངས་རྒྱས་ཐོད་པ་ལས། ཇི་ལྟར་ཕན་ཚུན་སྨྲ་བས་བཟླས་ན་དངོས་གྲུབ་གཞན་ཏུ་འགྱུར་རོ། །ཞེས་དང་། ལེགས་གྲུབ་ལས།


KMC015_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ཚེ་ཅི་ཡང་མི་བྱ་ཞིང་། །ཡན་ལག་འགྱུར་བར་མི་བྱའོ། ། ཞེས་སོ། །ཧཱུྃ་མཛད་ཀྱི་རྒྱུད་ལས་ཀྱང་། སྟན་གྱི་དྲོད་མ་ཡལ་བ་ཚིག་གིས་བར་མ་ཆོད་པ་དགོས་པར་བཤད། མདོར་ན་སྤང་བྱ་ནི། དཔུང་བཟངས་ལས། ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱེད། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ན། །གསང་སྔགས་དངོས་གྲུབ་རྒྱ་ཆེན་མི་སྟེར་རོ། །ཞེས་གསུངས་པས། ཉམས་པ་གསོ་བ་ལ་སོགས་ཆོ་ག་དང་གསང་སྔགས་ལྷག་ཆད་ཉམས་ཆག་ཐམས་ཅད་འགྱོད་ཅིང་ཕྱིས་སྡོམ་པ་དང་། ཁྱད་པར་རྡོ་རྗེ་སྙིང་རྒྱན་ལས། གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། ཞེས་པ་ལྟར་ཞི་བའི་སྦྱིན་སྲེག་བཟླས་པའི་བཅུ་ཆ་ལ་སོགས་པས་ཁ་སྐོང་ཞིང་དག་པར་བྱེད་དོ། །བཞི་པ་སྟོབས་བསྐྱེད་པ་ནི། ཐོ་རངས་ལྡང་བའི་སྐབས་རྡོ་རྗེའི་བཟླས་པས་རླུང་བྱིན་གྱིས་བརླབ། ངག་བྱིན་རླབས་མན་ངག་ལས་འབྱུང་བ་ལྟར་བྱས་པའམ། བསྡུ་ན། དེ་ཡང་ཐོ་རངས་ཐོག་མར་


KMC015_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་སད་མ་ཐག་གཞན་དང་ངག་མ་འདྲེས་པར་བྱས་ཏེ། བདག་གིས་དེ་རིང་བྱ་བ་ཅི་བྱེད་ཀྱང་སེམས་ཅན་རྣམས་ཀྱི་དོན་དུ་བྱེད་ཅིང་ཅི་སྨྲ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དོན་དུ་སྨྲ་སྙམ་པའི་བསམ་པ་རྣམ་རྗེ་ཆོས་ཀྱི་དབང་ཕྱུག་གསུང་། པར་དག་པ་ཡིད་ལ་བཞག་ནས་ངག་ཏུ་འདི་ལྟར་བཟླས་བརྗོད་བྱའོ། །རང་གི་ལྕེ་པདྨ་འདབ་མ་གཅིག་པའི་སྟེང་ཨཱཿཡིག་དབྱངས་གསལ་དང་བཅས་པས་ངག་གི་སྒྲིབ་པ་དག་པར་གྱུར། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ་རྀ་རཱྀ། ། ལྀ་ལཱྀ། ཨེ་ཨཻ་ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཌ་ཋ་ཌ་ཌྷྲ་ཎ། ཏ་ཐ་ད་ངྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ལན་གསུམ། བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག །ཚིག་གི་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་ཤོག །བདག་གིས་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག །ཅེས་བརྗོད། ཐུན་གྱི་ཐོག་མཐའ་ཀུན་ཏུ་དབྱངས་གསལ་གྱིས་བྱིན་གྱིས་


KMC015_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་ཅིང་། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། སྟོབས་ནུས་སྐྱེད་པའི་གཙོ་བོ་ལྷ་ལ་དབང་བསྐུར་བ་ཡིན་པས་ཡེ་ཤེས་པ་གཞུག་པ་དང་ལམ་དུས་ཀྱི་དབང་ལེན་པ་ནན་ཏན་བྱ་ཞིང་། དུས་ཀྱི་མཆོད་པས་ཀྱང་མཉེས་པར་བྱའོ། །བཞི་པ་ཇི་ཙམ་བཟླ་བའི་ཚད་ནི། སྤྱིར་སྔགས་ཡི་གེ་བཅོ་ལྔ་ལས་ཉུང་བ་ལ་ཡིག་འབྲུའི་གྲངས་དང་མཉམ་པའི་འབུམ་ཕྲག་དང་། ཡི་གེ་སོ་གཉིས་པ་ལ་འབུམ་ཕྲག་གསུམ། དེ་ལས་མང་བར་འབུམ་ཕྲག་གཅིག་བྱ་བར་ཕལ་ཆེར་གྱིས་བཞེད་ལ། འོན་ཀྱང་བརྟག་གཉིས་ལས། དཀྱིལ་འཁོར་གཙོ་བོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་བཟླས་པ་ཁྲི། །ཞེས་གསུངས་པ་སོགས་རྒྱུད་དང་རྒྱ་གཞུང་སོ་སོ་ནས་དངོས་སུ་བསྟན་པའི་བསྙེན་ཚད་ཇི་བཞིན་འགྲུབ་པས། དབང་བསྐུར་དང་རབ་གནས། ཞི་སོགས་ལས་རབ་འབྱམས། ཐུན་མོང་གི་དངོས་གྲུབ་རྣམས་འགྲུབ་ལ། བྱེ་བ་ཡན་ཐེམས་ན་མཆོག་གི་དངོས་གྲུབ་འགྲུབ་པ་ཡིན་ཏེ། སྡོམ་འབྱུང་ལས། བརྒྱ་དང་སྟོང་དང་འབུམ་གྱི་བར། །དེར་ནི་གྲངས་


KMC015_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཚོན་པར་བྱ། །གྲངས་མེད་སྔགས་ནི་བཟླས་པ་ཡིས། །བླ་ན་མེད་པའི་དགེ་བ་འབྱུང་། །ཞེས་དང་། དེའི་དཀའ་འགྲེལ་པདྨ་ཅན་ལས། གྲངས་མེད་ཅེས་པ་བྱེ་བ་ལ་སོགས་པའི་སྔགས་བཟླས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་རྗེས་སུ་མཐུན་པའི་དངོས་གྲུབ་རྣམས་སྐྱེ་བར་འགྱུར་རོ། །ཞེས་པའི་དོན་ཏོ། །དེའི་ཕྱིར་སྔ་མས་ཐུན་མོང་གི་དངོས་གྲུབ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །ཡང་བྱེ་བ་དང་འབུམ་སོགས་དབང་པོ་དམན་མཆོག་གི་བསྙེན་ཚད་དུ་གསུངས་པ་ཡང་ཡོད་དེ། ས་ར་ཧའི་ཐོད་པའི་དཀའ་འགྲེལ་ལས། ད་ནི་རྣལ་འབྱོར་ཐ་མ་དང། འབྲིང་དང་། མཆོག་རྣམས་ཀྱི་བཟླས་པ་བསྟན་པར་བྱ་སྟེ། རྒྱུད་ལ་ལར་ཞེས་པ་ནི་རྒྱུད་ཁ་ཅིག་ཏུའོ། །ཅི་ནས་ཞེས་པ་རྣམ་པ་ཀུན་ནས་སོ། །སྔགས་བྱེ་བ་བཟླ་ཞེས་པ་ནི་རྣལ་འབྱོར། ཐ་མས་ནི་སྔགས་བྱེ་བ་བཟླ་བར་གསུངས་ཞེས་པའི་ཐ་ཚིག་གོ། །བསོད་ནམས་འབྲིང་པོ་རྣམས་ཀྱིས་སྔགས་འབུམ་བཟླ་ཞེས་པ་ནི་བསོད་ནམས་འབྲིང་པོའི་རྣལ་འབྱོར་པ་


KMC015_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བར་མས་འབུམ་བཟླ་བར་གསུངས་ཏེ། མྱུར་བར་ཞེས་པ་ནི་མགྱོགས་པར་ཞེས་པའི་དོན་ཏོ། །གང་གསུངས་ཞེས་པ་ནི་གང་བཤད་པའོ། །བསོད་ནམས་ཆེ་བས་ཞེས་པ་ནི་བསོད་ནམས་ཆེ་བའི་རྣལ་འབྱོར་པ་མཆོག་གིས་ནི་ཁྲི་བཟླ་བར་བཤད་དོ། །ཞེས་གསུངས་པ་ལྟར་རོ། །ཡང་། སྡོམ་འབྱུང་ལས། རྫོགས་ལྡན་དུས་སུ་གཅིག་བཟླས་པ། །གསུམ་ལྡན་དུས་སུ་ཉིས་འགྱུར་བཟླ། །གཉིས་ལྡན་དུས་སུ་སུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླ། །ཞེས་གསུངས་པས་གཞུང་ནས་བཤད་པ་ནི་རྫོགས་ལྡན་ལ་དགོངས་པ་ཡིན་པས། དེང་སང་རྩོད་དུས་སུ་བཞི་འགྱུར་བཟླ་དགོས་ཞེས་བོད་ཕལ་ཆེར་བཞེད་ལ། བོ་དོང་འཇིགས་བྲལ་ཆེན་པོ་དང་རྗེ་ཕྲིན་ལས་ཞབས་སོགས་ཀྱིས། ལུང་དེའི་དོན། རྫོགས་ལྡན་ལ་གཅིག་བཟླས་པ་དེ་གསུམ་ལྡན་སོགས་ལ་བཟླས་ན་ཉིས་འགྱུར་སོགས་ཕན་ཡོན་འབྱུང་བར་སྟོན་པ་ཡིན་ནོ། །དེ་ལྟ་མིན་ན་སྤྱིར་དགེ་བ་ཐམས་ཅད་སྙིགས་དུས་སུ་འགྱུར་ཆེ་བ་དང་། བྱེ་བྲག་ཏུ། འཇམ་དཔལ་རྩ་རྒྱུད་


KMC015_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ད་ནི་དུས་མཐའི་དུས་དེའི་ཚེ། །ཛམྦུའི་གླིང་པའི་མི་རྣམས་ལ། །ལྷག་པར་བྱིན་གྱིས་རློབ་ཅིང་ལྟ། །ང་ཡི་དམ་ཚིག་ལྡན་པ་ལ། །དུས་དེར་ད་ནི་ཆེར་བརྩེ་བས། །དམ་ཚིག་དབང་གི་ངས་བྱིན་རློབས། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། ཧེ་རུ་ཀ་དཔལ་བཟུང་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་སོགས་འབྱུང་བ་ལྟར་གསང་སྔགས་དང་ཁྱད་པར་བླ་མེད་དུས་བཞིའི་ནང་ནས་རྩོད་དུས་སུ་འགྲུབ་པ་ཤས་ཆེ་བར་རྒྱུད་རྣམས་ལས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཞེས་བཞེད་དོ། །བཟླས་པའི་ཚད་དཀྱིལ་འཁོར་ཇི་ཙམ་ལ་བསྙེན་པ་བྱེད་པ་ཐམས་ཅད་དེ་ཙམ་དགོས་སམ་ཞེ་ན། དཀྱིལ་ཆོག་རྡོར་ཕྲེང་དུ་རྒྱུད་ཀྱི་ལུང་དྲངས་པར། འཁོར་ལོའི་གཙོ་བོ་འབུམ་བཟླས་ཤིང་། །ཡང་ན་རང་གི་ལྷག་ལྷའི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་ཏུ་བསྙེན་པར་བརྗོད། །ཅེས་གསུངས་པ་ལྷག་པའི་ལྷ་དགྱེས་གསང་ངམ་བདེ་མཆོག་ལྟ་བུ་ལ་བསྙེན་པ་འབུམ་སོང་ནས། གསང་


KMC015_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་སོགས་ཀྱི་དཀྱིལ་འཁོར་གཞན་རྣམས་ཁྲིས་ཆོག་པར་བཞེད་ལ། དེའང་གཙོ་འབུམ་འཁོར་ཁྲི་ཞེས་པ་ནི་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་སྤྱི་འགྲོ་ཡིན་ལ། རྒྱུད་སྡེ་སོ་སོའི་ཐུན་མོང་མ་ཡིན་པ་ནི་མང་དུ་ཡོད་དོ། །མཆོག་སྒྲུབ་པ་ལ་ཚད་མེད་ཅེས་བཤད་པའང་། དེ་ནི་ལྷ་སྐུའི་རྣལ་འབྱོར་ཤིན་ཏུ་གོམས་པས་བསྒྲུབ་བྱ་ཡིན་པའི་ཕྱིར་བཟླས་པ་ཁྲི་ལ་སོགས་པ་ཉུང་དུས་འགྲུབ་པ་དང་། ཏིང་ངེ་འཛིན་ལ་གསལ་སྣང་མ་སྐྱེས་ན་ངག་བཟླས་ཁོ་ནས་དངོས་སྒྲུབ་འགྲུབ་དཀའ་བས་ཚད་མེད་ཅེས་པར་གོ་བར་བྱ་ཡི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་བཟླ་ཞེས་སོགས་རིགས་གྲས་བླུན་པོ་མགུ་བྱེད་དུ་ཟད་དོ་ཞེས་རྗེ་བཙུན་ཆེན་པོ་གསུངས། ཡང་། དུག་གསུམ་སོགས་རྣམ་རྟོག་གི་གཞན་དབང་དུ་གྱུར་པ་དང་། བླུན་པོ་དང་ལྐུགས་པའི་རིགས་ཅན་གྱི་བཟླས་པ་ལའང་གྲངས་ཀྱི་ཚད་བཞག་ཏུ་མེད་པར་གསུངས་སོ། །ལྔ་པ་བཟླས་པའི་དགོས་པ་ནི། ཚུལ་བཞིན་བཟླས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་བས་བྱིན་གྱིས་རློབ་ཅིང་


KMC015_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་པྱིར། ། སྔགས་ན་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་པས་སེམས་ཀྱི་རྣམ་གཡེངས་སྤངས་ནས་རྩེ་གཅིག་པས་བཟླས་ན། རྒྱལ་བ་སྲས་བཅས་བྱོན་ནས་རྒྱུད་བྱིན་གྱིས་བརླབ་པ་ལ་ཐེ་ཚོམ་མེད་ཅིང་། གོང་དུའང་ཞར་བྱུང་མང་དུ་སོང་བ་ལས་ཤེས་པར་བྱའོ།། ༈ །། གཉིས་པ་བསྙེན་པའི་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ་གཉིས། བསྙེན་སྒྲུབ་སྤྱི་ལ་དགོས་པའི་བྱ་བ། རྒྱུད་སྡེ་སོ་སོའི་བསྙེན་ཐབས་བཤད་པའོ། །དང་པོ་ལ་གསུམ། ཐུན་གཅོད་ཚུལ། ཐུན་གྱི་བྱ་བ། ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ནི་ཐོ་རངས་ནས་ཉིན་གུང་དང་། ཉིན་གུང་ནས་སྲོད་ཀྱི་བར་ཏེ་ཐུན་གཉིས་སུ་བྱེད་པ་ནི་


KMC015_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བ་ཆུང་ཞིང་སྔགས་བཟླས་འགྲོ་ཆེ་བས་ཤིན་ཏུ་ལེགས་ཞེས་ཇོ་ནང་པས་གསུངས་ཤིང་འཕགས་བལ་ཕལ་ཆེར་ཡང་ཕྱག་བཞེས་མཛད་ཀྱི་ཡོད་པ་སྣང་རུང་། དེང་སང་བྱེད་མཁན་ཉུང་། སྔ་ཐུན། ཕྱི་ཐུན། དགོངས་ཐུན་ཏེ་ཐུན་གསུམ་བྱེད་པ་ནི་ལས་དང་པོ་པ་ལ་སྟབས་བདེ་ཞིང་ཕལ་ཆེར་གྱིས་བྱེད། ད་ལྟའི་རྒྱུན་གྱི་ཕྱག་བཞེས་ནི་ཐུན་བཞི་སྟེ། དེའང་ཀྱེ་རྡོར་དང་མངོན་བརྗོད་བླ་མ་སོགས་ལས་ཐུན་བཞིར་བཅད་པར་བྱ་བར་གསུངས་པ་བཞིན། ཀླུ་སྒྲུབ་ཞབས་ཀྱི་མདོ་བསྲེ་དང་། ཟླ་བའི་སྒྲོན་གསལ་སོགས་མཁས་གྲུབ་མང་པོའི་རྒྱ་གཞུང་ལས་ནན་ཏན་གསུངས་ཤིང་། ཐུན་བཞིའང། ཛཱ་ལནྡྷ་རི་པས། ཐུན་བཞིར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་རིམ་པ་ནི་ཐོ་རངས་དང་ཉི་མ་གུང་དང་ཕྱི་དྲོ་དང་མཚན་མོ་སྟེ་སྒོམ་པའི་རིམ་པའོ། །ཞེས་གསུངས་པའི་དོན་ད་ལྟ་ཕྱག་ལེན་ཏུ་མཛད་པ། ཐོ་རངས་ནས་ནམ་ལངས་བར། དེ་ནས་ཉིན་གུང་། དེ་ནས་ཉི་ཐལ། དེ་ནས་སྲོད་འཁོར་བར་ཐུན་ལ་འཇུག་ཅིང་། དེའང་མཆོག་སྒྲུབ་ལ་


KMC015_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ལ་བདུད་བཏུལ་བའི་དུས་ཡིན་པས་སྔོན་འགྲོ་སྲུང་འཁོར་སོགས་ནས་དབུ་འཛུག་པ་དང་། ཐོ་རངས་སངས་རྒྱས་པའི་དུས་ཡིན་པས་བསྐྱེད་བཟླས། དངོས་གཞིའི་དབུ་འཛུག་སྟེ། རྡོ་རྗེ་གུར་ལས། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་པའི་རྒྱུད་ཚིག་དངོས་མངོན་བྱང་འཆར་བའི་ཚུལ་ཡིན་མོད་ཀྱང་འདིར་ཡང་འབྲེལ་ལོ། །ལས་སོ་སོ་ལ་ཐོ་རངས་ཞི་བ། ཉིན་གུང་རྒྱས་པ། དགོངས་མོ་དབང་། སྲོད་འཁོར་དྲག་པོའི་དབུ་བརྩམ། ཐུན་ཚད་བསྙེན་གྲངས་དང་ཉི་འགྲོས་སོགས་ལ་གཞལ་ནས་ཆ་མཉམ། སྤྱིར་མཚམས་ནས་འདྲ་མ་ཞེས། ཐོག་མར་ཀློད་ཅིང་ཐུན་ཐུང་། བར་དུ་དམ་ཞིང་ཐུན་རིང་། ཐ་མར་ཇེ་གློད་ཐུན་ཐུང་བར་བྱ་བར་གསུངས་ཤིང་། བྱེ་བྲག་དམིགས་བཟླས་ལམ་དུ་འགྲོ་མིན་དང་། རང་རང་གི་ཁམས་དང་བསྟུན་ནས་ཧ་ཅང་རིང་མ་དྲག །ཐུང་མ་དྲག་པར་གནད་དུ་འགྲོ་བར་བྱ། ཐོག་མར་ཐུན་གྲངས་གང་


KMC015_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དེ་བསྙེན་པ་མཐར་མ་ཕྱིན་བར་མ་ཆག་པ་བྱ་དགོས་སོ། །གཉིས་པ་ནི། གཙོ་བོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་དགོས། དེའི་ཆེད་དུ་ལྷག་པའི་ལྷ་འདི་བསྒྲུབས། དེའང་མྱུར་དུ་འགྲུབ་པ་ཞིག་བྱ་སྙམ་པའི་བསམ་པ་བརྟན་པོས་རྟག་ཏུ་ཟིན་ན་དགེ་སྦྱོར་ལམ་དུ་འགྲོ་ཞིང་ཡི་དམ་གྱི་བྱིན་རླབས་མྱུར་དུ་རྒྱུད་ལ་འཇུག །རང་གི་སེམས་ཉོན་མོངས་པ་དང་རྣམ་རྟོག་གཞན་གྱི་དབང་དུ་འདུག་ན། འཆི་བ་མི་རྟག་པ་ལ་སོགས་བློ་ལེགས་པར་བཅོས་ནས་དགེ་བ་བསྐུལ་དགོས་ཀྱི། དེ་ལྟར་མ་བྱས་ན་ཉམས་ལེན་ཉོན་མོངས་ཀྱི་དབང་དུ་འགྲོ་བས། དགེ་བ་མི་འགྲུབ་པས་བླ་མ་དང་དཀོན་མཆོག་ལ་དད་པའི་ཀུན་སློང་བརྟན་པོས་སེམས་དགེ་བ་ལ་བསྐུལ་ནས་དྲན་ཤེས་ཀྱིས་ཡང་ཡང་དུ་སེམས་ཉོན་མོངས་པ་དང་མ་འདྲེས་པ་ཅི་ཐུབ་བྱེད་པ་གལ་ཆེ། མཆོག་སྒྲུབ་ལ་ཁ་ལྟ་ཕྱོགས་ཧ་ཅང་ཁྱད་པར་མེད་ཀྱང་རྣམ་པར་རྟོག་པ་ནུབ་པའི་


KMC015_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར་ཁ་ནུབ་ཏུ་ཕྱོགས་པའམ། རིགས་དང་རྗེས་སུ་མཐུན་པར་བྱ། གཞན་ཡང་གསང་འདུས་ལ་སྨན་ཞབས་སོགས་ཀྱིས་ཤར་དུ་ལྟ་བར་གསུངས་པས་ཕ་རྒྱུད་མཚོན་ཅིང། བདེ་མཆོག་ལ་ལྭ་བ་པ་སོགས་ཀྱིས་ལྷོ་དང་། ཕག་མོ་ལ་ནུབ་ཏུ་ལྟ་བར་བཤད་པས་མ་རྒྱུད་མཚོན། གཤེད་སྐོར་ལྷོར་ལྟ་བ་བཞེད་དོ། །ལས་བཞི་སོ་སོར་བསྒྲུབ་སྐབས་ཞི་བར་ཤར། རྒྱས་པར་བྱང་། དབང་ལ་ནུབ། དྲག་པོར་ལྷོར་ལྟ་བར་བཤད། གཙོ་བོར་ལྷའི་གསལ་སྣང་དང་ང་རྒྱལ་རྩེ་གཅིག་པའི་ངང་ཛབ་བཟླས་ཁོ་ན་ལ་བསྒྲིལ་ཞིང་། ཤེས་པ་བྱིང་ནས་གཉིད་བྲོ་བ་སོགས་བྱུང་ན་ལྟ་སྟངས་བསྟོད། རིག་པ་ངར་བསྐྱེད་དེ་སྔགས་སྒྲ་དང་བཅས་པར་བཟླ། ཤེས་པ་ཡེར་ཞིང་རྒོད་ནས་སེམས་རྣལ་དུ་མི་ཕེབ་ན། མིག་གི་ལྟ་སྟངས་སྨད་ཅིང་ཏིང་འཛིན་སེམས་དཔའ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་ཤུབ་བུར་བཟླ་བའམ་ཡིད་ཀྱིས་བཟླ། གསལ་སྣང་ལ་བློ་མི་འགྲོ་ན། དད་མོས། སྙིང་རྗེ། མི་རྟོག་པ་སོགས་བསྒོམ་ལ་འདོར་ན་མ་ཡེངས་པར་


KMC015_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དགོས་ཀྱི་བྱིང་རྨུགས་རྣམ་གཡེང་གི་དབང་དུ་བཏང་ན་ནུས་པ་འདྲེས་འཕྲོག་པར་བཤད། ཐུན་ལ་ཞུགས་ནས་རྗེས་བསྡུ་བའི་བར་ཉལ་བ་དང་། ལྡང་བ་དང་། བཞད་གད་དང་། རྩ་ཆུ་འཆག་པ་དང་། ཟས་ཟ་བ་དང་། མི་དང་ཚིག་བསྲེ་བ་དང་། སྔགས་ཀྱི་སྒྲ་རྒྱུན་བཅད་པ་དང་། ལྷ་དང་སྔགས་འཁོར་གྱི་དམིགས་པ་མི་བྱེད་པ་དང་། འོད་ཟེར་གྱི་སྤྲོ་བསྡུ་མི་བྱེད་པ་རྣམས་ཅིས་ཀྱང་སྤང་། བླ་མེད་ཀྱི་སྐབས་འདིར་སེམས་མ་ཡེངས་ན་བཏུང་བ་སོགས་ཕྲན་བུའི་རིགས་རུང་བར་བརྩི་སྲོལ་ཡང་སྣང་། དེ་ལྟར་ཡང་རྗེ་བཙུན་ནཱ་རོ་པས། གང་ཞིག་རྣལ་འབྱོར་པ་རྣམས་ཀྱིས། །སྔགས་ཀྱི་ནུས་པ་སྐྱེ་འདོད་པས། །སྔགས་ཀྱི་སྤྱོད་ལམ་ཤེས་བྱས་ཏེ། །རྣལ་འབྱོར་སྔགས་པས་སྔགས་བགྲང་ཚེ། །དམ་ཚིག་ཉམས་པའི་མི་དག་དང་། །ནམ་ཡང་ཁ་འཕྲོ་མི་བསྲེ་ཞིང་། །སྡིག་པ་ཅན་གྱི་གོས་མི་གོན། །ཁམས་མི་བདེ་བའི་སྐབས་སུ་ན། །ངལ་བསོ་ཁམས་བསང་ཆོས་ཉིད་བསྒོམ། །དད་པ་མེད་དང་ལེ་ལོ་སྤང་། །མ་མོས་ཉལ་སྔགས་བཟླ་བ་


KMC015_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་། །བཟའ་བ་བཟའ་ཞིང་སྔགས་ཟློས་སྤང་། །ཁ་མ་བཤལ་བ་སྔགས་ཟློས་སྤང་། །བསམ་པ་མེད་པ་སྔགས་ཟློས་སྤང་། །ལྷ་མ་གསལ་བར་སྔགས་ཟློས་སྤང་། གཉིད་ཀྱི་དབང་དུ་གྱུར་པ་སྤང་། །གསལ་ཞིང་སྔགས་སྒྲ་ཆེ་བ་སྤང་། །ཞི་བའི་དུས་སུ་དྲག་པོ་སྤང་། །དྲག་པོའི་དུས་སུ་ཞི་བ་སྤང་། །དབང་གི་དུས་སུ་ཞི་བ་སྤང་། །སྔགས་བཟླས་གཞན་ཏུ་སྤེལ་བ་སྤང་། །བསྒྲུབ་སྔགས་འཇམ་ཞིང་བཟླས་པ་སྤང་། །རླུང་ཁ་ཆེན་པོ་ཆུ་ཆེན་འགྲམ། །དྲག་སྔགས་ཟབ་མོ་མི་བཟླའོ། །སྔགས་ཀྱི་ཡིག་འབྲུ་འཁྱར་བ་སྤང་། །དགྲ་གདོན་ནད་ལ་སོགས་པ་ལ། །ནུས་པ་ཡོངས་རྫོགས་དམིགས་པ་སྤང་། །སྣོད་མིན་དག་ལ་སྤེལ་མི་བྱ། །གསང་སྔགས་གྲོང་ཡུལ་དག་ཏུ་སྤང་། །ཀྲི་ཡ་ལ་སོགས་སྔགས་རྣམས་ལ། །འབྲུ་དམན་པ་ཡི་སྔགས་ལ་སོགས། །ཕ་མ་གཉིས་མེད་མ་གཏོགས་རྒྱུད། །གཞན་ལ་ཤ་ཆང་བུད་མེད་དང་། །སྒོག་པ་སོགས་སྤང་གཙང་སྦྲ་བྱ། །འཕྲལ་གྱི་ནུས་པ་འདོད་པ་ལ། །སྨྲ་བཅད་གྲངས་དང་བཅས་པ་


KMC015_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། །བླ་མེད་དངོས་གྲུབ་འདོད་པ་ལ། །གཞུང་བཞིན་རྟགས་རྫོགས་བར་དུ་འདོན། །ཕྱག་རྒྱ་ཆེན་པོ་འདོད་པ་ལ། །དེ་ཉིད་གསུམ་གསལ་ཡུན་ཏུ་འདོན། །ནུས་པ་མྱུར་དུ་སྐྱེ་འདོད་ན། །སྨྲ་བ་བཅད་བཟླས་དངོས་གྲུབ་འཕེལ། །ལོ་གཅིག་རང་གར་བཟླས་པ་བས། །ཟླ་གཅིག་སྨྲ་བཅད་ནུས་པ་ཆེ། །ཡུལ་དུ་ལོ་གཅིག་བསྒྲུབ་པ་བས། །དབེན་ས་ཞག་གཅིག་བརྟེན་པ་ལེགས། །སྒྲུབ་བོ་སྔགས་ཀྱི་རྣལ་འབྱོར་པས། །གདམས་ངག་ཉེར་གཅིག་འདི་ལྡན་ན། །ཚེ་དང་མཆོག་དང་ཐུན་མོང་འགྲུབ། །ཞེས་དང་། ཕ་དམ་པའི་གསུང་གིས། ཡལ་པའི་གནས་ལྔ་ངོ་མ་ཤེས་ན་བསྙེན་སྒྲུབ་དོན་མེད་དུ་འགྲོ། གནད་ལྔ་ནི། ལྷ་བསྒོམ་འཕྲོར་བཞག་པས་ལུས་ཀྱི་ལྷ་ཡལ། སྔགས་བཟླ་བ་མདོ་འཛིན་རྩར་མ་སླེབ་བར་གཏམ་བྱས་པས་སྔགས་ཀྱི་ནུས་པ་ཡལ། བཟླས་པ་བྱེད་དུས་སྤྲོ་བསྡུའི་དམིགས་པ་མ་བྱས་པས་ཏིང་ངེ་འཛིན་ཡལ། མཚམས་མ་གྲོལ་བར་ངོ་གྲང་དང་འཕྲད་པས་ལྷའི་མཚན་ལྟས་ཡལ། རྟེན་གཏོར་དང་དམ་རྫས་སོགས་མིས་མཐོང་བས་


KMC015_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཡལ་ལོ། །གཞན་ཡང་བསྙེན་བསྒྲུབ་ཀྱི་སྐབས་རང་གི་གོས་དྲོན་མོ་མི་ལ་མི་སྟེར། ཡི་དམ་བསྒོམ་ཞིང་ཏིང་ངེ་འཛིན་གྱི་སྐབས་རྒོད་པ་སོགས་ཡེངས་ཐབས་སྤང་། སྔགས་བཟླ་དུས་མེ་ལ་ཕུ་མི་བཏབ། སྔགས་ཚད་དུ་མ་འཁྱོལ་བར་ནད་པ་དང་སེར་བ་མི་སྔགས། ཉམས་པ་དང་ལྟོ་གོས་མི་བསྲེ། ཕྲེང་བ་བྱིན་རླབས་ཚར་ནས་མི་ལག་མི་བརྒྱུད། དམེ་ཅན་ལ་འཛེམ། ཡུག་ས་མོའི་ལྟོ་གོས་སྤང་། མཛེ་ཕོའི་ནོར་ལ་འཛེམ། དཀོན་མཆོག་གི་དཀོར་ལ་མི་འབག །ཞེས་གསུངས་པ་རྣམས་ཞིབ་མོར་ངེས་པར་བྱའོ། །གཞན་ཡང་བསྙེན་སྒྲུབ་ཀྱི་སྒང་ལ། ལུས་ཀྱི་བཅུད་ཐིག་ལེ་ཉམས་སུ་མི་རུང་། ཉམས་ན་བསྲུང་བ་བྱ་ཞིང་བདུད་རྩི་རིལ་བུ་དང་བཅུད་ལེན་བསྟེན། ངག་གི་བཅུད་མཆིལ་མ་ཕྱིར་མི་བོར། བོར་ན་ཨ་ཉེར་གཅིག་གིས་བསྲུང་། ཡིད་ཀྱི་བཅུད་རྣམ་རྟོག་མང་དུ་མི་རུང་། འཕྲོ་ན་སྐྱེ་མེད་ཀྱི་དོན་དྲན་པར་བྱ་གསུངས། མདོར་བསྡུས་པའི་གནད་ནི། ལུས་དྲང་པོ། ངག་སྨྲ་བཅད། སེམས་མ་ཡེངས་པའི་དྲན་ཤེས་


KMC015_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་དགོས་ཀྱི། གཞན་ཏུ་ནེ་ཙོའི་སྨྲ་བ་ལྟར་འགྱུར་རོ། །ཏིང་ངེ་འཛིན་གསལ་བ། སྔགས་དག་པ། སེམས་དད་སྤྲོའི་ཐེ་ཚོམ་དང་བྲལ་བ་ནི་མྱུར་དུ་འགྲུབ་པའི་རྒྱུ་ཡིན། རྩ་ཁམས་དྭངས་པའི་སྟོབས་ཀྱིས་མགུར་དང་ཚིགས་བཅད་རྩོམ་འདོད་པ་དང་། ལྕེ་བདེ་ཞིང་སྔགས་གྲངས་འགྲོ་ཆེ་བ་དང་ཉམས་རྨིས་བཟང་བ་སོགས་ལ་དགའ་སྤྲོ་དང་ཧ་ཅང་བརྩོན་ཐལ་བྱས་ན་བར་ཆད་ཀྱི་རྒྱུ་ཡིན་པས་དགག་སྒྲུབ་མེད་པར་བཏང་སྙོམས་སུ་བཞག་ཅིང་། བཟླས་གྲངས་ཆ་སྙམས། དུབ་ནས་གཉིད་འཐིབ་པའམ་མི་ནུས་སྙམ་པ་བྱུང་ན་རིག་པའི་ངར་བསྐྱེད། ཐུན་མཚམས་སུ་གྲུབ་ཐོབ་གོང་མ་རྣམས་ཀྱིས་དཀའ་སྤྱད་མཛད་ཚུལ་དང་། འཆི་བ་མི་རྟག་པ་སྟོན་པའི་ཡིག་ཆ་ལ་ཅུང་ཟད་ལྟ། ཉམས་རྨིས་རྩུབ་ན་བོགས་འབྱུང་བས་སྐྲག་མི་དགོས། སྐབས་རེར་མ་བདེ་བ་ཆེན་པོ་བྱུང་ན་ཁམས་འདུས་ཡིན་པས་ཁོང་ཀློད་ཅིང་ཚག་པོའི་རུས་པའམ། ཇ་སྐམ་མམ། བུ་རམ་ལྟ་བུ་མུར་བས་ཕན་ལ། ཐུན་རེ་བཞིན་སྔགས་འདི་ཙམ་མ་སོང་ན་མི་རུང་སྙམས་པ་


KMC015_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཧ་ཅང་དཀྲིག་ཆ་ཆེ་ཞིང་འཇུར་དྲག་ན་བར་ཆད་དུ་འགྲོ་བས། སྔགས་གྲངས་འགྲོ་མང་ཉུང་ཙམ་ལ་རྩིས་གདབ་མི་བྱ་བར་ཕྱི་གློད་ལ་ནང་གྲིམས་པར་བྱ། ད་རེས་བཟླས་པ་འདི་མ་གྲོལ་བར་རྐྱེན་གང་གི་ཡང་དབང་དུ་མི་བཏང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་མི་ལུས་ཐོབ་པ་ཕལ་ཆེར་དོན་མེད་དུ་སོང་བ་ལས། ད་ལྟ་ཡི་དམ་གྱི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པས་བསྐལ་བ་བཟང་། འབད་རྩོལ་དྲག་པོ་ཞིག་བྱ་སྙམ་པའི་འདུན་པ་ཤུགས་དྲག་པོ་ཞིག་ཡོད་ན་བྱིན་རླབས་མྱུར་དུ་འཇུག་པ་ཡིན་ནོ། །ཐོག་མར་གཙོ་བོའི་བསྙེན་པ་མ་སོང་བར་འཁོར་སྔགས་ཚར་རེ་ཙམ་མ་གཏོགས་གཙོ་བོ་ཉིད་ལ་དྲིལ། གཙོ་སྔགས་ཀྱང་གང་བཟླ་རྒྱུའི་སྐབས་དོན་དེ་ཉིད་ལ་བསྙེན་པ་མ་སོང་བར་དེ་རང་ལ་དྲིལ་ཞིང་གཞན་རྣམས་མ་ཆད་ཙམ་གྱིས་ཆོག །དེ་བཞིན་ཏུ་འཁོར་གྱི་སྐབས་ཀྱང་གང་ལ་བསྙེན་པ་བྱ་བ་དེ་ཉིད་ཀྱི་སྔགས་མ་སོང་བར་དུ་བཞན་རྣམས་བཟླ་བའི་སྤྲོས་པ་དོར་ཏེ། དེ་དང་དེ་དག་ཆིག་དྲིལ་དུ་བྱེད་པ་


KMC015_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལེགས་པར་སྣང་ངོ། །ཐུན་གྲོལ་བ་ན། ཕ་རྒྱུད་མ་རྒྱུད་སོ་སོ་དང་མཐུན་པའི་ཡི་གེ་བརྒྱ་པ་དང་དབྱངས་གསལ་གསུམ་མམ་བདུན་སོགས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བརྟན་པར་བྱ། འདོད་པའི་དོན་ལ་གསོལ་བ་དྲག་ཏུ་གདབ། དེ་ནས། རྩ་བརྒྱུད་བླ་མ་ལྷག་པའི་ལྷ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་ད་ལྟའི་དུས་འདི་ལ་བཅོམ་ལྡན་འདས་གང་ཡིན་པའི་མཚན་ནས་སྨོས་པ་དང་། དེའི་རྩ་སྔགས་སྙིང་པོ་སོགས་གང་བཟླས་པ་དེ་ལ་གྲངས་མ་ནོར་བར་བྱས་ནས་བརྒྱ་སྟོང་སོགས་འདི་ཚར་བ་དེ་སྐུ་གསུང་ཐུགས་ལ་དབུལ་བར་བགྱིའོ། །བདག་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གྲངས་ཡི་དམ་ལ་གཏད་པ་གདམས་པའི་མཆོག་ཡིན་པར་བཤད། དེ་ནས་རྟེན་འབྲེལ་སྙིང་པོའི་རབ་གནས་བྱས་པས་བྱིན་རླབས་མི་ཉམས་ཤིང་ནུས་པ་ཆེ་རུ་འགྲོ་བར་བཤད་པས། ཡེ་དྷ་རྨཱ་བདུན་ལ་སོགས་པ་ཅི་


KMC015_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སུ་བགྲང་ངོ། །གསུམ་པ་ཐུན་བཚམས་ཀྱི་བྱ་བ་ནི། ཐུན་བཞི་ཀའི་མཇུག་ཏུ་གཏོར་འབུལ་གྲུབ་ན་རབ། མ་གྲུབ་ཀྱང་སྲོད་ཐུན་གྱི་མཇུག་ཏུ་གཏོར་མ་རྒྱས་པ་གཏང་དགོས་ཤིང་། གཤེགས་སུ་གསོལ་བ་ལ་སོགས་པ་རང་རང་གི་སྒྲུབ་ཐབས་ནས་འབྱུང་བ་བཞིན་བྱ། རྗེས་བསྔོ་བ་སྨོན་ལམ་རྣམ་པར་དག་པ་བཏབ། ཁ་ཟས་ཀྱི་རྣལ་འབྱོར་སྒྲུབ་ཐབས་སོ་སོ་ལས་གཤད་པ་ལྟར་བྱ། དམིགས་བསལ་མེད་ན། གཏོར་མ་ལྟར་བྱིན་གྱིས་བརླབས་ལ་ཕུད་གཏོར་མའི་ཚུལ་དུ་ཡི་དམ་ལ་འབུལ་བ་དང་རང་ལྷར་གསལ་བའི་ངང་ནས་སྙིང་གར་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པའམ་ཡང་ན་ལྷ་ཐམས་ཅད་འདུས་པའི་ངོ་བོ་ས་བོན་ཧཱུྃ་ཡིག་ལྟ་བུ་བསྒོམས་ཀྱང་རུང་སྟེ་ལྟེ་བའི་གཏུམ་མོ་ལས་ཡེ་ཤེས་ཀྱི་མེ་འབར་བའི་མེ་དབུས་སུ་བཞུགས་པའི་མོས་པ་ལ་བཟའ་བཏུང་བདུད་རྩིའི་ངང་བཞིན་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཕུལ་བས་མེ་ལྕེའི་འོད་ཀྱིས་བཞུ་བའི་དྭངས་མ་སྙིང་གར་ལྷ་ཚོགས་བསྐྱེད་ཡོད་ན་དེ་དག་གི་ཞལ་དུ་སིབ་སིབ་


KMC015_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བའམ་ས་བོན་རྐྱང་པ་ཡིན་ཚེ་དེ་ལ་སིབ་སིབ་ཐིམ་པས་ལྷ་ཐམས་ཅད་དགྱེས་ཤིང་ཚིམ་པར་བསམས་ལ་འབྲུ་གསུམ་བཟླ་ཞིང་ལོངས་སྤྱོད་ལ་མཐར་དགེ་བ་བསྔོ། ཟས་ཀྱང་འགྲངས་དྲག་ན་བྱིང་རྨུགས་དང་ཉོན་མོངས་ཀྱི་དབང་དུ་འཆོར་ཞིང་། ལྟོགས་དྲག་ན་ནད་སྐྱེད་པ་སོགས་ཉེས་པ་འབྱུང་བས་ཟས་ཀྱི་ཚོད་རིགས་པས་ཉིན་གཅིག་ལྟར་ཁྲིགས་སུ་བྱ། རྟག་ཏུ་དགོས་མེད་ཀྱི་གཏམ་མང་པོ་བཤད་ཉན་མི་བྱེད། ལྷ་སྐུར་ལམ་གྱིས་གསལ་ཞིང་སྔགས་ཡང་ཡང་བཟླ། ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་། ཆུ་སྦྱིན། སཱཙྪ། མདོ་བཀླག་པ་སོགས་ཀྱང་ནུས་ན་བྱ། མི་ནུས་ན་མ་ཡེངས་ངང་ངལ་གསོ། ཕྱིའི་རྫས་ནང་དུ་ལེན་པ་དང་། ནང་གི་ཡོ་བྱད་ཕྱིར་གཏོང་བ་སོགས་ཀྱང་དངོས་གྲུབ་ཡལ་བའི་རྒྱུར་འགྲོ་ཞིང་། མཚམས་ཁོང་དུ་མ་བཅུག་པའི་མི་དང་ཡོ་བྱད་ནང་དུ་མི་འཇུག་ལ། དམིགས་རྡེལ་སོགས་ཀྱིས་བཅུག་པ་ཡིན་ཀྱང་སང་ཙམ་ཡོང་རྒྱུའི་དེ་རིག་ལྟ་བུར་ཤེས་པ་གཡེང་ཞིང་། ཉོག་པ་དང་སེམས་མི་བདེ་ཞིག་གཉིད་ཡར་བ་སོགས་


KMC015_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་སང་ཉིན་མི་དང་ཡོ་བྱད་སོ་མ་བྱུང་ན་དེའི་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། སྔོན་ལ་མ་བྱུང་བར་རྟིང་ལ་བྱུང་ན་གྲིབ་ལྷོང་ཡིན་པས་ཡིག་བརྒྱ་མང་དུ་བཟླས། རྫས་དེ་དག་ཀྱང་འགྲུབ་ཏུ་རུང་ན་ཞག་མ་འདས་པར་ལོངས་མི་སྤྱད། འགྲུལ་སྣ་ནི་བྱིང་རྨུགས་དང་གཉིད་ཡེར་བ། ན་ཚ་ཐན་ཐུན་ལ་སོགས་པ་འབྱུང་ཞིང་དེའང་སྔོན་ལ་བྱུང་ན་ཡང་ལ། རྗེས་ལ་བྱུང་ན་ལྕི་བར་བཤད། བསྙེན་པ་མ་ཚར་བ་ལ་སྟན་ཡང་སྤོ་འཇུག་མི་ཉན་ཏེ། ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་ལས། མལ་སྟན་ནམ་མཁའི་མཐོངས་སུ་སྒྲུགས། །དེ་རེས་སྒྲུབ་པ་གང་བྱས་བྱ་བ་ཡིན། །ཅེས་གསུངས་སོ། །འཚུབ་ཆ་བྱུང་ན་ཐོ་གསོ་བ་དང་། སྲུང་འཁོར་དྲག་ཏུ་བསྒོམ། བདུད་རྩིའཁྱིལ་བ་སོགས་ལས་སྔགས་མང་དུ་བཟླ་ཞིང་ཕུར་གདབ་ཡོད་རིགས་ལ་བསྐྱར་ནས་བྱེད། མཁའ་འགྲོ་སྤྱི་གཏོར་དང་། ཞི་བའི་བསྲེག་བླུགས་སོགས་ཀྱིས་ཞི་བར་འགྱུར་རོ། །ནུབ་མོ་ཉལ་བའི་ཚེ་བསྡུད་རིམ་གྱིས་ལྷ་སྐུ་མི་དམིགས་པའི་ངང་དུ་བསྡུས་ལ། བསམ་


KMC015_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ངང་དུ་ཉལ། ནངས་པར་ཐོ་རེངས་ནམ་མཁར་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་། སྙིང་པོའི་སྒྲས་བསྐུལ་བས་འོད་གསལ་ལས་ལངས་ནས་སྐད་ཅིག་གིས་ཡི་དམ་གྱི་སྐུར་གྱུར་པར་བསམ་ལ་ལྡང་ཞིང་། ཚ་ཤས་ཅན་སོགས་ལ་འཕྲོད་ན་ཁྲུས་ཀྱི་རྣལ་འབྱོར་ཀྱང་དངོས་སུ་བྱ་སྟེ་བུམ་ཆུས་ཕྱིའི་ཁྲུས་དང་། རྡོ་རྗེའི་ཆུའམ་ཡིག་བརྒྱའི་གཟུངས་ཆུས་ནང་གི་ཁྲུས་དག་གམ། གྲང་ཤས་ཅན་ལྟ་བུར་མ་འཕྲོད་ཀྱང་དམིགས་པ་ཙམ་གྱི་སྒོ་ནས་ཁ་བཤལ་ཏེ་ཐུན་ལ་འཇུག་པ་སོགས་སྤྱིར་བླ་མའི་ཞལ་ལུང་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་དང་ལྡན་པས་བསྒྲུབ་ཀྱི་གྱ་ཚོམས་སུ་འཇུག་པར་མི་བྱའོ། །དེས་ན་རྒྱུད་གཞུང་མང་པོའི་བསྙེན་སྒྲུབ་སྤྱི་གནད་བསྡུས་པ་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་བསྙེན་སྒྲུབ་སྤྱི་ལ་གཅེས་པའི་ཡི་གེ་དེ་ཉིད་ཤིན་ཏུ་གཅེས་པས་ཐོས་བསམ་ལག་ལེན་ཏུ་བྱ་བ་གལ་ཆེའོ།། ༈ །།གཉིས་པ་རྒྱུད་སྡེ་སོ་སོའི་བསྙེན་ཐབས་འཆད་པ་ལ་གསུམ། སྔོན་འགྲོ་དངོས་བཞི་རྗེས་སོ། །


KMC015_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། གནས་གོང་དུ་བཤད་པའི་མཚན་ཉིད་དང་ལྡན་པའམ། དབེན་ཞིང་ཡིད་དང་མཐུན་ལ་གློ་བུར་དུ་མཚམས་གྲོལ་དགོས་པའི་རྐྱེན་མི་འབྱུང་བའི་སར། ཐོག་མར་དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་གི་སྔོན་འགྲོ་བཞི་རྒྱུད་འགྱུར་བ་རེ་བསྒོམ། སྐྱབས་སེམས་སོགས་ཐུན་མིན་སྔོན་འགྲོ་བཞི་སྔོན་ཏུ་འབུམ་ཐེར་སོགས་བསགས་ན་སྐབས་འདིར་ཇི་ལྟར་འོས་པ་དང་། ཡིག་བརྒྱ་ཞག་བདུན་མན་ཆད་ཅི་འགྲུབ་ནན་ཏན། སྔར་མ་འགྲུབ་ན་དེ་དག་མ་མཐའ་ཡང་ཞག་མདུན་རེ་ཙམ་བྱ། བགེགས་དང་བར་ཆད་ཞི་བའི་ཕྱིར་དགྱེས་རྡོར་ལ་འབྱུང་འདུལ། བདེ་མཆོག་ལ་སུམྦྷ་ནི། གསང་འདུས་ལ་བདུད་རྩི་འཁྱིལ་པ་ལྟ་བུ་སོ་སོའི་ལས་རྒྱས་པའི་ལྷར་བཤད་པའམ། ཡང་ན་སྤྱི་ལ་བདུད་རྩི་འཁྱིལ་པའམ་བགེགས་མཐར་བྱེད་ལྟ་བུ་ཞིག་ལ་བསྙེན་པ་འབུམ་ཙམ་བཏང་། དེ་དག་གི་བཟླས་བསྒོམ་ཇོ་ནང་རིན་འབྱུང་ལྟ་བུ་ནས་བླང་། བདེ་མཆོག་ལ་སྐབས་འདིར་ཕུར་གདབ་ཀྱང་ཞག་ཤས་བསྙེན། དེ་ནས་ཚོགས་གསོག་


KMC015_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གམ་གཞན་ཏུ་དཔུང་བསྐྱེད་ཀྱི་རིམ་གྲོར་གྲགས་པ་ཕྱག་དང་བསྐོར་བ་དང་། མདོ་དང་རྒྱུད་སྡེ་ཟབ་མོ་དང་གཟུགས་སྔགས་ཁྱད་པར་ཅན་གསུང་སྒྲོག །ཡི་དམ་གང་ཡང་རུང་བའི་སྒོ་ནས་སྡིག་སྒྲིབ་དང་བགེགས་ཞི་བ་སོགས་ཀྱི་ཕྱིར་ཞི་བའི་སྦྱིན་སྲེག་རང་ངམ་གཞན་གྱིས་བསྒྲུབ་པ་དང། སཱཙྪ་དང་། བྱེ་མའི་མཆོད་རྟེན་དང་སྐུ་གཟུགས་གླེགས་བམ་བཞེངས་པ། དེ་དག་ལ་རྡུལ་སྤྲུགས་སོགས་བྱི་དོར་དང་། ན་བཟའ་འབུལ་བ། མཆོད་པ་འབུལ་བ། ཡན་ལག་བདུན་པ་དང་སྨོན་ལམ་འདེབས་པ། ཛམྦྷ་ལའི་ཆུ་སྦྱིན། ཆ་གསུམ་དང་འབྱུང་པོ་སྤྱི་གཏོར། ཆབ་གཏོར་དང་ལན་ཆགས་གཏོར་མ་སོགས་གཏོར་མའི་རིགས་ཅི་འགྲུབ་གཏོང་བ། སྤྱིར་དཀོན་མཆོག་དང་ལྷག་པར་དགེ་འདུན་ལ་བསྙེན་བཀུར། ངན་སློང་དབུལ་ཕོངས་ལ་སྦྱིན་གཏོང་། འཆི་ངེས་ཀྱི་སྲོག་བསླུ་བ་སོགས་དགེ་བ་འགྲུབ་ཚད་དང་ཁྱད་པར་གང་བསྙེན་པར་བྱ་བའི་རྒྱུད་སྡེ་དེ་ཉིད་རྣལ་འབྱོར་དུ་བྱེད་པ་རྙེད་ན་རབ། མིན་ཀྱང་དམ་ཚིག་དག་པའི་རྣལ་འབྱོར་པ་བཞིའམ་དགེ་


KMC015_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཚུལ་ལྡན་བཞི་སྡེར་ལོངས་པ་ཡན་ཆད་ལ་བསྙེན་བཀུར་ཚོགས་གསོག་སྟོན་མོ་བྱ། བསྙེན་པ་མཐར་ཕྱིན་ཅིང་བར་ཆད་མི་འོང་བར་སྨོན་ལམ་བཏབ། ལྷག་པར་ཚོགས་ཀྱི་ཞིང་མཆོག་རྩ་བའི་བླ་མ་ཡིན་པས་བླ་མ་ལ་སྙན་མནན་ཅིང་ཕྱག་མཆོད་བསྙེན་བཀུར་ཡོན་འབུལ་བ་སོགས་དང་བླ་མ་དངོས་སུ་མི་བཞུགས་ཀྱང་དེའི་རིགས་རུས་སམ་སྐུ་ཉེར་གཏོགས་པ་དང་། ཞལ་སློབ་གཙོ་ཆེ་བ་དང་ཞབས་འབྲེང་ངམ་རིག་མ་སོགས་ཐུགས་བརྩེ་བ་ཡོད་ན་ཡང་རུང་སྟེ་དེ་ཚུན་ཆད་ལ་གོང་བཞིན་བསྙེར་བཀུར་བྱ། ཡི་དམ་སྤྱི་དང་ཁྱད་པར་རྒྱུད་སྡེ་དེ་ཉིད་དང་འབྲེལ་བའི་སྐུ་བརྙན་རྙིང་པ་བྱིན་ཅན་ཡོངས་སུ་གྲགས་པ་རྣམས་དང་། མ་འགྲུབ་ཀྱང་སྐུ་བརྙན་གང་རྙེད་ལ་མཆོད་འབུལ། མཁའ་འགྲོ་ཆོས་སྐྱོང་འགོ་ཞིང་བསྟེན་པ་གཙོར་གྱུར་ལ་ཐུགས་དམ་བསྐང་ཞིང་ཕྲིན་ལས་འཆོལ་བ་སོགས་བྱ་སྟེ། དེ་ཐམས་ཅད་ལ་ཡང་གོང་ལྟར་བསྙེན་པ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པར་གསོལ་བ་འདེབས་པ་གཅེས་ཏེ། དེང་


KMC015_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སང་དུས་ཀྱི་དབང་གི་རྒྱུད་སྡེ་ནས་བཤད་པའི་ཆོས་ཟབ་མོ་ཉམས་སུ་ལེན་པ་ལ་བདུད་རིགས་ནག་ཕྱོགས་པ་རྣམས་ཤིན་ཏུ་མི་དགའ་བའི་ཕྱིར་བསོད་ནམས་ཀྱི་དཔུང་བསྐྱེད་པའི་རིམ་གྲོར་འབད་པ་ནི་ཅི་ནས་གལ་ཆེ་ཞིང་། སྔོན་འགྲོ་གནད་དུ་སོང་ན་དངོས་གཞིའི་སྐབས་ཡུར་བ་བདེ་མོའི་ནང་དུ་ཆུ་བཤར་གྱིས་འགྲོ་བའམ། ནམ་ཟླ་ལེགས་པར་དྲོས་ན་རྩྭ་ཤིང་གི་མྱུ་གུ་ཤུགས་ཀྱིས་སྐྱེ་བ་ལྟར་དགེ་སྦྱོར་གང་བྱས་གནད་དུ་འགྲོ་ཞིང་རྒྱུད་ཚོད་དང་བསྟུན་པའི་ཉམས་རྟོགས་མྱུར་དུ་མི་སྐྱེ་བའི་ཐབས་མེད་པས་གང་འགྲུབ་ནན་ཏན་ཏུ་བྱ་ཞིང་། འབྱོར་དང་ལོངས་སྐབས་སོགས་ཀྱིས་མི་ལྕོགས་པ་རྣམས་ཀྱིས་ཀྱང་ཅི་ཙམ་འགྲུབ་པ་རེ་བྱ་ཡི་སྔོན་འགྲོ་མི་འགྲུབ་པས་བསྙེན་པ་བཤོལ་མི་དགོས་སོ། །དེ་ཡན་ཆད་ནི་བསྙེན་སྒྲུབ་བྱེད་པའི་གནས་དེ་རང་དུ་བྱ་དགོས་པའི་ངེས་པ་མེད་པས་གནས་གཞན་དུ་བྱས་ཀྱང་རུང་ལ། འོན་ཀྱང་བསྙེན་པ་ཚུགས་པ་ལ་མི་རིང་བའི་འགོ་ལ་ངེས་པར་བྱ་དགོས་སོ། །དེ་དག་གི་ཐུན་མཚམས་ཅི་རིགས་པར་ཡང་བསགས་


KMC015_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གི་གནད་བསྡུས་མཎྜཱལ་ཡིག་བརྒྱ་གཉིས་དང་། བླ་མའི་གསོལ་བདེབས་ལ་ནན་ཏན་དུ་འབད་དོ། །དེ་ནས་བསྙེན་པ་བྱ་བའི་གནས་དེར་གཟའ་ཚེས་ལེགས་པ་ཞིག་ལ། སྒྲུབ་ཁང་གི་ཕྱི་རོལ་ཕྱོགས་བཞིར་རྒྱལ་ཐོ་ལེགས་པར་བརྩིགས་པའམ། དངོས་མ་འགྲུབ་ན་མཚོན་བྱེད་རེ་བྱ། ཅིས་ཀྱང་མི་བདེ་ན་སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩིགས་ལ་ཕྱོགས་བཞིར་མོས་པའང་མཛད། གང་ལྟར་བསངས་སྦྱང་། ཤར་གྱི་ཐོ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་མིག་མི་བཟང་། བྱང་རྣམ་ཐོས་སྲས་རྣམས་སུ་སྐད་ཅིག་གིས་བསྐྱེད། རི་རབ་ཀྱི་བང་རིམ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་བཅས་སྤྱན་དྲངས། མཆོད་བསྟོད་བྱ། བསྟོད་པ་ནི་འདི་ལྟར། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་ཅན་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་སྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་སྒྱུར་བའི། །འཕགས་སྐྱེས་


KMC015_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་སྒྱུར་བའི། །མིག་མི་བཟང་ལ་ཕྱག་འཚལ་ལོ། །དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་སྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ཞེས་པའོ། །མཆོད་པ་དང་གཏོར་མ་རེ་བཤམས་ལ། གཏོར་ཆོག་ལྟར་བྱིན་གྱིས་བརླབས་ནས། ཤར་གྱི་ལ། ༀ་ཌྷྲྀཥྚཱ་རཥྚཱ་ཡ་ས་པ་རི་ཝཱ་ར་ཞེས་པས་ཨ་ཀཱ་རོ་གཏགས་ཏེ་ལན་གསུམ་གྱིས་ཕུལ། ཨཱརྒྷཾ་སོགས་ཀྱིས་མཆོད། བསྟོད་པས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཁྱད་པར་དུ་སྒྲུབ་པ་མ་ཐོན་གྱི་བར་དུ་བར་ཆོད་ཞི་བའི་ཕྲིན་ལས་བཅོལ། གཞན་འདྲ་བ་ལས། ལྷོར་བི་རཱུ་ཌྷ་ཀཱ་ཡ་ས་པ་རི་ཞེས་སོགས་དང་། ནུབ་ཏུ་བི་རུ་པཀྵཱ་ཡ། བྱང་དུ་བཻ་ཤྲ་བ་ཎཱ་ཱཡ་ཞེས་འདོན་པ་སྤོ། སུ་པྲ་ཏིཥྛའི་སྔགས་ཀྱིས་བརྟན་བཞུགས་ལན་མང་དུ་བྱ། ཕྱིས་མཁའ་འགྲོ་སྤྱི་གཏོར་འབུལ་


KMC015_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐབས་སུ་ཡང་། རྒྱལ་ཆེན་བཞི་ལ་དཀར་གཏོར་རེ་ལ་ཟུར་བསྔོས་ཙམ་བྱ། དེ་ཕྱིན་ཆད་ཐོའི་ཕྱིར་མི་འགྲོ། གཞན་ཡང་ལག་ན་རྡོ་རྗེ་དང་། བདུད་རྩི་འཁྱིལ་པའི་སྐུ་བྲིས་ཏེ་སྒོ་དྲུང་དུ་བཞག་པས་ཀྱང་ལྷའི་བུ་དང་གནོད་སྤྱིན་སོགས་ཀྱི་བར་ཆད་སྲུང་བར་བཤད་པས། མཚམས་ཐོ་བཞག་ཕྱིན་གཞུང་དང་མཐུན་ཞིང་དགོས་པ་ཆེན་པོ་དང་ལྡན་པ་སྔོན་གྱི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་ཕྱག་ལེན་ཏུ་མཛད་པ་འདི་ཉིད་དགོས་ཀྱི། གང་དྲན་གྱི་ཚིགས་བཅད་ཤིང་བྱང་དུ་བཀོད་པ་དང་བསྐྱེད་བསྟིམས་མེད་ཅིང་རང་གཞན་གཉིས་ཀས་བརྩི་མི་དགོས་པ་ནི་མ་བཞག་པ་ཉིད་ལེགས་སོ། །འདི་ནས་བརྩམ་རང་མཚམས་ཐོའི་ཕྱིར་མི་འགྲོ་ཞིང་། མཚམས་འོག་ཏུ་མ་ཆུད་པའི་མི་ནང་དུ་མི་བཏང་བར། མི་བྱ་ཀ་མེད་ཀྱི་གཏོང་ལེན་སོགས་རྣམ་འཇོམས་བཟླས་པའི་ཁྱབ་དང་། སྔགས་བདུག་གིས་བྱུང་ལ་མཚམས་གཡོག་པ་ཁོ་ནས་བླང་བ་དང་བརྡ་སྤྲོད་པ་བྱ། ཕྱི་མཚམས་ཟིན་ནས་ཞག་འགའ་ཤས་ཐུན་དངོས་ཡིག་བརྒྱ་དང་བླ་མའི་


KMC015_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བདེབས་བྱ་ཞིང་། ཐུན་མཚམས་སུ་གཏོར་མའི་ཆོ་ག་ཅི་ནུས་བྱ་སྟེ། དེ་ཡང་རྒྱས་པར་ན་རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། གདན་བཞི་སོགས་ནས་བཤད་པའི་ཞིང་སྐྱོང་དང་འབྱུང་པོ་ཐམས་ཅད་པའི་གཏོར་ཆོག་སོགས་སོ་སོའམ། བསྡུ་ན་སྤྱི་ཁྱབ་མཁའ་འགྲོ་སྤྱི་གཏོར་གྲངས་གསོག་པས་ཀྱང་འཐུས་ཏེ། དེ་ལྟ་ན་འདས་མ་འདས་ཀྱི་གཏོར་མ་དམ་རྫས་ཀྱིས་བརྒྱན་པ་དང་། མཐེབ་ཀྱུ་གཏོར་མ་ཇི་ཙམ་འབུལ་བའི་གྲངས་དང་མཉམ་པར་བཤམས་ལ། རང་ལྷའི་ང་རྒྱལ་ལ་གནས་པས་ཐོག་མར་ནང་མཆོད་བྱིན་བརླབ་བྱ། དེ་རྗེས་གཏོར་མ་མཐེབ་ཀྱུ་དང་བཅས་པ་ཡང་སྡེབས་གཅིག་ཏུ་བརླབས་ལ་ཐོག་མར་སྒྲུབ་ཐབས་ཀྱི་ཐུན་མཚམས་གཏོར་མའི་སྐབས་ལྟར་གཏོར་མགྲོན་སྤྱན་དྲངས་དཀྱིལ་འཁོར་གྱི་ལྷ་ལ་འདས་གཏོར་ཕུལ་ལ་མཆོད་བསྟོད་འདོད་གསོལ་བྱ། དེ་རྗེས་འཇིག་རྟེན་པའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་ལ་གྲངས་གསོག་དགོས་པས་གཏོར་མ་དངོས་བཞི་དེ་ལ་མཐེབ་ཀྱུ་རེ་སྒྲོན་ལ། ཕཻ་ཾབཛྲ་ཨ་ར་ལི་


KMC015_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿསོགས་སྔགས་ཚར་རེ་བརྗོད་མཐར། མཁའ་འགྲོ་དམ་ཅན་རྣམས་ཀྱིས་བདག་གིས་བསྙེན་པའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་འགལ་རྐྱེན་ཐམས་ཅད་བསྲུང་ཞིང་བཟློག་པ་དང་མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་འདོད་པའི་དངོས་གྲུབ་མྱུར་དུ་འཐོབ་པར་མཛད་དུ་གསོལ། ཞེས་གསོལ་བཏབ་བསྡུས་པ་ཚར་རེ་བྱ། དེ་ལྟ་བུ་གྲངས་ཇི་ཙམ་གསོག་པའི་བར་བལྡབས་ཏེ་བྱ་བ་ལས་ཕྱི་མ་རྣམས་ལ་སྔགས་ༀ་ཁ་ཁ་མན་ཆད་ཀྱིས་ཆོག །རྫོགས་པ་ནི་མཆོད་བསྟོད་འདོད་དོན་གསོལ་གདབ་རྒྱས་པར་བྱ། ཡིག་བརྒྱ། ནོངས་བཤགས། གཤེགས་གསོལ་བསྔོ་སྨོན་ཤིས་བརྗོད་བྱ་བ་ཐུན་རེ་རེ་བཞིན་འགྲེའོ། །དེ་ནས་ནང་མཚམས་སྡོམ་པའི་ཕྱི་དྲོའི་ཆ་ཞིག་ལ་ཕུར་གདབ་ཡོད་རིགས་རྣམས་ལ་ཕུར་གདབ་བྱ་སྟེ། དེའང་དགྱེས་རྡོར་ཡབ་ཡུམ་རིགས་བསྡུས་དང་། གདན་བཞི་ཡབ་ཡུམ་ལ་མ་བཤད་པས་མི་དགོས་ཤིང་། གསང་འདུས་སོགས་གཞན་ཐམས་ཅད་ལ་དཀྱིལ་ཆོག་ནས་བཤད་པ་ལྟར་བྱ་སྟེ། ཁྱད་པར་རང་སྔགས་


KMC015_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཅི་ནུས་བཟླ། བསྙེན་པ་མ་གྲོལ་བར་བར་ཆད་སྲུང་བའི་ཕྲིན་ལས་བཅོལ། ཕུར་བུ་མང་དུ་ཡོད་ན་སོ་སོར་བཤད་ཚོད་ལྟར་སྒྲུབ་ཁང་ནང་གི་ཕྱོགས་མཚམས་སུ་གདབ་སྟེ། དེའང་འཛོམ་ན་བཞུགས་ཁང་ཡོད་དགོས་ལ། བཞུགས་ཁང་མེད་ཚེ་ཐོག་གམ་ཟུར་ལ་གདགས། ཕུར་བུ་གཅིག་ལས་མེད་ན་ཕྱོགས་མཚམས་སུ་གདབ་ཚུལ་བྱས་ནས་མཐར་སྒྲུབ་ཁང་སྒོ་གོང་ལ་བཏགས། གང་ལྟར་ཡང་ཕུར་གདབ་གྲུབ་པ་དང་། སྒྲུབ་ཁང་གི་དཀྱིལ་དུ་མཆོད་གཏོར་བཤམས་ལ་བྱིན་བརླབས་གྲུབ་པ་དང་། ཕུར་བུའི་ལྷ་རྣམས་ལ་ཕུལ། བགེགས་ཐམས་ཅད་བསྲུང་བར་གསོལ་བ་གདབས། རྟེན་འབྲེལ་སྙིང་པོ་དང་སུ་པྲ་ཏིཥྛས་བརྟན་བཞུགས་བྱ། གལ་ཏེ་སྒྲུབ་པ་པོ་རང་ཉིད་ལྷ་གཞན་གྱི་བསྙེན་པ་སྔར་མ་སོང་བ་ཞིག་ཡིན་ན་བགེགས་བསལ་བའི་ཆོ་ག་རྣམས་བསྙེན་སོང་གཞན་ལ་བྱེད་བཅོལ་དགོས་པར་གསུངས་སོ། །དེ་ནས་ཞག་ཤས་ལ་བདུད་རྩི་མྱང་བ་ནས་བསྔོ་སྨོན་བར་མངོན་རྟོགས་ཡོངས་རྫོགས་དལ་བུས་བཤར་བསྒོམ་བྱ།


KMC015_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྤྱི་དང་ཁྱད་པར་སྲུང་འཁོར་གསལ་གདབ་ལ་དེའི་བསྙེན་པ་བརྒྱ་སྐོང་རེ་དྲག་ཏུ་བཟླ། བསྙེན་པ་དངོས་ཅུང་ཟད་རེ་བཟླ། སེམས་མ་ཡེངས་དམིགས་པ་འཇུར་པོས་མངོན་རྟོགས་ཉུང་ན་ཉིན་རེ་བཞིན་ཚར་བརྒྱད་ཡན་ཉི་ཤུ་མན་དང་། མང་ན་ལྔ་བདུན་སོགས་གང་འགྲུབ་བྱ་བ་ནི་ཚིག་འདོན་ཕྱག་ཏུ་ཏིང་ངེ་འཛིན་རྣམས་གོམས་སུ་འཇུག་པ་འབབ་ཆུ་ཡུར་བར་འཛུད་པ་ལྟ་བུ་སྟེ་ཤིན་ཏུ་གལ་ཆེའོ། །དེ་ནས་བརྩམས་ཏེ་ངག་བཅད་སོགས་མཚམས་དམ་དུ་བྱ་ཞིང་། དུས་ཀྱང་ཟླ་ཞག་གི་གྲངས་ངེས་པ་ཅན་གྱི་དམིགས་ལ་བཀར་ནས་འདི་ཙམ་མ་ཚར་ན་མི་བྱེད་སྙམ་པ་བྱས་ན་བར་ཆད་ཀྱི་རྒྱུར་འགྲོ་བས་དེ་རྩིས་ཀྱིས་ལྷོད་ཆགས་པའི་བཟའ་བཏུང་ཡོ་བྱད་སོགས་ཀྱང་ལྡབ་འཕར་དུ་ལྡེངས་རྩིས་སྟ་གོན་བྱ། བསྙེན་པ་མ་གྲོལ་གྱི་བར་ལྷ་གང་གི་བསྙེན་པ་བྱེད་པ་ཡིན་གཞན་སུས་ཀྱང་མ་ཤེས་པའང་གལ་ཆེའོ། །གཉིས་པ་དངོས་གཞི་ལ་གཉིས། སྤྱིའི་གནད་དང་། རྒྱུད་སྡེ་སོ་སོའི་སྒོས་ཆོས་བཤད་པའོ། །དང་པོ་ལ་གཉིས།


KMC015_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་དང་། བསྒོམ་དོན་ནོ། །དང་པོ་ནི། སྤྱིར་དགེ་ཞིང་ཤིས་ལ་འགྱུར་ཁྱད་དང་ལྡན་པའི་དུས་བཟང་པོ་རྣམས་སམ། ཁྱད་པར་དགྱེས་རྡོར་ལ་ཡར་མར་གྱི་བརྒྱད་དང་བཅུ་བཞི། སྡོམ་པ་སོགས་ཡར་མར་གྱི་ཚེས་བཅུ། འདུས་པ་ཡར་མར་གྱི་ལྔ་བརྒྱད་བཅུ་བཅུ་བཞི་བཅོ་ལྔ་ལྟ་བུ་ཁྱད་པར་གྱི་དུས་དང་འགྲིགས་ན་ཤིན་ཏུ་ལེགས་པས་ཐོ་རངས་སམ་དགོང་ཐུན་ནས་དབུ་བཟུང་། བླ་མ་དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་འབྱོར་ན་དམ་ཚིག་གི་བྲིས་སྐུ་བཤམ་པའི་མདུན་ཏུ་སྟེགས་གཙང་མར་བསྙེན་པ་མ་གྲོལ་བར་བཤམ་རྒྱུའི་འཛིན་གཏོར་ད་ལྟ་འདས་གཏོར་ཏུ་གྲགས་པ་དང་། ཐུན་མཚམས་སུ་འབུལ་རྒྱུའི་འཇིག་རྟེན་པའི་གཏོར་མ་བཀའ་སྲུང་སྤྱིའམ། ལུགས་འདིར་གཙོ་བོར་དུད་པའི་སོལ་བ་མའི་འཛིན་གཏོར་དང་མཆོད་གཏོར་གཉིས་ཀའམ། མ་འགྲུབ་ན་མཆོད་གཏོར་ཙམ་དང་། ཕྱི་མཆོད་སྦྲེེང་ཚར། མནྜལ་སོགས་སྒྲུབ་ཐབས་སོ་སོ་ནས་བཤད་པ་ལྟར་བཤམ། རྒྱུད་གཞུང་དང་འཕགས་ཡུལ་གྱི་ཕྱག་ལེན་ལ་གཏོར་མའི་


KMC015_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཁ་ཟས་བཟང་དགུ་དང་ལྷག་པར་བླ་མེད་ཀྱི་སྐབས་སུ་ཧེ་རུ་ཀ་ཡབ་ཡུམ་དང་ཁྲོ་བོ་དང་མཁའ་འགྲོའི་རིགས་ལ་ཤ་ཁྲག་དང་ཆང་དང་ཉ་ཤ་སྒོག་བཙོང་ལ་ཕུག་སོགས་སྣ་ཚོགས་པ་ལས་བྱ་བར་བཤད་པ་ཙམ་ལས་བཏོར་མའི་དབྱིབས་གསལ་ཁ་མེད་ཀྱང་ཀཾ་ཚང་ཕྱག་བཞེས་ལྔ་ཚར་དུ་གྲགས་པས་རྒྱུད་སྡེ་ཐམས་ཅད་ཀྱི་འདས་གཏོར་དབྱིབས་སུ་བཅོས་པ་ལྟར། འདིར་ཡང་དགྱེས་རྡོར་མཱ་ཡཱ་སོགས་མ་རྒྱུད་རིགས་ལ་ཡི་དམ་གཏོར་མ། གསང་འདུས་གསང་ལྡན་གཉིས་ལ་བླ་མ་གཏོར་མ། བདག་མེད་མ་དང་གདན་བཞི་ཡེ་ཤེས་མཁའ་འགྲོ་ལ་མཁའ་འགྲོ་གཏོར་མ། སོ་སོ་ཆེ་ཞིང་ལེགས་པའི་འཁོར་དུ་དགྱེས་རྡོར་མཱ་ཡཱ་ལྟ་བུ་ལྷ་གྲངས་ཉུང་ན་འཁོར་རྣམས་ལ་གཙོ་བོ་ལས་ཕྱེད་ཀྱིས་ཆུང་བའི་གཏོར་མ་འཁོར་གྱི་གྲངས་བྱ་ཞིང་། གསང་འདུས་ལྟ་བུ་མང་ན་ཐེབ་ཀྱུ་ལྷ་གྲངས་དང་མཉམ་པ་བཞག །འཇིག་རྟེན་པའི་གཏོར་མ་དང་སྔོན་འགྲོའང་སྤྱི་ཙམ་དུ་དཀར་གཏོར་མཛད་ཅིང་། མཁའ་འགྲོ་སྤྱི་གཏོར་སྔོན་འགྲོར་ཡོད་པ་ལ་


KMC015_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་ཟུར་གསུམ་འདིར་བ་ཞིག་མཛད། དུད་སོལ་མ་ལ་འཛིན་གཏོར་བྱེད་ནའང་རྟེན་གཏོར་ཐོད་མཁར་མ་ནི་མི་དགོས་པས། ལས་གཏོར་ཁ་ཊཱཾ་མ་ཙམ་ཆོག་ཅིང་། འབུལ་གཏོར་ལས་གཏོར་གྱི་དབྱིབས་ཅན་ཆུང་བའོ། །སྐབས་སུ་ཚོགས་ཀྱི་མཆོད་པ་འགྲུབ་ན་དེའི་ཡོ་བྱད་དང་། རང་གི་མདུན་དུ་ནང་མཆོད་བདུད་རྩི་རིལ་བུ་དང་ལྡན་པ། རྡོར་དྲིལ། ཅང་ཏེའུ། མེ་ཏོག །སྤོས་སོགས་ཚོགས་པར་བྱས་ལ། བདུད་རྩི་ཉང་བ། སྔོན་གཏོར། སྐྱབས་སེམས་སོགས་སོ་སོའི་དབུ་ནས་བརྩམས་ཏེ་ཆད་ལྷག་མེད་པར་བཤར་སྒོམ་དུ་བཏང་ཞིང་། གྲངས་བསྙེན་ཙམ་ལ་ཕྲ་ཐིག་ལུས་དཀྱིལ་ཡོད་རིགས་སྔ་ཐུན་ལྟ་བུར་ཁྱུག་ཙམ་ལས་མ་སྦྱར་ཡང་རུང་ཞིང་། ཐོར་ཐུན་སྲོད་ཐུན་གཉིས་ལ་སྲུང་འཁོར་རྒྱས་པ་བྱ། སྔ་དགོང་གཉིས་ལ་སྤྲོས་པས་མི་ལྕོགས་ན་བསྡུ། སྔོན་གཏོར་ཐོག་མར་བསྙེན་དབུ་ཚུགས་སྐབས་ལས་རྒྱུན་དུ་མ་བྱས་ཀྱང་ཆོག་མོད། ཀཾ་ཚང་ཕྱག་རྒྱུན་དུ་ནང་མ་རེ་བཞིན་ཚར་རེ་སྦྱོར། གནས་ཡོ་བྱིན་རླབས་རྒྱས་པའང་ནངས་རེ་


KMC015_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རེ་ཙམ་གྱིས་ཆོག །གཞན་ཡང་ཆོ་གའི་ཡན་ལག་ཐོག་མཐའ་གཉིས་རྒྱས་ལ་བར་པ་གཉིས་བསྡུས་པ་དང་། ཐོག་མ་རྒྱས་ལ་ཐ་མ་གསུམ་བསྡུ་བ་འཕགས་ཡུལ་པའི་ཕྱག་བཞེས་ཏེ། དོན་དུ་ཐུན་གསུམ་མམ། བཞི་གང་བྱེད་དེ་ལ་མངོན་རྟོགས་སྤྱི་ཚར་རེ་འགྲོ་དགོས་ཀྱང་ཆོ་གའི་ཡན་ལག་རྣམས་མ་ཆད་པས་ཆོག་གི་འདོན་བྱ་རྒྱས་པ་ཁོ་ན་མི་དགོས་ཤིང་། བྱས་ན་བསྙེན་གྲངས་ལ་གནོད་པ་དང་མྱུར་དུ་དུབ་པ་སོགས་སྐྱོན་འབྱུང་བ་ལས། དགོས་པ་ཁྱད་པར་ཅན་མེད་པས་འཚམས་པར་བྱ་ཞིང་གཙོ་བོར་བཟླས་བསྒོམ་ལ་དྲིལ། འགྲུབ་ན་ཐུན་བཞི་ཀའི་མཐར་གཏོར་མ་ཕུལ། མི་འགྲུབ་ན་གཞན་རྣམས་ལ་བསྡུ་རིམ་དགེ་བསྔོ་ཙམ་དང་། སྲོད་ཐུན་མཐར་གཏོར་འབུལ་རྒྱས་པ་དང་། བཀའ་སྲུང་གཏོར་འབུལ་ཡང་སྐབས་དེར་མ་ཆག་པར་བྱ་ཞིང་། དུས་བཟང་ལྟ་བུར་ཚོགས་འཁོར་བྱེད་ནའང་སྲོད་ཐུན་གྱི་མཇུག་ཏུ་བྱ། གྲངས་བསྙེན་ཁོ་ན་དོན་ཏུ་གཉེར་བ་ཙམ་མ་ཡིན་པར་རྒྱུད་སྡེ་དེ་ལ་བརྟེན་ནས་ཐར་པ་དོན་ཏུ་གཉེར་བ་


KMC015_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན་བཟླས་པ་ཁོ་ན་ལ་མི་རིངས་པར་ཕྲ་ཐིག་ལུས་དཀྱིལ་སོགས་སོ་སོའི་སྐབས་སུ་བསྒོམ་ཞིང་། བསྐྱེད་བཟླས་དངོས་གཞི་སོང་། རྗེས་ཆོག་མ་བྱས་པའི་བར་དེར་སོ་སོའི་རྫོགས་རིམ་ཡང་ཇི་ཙམ་ནུས་པ་བསྒོམས་དགོས་ཏེ། དུས་འཁོར་སྒྲུབ་ཐབས་སཱ་ངྷུ་པུ་ཏྲས་མཛད་པ། དགྱེས་རྡོར་སྒྲུབ་ཐབས་མཚོ་སྐྱེས། བདག་མེད་མའི་སྒྲུབ་ཐབས་བདུད་རྩི་འོད། མཱ་ཡཱའི་སྒྲུབ་ཐབས་ཀུ་ཀུ་རི་པས་མཛད་པ་སོགས་ལས་དེ་ལྟར་གསུངས་པ་མ་ཟད། ནཱ་རོ་པ་ཡབ་སྲས་ཀྱིས་ཆེ་ཐང་དུ་གསུངས་ཤིང་མར་རྔོག་དག་གིས་ཕྱག་ལེན་ཏུ་མཛད་པའི་ཕྱིར་རོ། །ཅི་སྟེ་ན་ཚོད་ཀྱི་དབང་ལྟ་བུས་ཐུན་ལ་སྔོན་འགྲོ་སོགས་སྤྲོས་པ་ཆེར་མི་ལྕོགས་ནའང་། ཐུན་མཚམས་སུ་རྡོར་སེམས་ཡིག་བརྒྱ་ངེས་པར་བཟླ་དགོས་ཏེ། ལྷག་ཆད་ཁ་སྐོང་བ་དང་། བསྒོམ་བཟླས་བྱས་པའི་བྱིན་རླབས་བརྟན་པར་བྱེད་པ་དང་། ཉེས་ལྟུང་སྦྱོང་བ་དང་། ལྷའི་ཐུགས་རྒྱུད་བསྐུལ་བའི་གསོལ་བདེབས་སུ་འགྱུར་པའི་དགོས་པ་དང་ལྡན་པས། འཇམ་དཔལ་གྲགས་པས། ཡི་གེ་བརྒྱ་པ་ཆོ་


KMC015_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླ། །ཞེས་བཤད་པས་སོ། །གཉིས་པ་བསྒོམ་དོན་ནི། མངོན་རྟོགས་ལས་གསལ་བ་རྣམས་འདིར་སྨོས་སུ་མ་ལངས་པས་ཞིབ་པར་ཤེས་འདོད་ན་རྒྱུད་འགྲེལ་དང་རྣམ་བཤད་སོགས་ལས་ཤེས་དགོས་ཤིང་། སྤྱི་ཙམ་དུ་ཐོག་མར་ཐུན་མཚམས་ཀྱི་ལྷ་དཔའ་བོ་གཅིག་པའི་ང་རྒྱལ་ལ་གནས་ཏེ་བགེགས་བསལ་ཞིང་དམ་ཚིག་གི་གཙང་སྦྲ་ལ་གནས་པར་འདོད་པས་ཁའམ་ངག་དག་པའི་ཆེད་བདུད་རྩི་མྱང་བ་དང་། མཆོད་པའི་སྐབས་ཀྱི་བདུད་རྩི་འབུལ་བ་ཕལ་ཆེར་དང་། གཏོར་མ་བྱིན་རླབས་རྣམས་དམིགས་ཚུལ་གཅིག་ཅིང་དམིགས་པའི་རྣམ་པ་རྒྱུད་སོ་སོའི་དགོངས་པས་མི་འདྲ་བ་མང་མོད། བྱིན་གྱིས་བརླབ་བྱའི་རྫས། རློབ་བྱེད་ཡི་གེ། བརླབ་ཚུལ་སྦྱང་རྟོགས་སྤར་གསུམ་མམ། སྦྱང་རྟོགས་སྤར་སྤེལ་བཞི་ཚང་དགོས་པ་ཐམས་ཅད་མཐུན་ནོ། །དེའང་བརླབ་བྱའི་རྫས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཤ་ལྔ་དང་། ཡེ་ཤེས་གསལ་བའི་སྒྲོན་མེ་བདུད་རྩི་ལྔ་ཡིན་ལ། རློབ་བྱེད་འབྲུ་གསུམ་དང་


KMC015_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་ཁ་ཊྲཱཾ་ག་ཟླ་དཀྱིལ་ལ་སོགས་པ་ཡིན་ཅིང་། མེ་རླུང་སྦོར་བས་ཁོལ་ཞིང་སྙིགས་མ་ཕྱེར་ལུད་པ་སྦྱང་བ། ཡིག་འབྲུའི་འོད་དང་བདུད་རྩིའི་རྒྱུན་སོགས་ཀྱིས་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་བདུད་རྩིར་བསྒྱུར་བ་རྟོགས་པ། ཡེ་ཤེས་བདུད་རྩི་བཀུག་བསྟིམས་ཟད་མེད་དུ་བྱས་པ་སྤར་བ་དང་སྤེལ་བ་བཅས་ཚང་དགོས། དེ་ལྟར་ཚད་ལྡན་བྱས་པའི་བདུད་རྩིས་ཚོགས་གཏོར་མཆོད་པ་བཟའ་བཏུང་སོགས་ལ་བྲན་པས་ཕན་ཡོན་ཆེན་པོ་དང་ལྡན་པར་འགྲུར་རོ། །སྐབས་འདིར་བདེ་མཆོག་ལས། གནས་ཁང་དུར་ཁྲོད། གདན་མི་རོ། གཡོན་ཏུ་གྲོགས་རིགས་མ་མཚན་ལྡན་ཏུ་མོས་པ་ཤེས་རབ་ཀྱི་ཡན་ལག་གསུམ་དང་། དགྱེས་རྡོར་ལས། བླ་མ་དང་ཡི་དམ་ལ་གུས་པས་འཁོར་ལོ། སློབ་དཔོན་སྨོད་པ་ལ་མི་ཉན་པས་རྣ་ཆ། སྔགས་བཟླས་མི་འབྲལ་བའི་མགུལ་རྒྱན། སྲོག་ཆགས་ལ་འཚེ་བ་སྤངས་པས་གདུ་བུ། ལུས་ལྷ་ངག་སྔགས་སེམས་སྟོང་པ་ཐབས་མཁས་བྱིན་རླབས་མཉམ་པ་སྟེ་མཉམ་བཞིའི་སྒོ་ནས་དངོས་དང་ཡེ་རྒྱ་


KMC015_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་སྐ་རགས་ཏེ་ཕྱག་རྒྱ་ལྔར་བཤད་པ་ཉིད་གཟུགས་སམ་མོས་པས་བསྟེན་པར་བཤད་དེ་མ་རྒྱུད་རྣམས་ལ་གལ་ཆེའོ། །སྔོན་འགྲོ་གཏོར་མ་སྦྱིན་ཡུལ་ཕལ་ཆེར་འཇིག་རྟེན་ལས་མ་འདས་པ་གཙོ་ཆེ་ཞིང་། འདི་དང་ཐུན་མཚམས་འཇིག་རྟེན་པའི་གཏོར་འབུལ་གཉིས་ཀ་སྦྱིན་པ་གལ་ཆེ་བ་ནི། དགྱེས་རྡོར་ལས། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། ཅེས་འཇིག་རྟེན་པའི་འབྱུང་པོ་རྣམས་ཚིམས་པར་བྱས་ན་སེམས་ཅན་དུ་མའི་སྲོག་གི་གནོད་པ་བསྲུང་ནུས་པ་ཡིན་ཅིང་། བླ་མེད་ལུགས་ལ་སྣོད་བཅུད་གང་ཡང་ཐ་མལ་པའི་རྣམ་པར་བལྟ་བ་མེད་པས་དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་ཏུ་མོས་དགོས་ལ། རྗེ་བརྒྱད་པས་དེ་དག་ཀྱང་ཧེ་རུ་ཀ་ཡན་ལག་བཞི་རྫོགས་སུ་སྐད་ཅིག་གིས་བསྐྱེད་དགོས་པར་གསུངས། ཕལ་ཆེར་གྱིས་སྐད་ཅིག་གིས་འོད་གསལ་དུ་བཅུག་ལ་སླར་དཔའ་བོ་ཌཱ་ཀཱི་རྣམ་པར་བསྒྱུར་ལ་གཏོར་མ་འབུལ་གསུངས། དེ་དག་དང་ཕྱི་རོལ་གཏོར་མའི་སྐབས་སྒྲུབ་


KMC015_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་རྡོ་རྗེ་སོར་ཞིང་དྲིལ་བུ་འཁྲོལ། སྒྲུབ་གྲོགས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པས་ཅང་ཏེའུ་འཁྲོལ་བའམ། དེ་གོ་ལྡོག་པའང་བྱ་བ་ཡིན་མོད། གྲོགས་མེད་ན་རང་ཁོ་ནས་ཇི་ལྟར་འདོད་པར་བྱ་དགོས་པས་ད་ལྟ་ཌཱ་དྲིལ་དཀྲོལ་ཟེར་བ་དེའི་རྣམ་པ་ཙམ་མོ། །རཀྵའི་སྔགས་སོགས་བརྗོད་པའི་སྲུང་བ་གསུམ་གྱི་སྐབས། སྒོམ་པ་པོ་བདག །སྒོམ་པའི་གནས་ཡུལ། བསྒོམ་བྱ་བསྐྱེད་རིམ་གྱི་རྣལ་འབྱོར་རྣམས་བསྲུང་བར་མོས། གནས་ཁང་མཆོད་རྫས་བྱིན་རླབས་སྐབས་སོ་སོའི་ལས་སྔགས་བརྗོད་ཅིང་བདུད་རྩི་འཐོར་བས་བགེགས་བསངས། སྭ་བྷཱ་བ་བརྗོད་པའི་ཚེ་སྔགས་དོན་དྲན་པའི་སྒོམ་པ་མཆོད་རྫས་ཐམས་ཅད་བདེ་སྟོང་དབྱེར་མེད་པའི་འོད་གསལ་གྱི་ངང་དུ་བཅུག་ལ་ཐ་མལ་གྱི་རྣམ་རྟོག་སྦྱངས། དེ་ནས་ཨཱཿལས་བྱུང་བའི་ཐོད་པ་རྣམས་ཀྱི་ནང་དུ་ཧཱུྃ་ངམ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་མཆོད་རྫས་རྣམས་རང་བཞིན་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་


KMC015_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་ཟག་མེད་ཀྱི་བདེ་ཆེན་སྐྱེད་པར་བསམས་ལ། མེ་ཏོག་སོགས་རང་རང་གི་མིང་སྔགས་དེ་ཉིད་གསུམ་སྤེལ་ལམ་ལྔ་སྤེལ་སོགས་ཀྱིས་བྱིན་བརླབ་སྟེ། དེའི་དོན་ཡང་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་དུ་འདུ་ཤེས་པས་ཁང་མཁར་ཐ་མལ་པའི་འདུ་ཤེས་ལས་ལོག་པ་དང་། འདོད་ཡོན་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་ཉིད་རྣམ་པ་དེ་དང་དེར་ཤར་བར་བསྒོམས་ནས་རང་ཡང་ལོངས་སྤྱོད་ཅིང་། ལྷ་དང་བླ་མ་སོགས་ཀྱང་མཆོད་ལ། དེ་ལ་ལོངས་སྤྱོད་པས་རང་དང་དཀྱིལ་འཁོར་པའི་ལྷ་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་སྒོམ་པ་ལ་བློ་སྦྱོང་དགོས་ཤིང་། མདོར་ན་ཅི་སྣང་ཅི་ཤར་རང་བྱུང་ཡེ་ཤེས་ཀྱི་རོལ་པ། ཞེན་མེད་བདེ་ཆེན་འབར་བའི་གྲོགས་ལས་ཐ་མལ་དུ་མ་ཤོར་བ་ཞིག་དགོས། ཧཱུྃ་ནི་ཧེ་རུ་ཀའི་ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚོན་བྱེད་ཡིན་ལ། མཆོད་རྫས་རྣམས་དེའི་ངོ་བོར་བསྐྱེད་པའི་ཆེད་དུ་ཧཱུྃ་ལས་བསྐྱེད་པར་གསུངས་པ་ཡིན་ནོ། །དེ་འདྲ་བའི་དོན་མ་ཤེས་པར་


KMC015_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་རྣམས་ཅི་མེད་ཀྱི་སྟོང་པར་སྦྱངས་ནས་དེ་ནས་བར་སྣང་ལ་ཐོལ་སྐྱེས་སུ་བྱུང་བ་ལྟར་སྒོམ་པ་སོགས་ནི་མུན་སྤྲུལ་ཡིན་པས་སྤང་བར་བྱའོ། །སྐྱབས་སེམས་ཡིག་བརྒྱ་སོགས་ཀྱི་དམིགས་གནད་སྤྱི་ལྟར་ལ། བླ་མེད་ཕལ་ཆེར་དུ་སྐྱབས་འགྲོའི་ཡུལ་ཧེ་རུ་ཀ་གཙོ་བོའི་རྣམ་པ་ཅན་སྐུ་དགེ་འདུན་ཐུགས་ཀར་ས་བོན་གདན་བཅས་གསུང་དམ་ཆོས། དབུ་གཙུག་རིགས་བདག་བླ་མ་དང་ཐུགས་རྒྱུད་སངས་རྒྱས་སམ། ཡང་ན་དཀྱིལ་འཁོར་གྱི་གཙོ་བོས་སངས་རྒྱས། ས་བོན་སྙིང་པོ་སོགས་དམ་ཆོས། འཁོར་གྱིས་དགེ་འདུན་མཚོན་པ་བཅས་སྐྱབས་ཡུལ་བསྡུས་པའི་ལུགས་སུ་བསྒོམ་པ་ཉིད་ལག་ལེན་ཏུ་མཛད། སེམས་བསྐྱེད་ལའང་ཐེག་ཆེན་སྤྱི་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སེམས་ཅན་ཐམས་ཅད་ཧེ་རུ་ཀ་དང་བདེ་བ་ཆེན་པོ་འགྱུར་བ་མེད་པའི་གནས་ལ་འགོད་པའི་སྨོན་འཇུག །རྡོར་སེམས་ཕོ་རྒྱུད་ལ་ཡབ་རྐྱང་ཡིག་བརྒྱ་ཡོངས་གྲགས་བཟླ། གསོལ་གདབ། ཕྱག་འཚལ་འདུད་དོ་སོགས་བརྗོད་པ་འབྲེལ། མ་རྒྱུད་ལ་ཧེ་རུ་


KMC015_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཞལ་སྦྱོར་སྦྱོར་མཚམས་ནས་བདུད་རྩི་འབེབས་པ་དང་། གསོལ་གདབ་ཨ་བྷི་ངྷ་ནའི་རྒྱུད་ཚིག་མགོན་པོ་བདག་ནི་སོགས་བརྗོད་དོ། །ཚོགས་བསགས་སྐབས་ཐ་མལ་པས་ཚོགས་བསགས་པ་ལས་སྒོ་གསུམ་དག་པས་ཚོགས་བསགས་པ་ཕན་ཡོན་ཤིན་ཏུ་ཆེ་བས། ཧེ་བཛྲ། ལྟ་བུ་བརྗོད་ཅིང་དོན་དྲན་པ་ངག་དག་པ། ཧེ་རུ་ཀ་ཁ་སྦྱོར་དུ་བསྒོམ་པ་ལུས་དག་པ། ཐུགས་ཀར་ས་བོན་གདན་བཅས་བསྒོམ་པ་ཡིད་དག་པ་སྟེ་དག་པ་གསུམ་མམ། ཁ་ཅིག་ཏུ་ལུས་སེམས་དག་པ་ལས་མི་འབྱུང་མོད། གང་ལྟར་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་དག་པར་བསྒྱུར་བ་སྟེ་ས་བོན་ཧཱུྃ་ཡིག་ལྟ་བུས་ཀྱང་ཡེ་ཤེས་ལྔ་མཚོན་ནོ། །སྙིང་གའི་འོད་ཟེར་གྱིས་ཚོགས་ཞིང་སྤྱན་འདྲེན་པ་ལ། འདྲེན་རྒྱུད་དཀྱིལ་འཁོར་པ་རྒྱལ་བ་སྲས་བཅས་ཀྱི་ཚོགས་རང་གི་བླ་མ་དང་བཅས་པ་ཡིན་པ་ཕལ་ཆེར་མཐུན་ལ། འདྲེན་ཚུལ་ཡེ་ཤེས་སེམས་དཔའ་བཞིན་ཏུ་གཞན་ནས་སྤྱན་འདྲེན་པ་དང་། ནམ་མཁའ་ལ་འཇའ་ཚོན་ཤར་བའི་ཚུལ་གྱིས་


KMC015_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ལས་ཐོལ་ཏེ་བསྐྱེད་པ་དང་། སྙིང་གའི་འོད་ཀྱིས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བསྒོམ་པ་སྟེ་གསུམ་ཡོད་པ་གང་ལྟར་བྱས་ཀྱང་མི་འགལ་མོད། རང་རང་མན་ངག་ལུགས་སྒྲུབ་ཐབས་སུ་གང་བཤད་པ་ལྟར་བྱའོ། །གཞན་ནས་སྤྱན་འདྲེན་པ་ལ་འོག་མིན་ནས་སྤྱན་འདྲེན་པ་ནི་རྒྱལ་བ་སྤྱིའི་ལོངས་སྐུའི་ཞིང་ལ་བཞེད་ཅིང་། རང་བཞིན་གྱི་གནས་ཞེས་པ་ལ་གཉིས་ཏེ། མངོན་བརྗོད་ལས། སྔོན་གྲུབ་པ་ནི་བསྐུལ་ནས་ནི། ཞེས་གསུངས་པ་ལྟར་ན་དང་པོ་གང་དུ་སངས་རྒྱས་པའི་གནས་ཀྱི་ལོངས་སྤྱོད་རྫོགས་སྐུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བཤད་པ་དང་། ཡང་རང་བཞིན་ཞེས་པ་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པའི་ཆོས་ཀྱི་སྐུ་ལ་བྱས་ནས། དེའི་ངང་ལས་བཞེངས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་ལའང་རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ལ་འཆད་པ་སྟེ་གཉིས་སུ་ཡོད་དོ། །ཕྱག་མཆོད་སོགས་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བྱེད་པ་


KMC015_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དེའང་ཕྱི་མཆོད་ཡོད་རིགས་ལ་སྔར་བྱིན་གྱིས་བརླབས་པའི་རྫས་དེ་རྣམས་ཐོགས་ནས་མཆོད། ཡན་ལག་བདུན་པ་སྡོམ་བཟུངས་སོགས་ཀྱི་དོན་རྒྱས་པར་གཞན་ལས་ཤེས་པར་བྱ་ཞིང་། ཚངས་གནས་བཞི་ཞེས་པའི་དོན་ནི་འདི་བསྒོམས་པས་མཐར་ཐུག་ཚངས་པ་མྱང་འདས་ཡིན་པས་དེ་འཐོབ་པར་བྱེད་པ་དང་། གནས་སྐབས་ཚངས་པའི་འཇིག་རྟེན་དུ་སྦྱོར་བར་བྱེད་པས་ཡིན་ལ་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ཚིགས་རྐང་བཞི་དང་སྤྲད་ནས་བསྒོམ་རྒྱུའོ། །ཡེ་ཤེས་ཚོགས་གསོག་ཡུལ་སྤྲོས་བྲལ་གྱི་མཚན་ཉིད་རིགས་པའི་དཔྱད་པ་སྔོན་ཏུ་བྱ་བ་ལེགས་ཀྱི་སྐབས་འདིར་དཔྱད་སྒོམ་བྱ་མི་དགོས་ལ། སྭ་བྷཱ་བ་སོགས་ཀྱི་སྔགས་དོན་དྲན་ཅིང་རྣམ་པར་མི་རྟོག་པ་ལ་མཉམ་པར་འཇོག་པ་ཡིན། ཐུན་མོང་བའི་སྲུང་འཁོར་ནི། སྣ་ཚོགས་པད་ཉིའི་སྟེང་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའམ་ཉི་ཤུ་པ་གང་རུང་ལེབ་ཆགས་བསྒོམ་པ་སྟེ་སྔ་མས་རྟེན་འབྲེལ་བཅུ་གཉིས་དག་པ་དང་། ཕྱི་མས་འཇིགས་ཚོགས་ལྟ་


KMC015_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉི་ཤུ་འཇོམས་པར་མཚོན། རྭ་རྣམས་གཞལ་ཡས་ཁང་སོ་སོ་དང་མཐུན་པའི་ཕྱོགས་མདོག །ལྟེ་བ་ལྗང་མཐིང་གང་རུང་ཧཱུྃ་ཡིག་བཅས་པ། དེ་ལས་འོད་ཟེར་སྤྲོས་པས་སྲུང་འཁོར་བསྒོམ་པ་ན། རྭ་བ་ཁོ་ན་སྟེ་གཅིག་དང་། རྭ་གུར་བླ་བྲེ་གསུམ་དང་། རྭ་གུར་ས་གཞི་མེ་སྟེ་བཞི་ལ་སོགས་པ་མང་ཡང་སྤྱི་ཁྱབ་ཏུ་སྲུང་འཁོར་དྲུག་པའི་ཕྱོགས་ལྟར་ན། འོག་ཏུ་སྣ་ཚོགས་རྡོ་རྗེའི་གསེང་བར་དུ་རྡོ་རྗེ་ནས་ལྟར་བརྡལ་བའི་ས་གཞི། དམིགས་པ་གསལ་ན་དབང་ཆེན་གྱི་དཀྱིལ་འཁོར་ལ་རེག་པ་ཙམ། ཁོར་ཡུག་ཏུ་རྡོ་རྗེའི་རྭ་བ་སྟེ་ལྕགས་རི་ཁ་དོག་མཐིང་ཀ །རྒྱ་ཆེ་ཞིང་དཔངས་མཐོ་བ་སྟེ། དམིགས་པ་གསལ་ན་རྒྱ་ཁོར་ཡུག་གི་རིའི་ཚད་ཙམ། དཔངས་སུ་དཔག་ཚད་བརྒྱད་ཁྲི་ལ་སོགས་པའོ། །རྭ་བ་རྩིགས་ཚུལ་ཡང་ལོ་ཆེན་རིན་བཟང་ཕྱག་བཞེས་མཆུ་རྒྱུགས་དང་། རྭ་རྡོ་རྗེ་གྲགས་ཀྱིས་གྱེན་ཏུ་འགྲེང་བ་དང་། རྗེ་ས་སྐྱ་པས་རྡོ་རྗེ་འབུམ་རྩེགས་རྩེ་མོ་གཉིས་ཕྱི་ནང་དུ་བསྟན་ནས་བརྩིགས་པར་བཞེད། དོན་ལ་རྩེ་མོ་གང་ལ་བསྟན་གྱི་ངེས་པ་


KMC015_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རྡོ་རྗེ་ཆེ་བའི་བར་ཆུང་ངུ་རྣམས་ཀྱིས་གཏམས་པ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པ་ཕྲེང་བའི་ལུགས་ལྟར་འཐད་ལ་རྡོ་རྗེ་ནི་རྩེ་གསུམ་རྩེ་ལྔ་སོགས་སྒྲུབ་ཐབས་ལས་དམིགས་བསལ་བཤད་ན་དེ་ལྟར་བྱ་ཞིང་ཁ་དོག་ཀྱང་ལྗང་མཐིང་གང་རུང་ངོ་། །དེའི་སྟེང་དུ་རྡོ་རྗེའི་གུར་ལྕགས་རི་ལ་ཁ་གཅོད་བཏབ་པ་ལྟ་བུ། ལྕགས་རི་དང་འབྲེལ་མཚམས་ཀྱི་རྒྱ་ལྕགས་རི་དང་མཚུངས་པ་ལ། སྟེང་དུ་ཕྱི་དབྱིབས་གྲངས་ཇི་ལྟར་འོས་པའི་བང་རིམ་ཟླུམ་པོ་འདྲ་བ། དེའི་དབུས་ཀྱི་སྟེང་དྲིལ་བུའི་ལྟོ་བའི་དབྱིབས་སམ། ཟླུམ་པོ་དབུས་འབུར་འབུར་པོར་གྱུར་པ་བསྒོམ་དགོས་པས་གུར་མཆོད་རྟེན་གྱི་དབྱིབས་ཅེས་ཟེར་བ་དཔངས་ཤིན་ཏུ་མཐོ་བར་བསྒོམ་པ་ཡིན་ཏེ། དམིགས་པས་གསལ་ཐེབས་ན་ཚངས་པའི་འཇིག་རྟེན་ལ་ཐུག་པའམ་དཔག་ཚད་བརྒྱད་ཁྲི་ལ་སོགས་པའི་དཔངས་སོ། །རྭ་གུར་གྱི་ནང་གུར་དང་རྭ་བའི་མཚམས་ལ་རྡོ་རྗེའི་དྲྭ་བས་ཁེབས་པར་བྱས་པ་ནི་རྡོ་རྗེའི་བླ་རེའོ། །རྡོ་རྗེའི་རྭ་བ་གུར་དང་བཅས་པའི་ཕྱི་


KMC015_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རྭ་གུར་ལ་མ་རེག་པ་ཉིད་དུ་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་བའི་དྲ་བ་དང་། དེའི་དྲྭ་མིག་རེ་རེའི་ཟུར་བཞི་ནས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་མདེའུ་ཅན་གྱི་མདའ་མདེའུ་བསྣོལ་ཞིང་སྦྲེལ་བ་ཁོ་ནའི་དྲ་བ། རྒྱུ་རྡོ་རྗེའི་རང་བཞིན་ཁ་དོག་སྣ་ཚོགས་པ་རིམ་པ་མང་པོ་ཅན་མདེའུ་ཕྱི་ལ་བསྟན་པ། མདའ་དྲ་དེའི་ཕྱི་རོལ་འོག་གི་ས་གཞི་ལ་འོབས་རྒྱ་ཆེ་ཞིང་གཏིང་ཟབ་པས་ཁོར་ཡུག་ཏུ་བསྐོར་བའོ། །དེའི་ཕྱི་རོལ་དུ་ཟེར་ཡང་རྡོ་རྗེའི་ས་གཞི་རྭ་གུར་མདའ་དྲ་རྣམས་ལས་འབར་ཞིང་སྐྱེས་པ་ཡིན་ལ། དེ་ལས་ཕྱི་རོལ་དུ་མེ་ལྕེ་རིང་དུ་འབར་བའི་ཕྱིར་ལྷག་པོ་རྣམས་ཕྱི་རོལ་དུ་ཡོད་པ་སྟེ། ཁ་དོག་སྣ་ལྔ་པའི་མེ་དཔུང་ཆེན་པོ་རང་དུ་འབར་བའི་བགེགས་རྣམས་སྲེག་པར་བྱེད་པའོ། །ཐུན་མོང་མིན་པའི་སྲུང་འཁོར་རྩིབས་བཅུ་པ་བསྒོམ་ཚུལ་ལ་འདོད་ལུགས་མི་འདྲ་བ་མང་ཡང་། རྗེ་བརྒྱད་པའི་བཞེད་པ་འཕྲིན་ལས་པས་གསལ་བར་མཛད་པ་ལྟར་ན། སྣ་ཚོགས་པད་ཉིའི་སྟེང་དུ་སྲུང་འཁོར་དཀར་པོའམ་སེར་པོ་སོགས་གཞུང་མཐུན་ལ། རྩིབས་བཅུའི་རྣམ་


KMC015_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མདུང་སོ་གཉིས་ཀྱི་རྩ་བ་ཁ་སྦྱར་བ་ལྟ་བུའི་སྟེང་འོག་གི་རྩིབས་གཉིས་ཀྱང་རྣོ་ཞིང་ཆ་གསུམ་གྱི་དབུས་མ་ལྟེ་བ་ཟླུམ་པོ་ཤིན་ཏུ་ཡངས་པ། ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ལྟེ་བ་ལས་སྐྱེས་པ་འདྲ་ཞིང་རྩེ་མོ་རལ་གྲི་སོ་གཉིས་པ་ལྟར་རྣོ་བ། དབུས་དང་ཕྱོགས་མཚམས་ཀྱི་ཁྲོ་བོའི་གདན་དགུ་པོ་མཐོ་དམན་མཉམ་ཞིང་སྟེང་འོག་གི་གདན་དང་བཅས་པའི་བཅུ་གཅིག་པོ་ཐམས་ཅད་འོག་གཞི་ལ་མ་རེག་པར་བར་སྣང་ལ་བརྟན་པར་གནས་པའོ། །དེ་ལ་ཁྲོ་བོ་དགོད་པ་ནི་ལྟེ་བ་དང་སྟེང་འོག་གི་རྩིབས་གཉིས་པོ་སྦུབས་ཅན་ཏུ་ཡོད་པའི་ནང་གི་དབུས་དང་འོག་གི་གདན་ལ་རང་རང་གི་ཁྲོ་བོ་བསྒོམ་ཞིང་། སྟེང་དང་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ནི་སྦུབས་ཀྱི་ནང་ན་མེད་ལ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་རང་རང་གི་རྩིབས་ཀྱི་རྩེ་མོའི་སྟེང་དུ་རྩེ་མོ་ལ་ཅུང་ཟད་མ་རེག་པའི་པད་ཉིའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བརྟན་པར་གནས་ཞེས་ཕྲིན་ལས་པས་གསུངས། འཁོར་ལོ་ནི་རྒྱུན་མི་འཆད་པར་ཧ་ཅང་མགྱོག་


KMC015_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁོར་བའི་མཐུས་མི་འཁོར་བར་གནས་པ་འདྲ་བ་དེའང་དགེ་བ་ལ་གཡས་དང་མི་དགེ་བ་ལ་གཡོན་བསྐོར་ཅན། འཁོར་ལོ་ལས་མེ་ལྕེ་འཐའ་ཡས་པ་འབར་བ་དང་། ཁྲོ་བོ་རྣམས་ལས་ཀྱང་སྤྲུལ་པའི་ཁྲོ་བོ་བསྐལ་མེ་ལྟར་འབར་བ་དུ་མ་ཕྱོགས་བཅུར་སྤྲོས་པས་ཁམས་གསུམ་གྱི་བགེགས་ཚོགས་མ་ལུས་པ་རླག་པར་བྱེད་པར་མོས་པ་བརྟན་པོར་བྱེད་པའོ། །ཁྲོ་བ་རྣམས་ལ་ཡན་ལག་བཞི་རྫོགས་བྱེད་པ་བོད་རྣམས་ཀྱི་སྤྲོས་པ་ཡིན་པས་བསྐྱེད་མཐར་བཟླས་པ་ཁོ་ནས་ཀྱང་ཆོག་གོ། །འཁོར་ལོའི་ལྟེ་བར་གཙོ་བོ་སྒོམ་མི་སྒོམ་གཉིས་དང་། སྒོམ་པ་ལའང་ལྟེ་བའི་གཙོ་བོ་ཞུ་ནས་གཞལ་ཡས་ཁང་དུ་བསྒོམ་པ་དང་། གཙོ་བོའི་ལྟེ་བའི་ནང་དུ་དཀྱིལ་འཁོར་བསྒོམ་པ་སོགས་རང་གཞུང་སོ་སོར་གསལ་བ་ལྟར་བྱ་དགོས་སོ། །འདི་དང་ཕུར་གདབ་ཀྱི་སྐབས་སོགས་སུ་རང་རང་གི་བྱ་བྱེད་ལས་གསུམ་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་ནན་ཀྱིས་གསལ་འདེབས་ཤིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེ་དུམ་ཙམ་རེའང་གསལ་


KMC015_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་དགོས་ཤིང་། སེམས་ཅན་ལ་སྙིང་རྗེ་རྒྱུ་མཚན་ཏུ་བྱས་ནས། བར་གཅོད་བགེགས་ལ་ཞེ་སྡང་ཆེན་པོའི་གསལ་ཉམས་དང་། རྒྱུ་མའི་རྣམ་རོལ་གྱི་ཚུལ་དུ་ཤེས་པའི་སྒོ་ནས་ཁོང་གྲོལ་བར་བྱས་ཏེ་ལས་ལ་སྦྱོར་བ་དགོས་པས། ཕུར་གདབ་སོགས་དྲག་པོའི་སྦྱོར་བ་ལ་ཞེ་སྡང་གི་གཟུགས་བརྙན་ཏུ་ཤར་བ་ཞིག་ནི་ངེས་པར་དགོས་སོ། །དེ་བས་ན་དེ་ལྟ་བུའི་སྙིང་རྗེ་དང་ཞེ་སྡང་ཡང་མི་འགལ་ཞིང་། དེ་ཉིད་སྟོང་པའི་རང་བཞིན་ཏུ་ཤེས་པའི་བློ་གྲོས་དང་ལྡན་པའི་སྒྲུབ་པ་པོས་མངོན་སྤྱོད་ཀྱི་ལས་བྱའོ། །སྲུང་འཁོར་དེའི་དབུས་སུ། རྟེན་དཀྱིལ་འཁོར་སྒོམ་པའི་ཚེ་ཆོས་འབྱུང་བསྒོམ་ཚུལ་ལུགས་གཉིས་ལས་མངོན་བརྗོད་བླ་མའི་ལུང་སོགས་ཀྱིས་ཁ་གྱེན་བསྟན་ཏུ་བསྒོམ་པའི་ཕྱོགས་ལ། ནཱ་རོ་མཻ་ཏྲིའི་ཞལ་རྒྱུན་མ་ཆད་པ་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱིས་རྩ་བ་ཐུར་དུ་ཟུག་པ། ཁ་གདེང་ཆེ་བ་གྱེན་དུ་བསྟན་པ། ཞེས་པའི་ཟུར་གསུམ་གྱི་ཟུར་མདུན་བསྟན་ཏུ་བཞེད་པ་དང་། རྗེ་ཕྲིན་ལས་པས། ཟུར་གསུམ་ལོགས་ཐལ་ནི་


KMC015_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་མ་གཏོགས་སྤྱི་ལ་ལོགས་གསུམ་ཟླུམ་པོར་ཡོད་པའི་ཟུར་གསུམ་སྟེ་ཕྱི་ནང་གི་མཚོན་གཞི་རྒྱ་གར་བའི་ཨེ་ཡིག་རིགས་གཉིས་དང་། ཡུམ་གྱི་ཆོས་འབྱུང་དང་དབྱིབས་མཐུན་བཞེད། དཔལ་འཛིན་དང་ཤཱནྟི་པ་སོགས་ཀྱི་རྗེས་འབྲང་མདུན་བསྟན་དུ་བསྒོམ་པའི་ཕྱོགས་ལ་བྲེ་ཞབས་རྡོལ་ཟུར་གསུམ་པའི་ཟུར་གཅིག་འོག་ཏུ་བསྟན་ནས་བསླངས་པ་ལྟ་བུའི་ནང་དུ་དཀྱིལ་འཁོར་བསྒོམ་པ་བཞེད་པ་ལས་རང་ལུགས་ནི་ཐོག་མ་ཉིད་བཟུང་ངོ་། །དུས་འཁོར་ལས་ནམ་མཁའི་རང་བཞིན་གྱི་ཆོས་འབྱུང་ཟླུམ་པོ་རང་བཤད། འབྱུང་བཞིའི་དཀྱིལ་འཁོར་ཕྱི་དབྱིབས་སོ་སོ་བྱེད་པ་ལྟར་ན་རླུང་དཀྱིལ་གྱི་ཟླ་གམ། མེ་དཀྱིལ་གྱི་ཟུར་གཅིག་ཤར་ལ་བསྟན་པ་ཡིན་ཅིང་། ཕྱི་དབྱིབས་གཅིག་ཏུ་བྱེད་པ་ལྟར་ན་བཞི་ཀ་ཕྱི་དབྱིབས་ཟླུམ་པོའི་དབུས་སུ་རང་རང་གི་མཚན་མས་མཚོན་པ་ཅན་དང་། གཉིས་ཀའང་རང་རང་གི་མཐའ་ལ་འོད་ཟེར་རང་མདོག་འཁྲིགས་པ། རི་རབ་གྲུ་བཞི་ཤོ་བསླངས་པ་ལྟ་བུ། ཕྱེ་མན་ཆད་བང་རིམ་བཞི་པ།


KMC015_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དངོས་གྲུ་བཞི་ཟུར་བཞིར་ལྕོག་ཞེས་པ་རྩེ་མོ་རེ་རེ། ཕྱོགས་ཀྱི་ལོགས་བཞིར་བང་རིམ་འོག་མའི་ལོགས་དང་རྒྱ་ཁྱོན་མཉམ་པའི་སྟེགས་བུའི་ཕྱོགས་ལ་ཟུར་གཏོད་པ་ལྟ་བུའི་ཟུར་བཞིར་ཡང་རྩེ་མོ་རེ་རེ་སྟེ་ལྕོགས་བརྒྱད་དང་ལྡན་པའོ། །གཞལ་ཡས་ཁང་གི་མཚན་ཉིད་ཐ་ནའང་བྲིས་ཐིག་ཙམ་མ་ཤེས་ན་ཇི་བཞིན་གོ་དཀའ་ཡང་རྨོངས་པ་ལ་ཕན་སླད་མིང་ཙམ་སྨོས་ན། རི་རབ་སྟེང་རྡོ་རྗེའི་རང་བཞིན་གྱི་ས་གཞིའི་དབུས་སུ་སྣ་ཚོགས་པདྨ་འདབ་མའི་སུམ་གཉིས་གྱེན་ལ་ལང་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེ་སྟེང་སྣ་ཚོགས་རྡོ་རྗེ་ལེབ་ཆགས་སྲུང་འཁོར་སྐབས་སུ་སྨོས་པ་ལྟ་བུའི་ལྟེ་བ་གྲུ་བཞི་ལེབ་མོའི་སྟེང་གཞལ་ཡས་ཁང་བསྒོམ་པ་སྟེ། དེའང་གཞལ་ཡས་ཁང་གི་རྒྱ་ཁྱོན་ཇི་ཙམ་བྱེད་པའི་སའི་ཁྱོན་གྱི་ལོགས་རེར་དུམ་བུ་བཅུ་གཉིས་བགོས་པའི་ཆ་རེ་ནི་ཆ་ཆེན་དང་སྒོ་ཚད་གཙོ་བོའི་འདོམ་གང་རྣམས་ཡིན་ལ། དེའི་བཞི་ཆ་ནི་ཆ་ཕྲན་རེ་ཡིན་པ་ཤེས་པར་བྱས་ནས། སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་དཔངས་སུ་ཆ་ཆེན་


KMC015_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡོད་པ་དེའི་ཕྱི་མཐའ་ནས་ནང་དུ་ཆ་ཕྲན་བདུན་བསྙོགས་པ་ན་པཉྩ་རེ་ཁཱ་སྟེ་རྩིགས་པ་ལྔ་སྒྲགས་ཡོད་ལ། དེའང་རིན་པོ་ཆེ་སྣ་ལྔའི་རང་བཞིན་ཤོག་ལྡེབ་ལྔ་གཤིབས་པ་ལྟ་བུ་རེག་ལ་མ་འབྱར་བ། ཁ་དོག་ཀྱང་ནང་ནས་རིམ་བཞིན་གཙོ་བོ་དང་ཤར་ལྷོ་ནུབ་བྱང་གི་ལྷའི་ཁ་དོག་དང་མཐུན་པ། ཞིང་དུ་ཆ་ཕྲན་གཅིག་སྟེ་ཁྲུ་གང་། དཔང་མཐོ་དམའ་རྟ་བབས་དང་བསྟུན་དགོས་པས་རྟ་བབས་ལ་ཚད་མི་འདྲ་བ་མང་ཡང་ད་ལྟ་ཕྱག་ལེན་ཏུ་མཛད་པ་སྒོ་ཚད་གསུམ་མ་ལ་ནི་རྩིག་དཔང་ཆ་ཆུང་བཅུ་བཞི་དགོས་ལ། སྒོ་ཚད་གཉིས་མར་ཆ་ཆེན་གསུམ་དང་། སྒོ་ཚད་གཅིག་མར་ཆ་ཆུང་བཅུ་དགོས་སོ། །རྩིགས་པ་གྲུ་བཞི་པའི་ཕྱོགས་བཞིར་སྒོ་བཞི་ཡོད་པ་དེའང་མདུན་ཕྱོགས་སུ་ཆ་ཆེན་རེ་རེ་འཐེན་པ་སྒོ་ཁྱུད། དེའི་སྣེ་ནས་ཆ་ཕྲན་གཉིས་རེ་ངོས་སུ་འཐེན་པ་སྒོ་འགྲམ། དེའི་སྣེ་ནས་མདུན་ཏུ་ཆ་ཕྲན་གཉིས་གཉིས་འཐེན་པ་སྒོ་ལོགས་ཏེ་དེ་གསུམ་དཔང་མཐོ་དམན་རྟ་བབས་སྒོ་ཚད་གསུམ་མ་ལ་ཆ་ཆུང་བཅུ་གཅིག །གཉིས་མ་ལ་ཕྱེད་དང་བཅུ་


KMC015_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། གཅིག་མ་ལ་བཅུའོ། །སྒོ་ལོགས་ཀྱི་རྩིགས་སྣ་ཅུང་ཟད་བཀུག་སྟེ་ཁ་སྤྲོད་ཀྱི་རྣམ་པར་ཡོད་པའི་སྣ་ནས་ཆ་ཕྲན་རེའི་མཚམས་སུ་ཀ་བ་རྩིགས་སྣའི་སུམ་ཆ་ལ་སླེབ་པ་ཙམ་རེ་བཙུག་པའི་སྟེང་དུ་གདུང་མ་བཀལ་བའི་སྣ་རྩིགས་པ་གཉིས་ལ་གདུང་ཁུང་བྲུས་པར་བཅུག་པའི་སྟེང་དུ་རྩིགས་པ་མི་ཆད་པའི་ཕྱིར་རེ་ཁཱ་སྣ་ལྔ་ཕྲ་མོས་འབྲེལ་བ་ནི་དཀྱིལ་འཁོར་སྤྱིའི་ལུགས་ཡིན་ལ། དུས་འཁོར་དང་གསང་འདུས་མི་བསྐྱོད་པ་ལ་ཧར་སྒོར་གྲགས་པ། འགྲམ་ལོགས་གཉིས་པོ་སྒོ་དང་མཉམ་པའི་ཆ་ཆེན་རེ་དང་། སྒོ་ལོགས་རྩིགས་སྣ་མ་བཀུག་པ་མདུན་ངོས་ཁྲིགས་ཆོད་ཡོད་པའི་ནང་མཐའི་ཆ་ཆེན་རེའི་མཚམས་སུ་ཀ་བ་བཙུག །གདུང་སོགས་འདྲ། ཀ་བ་དེ་དག་གི་སྟེང་དུ་ཀ་ཐོག་ཀ་བཞག་གི་ཀ་ཐུང་སྒོ་ལོགས་ཀྱི་རྩེ་དང་མཉམ་ཚད་པ་རེ་བཙུག་པའི་སྟེང་དུའང་། གདུང་མ་བཀལ་བ་ལ་སྒོ་ཁང་གི་ཐོག་འགེབས་པའི་བྱ་འདབ་སྣེ་རྟ་བབས་ནང་དུ་སྦྲེལ། ཀ་བ་ཐམས་ཅད་ནི་ཟླུམ་པོའི་དབྱིབས་ཅན་པདྨ་ཁ་སྦྱར་བར་དུ་རིན་


KMC015_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཟུར་བརྒྱད་པའི་རྣམ་པ་ཁོ་ན་བརྩེགས་པ་སོགས་དང་། ཀ་ཐུང་གཉིས་ཀྱི་གནས་སུ་ཤ་ལ་བྷཉྫི་ཀཱ་སྟེ་ལྷ་མོའི་གཟུགས་བརྙན་ལག་པ་གཉིས་ཀྱིས་ཀ་ཞུ་བཏེགས་པའང་བྱ་བར་བཤད། དེ་རྣམས་ཀྱི་སྤྱི་མིང་ནི་སྒོ་ཁང་ཟེར། འགྲམ་ལོགས་བར་གྱི་ཁང་པ་ལ་སྒོ་གཡབ་དང་། སྒོ་ཁྱུད་ཀྱི་བར་སྟོང་གྲུ་བཞི་ལ་སྒོ་ཕུག་ཟེར་རོ། །སྒོ་གླེགས་ནི་རྩ་བའི་རྩིགས་པའི་ཧར་མཚམས་ལ་འཛུག་པ་སྨོས་མ་དགོས་ཀྱང་། སྒོ་ཁྱུད་སྒོ་འགྲམས་ཀྱི་མཚམས་སུ་སྒོ་གཅིག་འཛུག་པའང་ཡོད། རྩིགས་པའི་ཕྱི་ངོས་ཀྱི་ས་གཞིར་རིན་པོ་ཆེ་དམར་པོའི་རང་བཞིན་གྱི་འདོད་སྣམ་ཞེང་དང་དཔང་གཉིས་ཀར་ཆ་ཕྲན་གཉིས་རེ་ཅན། སྒོ་བཞིའི་ཐད་ཀར་ཆད་པ་དང་། ཁ་ཅིག་གིས་སྒོ་ཁྱུད་ཕྱི་མཐའ་ཀ་གདན་འཛུག་པའི་ས་ཚུན་ལའང་མེད་པར་འདོད་ཅིང་། དེ་ལ་ཁ་ཁྱེར་བཞི་དང་སྟེགས་བུ་བཞིའང་ཟེར། དེ་སྟེང་གཟུངས་མའམ་མཆོད་པའི་ལྷ་མོ་རྣམས་གནས་པ་སྟེ་བཅུ་དྲུག་བྱེད་པ་ལྟར་ན། བདེ་མཆོག་སོགས་མ་རྒྱུད་ལ། ཤར་གྱི་གཡོན་ཏུ་པི་ཝང་མ་སྔོན་མོ་དང་གླིང་


KMC015_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མ་སེར་མོ། བྱང་གི་གཡས་སུ་རྔ་ཟླུམ་མ་དམར་མོ་དང་རྫ་རྔ་མ་ལྗང་མོ། བྱང་གི་གཡོན་ཏུ་བཞད་མ་དམར་མོ་དང་སྒེག་མ་སྔོན་མོ། ནུབ་ཀྱི་གཡས་སུ་གླུ་མ་སེར་མོ། གར་མ་ལྗང་མོ། ནུབ་ཀྱི་གཡོན་ཏུ་མེ་ཏོག་མ་སེར་མོ་དང་། བདུག་སྤོས་མ་ནག་མོ། ལྷོ་ཡི་གཡས་སུ་མར་མེ་མ་དམར་མོ་དང་། དྲི་ཆབ་མ་ལྗང་མོ་དྲེའི་དུང་ཆོས་འཛིན་པ། ལྷོ་ཡི་གཡོན་ཏུ་གཟུགས་རྡོ་རྗེ་མ་མེ་ལོང་དང་། རོའི་རྡོ་རྗེ་མ་ཞལ་ཟས། ཤར་གྱི་གཡས་སུ་རིག་བྱ་རྡོ་རྗེ་མ་ལྗང་མོ་དང་། ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་འཛིན་པ། དེ་ལྟར་ཐམས་ཅད་ཀྱང་ཞི་མ་དར་དང་རིན་པོ་ཆེས་བརྒྱན་པའོ། །ཕ་རྒྱུད་ལ་གཡས་བསྐོར་དང་གྲངས་སོགས་ཀྱང་འདྲ་མིན་ཡོད་དོ། །རྩིགས་པ་དང་འདོད་སྣམ་འབྲེལ་བའི་ཟུར་རྣམས་སུ་ཟླ་ཕྱེད་ལ་རྡོ་རྗེའམ་རིན་པོ་ཆེས་མཚན་པ་རེ་རེ། རྩ་བའི་རྩིགས་པའི་སྟེང་དུ་ཕ་གུ་དམར་པོའམ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཚོམ་ཅན་རྒྱ་དཔང་ཆ་ཕྲན་གཅིག་པ། དེའི་སྟེང་དུ་བྲེ་སྤུང་མ་ཀ་ཐུང་ཞུ་དང་བཅས་པ་ཕྱོགས་རེ་


KMC015_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་རེ་ལ་སོགས་པས་བཏེགས་པའི་སྟེང་གསེར་གདུང་རིང་རྒྱུག་བཀལ་བའི་གདུང་དང་ཞུའི་ངོས་ལ་རིན་པོ་ཆེའི་གཟེར་བུ་སྟེང་འོག་བཞི་བཞི་བཏབ་པ་ལ་གསེར་གྱི་སྐུད་པ་བཞི་བཞི་འཕྲེད་ལ་འཐེན་པའི་སྟེང་མ་གཉིས་ལ་བཏགས་པའི་ཆུ་སྲིན་ཙི་པ་ཊའི་ཁ་ཁུག་ནས་ནོར་བུ་རིན་པོ་ཆེའི་ཕྲེང་བ་གཉིས་བསྒྲིགས་སུ་སྦྲེལ་བའི་དྲ་བ་དང་། ཁའི་དབུས་ནས་ཐུང་བ་གསུམ་རེ་དཔྱངས་པའི་དྲྭ་བ་ཕྱེད་པ། གཞན་ཡང་མེ་ཏོག་གི་ཕྲེང་བ། ཟླ་བ། དར་དཔྱངས་སོགས་དཔྱངས་པས་ཕ་གུ་ལ་རེག་ཏུ་ཉེ་བ། དེའི་བར་གསེང་ཧར་སྟོང་ཡིན་པས་བྲི་ཆ་ལ་མུན་སྣམ་ཟེར། རྩིགས་པའི་ནང་གི་འགྲམ་སྟེང་གར་བུ་སྟེ་དེར་ཡང་ལྷ་ཡོད་ན་ལྷ་སྣམ་ཞེས་བྱ་བ་དཔངས་སུ་ཆ་ཕྲན་ཕྱེད། ཞེང་གདན་གྱིས་མ་བཀབ་པ་མཐོང་བའི་ཆ་ལ་ཆ་ཕྲན་གཉིས་ཡོད་པ། དེ་སྟེང་ལྷ་སྣམ་རིམ་པ་མང་ཉུང་ཁྱད་ཀྱིས་ཀ་བ་མང་ཉུང་མི་མཚུངས་ཀྱང་། དགྱེས་རྡོར་ལྷ་དགུ་ལྟ་བུར། གར་བུའི་སྟེང་པདྨ་འདབ་བརྒྱད་མུ་ཁྱུད་ལ་ཐོད་པའི་ཕྲེང་བ་དང་བཅས་པའི་མུ་ཁྱུད་སྟེང་པད་


KMC015_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་གཉིས་ཀྱི་བར་རེ་ནས་ཀ་བ་ཞུ་དང་བཅས་པ་རེ་རེ་སྟེ་བརྒྱད་འཛུག །རིང་ཐུང་རྟ་བབས་སྒོ་ཚད་གསུམ་མ་ལ་ཆ་ཕྲན་ཕྱེད་དང་བཅུ་བཞི་ཙམ་བྱས་པའི་སྟེང་དུ་རིན་པོ་ཆེའི་གདུང་མ་ཟླུམ་པོ་བཀལ། ཤར་ནུབ་དང་ལྷོ་བྱང་གི་ཀ་བའི་སྟེང་དུ་ཐལ་གདུང་བཞི་མིག་མང་རིས་སུ་བྲེས་པས་རེའུ་མིག་དགུ་ཡོད་པ་དང་། གདུང་མ་རྣམས་ལ་རྡོ་རྗེས་སྤྲས་པའི་གདུང་ཟླུམ་ལ་ནང་མཐའ་བཀལ་ཞིང་། སྔར་བཤད་གསེར་གདུང་ལ་ཕྱི་མཐའ་བཀལ་བའི་ཕྱམ་བཏང་ལ་དེའང་ཟུར་རྣམས་རིང་ཞིང་ལོགས་རྣམས་ཐུང་བ་གྲངས་ཉེར་བརྒྱད་དམ་དེ་ལས་མང་བ་ཡང་རུང་། ཕྱི་མཐའ་གསེར་གདུང་ལས་ཅུང་རིང་བའི་སྟེང་དུ་དེ་ལས་ཅུང་རིང་བའི་ཕྱི་ཚེ་རིམ་པ་མང་པོ་བྱས་པའི་འོག་གི་སྣེ་སྣམས་མུ་ཏིག་ཕྲེང་བས་བསྒྲིབ་ཅིང་བྱི་ཚེ་སྟེང་མའི་སྣེ་རིང་ཚད་ཀྱིས་འདོད་སྣམ་ནོན་ཙམ་བྱས་པའི་སྣེ་རིན་པོ་ཆེའི་གཟུགས་ཀྱི་རྣམ་པ་བྱས་ལ་བྱ་འདབ་ཟེར། དེའི་འོག་ཏུ་ཤར་བུ་ནོར་བུ་མིག་གསུམ་དང་རིལ་བ་སྤྱི་བླུགས་རྣམ་པ་གང་བདེ་མགོ་མཐུར་


KMC015_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་མུ་ཏིག་ཕྲེང་བའི་མ་མཐའ་དང་མཉམ་པ། བྱ་འདབ་སྟེང་དུ་རིན་པོ་ཆེའི་སྤང་ལེབ་བམ་ཕ་གུ་ཐོག་སའི་ཚུལ་དུ་བཀྲམ་པའི་པད་ཀྱི་ཐོག་ཏུ་མདའ་ཡབ་པདྨའི་དབྱིབས་སམ་སོའི་རྣམ་པའམ་མཆོད་རྟེན་རྣམ་གྱི་རྣམ་པ་ཟེར་བའི་བཏགས་སོ་རིས་གང་རུང་བཀྲམ་པ་གཅིག་གཅིག་མ་རེག་ཅིང་རྩེ་མོ་རིན་པོ་ཆེའི་སྐུད་པས་སྦྲེལ་བ། བྱ་འདབ་ནང་གདུང་ཟླུམ་གྱི་མཚམས་ཀྱི་མཐོང་ཀ་རྣམས་སུའང་ཁང་བཟང་ཟླུམ་པོའི་བཀོད་པ་ཕུན་སུམ་ཚོགས་པའི་ཁར་ཐོག་ཕུབ་དགོས་ལ། དེ་ལ་མཆོད་རྟེན། མཁར་ཐབ། རྒྱ་ཕུབ། རི་བོའི་གུར་གྱི་དབྱིབས་རྣམས་སུ་བཤད་པ་སོ་སོའི་མངོན་རྟོགས་ལྟར་སྐབས་ཐོབ་དབྱེ་བ་ཕྱེ་དགོས་ཤིང་། དགྱེས་རྡོར་སོགས་ལྷ་དགུ་པ་རྣམས་དང་། མཱ་ཡཱ་སོགས་ལྷ་ལྔ་པ་དང་། སྡོམ་པ་སོགས་ལྷ་བཅུ་གསུམ་མའི་རིགས་ཕལ་ཆེར་ཞིག་ལ་རི་བོའི་གུར་ལྟར་ཕུབ་པ་ལེགས་པར་བཞེད་པས། དེ་ནི་མཐོང་ཀའི་གདུང་ཟླུམ་སྟེང་དུ་ཕ་གུ་འཁོར་མོ། དེ་སྟེང་ཀ་ཐུང་དང་བྲེ་ཕུལ་གྱིས་བཏེགས་པའི་གདུང་ཟླུམ་དང་གདུང་བཞི་


KMC015_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མང་རིས་སུ་བྲེས་པ་ལ་དྲྭ་བ་དང་དྲྭ་ཕྱེད་ཀྱིས་སྤྲས་པ། དེའི་རེའུ་མིག་དགུ་པའི་དབུས་ཀྱི་གདུང་བསྣོལ་མཚམས་བཞིའི་སྟེང་ཀ་ཐུང་བཞི་བཙུག་པའི་སྟེང་དུ་གདུང་བཞི་གྲུ་བཞིར་བཏང་། དེ་ལ་རྒྱ་གྲམ་དུ་བཀལ་བའི་གདུང་གཉིས་བསྣོལ་ཐབས་སུ་བཏང་བས་ཟུར་བརྒྱད་འབྱུང་བ་ལ་ཡར་སྣ་གཏད་ཅིང་། མར་སྣ་གདུང་ཟླུམ་གོང་མ་ལ་གཟེར་གྱིས་བསྡོམས་པའི་གདུང་གསེགས་ཐབས་མཐུར་རྒྱུད་བརྒྱད་ཀྱི་ཕྱི་ནས་གསེར་གྱི་རྒྱ་ཕིབ་ཀྱིས་གཡོགས་པའི་མར་སྣེར་ཇི་ལྟར་མཛེས་པའི་བྱི་ཚེའི་སྣེ་བྱ་འདབས་སུ་འབྱར་བའི་ཟུར་བརྒྱད་ཆུ་སྲིན་ནམ་ཁྱུང་མགོས་མཛེས་པ། སྟེང་འོག་ཏུ་མདའ་ཡབ་དང་ཤར་བུའི་ཕྲེང་བ། དབུས་ཀྱི་གདུང་རྒྱ་གྲམ་ལྟེ་བར་དེང་སང་གཉྫི་རར་གྲགས་པ་བུམ་པ་རྡོ་རྗེ་ནོར་བུའི་ཏོག་གིས་མཚན་པའི་དབྱིབས་ཅན་འདི་ཉིད་བཙུག །སྒོ་ཁང་གི་རྒྱན་རྟ་བབས་ནི། ཚད་ཅན་ཚད་མེད་འདྲེས་པ་གསུམ་དུ་བཤད་པའི་ལག་ལེན་ཏུ་བྱེད་པ་ནི་ཚད་ཅན་ཏེ། དེ་ལའང་སྒོ་ཚད་བཞི་མར་བཤད་པ་ནི་ཕྲེང་ལ་བརྩི་བ་


KMC015_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དཔང་དུ་སྒོ་ཚད་གསུམ་མའི་ལུགས་ལ་སྣམ་བུ་བཅུ་གཅིག་པ། བརྒྱད་པ། བཞི་པ་སྟེ་རིགས་གསུམ། སྒོ་ཚད་གཉིས་མའི་ལུགས་ལ་སྣམ་བུ་བཅུ་གཅིག་པ་དང་། བརྒྱད་པ་རིགས་གཉིས། སྒོ་ཚད་གཅིག་པའི་ལུགས་ལ་སྣམ་བུ་བཅུ་གཅིག་པ་དང་། སྣམ་བུ་བཞི་པ་རིགས་གཉིས་ཡོད་པར་བཞེད། རྒྱ་གཞུང་རྣམས་ལས་སྒོ་ཚད་གཅིག་མར་བཤད་པ་མང་བ་ནི་བྱ་སླ་བའི་དབང་དུ་མཛད་པར་མངོན་ལ། སྣམ་བུ་བཞི་པར་བཤད་པ་ནི་དད་བྱེད་གོ་ཆ་ཙམ་ལས་འཕགས་ཡུལ་དུ་འདོད་མཁན་ཉུང་ཡང་ལོ་ཆེན་རིན་བཟང་གིས་དེ་ལ་ཕྱག་ལེན་མཛད་པས་བོད་ཁམས་སུ་དེས་ཁྱབ་ཅེས་ཇོ་ནང་རྗེ་བཙུན་ཆེན་པོས་གསུངས། འོན་ཀྱང་མར་རྔོག་གི་རྗེས་འབྲང་ཕལ་མོ་ཆེས་སྣམ་བུ་བཞི་པར་བཞེད་པ་མང་བས། འདིར་ཡང་རྔོག་དཀྱིལ་ཡོངས་གྲགས་བདུན་དང་སངས་རྒྱས་ཐོད་པ་བཅས་སྣམ་བུ་བཞི་མ་ཁོ་ནར་ཡིག་རྙིང་རྣམས་སུ་བཤད་པ་ལྟར་བྱས་ལ། འདུས་པ། བདེ་མཆོག་རིགས་གཉིས་བཅས་རྗེ་བཙུན་ཆེན་པོས་སྣམ་བུ་བཅུ་གཅིག་


KMC015_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པའི་རྗེས་སུ་འབྲང་བའོ། །དེ་ལས་གདན་བཞི་ཡབ་ཡུམ་གཉིས་ཀྱི་རྟ་བབས་སྒོ་ཚད་གཅིག་མ་ཁོ་ནར་བཤད་ཅིང་དེའང་སྣམ་བུ་བཅུ་གཅིག་པ་དང་བཞི་པ་གཉིས་ལས་སྔ་མ་དཔངས་དམའ་བས་ཧ་ཅང་མི་མཛེས་པས་སྤྱི་འགྲོའི་བཞི་མར་བཟུང་། གཞན་རྣམས་སྒོ་ཚད་གསུམ་པ་སོགས་སྣ་ཚོགས་བཤད་ཀྱང་སྣམ་བཞི་པའི་ཕྱོགས་ཕལ་ཆེར་སྒོ་ཚད་གཅིག་པ་ཉིད་འཚམས་པར་འགྱུར་རོ། །དེའང་སྣ་ཚོགས་རྡོ་རྗེའི་ཕྱི་མཐའ་སྒོ་ལོགས་རྩིགས་གདོང་ཐད་ནས་གཡས་གཡོན་ཆ་ཆུང་གཉིས་རེའི་མཚམས་ཕྱིའི་ཀ་བ་གཉིས་དང་། དེའི་ཐད་ཀྱི་འདོད་སྣམ་ལ་རེག་པར་ནང་གི་ཀ་བ་གཉིས་ཏེ་རྟ་བབས་རེ་རེ་ལ་ཀ་བ་བཞི་བཞི་ཡོད་པ་ནི་སྟེགས་བུ་དང་བུམ་པའི་སྟེང་དུ་ཀ་ཐུང་ཞུ་དང་བཅས་པ་བཙུགས་པའི་སྟེང་གདུང་ལེབ་སྲབ་མོ་བཏང་བའི་སྟེང་དུ་གསེར་དང་ཤར་བུ་རིན་ཆེན་མདའ་ཡབ་སྟེ་སྣམ་བུ་བཞི་མའམ། གསེར་སྣམ་ཤར་བུ་རིན་ཆེན་རྨིག་པ་མུན་སྣམ་འོག་མ་ཝ་རེནྡྲ། མུན་སྣམ་སྟེང་མ་ཤར་བུ་རིན་ཆེན་རྨིག་པ་


KMC015_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡབ་བཅས་རྣམ་བུ་བཅུ་གཅིག་པ་སྟེ། བཞི་མ་ལ་ཤར་བུའི་སྟེང་དང་སྒོ་ཁང་ཐོག་འགབ་མཉམ་ཞིང་། བཅུ་གཅིག་པ་ལ་ཝ་རེནྡྲ་དང་མཉམ་པ། འོག་མ་བསྐོར་ཁང་དང་སྟེང་མ་བསིལ་ཁང་གི་རྣམས་པ་དང་མཚུངས་པ། གཡས་གཡོན་སྣེ་སྣམས་རིང་ཐུང་གཞུང་ནས་བཤད་ཚོད་ལྟར་ལས་མདུན་རྒྱབ་རྣམས་མཉམ་པ། ཕྱི་སོ་སོའི་རི་མོ་དང་ཁ་དོག་ཐ་དད་པ་ལས་ནང་ཐམས་ཅད་རྒྱུན་གཅིག་ཏུ་འབྲེལ་བའི་ཁོང་སྟོང་དཔེར་ན་ཤིང་སྒྲོམ་ནང་ངོས་བདར་བ་ལྟ་བུ། མདུན་ཏུ་གླང་རྒྱབ་མིག་གསུམ་པའམ་གྷུརྞ་ཧ་རིས་མཛེས་པ་ནི་ཤིང་སྒྲོམ་ལ་སྒོ་གཏོད་པ་ལྟ་བུ། རྟ་བབས་སྨད་ཆའི་རྒྱབ་ངོས་ཀྱི་སྣ་གཡས་གཡོན་སྒོ་ལོགས་ཀྱི་རྩིགས་པ་ལ་བཙུགས་པ། ཐོག་སྟེང་མདའ་ཡབ་དབུས་སུ་སྟེགས་བུ་ལ་བད་དང་། དེ་དབུས་ཡུབ་གྱེན་བསླང་ངོས་སུ་གཟེར་བུ་ལ་བཀོན་པའི་ཆོས་འཁོར་སེར་པོ་གདུགས་དང་བཅས་པ། གཡས་གཡོན་རི་དྭགས་ཀྲྀཥྞའམ་རུ་རུ་ཕོ་མོ་གསེར་ལས་བྱས་པ། ཀ་རྒྱན་གླང་སེང་། རྟ་བབས་ཀ་བའི་གཡས་གཡོན་བུམ་


KMC015_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ལས་སྐྱེས་པའི་དཔག་བསམ་ལྗོན་ཤིང་རྒྱལ་སྲིད་རྫས་རྟགས་སོགས་དང་ལྡན་པ། ཟུར་རྣམས་སུ་རྒྱ་གར་པའི་ལུགས་ཀྱི་རྒྱལ་མཚན་དང་བ་དན། སྤྲིན་གསེབ་ལས་བྱུང་བའི་མཆོད་པའི་ལྷ་མོ་ལ་སོགས་པ་དང་། གཞལ་ཡས་ཁང་པའི་གདན་གྱི་པདྨའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད། དེ་རྒྱབ་རྡོ་རྗེའི་རྭ་བ་ལས་མེ་རི་རིང་དུ་འབར་བ་བསྒོམ། བདེ་མཆོག་ལ་ནི་རྡོ་རྭ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་བསྒོམ། འདུས་པ་གསང་ལྡན་སོགས་ཕ་རྒྱུད་ཕལ་ཆེར་དང་ཞི་བའི་དཀྱིལ་འཁོར་ལ་ནི་དུར་ཁྲོད་མི་དགོས། གསང་འདུས་ཀྱི་ཧར་སྒོའི་སྐབས་རྟ་བབས་ཀ་བ་སྒོ་ཁང་ཟུར་བཞིར་བཙུགས་ཏེ་སྒོ་ཚད་གསུམ་པ་སྣམ་བུ་བཅུ་གཅིག་པའི་རྟ་བབས་རིགས་གཉིས་གང་རུང་གཡས་གཡོན་མདུན་གསུམ་སྒོ་ཁང་དང་བྱེ་བའི་བར་སྟོང་སྣམ་བུ་མེད་པ་རྩིག་ངོས་སུ་བསྐོར་བ་བཞེད། གདན་སྣ་ཚོགས་རྡོ་རྗེ་མེད་པའི་ཕྱོགས་ལ་སྒོ་ཁྱུད་མཚམས་ནས་རིམ་གཞོལ་གྱིས་ཐེམ་སྐས་བཞིའང་ཡོད་དོ། །གདན་བཞི་ཡབ་བཀའ་དང་འཇམ་དཔལ་གསང་ལྡན་གཉིས་


KMC015_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཕྱི་ནང་གཉིས་རེ་སྒོ་སྦྲགས་ཅན་ཏེ། གཉིས་ཀ་གཞལ་ཡས་ཁང་ཕྱི་མ་ཕྱེད་ཕུབ་པ་དཔེར་ན་རྒྱ་མཐོང་གྲུ་བཞིར་བཞག་པའི་ཁང་པ་བཀབ་ལུགས་ལྟ་བུའི་དབུས་ཀྱི་ལྷ་སྣམ་གར་བུའི་སྟེང་ནས་ཁང་བཟང་ནང་མ་གྱེན་ཏུ་འཕགས་པ་ཐོག་ཕུབ་ཕྱུར་བུ་དང་བཅས་པ། གདན་བཞིའི་ཁང་བཟང་ནང་མ་རྟ་བབས་མེད་ཅིང་། གསང་ལྡན་ཕྱི་ནང་གཉིས་ཀ་རྟ་བབས་དང་བཅས་པའོ། །གཞལ་ཡས་ཁང་གི་མངོན་རྟོགས་བརྗོད་པ་ན་དེ་དག་གར་ཡོད་དང་ཅི་ལ་ཟེར་བ་ཙམ་ཡང་མི་ཤེས་པ་མང་ཞིང། ཕྱོགས་ཙམ་མ་ཤེས་ན་སྦྱོང་བྱེད་ཆད་པ་སོགས་སྐྱོན་ཆེན་པོ་ཡོད་པས་འདིར་མིང་ཙམ་སྨོས་པ་ཡིན་ནོ། །ནང་གི་གདན་དང་བརྟེན་པ་ལྷ་བསྐྱེད་པ་ནི་མངོན་རྟོགས་སོ་སོ་ནས་གསལ་བ་ལྟར་ལས། འདིར་རྣམ་བཞག་རྒྱས་པར་སྤྲོས་ན་ཡིག་ཚོགས་ཆེ་བས་འགོ་འཛིངས་པར་འགྱུར་བའི་ཕྱིར་རྟོགས་པར་འདོད་ན་གཞན་དུ་བལྟ་བར་བྱ། སྤྱིར་མཆོག་སྒྲུབ་པའི་བསྐྱེད་རིམ་གྱི་གནད་ཚང་བ་ལ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་ཅིང་ལྷ་གྲངས་ཚང་


KMC015_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས། དཀྱིལ་འཁོར་ལྷ་ལ་མང་ཉུང་སྣ་ཚོགས་ཡོད་ཀྱང་ཉུང་བ་རྣམས་ལའང་སྐྱེ་མཆེད་ཀྱི་ལྷ་དང་བཅས་པའི་སྦྱོང་བྱེད་ཚང་བ་དགོས་པའི་ཕྱིར། རྒྱུད་དང་རྒྱ་གཞུང་གྲུབ་ཆེན་ཚད་ལྡན་གྱི་མན་ངག་གིས་ཟིན་པའི་མངོན་རྟོགས་འཆུག་མེད་ཀྱི་གནད་ནས་ཟིན་པ་གལ་ཆེ་ཡི། རང་བཟོས་བྱས་པ་ཕལ་ཆེར་སྟོང་ལས་སུ་འགྱུར་རོ། །འདིར་མི་ཤེས་སུ་མི་རུང་བ་ནི། སྤྱིར་དཀྱིལ་འཁོར་ཆེན་པོ་རྣམས་ལ་ལོངས་སྐུ་དང་སྤྲུལ་སྐུའི་རྣམ་པར་བཞེངས་པ་གཉིས་སམ། རིགས་དང་རིགས་ཅན་ནམ་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་གཉིས་ཡོད། སྤྲུལ་སྐུ་ཁོ་ན་ལའང་གཤེགས་པ་དང་སེམས་དཔའ་དང་ཁྲོ་བོ་སྟེ་གསུམ། གཤེགས་སེམས་གཉིས་ལ་ཞི་ཁྲོ་གཉིས་རེ། ཐམས་ཅད་ལའང་སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ལྔ་ལྔ། རེ་རེ་ལའང་ཐབས་ཤེས་གཉིས་རེ་དབྱེ་ཡོད། དེའང་གཤེགས་པ་རྣམས་ཉེས་པ་ཐམས་ཅད་སྤངས་པའི་སངས་རྒྱས་ཀྱི་ཚུལ་ཡིན་ལ། དེའི་ཡང་དཀྱིལ་འཁོར་གྱི་གཙོ་བོ་གང་གིས་བྱེད་པ་དེ་ནི་སངས་


KMC015_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་འདུས་ཀྱི་ངོ་བོ་ཡིན། སེམས་དཔའ་རྣམས་ས་བཅུ་ཁྱད་པར་ཅན་ལ་གནས་པ་སྟེ་དགྱེས་རྡོར་གྱི་རྣལ་འབྱོར་མ་བརྒྱད། འདུས་པའི་བྱང་སེམས་རྣམས་ལྟ་བུའོ། །ཁྲོ་བོ་རྣམས་ས་བཅུ་དབང་བསྐུར་ཐོབ་པ་ཙམ་པོ་ལ་གནས་པ་སྟེ་སྒོ་སྲུང་རྣམས་དང་སྲུང་འཁོར་གྱི་ཁྲོ་བོ་ལ་སོགས་པ་ལྟ་བུའོ། །འཁོར་ལོའི་དབང་ཕྱུག་དེ་ནི་རིགས་གང་ཡིན་པའི་ཧེ་རུ་ཀ་ཡིན་ལ། འཁོར་གྱི་ཁྲོ་བོ་ལྟ་བུ་ལ་ཧེ་རུ་ཀའི་མཚན་མི་ཐོབ། དེའང་དུས་ཀྱི་འཁོར་ལོ་ནི་ལོངས་སྐུ་མཚོན་བྱེད་ཡིན་ལ། རྡོ་རྗེ་སྙིང་འགྲེལ་ལུང་གིས་བདེ་དགྱེས་སོགས་སྤྲུལ་སྐུ་མཚོན་པ་ཡིན་པས་རྒྱུད་མཐོ་དམན་རྣམ་པར་དབྱེ་བའི་གཏན་ཚིག་དེ་ལས་བྱུང་བར་གསུངས། དཔེར་ན་དགྱེས་རྡོར་གཙོ་བོ་ནི། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ཧེ་རུ་ཀ་སྤྲུལ་པའི་ཚུར་སྟོན་དང་། གཽ་རཱི་བརྒྱད་དེས་སྤྲུལ་པའི་སེམས་མའི་ཚུལ་སྟོན་ཡིན་པ་ལྟ་བུ་ཐམས་ཅད་ལ་འགྲེ། གཞན་དུར་ཁྲོད་ཀྱི་ཀླུ་དང་འབྱུང་པོ་ལ་སོགས་པ་ཕལ་ཆེར་འཇིག་རྟེན་ལས་མ་འདས་པའི་ཚུལ་ཡིན་པས། རང་གི་ཡིད་ཀྱིས་


KMC015_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པའི་དཀྱིལ་འཁོར་དེ་ཡེ་ཤེས་དཀྱིལ་འཁོར་དངོས་ཡིན་ཀྱང་། ངོ་བོ་རྒྱལ་བའི་ཡེ་ཤེས་གཅིག་ཉིད་རྣམ་པ་གང་ལ་གང་འདུལ་གྱི་ཚུལ་དེ་དང་དེར་སྣང་བའི་ང་རྒྱལ་བསྐྱེད་དགོས། བསྐྱེད་རིམ་ལ་གསལ་སྣང་མ་ཐོབ་པའི་མོས་སྒོམ་རབ་རིབ་ཙམ་ནི་རྣམ་པ་དང་དོན་སྤྱི་འདྲེས་པ་ཁོ་ན་ཡིན་ལ། སྐྱེས་བུ་གཅིག་ལ་དུས་སྐབས་གཅིག་ཏུ་གསལ་སྣང་ཤར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཡང་རྒྱུད་ཚོད་བཟང་ངན་ནི་མེད་དེ། ཐམས་ཅད་སྒྲུབ་པ་པོ་རང་གི་སེམས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །དེ་དག་ནི་རྣལ་འབྱོར་པ་རང་གི་ཡིད་ལ་ཤར་བའི་ཏིང་ངེ་འཛིན་གྱིས་སྤྱོད་ཡུལ་གྱི་གཟུགས་ཙམ་ཡིན་པས། དངོས་གནས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཡང་མ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ཡང་མ་ཡིན་ཏེ། འཁོར་བ་པའི་སེམས་ཀྱི་སྣང་བརྙན་ཡིན་པའི་ཕྱིར་རོ། །འཇིག་རྟེན་པའི་ལྷ་ཞེས་ཀྱང་མི་བྱ་སྟེ། དེ་དག་ལ་རྒྱུད་སོ་སོ་པ་གཞན་གྱིས་བསྡུས་པ་མེད་པས་རྣལ་འབྱོར་པ་དེའི་རང་གི་སེམས་


KMC015_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཁོ་ན་ལ་འཇིག་རྟེན་པའི་ལྷའི་ཐ་སྙད་མི་འཇུག་པའི་ཕྱིར་རོ། །དེས་ན་སྒྲུབ་པ་པོས་དངོས་སུ་བསྒོམས་པའི་དཀྱིལ་འཁོར་དེ་ནི་རང་གཅིག་པུའི་སེམས་ཀྱི་སྣང་བ་ཡིན་པས། ལྷ་ཚོགས་ལ་ངོ་བོ་བཟང་ངན་མེད་ཀྱང་སྔགས་དང་རྣམ་པ་སོ་སོ་ཡིན་པའི་རྟེན་འབྲེལ་གྱིས་ལྷ་དེ་དག་ལ་བྱེད་ལས་དང་ཕན་ཡོན་སོ་སོར་ཡོད་དོ། །འཇུག་རྟེན་ཀུན་རྫོ བ་ཉིད་ཀྱི་དབང་དུ་བྱས་ནས་ཐུན་མོང་གི་གྲུབ་པ་ཆེན་པོའམ། མཆོག་མ་ཐོབ་ཀྱི་བར་དུ་སྒྲུབ་པ་པོ་རང་ཉིད་ལྷ་ཡིན་པར་མི་འཇོག་ལ། ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་པའི་ལྷ་ཞེས་བཏགས་པ་ཐམས་ཅད་སྒྲུབ་པ་པོ་ཉིད་ལས་རྒྱུད་གཞན་པ་ལ་ཐ་སྙད་འདོགས་སོ། །ཐུན་མོང་གི་གྲུབ་པ་ཆེན་པོ་ཐོབ་ནས་ནི། སྒྲུབ་པ་པོ་རང་ཉིད་སྔགས་ཀྱི་ལྷར་འདུས་ལ། དེ་རང་གི་ངོ་བོ་འཁོར་བ་ལས་མ་འདས་པའི་ཕྱིར་འཇིག་རྟེན་པ་ཡིན་ཡང་། སྔར་བཤད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་འཇིག་རྟེན་པའི་ལྷ་ཞེས་ཀྱང་མི་བརྗོོད་དོ། །ཆོག་གི་དངོས་གྲུབ་ཐོབ་པ་ན་རྣལ་འབྱོར་པ་དེ་ཉིད་ཡེ་ཤེས་ཀྱི་ལྷ་ཡིན་ཏེ།


KMC015_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་སློབ་པ་དང་མི་སློབ་པ་གཉིས་ཡོད་མོད། སློབ་པས་ཀྱང་ཡེ་ཤེས་གཅིག་ལས་དཀྱིལ་འཁོར་མཐའ་ཡས་པ་སྤྲོ་ནུས་སོ། །ཡང་དོན་དམ་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་ལ་ནམ་དུ་ཡང་དབྱེ་བ་ཡོད་པ་མ་ཡིན་མོད། རྣམ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་གྲངས་དང་ཁ་དོག་ཚད་དང་ས་བོན་ངེས་པ་མཐའ་གཅིག་ཏུ་འཇོག་མི་ནུས་ལ། ཀུན་རྫོབ་གཟུགས་སྐུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ནི། ཡེ་ཤེས་གཅིག་གི་རྣམ་འཕྲུལ་ཐ་དད་པ་རང་བསྟན་པ་ཡང་ཡོད། སྔོན་གྱི་ལུས་རྗེས་སུ་འབྲང་བའི་སྒོ་ནས་རྒྱུད་ཐ་དད་པའི་ཐ་སྙད་གདགས་སུ་རུང་བ་ཡང་ཡོད། གཙོ་བོ་སངས་རྒྱས་ལ་འཁོར་སློབ་པ་དང་སོ་སོ་སྐྱེ་བོའང་ཡོད་པའི་ཕྱིར། རྒྱུད་ཐ་དད་པའི་ལྷ་ཚོགས་ཀྱང་ཡོད་པས་ཐམས་ཅད་རྒྱུད་གཅིག་ཏུ་མ་ངེས་སོ། །མ་ཚིག་པ་དང་ཡེ་ཤེས་པ་ཞེས་བྱ་བ་དེའང་ཇི་ལྟ་བུ་ཡིན་སྙམ་ན། དམ་ཚིག་པ་ནི་སྔར་སློབ་དཔོན་གྱིས་དབང་བསྐུར་བའི་དུས་ཀྱི་བྱིན་གྱིས་བརླབས་པའི་སྔགས་ཀྱི་རྒྱུན་སློབ་མའི་སེམས་རྒྱུད་ལ་འཕོས་པ་ན། དེའང་


KMC015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཆོས་ཉིད་ལ་ཕན་འདོགས་ཤིང་མཐུན་པའི་ཆོས་ཡིན་པས། ཆོས་དབྱིངས་དེའི་ནུས་པ་དང་ཅུང་ཟད་འདྲེས་པས་གཞན་དགེ་བའི་ཆོས་སྤྱོད་པ་རྣམས་ཀྱང་དེའི་གྲོགས་སུ་འགྱུར་ཞིང་། སྔགས་ཀྱི་བྱིན་རླབས་ཀྱི་རྒྱུན་དེ་རྒྱུར་བྱས་ནས། དང་པོར་དབང་དང་ཕྱིས་བསྐྱེད་རིམ་གྱི་དུས་སུ་དེ་ལྷའི་རྣམ་པ་ཅན་ཏུ་བཞེངས་པར་འགྱུར་ཏེ། དེ་ལ་གསལ་སྣང་རགས་པ་ཐོབ་པ་ན། དེ་ལྷ་སྐུར་གྱུར་པ་ཞེས་བྱའོ། །དེ་འདྲའི་ལྷ་དེ་སེམས་སྣང་ཙམ་ལས་རྒྱུད་ལོགས་པ་མེད་ཀྱང་། གཞན་རྒྱུད་ལྟར་སྣང་བའི་ཡེ་ཤེས་ལྷ་རྣམས་ཀྱི་བྱིན་རླབས་ཞུགས་ཏེ། ཀུན་རྫོ་བ་སྒྱུ་མ་ལྟ་བུའི་ཚུལ་དུ་རང་དང་འདྲེས་ནས་བཞུགས་ལ། རང་དང་རེས་འགའ་གཅིག་པ་དང་རེས་འགའ་ཐ་དད་པའི་རྣམ་པར་སྣང་བ་དེ་ནིི་བསྐྱེད་རིམ་གྱི་དམ་ཚིག་སེམས་དཔའ་དངོས་ཡིན་ལ། ལྷ་དེ་རང་ལས་ལོགས་པའི་སེམས་དང་ལྡན་པ་མིན་ཡང་། སྒྲུབ་པ་པོ་རང་ཉིད་ཀྱིས་སྤྱོད་པར་མི་ནུས་པའི་སེམས་ཅན་གྱི་དོན་མང་པོ་བྱེད་དོ། །དེས་སྒྲུབ་པ་པོ་ཁ་ཅིག་ལ་འཇམ་ཞིང་བདེ་བ་ཁོ་ནས་


KMC015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྒྲུབ་པར་ཡང་བྱེད་ལ། ཁ་ཅིག་ལ་ནི་རེ་ཞིག་དངོས་གྲུབ་མི་སྩོལ་བ་དང་། གཞན་འགའ་ལ་ནི་འཁུ་བའི་ཚུལ་འབྱུང་ཞིང་། ནད་དང་གནོད་པ་ལ་སོགས་པར་འགྱུར་བ་ཡང་ཡོད་དོ། །དེ་དག་ཀྱང་སྒྲུབ་པ་པོ་རང་ཉིད་ཀྱི་ལས་ཀྱི་སྒྲིབ་པ་ཆེ་ཆུང་དང་། དགེ་བའི་བསགས་པ་ཆེ་ཆུང་དང་དམ་ཚིག་དག་མ་དག་གི་དབང་ལས་སྣང་བ་ཡིན་གྱི། སྔགས་ཀྱི་ལྷ་ལ་རྣམ་རྟོག་ཀྱང་མེད་ཅིང་རང་ལས་གཞན་ཏུ་གྲུབ་པའང་མེད་དེ། དཔེར་ན་འཁྲུལ་འཁོར་གྱི་མེ་འཁྲུལ་འཁོར་མཆོག་ལ་བྱང་བ་ཞིག་གིས་སྐྱེ་བོ་ངན་པ་ལ་རྡེག་ཅིང་གསོད་པ་དང་། བཟང་པོ་འགའ་ཞིག་ལ་རིམ་གྲོའི་བྱ་བ་བྱེད་པ་དང་འདྲ་སྟེ། སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའོ། །དེས་ན། གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། ཅེས་སོགས་གསང་འདུས་སྐོར་ལས་གསུངས་པའི་དོན་ཏེ་དུས་འཁོར་ལས་ལྷ་བསྲེགས་པ་སོགས་དང་། རྡོ་རྗེ་གུར་ལས་ཕུར་བུས་གདབ་པ་སོགས་ཀྱང་གནད་འདི་ལ་བརྟེན་པ་ཡིན་པས། རང་གི་


KMC015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་བཀོད་པའི་གཟུགས་བརྙན་དངོས་གྲུབ་སྒྲུབ་པར་བྱེད་པའི་སྤོགས་ཆོག་གི་ཁྱད་པར་ཞིག་ཡིན་གྱི། གཞན་རྒྱུད་ཀྱི་ལྷ་ལ་གནོད་པར་འགྱུར་བ་ནི་ནམ་ཡང་མ་ཡིན་ནོ། །འདི་དང་སངས་རྒྱས་དངོས་ཀྱི་བྱིན་རླབས་འདྲེས་ཏེ། སྒྲུབ་པ་པོའི་བློའི་སྣང་བ་ལ་རྒྱུད་གཞན་གྱིས་བསྡུས་པའི་ཡི་དམ་ལྷར་སྣང་ནས་རང་ལ་དངོས་གྲུབ་བསྩོལ་བར་སྣང་བ་ཡང་ཡོད་ཅིང། རང་གི་ལུས་ངག་ཡིད་རྣམས་སྔགས་ཀྱི་ལྷ་དེའི་ངོ་བོར་ཐིམ་པར། བསྐྱེད་རིམ་པ་རགས་པའི་ལུས་དག་སྟེ། འདོད་གཟུགས་ཀྱི་རིག་འཛིན་དུ་གྱུར་པའི་རྣམ་གཞག་བྱེད་ལ། གོང་དུ་བཤད་པའི་རིག་སྔགས་ཀྱི་ནུས་པ་དང་བྱིན་རླབས་སེམས་ལ་བཞག་པ་དེ་ནི་ཀུན་རྫོབ་བདེན་པས་བསྡུས་པའི་སྔགས་སྡོམ་གྱི་ངོ་བོ་རང་རྐང་ཚུགས་པ་ཡིན་པར་ཤེས་པར་བྱའོ། །ཡེ་ཤེས་པ་ནི་དོན་དམ་ལ་ལྟོས་ན་རང་གི་དབྱིངས་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པ་ཡིན་མོད། ཀུན་རྫོབ་གནས་སྐབས་སུ་སྔར་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱས་ནས་སངས་རྒྱས་ཐོབ་ཟིན་པའི་ལྷ་གཞན་རྒྱུད་ལྟར་སྣང་བ་


KMC015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིན་ཅིང་། བསྐྱེད་རིམ་དངོས་མའི་སྐབས་འདིར་ནི་ཀུན་རྫོབ་ལ་ལྟོས་ཏེ་བཞག་པས་གོ་དོན་དེ་ལྟར་བློ་ལ་བཞག་ནས་བསྒོམ་དོན་འཕྲོད་ངེས་ལས། ལྟ་བ་མཐོ་མཐོ་མོའི་སྟོང་ཤོབ་ཀྱིས་བསྐྱེད་རྫོགས་གང་གིའང་ལམ་དུ་མི་འགྱུར་པའི་རང་མགོ་བསྐོར་བ་མི་བྱའོ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་ན་དམ་ཚིག་པ་དང་ཡེ་ཤེས་པའི་དབང་པོ་དང་ལུས་ཀྱི་ཆ་ཤས་ཕྲ་མོ་རྡུལ་ཕྲ་རབ་ཀྱི་བར་དུ་ཐ་མི་དད་དུ་བསྲེ་དགོས་པར་དེ་ཉིད་འདུས་པ་ལས་གསུངས་པ་ལྟར་རོ་མཉམ་དུ་སོང་བའི་མོས་པ་བརྟན་པོར་བྱའོ། །དབང་བསྐུར་བ་ན་བྱང་སེམས་ཀྱི་རང་བཞིན་གྱི་ཆུ་རྒྱུན་ཕལ་ཆེ་བར་བུམ་པ་ནས་དང་ཁ་ཅིག་ཏུ་ཐོད་པའི་ནང་ནས་དབང་བསྐུར་བར་གསུངས་ཏེ་ཡེ་ཤེས་ཀྱི་ཆུས་བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་འཁྲུད་པའོ། །སྒྲུབ་ཐབས་མཚོ་སྐྱེས་ལས་དབང་བཞི་ཀ་བསྐུར་བར་གསུངས་པ་བཞིན་རྔོག་ཞེ་སྡང་རྡོ་རྗེ་སོགས་ཀྱིས་མཛད་ཀྱང་སྒྲུབ་ཐབས་དཀྱུས་ལ་མི་འབྱུང་བ་ནི་བསྡུས་པ་ལ་དགའ་བའི་དོན་ཏུ་བྱས་


KMC015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པར་མངོན་པས་དགྱེས་རྡོར་བསྙེན་པའི་སྐབས་ལྟ་བུར་ཟུར་འདེབས་སྦྱར་ན་ལེགས་སོ། །རྒྱས་གདབ་རྣམ་པ་ལྔ་རུ་རྗེ་བཙུན་གྲགས་པས་བསྡུས་ཤིང་ཐམས་ཅད་དེའི་རྗེས་སུ་འབྲང་བ་དེ་ཉིད་དགྱེས་རྡོར་ལྟ་བུ་ལའང་ཐམས་ཅད་ཚང་ཞིང་། ངོ་བོ་ཉིད་ལ་ཉིད་ཀྱིས་རྒྱས་གདབ་པ་ནི་རྒྱས་འདེབས་བྱེད་དབུ་རྒྱན་རྣམས་ཀྱི་སྤྱི་བོར་ཡང་རང་རིགས་ཀྱི་ཕྱག་མཚན་གྱི་རྒྱས་གདབ་པར་བསྒོམ་དགོས་སོ། །ས་འདེབས་ཀྱི་ལྷ་ནི་དུས་འཁོར་ལྟ་བུའི་དམིགས་བསལ་མ་གཏོགས་ལོངས་སྐུའི་རྣམ་པ་ཁོ་ན་བསྒོམ་པ་ཡིན་ནོ། །མཆོད་བསྟོད་སྐབས་ལྷ་མོ་རྣམས་རང་ལས་སྤྲུལ་པ་དང་། ཆོས་ཀྱི་དབྱིངས་ལས་རང་བྱུང་དུ་བྱུང་བར་བསྒོམ་པའི་ལུགས་གཉིས་ལས། གཉིས་ཀའང་དེ་དག་གིས་བདག་ཉིད་ལྷའི་དཀྱིལ་འཁོར་ལ་མཆོད་རྫས་ཕུལ་ཞིང་བསྟོད་ནས་མཐར་རང་གི་གནས་སོ་སོར་ཐིམ་པར་མོས། ཨ་བྷ་ཡས་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་བསྡུས་ཏེ་དེ་རྣམས་ཀྱིས་མཆོད་བསྟོད་གསོལ་འདེབས་བྱེད་པར་མོས་པའང་གསུངས། བདུད་རྩི་


KMC015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་བ་ལ། ནང་གི་བདུད་རྩི་མྱང་བ་ནི་ཡབ་ཡུམ་མཉམ་སྦྱོར་གྱི་བྱང་སེམས་དཀར་དམར་ལས་སྐྱེས་པའི་བདེ་ཆེན་པོའི་བདུད་རྩིས་ཐུགས་ཚིམས་པར་བསམ་པ་ཡིན་ལ། ཕྱིའི་བདུད་རྩི་འབུལ་བའི་སྐབས་བརྒྱུད་པའི་བླ་མ། ཡི་དམ་ལྷ་ཚོགས། ཆོས་སྐྱོང་སྲུང་མ། གཞན་ཡང་ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱང་ཡི་དམ་དུ་གསལ་བ་ལ་མཆོད་པར་མོས། བདུད་རྩིའི་སྣོད་དཀྱིལ་འཁོར་གྱི་ལྷའི་གྲངས་མཉམ་དུ་བསྒོམ་ཞིང་འབུལ་བ་མན་སྙེར་བཤད། ལས་རྒྱལ་མཆོག་གྲུབ་ནས་གསལ་སྣང་དང་ང་རྒྱལ་ལ་སེམས་འཛིན་ཡུན་རིང་བྱ་ཞིང་ལྷར་སྣང་སྤྲོས་བྲལ་གྱི་རིག་ངོར་མཉམ་པར་བཞག །བཟླས་པ་སོགས་གྲུབ་ནས་ཐུན་བསྡུ་བའི་རིམ་པ་ལ་འཇུག་ཅིང་། ཐུན་མཚམས་ཀྱི་ལྷ་སྐུ་ཐམས་ཅད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཡིན་པར་མོས་ལ་གནས་གསུམ་བསྲུང་བ་དང་། གོ་ཆ་ཡོད་པའི་རིགས་ལ་ནན་ཏན་ཏུ་གསལ་བདེབས་པར་བྱ་སྟེ་བར་ཆད་བསྲུང་བའི་དགོས་པ་ཡོད་དོ། །དཀྱིལ་འཁོར་བསྡུས་


KMC015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟུང་འཇུག་གི་སྐུར་མ་ལྡངས་པའི་གོང་སོགས་སྒྲུབ་ཐབས་ནང་བཤད་པའི་སྐབས་སོ་སོར་རྫོགས་རིམ་ཡང་ཇི་ལྟར་རིགས་པ་བསྒོམ་དགོས་ཏེ་ནཱ་རོ་དང་མར་རྔོག་ཡབ་སྲས་ཀྱི་ཕྱག་བཞེས་ཡིན་ཚུལ་སྔར་སྨོས་པ་ལྟར་དང་། མགར་འབུམ་དང་རྩག་འབུམ་དུ་འབྲུ་གཉེར་ནས་ནན་ཏན་ཏུ་བཤད་པ་མ་ཟད་གོང་སྨོས་སྒྲུབ་ཐབས་ཁུང་ལྡན་ཤིན་ཏུ་མང་པོ་དང་། དུས་འཁོར་རྒྱུད་འགྲེལ་ལས་རྣམ་བཞག་གསལ་བར་གསུངས་པའི་ཕྱིར་རོ། །དེང་སང་ཕྱག་ལེན་མི་བྱེད་པ་ནི། སྔོན་དུས་བཀའ་བརྒྱུད་གྲུབ་པའི་དབང་ཕྱུག་རྣམས་བསྐྱེད་རིམ་རྐྱང་པ་དང་གྲངས་བསྙེན་ལ་གཙོ་བོར་མི་མཛད་པར་ཐོག་མར་བདེ་ཕག་ལྟ་བུའི་བསྙེན་པ་ཚད་ལྡན་རེ་དུས་ཐུང་དུས་རྫོགས་པར་མཛད་ནས། སླར་སྐུ་ཚེ་དེ་ལ་རྫོགས་རིམ་ཁོ་ནར་བསྒྲིལ་བའི་སྤྱན་ལྟོས་དཀྱུས་སུ་ཤོར་བ་ཡིན་མོད། ད་ལྟ་ནི་དེ་འདྲའི་རྣམ་ཐར་འཁྱོགས་མཁན་མ་མཐོང་བས། མཚན་ཙམ་ཡང་ཐོས་པར་དཀའ་བའི་རྒྱུད་སྡེ་རིན་པོ་ཆེ་སངས་རྒྱས་ཀྱི་ཉེ་ལ་རྡོ་རྗེ་འཆང་གི་གསང་ཚིག་


KMC015_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་སུག་པར་སྤྱོད་པའི་སྐལ་པ་བཟང་པོ་འདི་ལྟ་བུ་དང་ལྡན་པའི་སྐབས་ཉམས་རྟོགས་ཇི་བཞིན་མ་སྐྱེས་རུང་འབྲེལ་པ་འཇོག་ཙམ་རེ་བྱུང་ན་ལྟར་སྣང་གི་དགེ་བ་མི་ཚེ་གཅིག་ཏུ་བྱས་པ་ལས་ཀྱང་དགའོ། །ཐུན་མཚམས་གཏོར་མའི་རྣལ་འབྱོར་ལ་སོགས་པ་ནི་སྒྲུབ་ཐབས་སོ་སོ་རྣམས་སུ་བཤད་པ་སོགས་ལས་ཤེས་པར་བྱའོ།། ༈ །།གཉིས་པ་རྒྱུད་སྡེ་སོ་སོའི་སྒོས་ཆོས་བཤད་པ་ལ། དང་པོ་མ་རྒྱུད་དགྱེས་པ་རྡོ་རྗེའི་བསྙེན་ཚུལ་ལའང་གཉིས། གཞན་ལུགས་གོ་བྱར་བཀོད། རང་ལུགས་ལག་ལེན་ཏུ་བཤད་པའོ། །དང་པོ་ནི། ས་ལུགས་ལ་སྔོོན་འགྲོ་ཟླ་གཅིག་དང་། དངོས་གཞིར་ཟླ་བ་དྲུག་སྟེ་བདུན་གཏོང་བ་ཡིན་ཅིང་། རྒྱུད་རྐྱང་པའི་ལུགས་ལ་སྔོན་འགྲོ་རྣམས་ངེས་པར་མི་དགོས་ཀྱང་། ལམ་འབྲས་དང་འབྲེལ་བའི་དབང་དུ་བྱས་ན་ཤིན་ཏུ་གལ་ཆེ་བར་བཞེད། དེ་ཡང་སྐྱབས་འགྲོ། རྡོར་སེམས། བླ་མཆོད་དང་འབྲེལ་བར་མཎྜལ། སྲུང་འཁོར་རྣམས་རེ་རེ་ལའང ཞག་བདུན་ནམ་ལྔ་རེ། དངོས་གཞི་ཨཥྚ་བཞི་འབུམ།


KMC015_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ་པི་ཙུ་ངོར་ལུགས་ལ་ཉིན་རེ་སོགས་ཅི་ནུས། ཚར་ལུགས་ལ་ངེས་པར་བཞི་འབུམ། ཀརྟཱ་རི་ཚར་ལུགས་ལ་བཞི་ཁྲི་དང་། ངོར་ལུགས་ལ་ཉིན་རེ། རྣལ་འབྱོར་མ་རྣམས་ཀྱི་ཕྲེང་སྔགས་ཉིན་རེ། ཡུམ་གྱི་སྔགས་བཞི་འབུམ། འཁོར་བརྒྱད་ལ་བཞི་ཁྲི། རྡོར་སློབ་དགོས་པ་རྣམས་ཀྱིས་ཡེ་ཤེས་འབེབས་སྔགས་ཉིན་བདུན་རེ་སོགས་ཅི་ནུས། དེ་ནས་གཏོར་བསྔོ་རྒྱ་རྩ་དང་བསྐང་གསོ་ཚོགས་འཁོར་སོགས་རྒྱས་པར་མཛད་ཅིང་། ལམ་དུས་འདོན་རྒྱུ་མང་བས་བསྙེན་གྲངས་ལ་གནོད་དོགས་ཐུན་གསུམ་རེ་ཁོ་ནར་བྱེད་སྲོལ་སྣང་། འདིར་རྩ་སྔགས་གཙོ་བོར་མཛད་པའང་། ནག་པོ་གཞུང་འགྲེལ་ལས། འཁོར་ལོའི་བདག་པོའི་རྩ་བའི་སྔགས་དང་། བདག་མེད་མའི་སྔགས་འབུམ་ཕྲག་རེ་རེ་བཟླས་པས་སྔོན་ཏུ་བསྙེན་པ་བྱའོ། །ཞེས་གསུངས་པའི་དགོངས་པར་མངོན་ནོ། །གཉིས་པ་ནི། གོང་དུ་སྨོས་པའི་སྦྱོར་དངོས་རྗེས་གསུམ་རྒྱས་པར་གྲུབ་ན་དེ་བཞིན་ལག་ཏུ་ལེན་པ་སྨོས་མ་དགོས། ཅིས་ཀྱང་མི་འགྲུབ་ན་འདིར་རྒྱུད་ཀྱང་ལུགས་


KMC015_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སྔོན་འགྲོ་གང་འགྲུབ་ཙམ་དང་། མཁའ་འགྲོ་སྤྱི་གཏོར་མང་དུ་འབུལ། སྤྱིར་སྔོན་འགྲོ་རྒྱས་བསྡུས་གང་བྱས་ཀྱང་། དགྱེས་རྡོར་གྱི་བསྲེ་འཕོ། འདུས་པའི་རིམ་ལྔ་ལྟ་བུའི་སོ་སོའི་ཁྲིད་ཡིག་དམིགས་བསལ་ཡོད་པ་ལ་དེ་དག་གི་གླད་ནས་འབྱུང་བ་ལ་ཐུན་དུ་བཅད་དེ་ཇི་ཙམ་འགྲུབ་པར་བྱས་ན་དངོས་གཞི་བསྐྱེད་རྫོགས་སྟན་ཐོག་གཅིག་ཏུ་བསྒོམ་པ་སོགས་ལ་འབྲེལ་ཆགས་ཤིང་ཤིན་ཏུ་ལེགས་པར་འགྱུར་རོ། །དེ་ནས་བསྙེན་པ་ལ་འཇུག་སྟེ། བདུད་རྩི་བྱིན་རླབས་ནས་བརྩམས་བཟླས་པའི་བར་མཐར་ཆགས་སུ་བཏང་བ་ལས། སྔོན་གཏོར་ཉིན་དང་པོར་བཏང་། ཉིན་གཞན་རྣམས་སུ་མ་འགྲུབ་ནའང་ཆོག །འགྲུབ་ན་ཐོར་ཐུན་ལ་རེ་རེ། སྲུང་འཁོར་ཉིན་ཁ་ཤས་ལ་སྔགས་གྲངས་སོགས་རྒྱས་པར་བྱ། ཐུན་བར་མ་གཉིས་ལ་བཞག་ཀྱང་ཆོག །ནུས་ན་བསྐྱེད་ཟིན་མ་ཐག་བཟླས་པ་གསུམ་མམ་བདུན་ཙམ་རེས་འཐུས། ཡེ་ཤེས་གཞུག་པ་སོགས་མི་དགོས། བདུད་རྩི་འབུལ་བ་བརྒྱུད་པའི་མཚན་ནས་སྨོས་པའང་ཐུན་དང་


KMC015_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་མི་དགོས། ཕྲེང་བ་བྱིན་རླབས་ཀྱང་ཐོག་མར་སྔགས་བརྒྱ་རྩ་འགྲོངས་ཀྱིས་བྱིན་བརླབ། དཀྱུས་སུ་གསུམ་རེ་ཙམ་བྱ། བཟླ་བྱའི་སྔགས། རྗེ་མར་པའི་མདོ་སྦྱར་ལས། གཙོ་བོའི་སྙིང་པོ་ལ་འབུམ། འཁོར་ལྷ་མོ་བརྒྱད་ལ་ཁྲི་ཕྲག་རེ་བཟླས་ཏེ། རྩ་རྒྱུད་ལས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་ལུང་འདྲེན་པར་མཛད་ཅིང་། རིན་ཆེན་རྒྱན་འདྲར། བརྟག་པ་ཕྱི་མའི་ལེའུ་ལྔ་པར། ཨཥྚ་གསུངས་པའི་གོང་དུ། བཟླས་པ་འབུམ་གྱིས་རྣལ་འབྱོར་བདག །ཀྱེ་ཡི་རྡོ་རྗེའི་རྣལ་འབྱོར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་ནི། །འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །ཅེས་གསུངས་པའི་དོན་ལས་བསྒྲུབ་པ་ལ་སྔོན་ཏུ་ཨཥྚ་འབུམ་དང་ལས་སྦྱོར་སྐབས་ཁྲི་བཟླ་བར་བཞེད། རིན་ཆེན་བཟང་པོ་སོགས་ཀྱིས་སྙིང་པོ་ཉེ་སྙིང་རྩ་སྔགས་གང་རུང་ངམ་རང་དོན་ལ་རྩ་སྔགས་ཁོ་ན་བཟླ་བའང་བཤད་གསུངས། མགར་འབུམ་དུ་བསྙེན་པ་ལ་ཨཥྚ་འབུམ། སྒྲུབ་པ་ལ་ཁྲི་ཞེས་རྒྱུད་ཀྱི་འབྲུ་


KMC015_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མནན། དེས་ན་ཁ་ཅིག་གིས་རྩ་སྔགས་ཨཥྚ་གཙོ་བོར་མཛད་ཀྱང་། རྔོག་ལུགས་ཡིག་ཆ་རྣམས་སུ་མདོ་སྦྱར་རྗེས་སུ་འབྲང་བ་ཤ་སྟག་དང་། ལོ་ཆེན་བསོད་ནམས་རྒྱ་མཚོ་དང་སྤྱན་སྔ་རྣམས་ཀྱིས་ཀྱང་དེ་ཀ་བསྐྱར་ཟློས་མཛད་པས། མཆོག་སྒྲུབ་ལ་སྙིང་པོ་དེ་བ་པི་ཙུ་དང་། ལས་སྦྱོར་ལ་ཨཥྚ་གཙོ་བོར་མཛད་པ་ལྟར་སྣང་། དེས་ན་ལག་ལེན་ལ། སྙིང་པོ་འབུམ་ཕྲག་བཞི། ཉེ་སྙིང་འབུམ་ཕྲག་སོགས་ཇི་ལྟར་འོས་པ། རྩ་སྔགས་འབུམ་ཕྲག་གཅིག །འཁོར་སྔགས་བཞི་ཁྲིར་བཟླ་ཞིང་ཅིས་ཀྱང་མི་འགྲུབ་ན་རྩ་སྔགས་བཞི་ཁྲི་ཙམ་བཟླས་ཀྱང་ལས་རུང་དུ་མངོན། ཡུམ་སྔགས་ནི་འབུམ་ཕྲག་གམ་བཞི་ཁྲི་ཙམ་བཟླས་ཀྱང་ལྷག་པའི་སྐྱོན་ནམ་ཡང་མེད་པ་མ་ཟད་ཡུམ་བསྙེན་སྒེར་དུ་གྲུབ་ན་དེའང་དགོས་མོད། རྗེ་མར་རྔོག་རྣམས་ཀྱིས་ལྷ་མོ་བཅོ་ལྔའི་འཁོར་ལོའི་བདག་མོ་བདག་མེད་མའི་བསྙེན་པ་ཟུར་དུ་བྱ་བར་བཤད་ཅིང་མཛད་པའི་ཕྱག་རྒྱུན་བར་མ་ཆད་པར་འབྱུང་བར་དེ་ལྟར་གྲུབ་ན་ཆེས་ལེགས་སོ། །ཐུན་མཚམས་རེ་རེ་བཞིན་


KMC015_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འབུལ་གྲུབ་ན་མཆོད་བསྟོད་ཟུར་དུ་མི་དགོས་ལ། གཏོར་འབུལ་རེ་རེ་བཞིན་མ་གྲུབ་ན། མདོ་སྦྱར་དུ། དེ་རྣམས་ཀྱི་ཐུན་ཞབས་ཐམས་ཅད་དུ་མཆོད་པ་ལྔ་དང་བསྟོད་པ་བྱས་ཏེ་ཡི་གེ་བརྒྱ་པ་བཟླས་ཏེ་སྨོན་ལམ་བཏབ་ལ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་ལས་དང་པོ་པའི་སྤྱོད་ལམ་ཅི་རིགས་བྱའོ། །ཞེས་གསུངས་པ་ལྟར་རོ། །སྲོད་ཐུན་གཏོར་འབུལ་གྲུབ་མཚམས། དུད་སོལ་མའི་གཏོར་ཆོག་ཀྱང་ངེས་པར་བྱ་དགོས་སོ། །དམིགས་གནད་མངོན་རྟོགས་སུ་ཕལ་ཆེར་ཚང་ཞིང་གསལ་བ་ལྟར་ལ། ཐོག་མར་ལས་ཀྱི་ཧེ་རུ་ཀ་ནི་མཐིང་ནག་གཡས་རྡོ་རྗེ། གཡོན་ཐོད་པ་བསྣམས་པ། གྲུ་མོར་ཁ་ཊྭཱཾ་ག་དང་ཕྱག་རྒྱ་དྲུག །མགོ་ཕྲེང་གིས་བརྒྱན་པ། དབུ་སྐྲ་སེར་པོ་གྱེན་བརྫེས། ཞབས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་རོ་དང་ཉི་མ་ལ་བཞུགས་པར་མོས། གཏོར་མ་བྱིན་རླབས་སྐབས་ཀྱི་རྒྱུངས་པ་ནི་སྒལ་ཀླད། བསྒོམ་དོན་གཞན་གོ་སླའང་། རྫས་བཅུ་ཐམས་ཅད་ཀྱི་ཕྱིའི་དབྱིབས་ཀྱི་རྣམ་པ་ༀ་དཀར་པོ་སྐུ་རྡོ་རྗེའི་རང་


KMC015_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རེ་རེ་གསལ་བ་ནི་རྫས་དེ་རྣམས་སྦྱང་བའི་དོན་དང་། ༀ་གྱི་སྲོག་ཏུ་གནས་པའི་ཨ་དེ་རིང་པོ་རྣམས་བཅད་ཅན་ཏུ་བྱས་པ་ཨཱཿདམར་པོ་གསུང་རྡོ་རྗེའི་རང་བཞིན་དུ་གནས་པ་ནི་རྒྱས་པར་བྱེད་པའི་དོན་དང་། རླུང་གིས་བསྐྱོད། མེ་སྦར་ཡི་གེ་གཉིས་ཀྱིས་འོད་ཟེར་སྤྲོ་བའི་ཡུལ། ཕྱེད་ཤེས་རབ་ཀྱི་ངོ་བོ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཐབས་ཀྱི་ངོ་བོའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་ཐུགས་རྡོ་རྗེའི་རང་བཞིན་ནི་སྦར་བར་བྱེད་པའི་དོན་ཏེ། ༀ་དང་དེའི་སྲོག་གི་ཨཱཿགཉིས་ཞུ་བ་དམ་ཚིག་གི་བདུད་རྩི་ལ། ཡི་གེ་ལན་གསུམ་བརྗོད་པའི་མཐར་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་མོས། འདིར་ཐོད་སྒྱེད་མེད་པ་ནི་ཆད་པ་མིན་ཏེ་བརྟག་གཉིས་སཾ་ཊ་རྡོ་རྗེ་མཁའ་འགྲོ་རྣམས་ལས་མ་བཤད་ཅིང་། སྡོམ་འབྱུང་ལས་ཡོད་པར་བཤད་པའི་ལུགས་ཀྱིས་འདྲ་མི་རྒྱ་གཞུང་སོ་སོ་ལྟར་བྱ་དགོས་པས་སོ། །ཚོགས་ཞིང་མཆོད་པ་ལ་མགར་འབུམ་དུ་ཕྱི་ནང་གསང་མཆོད་ཅེས་འབྱུང་ཡང་ཕྱག་ལེན་ཏུ། དཀར་


KMC015_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རི་དྭགས་སོགས་རྒྱུད་ཚིག་ཁོ་ནས་མཛད་པ་སྟེ་མན་སྙེ་དང་། འགྲེལ་པ་སྤྱན་འབྱེད་དུ། ཅང་ཏེའུ་ཕྱི་མཆོད། ལྷ་མོ་གཞན་ནང་མཆོད། ཌོམྦི་ནཱི་གསང་མཆོད། དེའི་ཉམས་མྱོང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚང་བར་གསུངས། དེའང་རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ལྷ་མོ་བརྒྱད་ཚོགས་ཀྱི་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་འཁོད་ནས་མཆོད་པ་སྟེ། ཤར་ནས་གོ་རཱི་ནག་མོས་བདུད་རྩི་བྱང་སེམས། ལྷོར་ཙོ་རཱི་དམར་མོས་པདྨ་རཀྟ། ནུབ་ཏུ་བེ་ཏཱ་ལི་སེར་མོས་དྲི་ཆུ། བྱང་དུ་གྷསྨ་རཱི་ལྗང་གུས་དྲི་ཆེན། བྱང་ཤར་དུ་པུཀྐ་སཱི་སྔོན་མོས་ཤ་ལྔ། ཤར་ལྷོར་ཤ་བ་རི་དཀར་མོས་ཆང་སྣ་སྟེ། དེ་རྣམས་སོ་སོས་ཐོད་པ་བཀང་བས་མཆོད་པ་དང་། ལྷོ་ནུབ་ཏུ་ཙཎྜ་ལཱི་སྔོན་མོས་ཅང་ཏེའུའི་སྒྲ་སྒྲོགས་པ་དང་། ནུབ་བྱང་ཌོམྦི་ནཱི་ཁྲ་མོས་སྙོམས་འཇུག་གིས་མཆོད་པ་སྟེ་གཙོ་བོའི་ཡུམ་དང་དབྱེར་མེད་དུ་གྱུར་ཅིང་། རྣལ་འབྱོར་མ་བརྒྱད་དཔའ་བོའི་རྣམ་པར་བསྒྱུར་ནས་རོལ་པར་མོས་གསུངས། རེ་རེ་བཞིན་སེ་གོ་ལ་གཏོགས། ཡེ་ཤེས་ཚོགས་


KMC015_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་སྐབས་སྣོད་བཅུད་བསྡུས་ནས་སེམས་སྣང་ནཱ་ད་ཤིན་ཏུ་ཕྲ་མོ་སྐྲ་རྩེ་རྒྱར་གཤགས་པའི་ཚལ་པ་ཙམ་དུ་གནས་པ་ལས་ཤཱུ་ནྱ་ཏཱའི་རང་སྒྲ་བྱུང་བ་བསྒོམ། སྐབས་འདིར་རམ་ལུགས་འགྲེལ་པ་རིན་ཆེན་ཕྲེང་བར། ཡེ་ཤེས་ཀྱི་ཚོགས་དེས་ནི། འཆི་བ་འོད་གསལ་ཆོས་སྐུའི་བདག་ཉིད་ཡིན་པ་ལ་དེ་ལྟར་མ་ཤེས་པ་དེ་སྦྱོང་བའོ། །དེའི་ངང་ལས་ནཱ་དར་ལངས་པ་ནི། བར་དོའི་སྲིད་པ་ལོངས་སྐུའི་བདག་ཉིད་ཡིན་པ་ལ་དེ་ལྟར་མ་ཤེས་པ་དེ་སྦྱང་བྱའོ། །ཀུན་རྫོབ་སྲུང་བ་མན་ཆད་ནི་སྐྱེ་བའི་སྲིད་པ་སྤྲུལ་སྐུའི་བདག་ཉིད་ཡིན་པ་ལ་དེ་ལྟར་མ་ཤེས་པ་དེ་སྦྱོང་བའོ། །ཞེས་འཆད་པ་ནི། ནཱ་རོ་པ་ཡབ་སྲས་ཀྱི་ཐུགས་ཀྱི་བཅུད་ཡིན་པས་གཞན་ལས་ཁྱད་པར་འཕགས་སོ། །སྲུང་འཁོར་ཐུན་མོང་མ་ཡིན་པ་བསྒོམ་ན། འཁོར་ལོ་རྩིབས་བཅུའི་ལྟེ་བ་ཤིན་ཏུ་རྒྱ་ཆེ་བ་དང་། ཧཱུྃ་མཛད་ཞུ་བའི་རྗེས་སུ་དཀྱིལ་འཁོར་གྱི་ཆོས་འབྱུང་སོགས་བསྒོམ་པར་བཞེད། བསྐྱེད་ཆོག་ནི་ཡན་ལག་དྲུག་ལྡན་གྱི་ཆིངས་ཏེ། དེའང་གུར་ལས། ཕོ་བྲང་སངས་


KMC015_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམ་སྣང་མཛད། །རྗེས་སུ་ཆགས་པ་རྡོ་རྗེ་སེམས། །དབང་ནི་མི་བསྐྱོད་རྡོ་རྗེ་དག །བདུད་རྩི་མྱང་བ་འོད་དཔག་མེད། །མཆོད་པ་དོན་ཡོད་གྲུབ་པ་སྟེ། །བསྟོད་པ་རིན་ཆེན་འབྱུང་ལྡན་ནི། ཞེས་གསུངས་པ་ལྟར་ལ། ཐོག་མར་གཞལ་ཡས་ཁང་གི་སྐབས། ཆོས་འབྱུང་པདྨ་སྣ་ཚོགས་རྡོ་རྗེ་རྣམས་གདན་ཡིན་ཅིང་དེའི་སྟེང་དུ་ས་ཆུ་མེ་རླུང་སྟེ་འབྱུང་བཞི་ལུགས་ལྡོག་གི་དཀྱིལ་འཁོར་སྟེང་ཟླ་བའི་ཆ་མཚོན་བྱེད་དང་། རྣམ་སྣང་གི་ཕྱག་མཚན་འཁོར་ལོ་དཀར་པོ་རྩིབས་སུམ་ཅུ་རྩ་གཉིས་པ་རྣམས་གསལ་བའི་དབུས་སུ། བར་སྲིད་ཀྱི་རྣམ་ཤེས་ཀྱིས་རགས་ལུས་ཀྱི་རྒྱུ་བདག་གིར་བྱས་པ་མཚོན་བྱེད། སྔར་གྱི་ནམ་མཁའི་ནཱ་ད་ལས་ཆ་གཅིག་སྐར་མདའ་ཆད་པ་ལྟར་བྱུང་ནས་ཞུགས་ཤིང་ཐམས་ཅད་འདྲེས་ཏེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ། འདིར་འབྱུང་བཞི་ལུགས་ཟློག་ཏུ་བསྒོམ་པ་ནི་ལུས་གྲུབ་པར་རྩོམ་པའི་སྐབས་རེག་པ་སྲ་བས་ཁམས་སོགས་རྒྱུད་ཀྱི་དངོས་བསྟན་སྦྱང་བྱའི་དོན་དང་བསྒྲིགས་ནས་རྒྱ་


KMC015_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་མང་པོ་དང་། ཁྱད་པར་ནཱ་རོ་པའི་ཞལ་ལུང་མར་རྔོག་ཡབ་སྲས་ཀྱི་བཞེད་པ་ཡང་དག་པ་ཡིན་ནོ། །སྒྱུབ་ཐབས་སུ་དུར་ཁྲོད་ཀྱི་མངོན་རྟོགས་བློ་འཛིན་བདེ་བ་ལ་བསམ་ནས་བསྡུས་པ་གུར་རིགས་བསྡུས་སོགས་ལྟར་བསྒོམ་དོན་རྒྱས་པར་བྱ་དགོས། ལྷའི་གདན་གྱི་པདྨ་མཉམ་གསུམ་ལྟེ་བ་ཆེས་ཆེར་ཡངས་པ་ལྟེ་བ་ནག །ཟེའུ་འབྲུ་ཁྲ་བོ། འདབ་བརྒྱད་དམར། གོང་རས་ནག་པོ་ལ་རྡོ་རྗེའི་ཕྲེང་བ་བྱས་ན་སེར་པོ་དང་། ཐོད་ཕྲེང་ཡིན་ན་དཀར་པོ། པདྨ་ལྟེ་བར་ཚངས་པ་སེར་པོ་དང་དབང་པོ་དཀར་པོ་གཉིས་མགོ་གཡས་བསྟན། ཉེ་དབང་ནག་པོ་དང་དྲག་པོ་སྔོན་པོ་གཉིས་དང་། འདབ་མ་བརྒྱད་ཀྱི་ཚངས་པ་སོགས་ཐམས་ཅད་མགོ་གཡོན་བསྟན་གན་རྐྱལ་ཀུན་གཞི་དང་ལྟན་པའི་སྙིང་གར་གདན་བསྒོམ། ལྷ་བསྐྱེད་ཐོག་མ་རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་བསྐྱེད་ལ། དབུས་ཀྱི་གདན་སྟེང་དུ་ཨཱ་ལི་བཅུ་དྲུག་གཡས་བསྐོར་གཅིག་དང་གཡོན་བསྐོར་ཚར་གཅིག་ཁ་དོག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བ་དཀར་པོ། དེ་ལ་ཅུང་


KMC015_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མ་རེག་པའི་སྟེང་དུ་ཀཱ་ལི་སོ་བཞིའི་ཕྲེང་བ་དམར་པོ་གཡས་བསྐོར་གཡོན་བསྐོར་གཉིས་ལས་ཉི་མ་དམར་པོ་བསྒོམ་གཞན་གཞུང་གསལ་ལྟར་ལས། གཡས་ཀྱི་ཐོད་པ་བརྒྱད་ན་གླང་པོ་ཆེ་སོགས་ནི་སེམས་ཅན་གྱི་ནད་རང་གི་སྐུ་ལ་སྡུད་པར་མཚོན་པས་ཁ་ནང་དུ་བསྟན་པ། གཡོན་ཕྱག་བརྒྱད་ཀྱི་ཐོད་པའི་ས་ལྷ་སོགས་ནི་དབང་ཕྱུག་བརྒྱད་ཀྱི་མཆོག་སྟེར་བའི་ཚུལ་གྱིས་ཕྱི་རོལ་དུ་ཕྱོགས་པ། གཤིན་རྗེ་ནོར་བདག་གཉིས་པོ་དང་གཞན་རྣམས་ལྷ་མོའི་རྣམ་པའོ། །ཕྱག་རྒྱ་དྲུག་ལས་ཐལ་བ་ནི་ཐལ་ཆེན་གཤལ་དུ་བྱུག་པའི་སྟེང་རོ་སྐྲའི་ཚངས་སྐུད་དཀྲིས་པ་སྟེ། ཡུམ་ལ་དེ་མེད་པས་ཕྱག་རྒྱ་ལྔ་ཟེར། རྒྱུ་རྡོ་རྗེ་འཛིན་པའི་ཁ་དོག་མི་ཐུབ་ཟླ་བའི་རྒྱ་གཞུང་གི་དངོས་བསྟན་གྱི་རྗེས་སུ་འབྲངས་ནས་ཡན་ལག་དྲུག་པའི་སྐབས་ས་སྐྱ་པ་དཀར་པོར་བཞེད་ཀྱང་། ནཱ་རོ་མཻ་ཏྲིའི་རྗེས་འབྲང་རང་ལུགས་ནི་རྒྱུ་འབྲས་གཉིས་ཀ་ནག་པོར་མཛད། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་བསྐྱེད་རིམ་གྱིས་ལམ་དུ་བྱེད་པའི་བསྐྱེད་ཆོག་མཐར་ཕྱིན་པའི་ལྷའི་གཙོ་བོ་ནི་


KMC015_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྡོ་རྗེ་འཛིན་པ་ཡིན་ལ། དེ་བསྐྱེད་པའི་རྒྱུར་དམིགས་པས་རྒྱུ་རྡོ་རྗེ་འཛིན་པ་ཞེས་བྱ་བ་ཡིན་ནོ། །མཉམ་སྦྱོར་དང་མི་མཉམ་སྦྱོར་སོགས་ཀྱི་ཐ་སྙད་འདིར་མི་མཛད་ཅིང་རྗེ། ཕྲིན་ལས་པས། གཙོ་བོ་ཡབ་ཡུམ་ཡང་མི་མཉམ་སྦྱོར་དུ་འགྱུར་པའི་རིགས་པས་དགག་པའང་མཛད་དོ། །འཁོར་མངལ་འབྱིན་སྐབས་ཡུམ་གྱི་པདྨར་ས་བོན་ལས་ལྷ་མོ་བརྒྱད་ཀྱི་སྐུ་རྫོགས་པར་བསྒོམ་ལ། རང་རང་གི་འབྱིན་སྔགས་བརྗོད་པས་ཕྱུང་ནས་ཕྱི་རོལ་དུ་འཁོད། ཌོམྦི་ནཱི་སྣ་ཚོགས་པའི་ཁ་དོག་ནི། རྔོགས་པ་རྣམས་རྡོ་རྗེ་ལས་ཀྱི་ཁ་དོག་བཞིན་ཏུ་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ། ཞལ་གྱི་འོག་ནས་རྐེད་པའི་བར་དམར་སྐྱ། སྐེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། བརླ་གཉིས་སེར་སྐྱ། ཞབས་མགོ་དང་པུས་མོ་སྔོན་པོར་བཞེད་དོ། །ཞབས་གཡོན་རྐྱང་པའི་བརླ་ལ་གཡས་བསྐུམ་པའི་མཐིལ་གཏད་པ་ནི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སོ། །དེ་ནས་ཕ་མའི་ཁམས་དཀར་དམར་གྱི་དབུས་སུ་བར་སྲིད་དངོས་


KMC015_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་མཚོན་བྱེད་ནམ་མཁའི་ནཱ་ད་ཆ་ཕྱེད་པ་དེ་ཕ་དང་མཚུངས་པ་རྒྱུ་རྡོ་རྗེ་འཛིན་པའི་ཞལ་དུ་ཞུགས་ཏེ་ཡུམ་གྱི་མཁར་བབ་པ་སོགས་གཞུང་ལྟར་ལ། ཐིག་ལེ་དངུལ་ཆུའི་རྣམ་པ་ནི། ཁ་དོག་དཀར་སྔོ་དབྱིབས་རོལ་མོའི་དོན་ཏོ། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡུམ་ཅན་ཏུ་བཤད། སྐྱེ་མཆེད་བྱིན་རླབས་ནི་རྩགས་འབུམ་དུ་གཙོ་བོའི་རྩ་ཞལ་ཁོ་ན་ལ་བསྒོམ་པར་གསུངས། རེག་བྱ་རྡོ་རྗེ་མ་ནི་ཐུགས་ཀའི་ཆ་སྟོད་དང་། ཐུགས་རྡོ་རྗེ་མ་ནི་ཐུགས་ཀའི་ཆ་སྨད། ཐུགས་ཀའི་དབུས་སུ་སེམས་དཔའ་གཉིས་བརྩེགས་བསྒོམ། ཡེ་ཤེས་སྤྱན་འདྲེན་སྐབས་འོད་ཟེར་ནག་པོ་ཁོ་ནའམ། སྔོན་པོ་གཙོ་ཆེ་བའི་ཁ་དོག་ལྔ་ལྡན་སྤྲོ། མཆོད་པའི་ཉེར་སྤྱོད་ཡོངས་གྲགས་ལྟར་སོགས་གོ་རིམ་ངེས་མེད་དུ་འབུལ་ཆོག་ཅེས་མར་རྔོག་གི་འགྲེལ་པར་གསུངས། བསྟོད་ཐུང་སྔ་ཕྱི་གཉིས་ཀ་གུར་གྱི་རྒྱུད་ཚིག་ཡིན། ཛཿཞེས་པའི་སྐབས་ཡེ་ཤེས་པ་རྣམས་དམ་ཚིག་པ་དང་ཉེ་བར་དགུག །ཧཱུྃ་ཞེས་དམ་ཚིག་པ་ལ་གཞུག །བཾ་གྱིས་འབྲལ་མེད་དུ་བཅིངས།


KMC015_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿཡིས་དགྱེས་ཤིང་རང་གི་དབང་དུ་བྱས་པར་མོས། དབང་བསྐུར་ཚེ་དབང་ལྷ་སྤྱན་དྲངས་པ་རྣམས་དཀྱིལ་འཁོར་པ་ཧེ་རུ་ཀའི་རྣམ་པར་མོས། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་རྡོ་རྗེ་མ་ལྔས་མཆོད་པ་ནི་ཆ་ལུགས་ཕྱག་མཚན་སྤྱི་དང་མཐུན། སྤྱན་སོགས་ཡུམ་ལྔའང་སྤྱི་ལྟར་ལ་རྡོ་རྗེའི་གླུ་ནི། ཀོལླ་ཨི་རེཊྚ་སོགས་དྲུག་འགྱུར་ལ་སོགས་པའོ། །བདག་བསྐྱེད་མཆོད་བསྟོད་སྒྲུབ་ཐབས་སུ་བསྡུས་པར་བཤད་པ་ནི་ཆོ་ག་གྲ་བསྒྲིགས་སླ་བའི་ཕྱིར་ཡིན་ལ། རྔོག་པ་རྣམས་དཀྱིལ་ཆོག་ཏུ་འབྱུང་བ་ལྟར་རྒྱས་པར་བྱ་བར་བཞེད་པས། ཆུ་གསུམ་ཉེར་སྤྱོད། ལྷ་མོ་བརྒྱད། བསྟོད་པ་ཉི་ཤུ་པ་སོགས་ཚིགས་བཅད་བཅས་ཉིན་རེ་ལ ན་རེ་ཙམ་བྱ། རྔོག་མདོ་སྡེས་གུར་ཊཱིཀ་ཏུ། ཐུགས་སྲོག་འོད་ཟེར་གྱིས་འཇིག་རྟེན་ཁམས་ཀྱི་འདོད་ཡོན་ལྔ་བསྡུས། གཙོ་བོའི་ཞལ་དུ་ཞུགས། རྡོ་རྗེ་ནོར་བུ་ནས་ཡུམ་གྱི་པདྨར་བབ་སྟེ་ཕྱིར་འཕྲོས་པ་ལྷ་སྣམ་ལ་མཆོད་པའི་ལྷ་མོ་དཔག་མེད་གྱུར་ཏེ་བདག་བསྐྱེད་ལ་མཆོད་པར་མོས་གསུངས། ཁྱད་པར་ལྷའི་རྣལ་


KMC015_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ལ་སྙིང་པོ་སོགས་ལན་རེ་བརྗོད་ལ་སྔར་བསྒོམ་པ་རྣམས་ཡང་བསྐྱར་གྱིས་རེ་རེ་བཞིན་གསལ་འདེབས་ལ་ཤིན་ཏུ་གསལ་བར་ཡུན་རིང་དུ་བསྒོམ། ཤཱནྟ་བྷ་དྲས། སྐབས་འདིར་ཐུགས་ཀའི་ས་བོན་གྱི་འོད་ཟེར་སྤྲོ་བ སྡུས་ཐམས་ཅད་ཧེ་རུ་ཀར་བྱ་བ་ཐིག་ལེའི་རྣལ་འབྱོར་དང་། ཡུམ་གྱི་པདྨའི་སྣ་རྩེར་ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་དམིགས་པ་ཕྲ་མོའི་རྣལ་འབྱོར་བཅས་བསྟན་ཀྱང་རྔོག་པའི་ཕྱག་བཞེས་སུ་མི་གསལ། བཟླས་པའི་སྐབས། སྙིང་པོ། ཉེ་སྙིང་རྩ་སྔགས། འཁོར་སྔགས་གང་བཟླ་ཡང་ཐམས་ཅད་ཡུམ་གྱི་ཐུགས་ཀར་ཟླ་སྟེང་ཨ་ཡིག་གི་མཐར། ཁ་དོག་ཀྱང་གཙོ་འཁོར་སོ་སོ་དང་མཐུན་པའི་སྔགས་ཕྲེང་ངོ་ནང་བལྟ་གཡས་བསྐོར་དུ་གནས་པའམ། སྔགས་ཕྲེང་མེད་པའི་ཨ་ཡིག་ཁོ་ན་ལས་འོད་ཟེར་དང་སྔགས་ཕྲེང་ཡུམ་ཞལ་ནས་ཡབ་ཞལ་འཁོར་བའམ། དེ་ལྡོག་པའི་དོ་ལིའི་བཟླས་པ་ཉིད་གཙོ་བོར་བྱ། སྐབས་འདིར་རྔོག་པ་ཡབ་སྲས་དོ་ལིའི་འགྲོ་ཚུལ་བཞི་ཕྲིན་ལས་བཞི་དང་སྦྱོར་བ་མི་མཛད་པས་བཟླས་ཐབས་དེ་བཞི་གང་


KMC015_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཀྱི་སྒོ་ནས་བཟླ་བར་བཞེད་ཅིང་། དེ་ལྟ་ན་ཁ་དོག་ཐམས་ཅད་ནག་པོའམ་སྔོན་པོ་ཁོ་ན་ལས་དབྱེ་བ་མི་དགོས། དེའང་གོང་སྨོས་སྤྱི་ལུགས་དེ་དང་ཅུང་མི་འདྲ་སྟེ། མདའ་ཤུགས་ནི་འོད་ཟེར་རྒྱང་རྒྱང་འགྲོ་བ། ཐི་གུ་བསྒྲིལ་བ་ནི་སྟེང་འོག་ཏུ་འཁོར་བ། ལྕགས་སྒྲོག་འཁྱིལ་བ་ནི་འོད་ཟེར་གཅིག་ནང་གཅིག་བཅུག་པ། རྨ་བྱ་སྦོམ་པ་ནི་འོད་ཟེར་འཁོར་བའི་བར་ན་ཚོམ་པ་ལིང་ལིང་པ་ཞེས་རིན་ཆེན་བཟང་པོས་བཤད། ཅི་སྟེ་ལས་བཞི་དང་སྦྱོར་ན། རྗེ་སྤྱན་སྔས་ཐི་གུ་བསྒྲིལ་ཞིབ། སྒོར་ཆུན་རྒྱས་པ། ལྕགས་སྒྲོག་དབང་། མདའ་མངོན་སྤྱོད་དང་སྦྱར་ཏེ་ཁ་དོག་དང་ལས་སྒྲུབ་པའི་དམིགས་རྣམ་དབྱེ་གསུངས། སྒྲུབ་ཐབས་མཚོ་སྐྱེས་སུ་སྨོས་མ་ཐག་པའི་ཁྱོགས་བཟླས། སྙིང་གར་ཉི་མ་ལ་སྔགས་རྣམས་མགོ་གྱེན་བསྟན་དམིགས་པ་གོང་བུའི་བཟླས་པ། ལྷ་ཐམས་ཅད་ཀྱིས་བཟླ་བར་བསམ་པ་དམ་ཚིག་གི་བཟླས་པ། ཀླུང་དང་སྦྱར་བའི་རྡོར་བཟླས་ཏེ་བཟླ་ཚུལ་བཞིར་བྱ་བར་བཞེད། ཌོམྦི་པས། སྤྲོ་བསྡུ་དང་རླུང་ལྷན་ཅིག་


KMC015_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཟླས་པ་སོགས་བཞེད་སྲོལ་རྣམ་གྲང་མང་རུང་། དམིགས་པ་མང་བས་མི་ཟབ་བརྟན་པས་ཟབ། ཅེས་པ་ལྟར་དམིགས་པ་བརྟན་ཅིང་གསལ་བ་དང་། ཁྱད་པར་རྒྱུད་ཀྱི་དགོངས་པར་གནས་ངེས་པའི་བཟླས་དམིགས་གནད་དུ་འགྲོ་དགོས་ཀྱི། དམིགས་པ་སྤུ་བསྡུ་སྣེ་ཟིན་མང་པོ་བླུན་པོ་མགུ་བྱེད་ཙམ་ལས་དོན་འབྲས་ཅིའང་མེད་པས་གཙོ་བོར་ཁྱོགས་བཟླས་དང་། སྤྲོ་ན་མཚོ་སྐྱེས་དགོངས་པ་ལྟར་དང་། དེ་ལས་ཀྱང་སྤྲོ་ན་གོང་སྨོས་བཟླ་ཚུལ་དེ་རྣམས་ཅི་རིགས་པར་སྦྱར་རོ། །རྔོག་པ་རྣམས་དག་པ་དྲན་རྗེས་འཁོར་རྣམས་ཞལ་དུ་བསྡུས་ཏེ་ཡབ་ཡུམ་ཁོ་ནའི་ང་རྒྱལ་བྱས་ཏེ་སྔགས་བཟླ་བར་གསུངས་པ་ནི། སེམས་ཀྱི་ཞེན་པ་བཟློག་པའི་དོན་ཏུ་རྫོགས་རིམ་སྟན་ཐོག་གཅིག་ཏུ་བསྒོམ་སྲོལ་ཡོད་པས་དག་དྲན་སྔོན་ཏུ་བཏང་བ་ཡིན་ཀྱང། སྤྱན་སྔས་དེ་ལྟར་བསྒོམ་པར་མི་ནུས་པ་རྣམས་ལ་རྫོགས་རིམ་གྱིས་བཅད་སྟོང་ན་ཡིད་ཀྱི་སྦྱོང་བྱེད་མ་ཚང་བར་འགྱུར་པས་རྫོགས་རིམ་གྱི་དོད་དུ་དག་དྲན་བཟླས་པའི་རྗེས་སུ་སྦྱོར་བར་མཛད་པར་མ་


KMC015_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བཀའ་ཡང་དག་པའི་ཚད་མ་ལས་ཀྱང་དེ་ལྟར་བཤད་དོ། །དག་དྲན་སྐབས་གུག་སྐྱེད་ཅེས་པ་ནི་ཨ་ཨི་ཨུ་ཨེ་ཨཽ་ལྔ་སྟེ་དེས་མཚོན་པའི་ཕྱག་རྒྱ་ལྔའོ། །བསྡུ་རིམ་སྐབས་ལྷ་མོ་བརྒྱད་ནི། རྩ་ཞལ་ལ་གཽ་རཱི། གཡས་བར་མ་ནག་པོ་ལ་ཙཽ་རཱི། སྟེང་ཞལ་ལ་བེཏྟ་ལི། གཡོན་བར་མ་ནག་པོ་ལ་གྷསྨཱ་རཱི། གཡོན་དམར་པོ་ལ་པུཀྐ་སཱི། གཡས་དཀར་པོ་ལ་ཤ་བ་རཱི། གཡས་ཐ་མ་ནག་པོ་ལ་ཙཎྜཱ་ལི། གཡོན་ཐ་མ་ནག་པོ་ལ་ཌོམྦི་ནི་བསྡུའོ། །ཐུན་མཚམས་སུ་གོང་དུ་སྨོས་པའི་ལས་ཀྱི་ཧེ་རུ་ཀ་དེ་ལྟ་བུ་བསྒོམ་པར་བཤད། གཏོར་ཆོག་སྐབས་ཆོས་འབྱུང་ནི་མར་ལུགས་སྤྱི་ལྟར་དང་ༀ་དཀར་འོད་ཟེར་ས་བླ། ཨཱཿདམར་འོད་ཟེར་ས་འོག །ཧཱུྃ་མཐིང་འོད་ཟེར་ས་སྟེང་དུ་གནས་པའི་འགྲོ་བ་རྣམས་ལ་ཕོག་པས་ཐམས་ཅད་འོད་ཟེར་གྱི་རྣམ་པས་གདན་གསུམ་པོ་ལ་འདུས་པས་རྡོ་རྗེ་གསུམ་ལ་ཐོག་མར་ལྷ་ཆེན་བརྒྱད་སོགས་སོ་སོའི་རྣམ་པ་དང་། དེ་ལས་རྡོ་རྗེ་གསུམ་གྱི་རྣམ་པར་གྱུར་པས་བསྐོར་བར་མོས། གཏོར་མ་འབུལ་ཞིང་


KMC015_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བཅོལ་བའི་མཐར་གཏོར་མགྲོན་རྣམས་མཉེས་ནས། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿ ཞེས་ཡེ་ཤེས་ཀྱི་གད་མོ་བཅུ་གཉིས་བསྒྲགས་ནས། སྒྲུབ་པ་པོ་ཁྱོད་ཀྱི་ཡིད་ལ་ཅི་འདོད་པ་ཐམས་ཅད་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཞེས་ཁས་བླངས་པར་བསྒོམ། གཞན་དཀྱུས་ལྟར་ལ། སྐྱེ་ཞིང་སྐྱེ་བར་སོགས་སྨོན་ལམ་ཤོ་ལོ་ཀ་གཉིས་ནི་རྗེ་མར་པའི་འགྱུར་ཡིན། ཀུན་ཏུ་སངས་རྒྱས་སོགས་ནི་ཤཱནྟི་པའི་སྒྲུབ་ཐབས་འཁྲུལ་སྤོང་ལས་བྱུང་བའོ། །ཐུན་མཚམས་སུ་རང་ཉིད་ལྷའི་ང་རྒྱལ་དང་། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་དགྱེས་པ་རྡོ་རྗེའི་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་བདེ་སྟོང་དབྱེར་མེད་ཀྱི་རང་བཞིན་དུ་མོས་པའི་དྲན་ཤེས་ཆུ་བོའི་རྒྱུན་ལྟར་བྱ། འདི་དག་གི་དམིགས་གནད་ཞིབ་མོ་དང་དག་སྦྱོར་གོ་དོན་སོགས་རྒྱས་པ་བསྐྱེད་རིམ་རྣམ་བཤད་ལས་ཤེས་པར་བྱའོ།། ༈ །།གཉིས་པ་ཡུམ་བཀའ་བདག་མེད་མ་ནི། བསྒོམ་ཚུལ་ལག་ལེན་སྤྱི་རྣམས་ཡབ་བཀའ་ཇི་བཞིན་པ་ལས། གཞལ་ཡས་ཁང་གི་ནང་དུ་ལྷ་


KMC015_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་ལ་པདྨ་དམར་པོ་འདབ་བརྒྱད་མུ་ཁྱུད་ཐོད་ཕྲེང་བཅས་པ་འཕར་མ་དང་པོ། དེའི་ཟེའུ་འབྲུ་ནས་སྐྱེས་ཤིག་ཅུང་ཟད་འཕགས་པའི་ཚུལ་གྱིས་སླར་ཡང་པདྨ་འདབ་བཞི་བསྒོམ་པ་ནི་འཕར་མ་གཉིས་པ། ལྷ་མོ་བཅོ་ལྔ་ལས་འཁའ་སྤྱོད་མ་ཐོག་གི་སྟེང་ཕྱུར་བུའི་ནང་གི་ཤར་ངོས་དང་། ས་སྤྱོད་མ་འཕར་མ་གཉིས་པའི་པདྨ་སྡོང་བུ་ནུབ་ངོས་ལ་རྒྱབ་བརྟེན་ནས་བཞུགས་པར་བསྒོམ་གསུངས། བདག་བསྐྱེད་མཆོད་བསྟོད་འདི་སོགས་རྔོག་དཀྱིལ་ཐམས་ཅད་ལ་རྒྱས་པར་མཛད་པ་རྔོག་པའི་ཕྱག་བཞེས་ཡིན། བསྐྱེད་རིམ་གྱི་ཏིང་ངེ་འཛིན་བསྒོམ་པའི་སྐབས་ཐོག་མར་དཀྱིལ་འཁོར་པ་རྟེན་དང་བརྟེན་པར་བཅས་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཁ་དོག་ནག་པོ་འབའ་ཞིག་པར་སྣང་བ་ལ་སེམས་བཟུང་། དེ་བཞིན་ཏུ་སྐུ་མདོག་སོགས་དམར་པོ་འབའ་ཞིག་པ་དང་། སེར་པོ་སོགས་རིམ་པར་སྤོས་ནས་གསལ་བར་བསྒོམ། བཟླས་དམིགས་མངོན་རྟོགས་ལྟར་དོ་ལིའི་བཟླས་པ་བྱ། འགྲོ་ཚུལ། མདའི་ཤུགས་ཐི་


KMC015_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གུ་བསྒྲིལ་བ། ལྕགས་སྒྲོག་འཁྱིལ་བ་གསུམ་པོ་རྩགས་འབུམ་དུ་བཤད། དེའང་བཟླས་སྔགས་གཙོ་འཁོར་སོ་སོར་དབྱེ་ན་སྔགས་འཁོར་སོ་སོའི་ཐུགས་ཀར་བཀོད་ཆོག་ལ་གང་བཟླ་བའི་སྔགས་དེ་དང་བསྟུན་དམིགས་པ་ལྷ་མོ་སོ་སོར་གཏོད་དགོས་ཤིང་། རྔོག་པས་གུར་གྱི་དགོངས་པ་ལྟར་ཐུན་མོང་དུ་བཟླ་སྔགས་ཉིད་ལས་མ་བཤད་པས་དེ་ལྟ་ན་གཙོ་མོ་ཁོ་ན་ལ་དབྱངས་བཅོ་ལྔའི་སྔགས་ཕྲེང་བཀོད་པས་འཐུས་སོ། །སམྦུ་ཊ་ལྟར་བཟླ་ན་གཙོ་མོའི་སྔགས་འབྲུ་ འབུམ་དང་། འཁོར་རྣམས་ཁྲིའམ་བཞི་ཁྲི། རྔོག་ལུགས་གུར་ལྟར་བཟླ་ན་བཞི་འབུམ་ཁ་སྐོང་དང་བཅས་པ་བཟླའོ། །ཡང་ན་ཕྲེང་སྔགས་ཁྲི་ཕྲག་གཅིག །ༀ་ཨཱ་སྭཱ་ཧཱ། ཁྲི་ཕྲག་དགུ་བཟླ་བའང་བཤད་པ་ནི་དཀྱིལ་འཁོར་འབྲི་བ་ལ་དགོངས་པར་མངོན་ནོ།། ༈ །།གསུམ་པ་དགྱེས་རྡོར་རིགས་བསྡུས་ཀྱི་དཀྱིལ་འཁོར་ནི། དགྱེས་རྡོར་མི་བསྐྱོད་པ་ཇི་བཞིན་པ་ལས། སྒེར་ཆོས་ཕྲ་མོ་རྣམས་སྒྲུབ་ཐབས་སུ་གསལ་བར་བྲིས་ཡོད་པས་ཟུར་དུ་སྨོས་མ་དགོས། ནཱ་ད་ཁ་དོག་ལྔ་པ་


KMC015_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྐབས་ལྔ་ཀའང་རང་གི་སེམས་སྣང་གཅིག་ཉིད་དུ་དུག་ལྔ་དང་ཡེ་ཤེས་ལྔའི་ཆ་ལས་རྣམ་པ་ལྔར་ཤར་བའི་མོས་པ་དང་། ལྷ་བསྐྱེད་སྐབས་ཐོག་མར་མི་སྐྱོད་དགྱེས་པ་རྡོ་རྗེ་རང་ཉིད་དུ་བསྒོམས་ཏེ་བསྐྱེད་ཟིན་ནས། སླར་ཤར་གྱི་དབུས་སུ་རང་ཉིད་རྣམ་སྣང་དགྱེས་རྡོར་དུ་བསྐྱེད་པ་སོགས་གཙོ་བོ་ལྔ་ཀ་རང་ཉིད་ཁོ་ནའི་ང་རྒྱལ་དང་། དེ་བཞིན་སྔགས་བཟླ་སྐབས་ཀྱང་སོ་སོའི་སྔགས་བཟླ་བའི་ཚེ་སོ་སོའི་ང་རྒྱལ་བཟུང་ལ་བཟླ། བསྙེན་ཚད་གོང་དུ་དགྱེས་རྡོར་མི་བསྐྱོད་པའི་སྙིང་པོ་རྩ་སྔགས་སོགས་བསྙེན་ཚད་ལེགས་པར་སོང་ན་འདིར་ལས་རུང་ཙམ་ལ་དུས་བསྙེན་ཆུང་འབྲིང་ཙམ་གྱིས་ཀྱང་ལམ་ཙམ་ཡོང་བ་འདྲ། རྔོག་པའི་ཡི་གེར། གོང་མ་དང་འདི་གཉིས་ཀར་རང་དོན་གྱི་ཐུན་མཚམས་ཀྱི་མཐར་ཡེ་ཤེས་སེམས་དཔའ་མི་གཤེགས་ལ། དབང་བསྐུར་བ་ལ་སོགས་པ་གཞན་དོན་ཐམས་ཅད་ཀྱི་ཐུན་མཚམས་སུ་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུས་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་ང་


KMC015_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱིས་སྤྱོད་ལམ་བྱེད་པ་པུལླ་ཧ་རི་པའི་བཞེད་པ་ཡིན་གསུངས། འོན་ཀྱང་ཕྱག་ལེན་ཏུ་ནི་བདག་བསྐྱེད་ཀྱི་ཡེ་ཤེས་པ་བླ་མེད་རིགས་ལ་ནམ་ཡང་གཤེགས་པ་མི་མཛད་དོ།། ༈ །།བཞི་པ་དཔལ་སམྦུ་ཊའི་དཀྱིལ་འཁོར་གྱི་གཙོ་བོ་ཞི་བ་རྡོར་སེམས་མངོན་རྟོགས་ལ་བདུད་རྩི་བྱིན་རླབས་སྐབས། ཐོད་པའི་ནང་དུ་ཧཱུྃ་བུཾ་སོགས་ལས་བདུད་རྩི་ལྔ་དབུས་དང་ཤར་སོགས་གཡས་བསྐོར། བྷྲཱུྃ་སོགས་ལས་ཤ་ལྔ་མེ་ནས་མཚམས་བཞིར་བསྐྱེད་པ་ཡིན་ཅིང་། ཤ་ལྔའི་ཤ་ཆེན་དེ་བདུད་རྩི་ལྔའི་ཡ་གྱལ་ཡང་ཡིན་པས་གཅིག་ཏུ་འདུས་པར་དགོངས་ནས་ཕྱི་མ་ལ་ས་བོན་བཞི་ལས་མེད་པ་ཡིན་ནོ། །མན་སྙེ་ལས་ཚོགས་ཞིང་འོག་མིན་ནས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱིས་སྤྱན་འདྲེན་པ་དང་གླིང་བུ་མ་ནས་རེག་བྱ་མའི་བར་ཕྱི་མཆོད། རོ་མ་གསང་མཆོད། ཆོས་མས་སྙོམས་འཇུག་དེ་ཁོ་ན་ཉིད་ཀྱི་མཆོད་པར་བཤད། ལྷ་བསྐྱེད་སྐབས་ཨ་བྷ་ཡའི་བཞེད་པ་དང་མཐུན་པར་ཇོ་ནང་རྗེ་བཙུན་ཆེན་པོས་གཞལ་ཡས་ཁང་སྒོ་རྐྱང་དུ་བཞེད་དེ།


KMC015_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་གཞལ་ཡས་ཁང་སུམ་སྦྲག་ཏུ་འདོད་པ་དེ་ནི་རྒྱུད་ལ་མངོན་སུམ་དུ་བསྙོན་པར་ཟད་དོ་གསུངས། ལྷ་བསྐྱེད་མངོན་བྱང་སྐབས་རྒྱུད་ཚིག་ལ་གོ་བ་བླངས་ཏེ་བླ་མ་གོང་མ་འགའ་རེས་ཟླ་བ་གྲུ་གསུམ་དུ་བཀྲལ་ཡང་། ཨཱབྷ་ཡའི་བཞེད་པ་དང་མཐུན་པར་རྗེ་བཙུན་ཆེན་པོས། མི་ཐུབ་ཟླ་བས། ལྷ་མོའི་ཡན་ལག་གཟུགས་ཀྱིས་ནི། །གྲུ་གསུམ་དུ་ནི་ཟླ་བ་ལྟར། །ཞེས་རྒྱུད་ཚིག་ལེགས་པར་བཀྲལ་བ་ལྟར་རྒྱུད་ཀྱི་དོན་ལྷ་མོའི་ཡན་ལག་པདྨའམ་ཆོས་འབྱུང་ལ་གནས་པའི་ཐིག་ལེ་དཀར་དམར་གྱི་དོན་ཏེ། པདྨ་གནས་པའི་ཐིག་ལེ་སྦྱོང་བྱེད་ཡིན་པས་ཆོས་འབྱུང་ལ་གནས་པ་ཆེད་དུ་སྨོས་པ་སྟེ། ཟུར་གསུམ་གྱི་ཟླ་བ་ཞེས་པའང་དཔེར་ན་གཞོང་པའི་ཟན་ལྟ་བུའོ་ཞེས་གསུངས་ཏེ། ཟླ་བ་ཟླུམ་པོའི་དབྱིབས་སུ་བཞེད། སྐྱེ་མཆེད་བྱིན་རླབས་སྐབས། མིག་གཉིས་སུ་གཏི་མུག་རྡོ་རྗེ་ཡབ་ཡུམ་དཀར་པོ་གདན་པད་ཟླ། རྣ་བར་ཞེ་སྡང་རྡོ་རྗེ་ཡབ་ཡུམ་ནག་པོ། སྣ་བུག་ཏུ་སེར་སྣ་རྡོ་རྗེ་ཡབ་ཡུམ་སེར་པོ། ལྕེ་རྩ་འདོད་ཆགས་རྡོ་རྗེ་ཡབ་


KMC015_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་དམར་པོ། དཔྲལ་བར་ཕྲག་དོག་རྡོ་རྗེ་ཡབ་ཡུམ་ལྗང་གུ། སྙིང་གར་དབང་ཕྱུག་རྡོ་རྗེ་ཡབ་ཡུམ་དཀར་པོ། དེ་རྣམས་པད་ཉི་ལ་བཞུགས་པ། རིམ་བཞིན་ཡབ་རྣམས་ཀྱི་ཕྱག་གཡས་འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དམར་པོ་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་དཀར་པོ་འཛིན་པ། གཡོན་རྣམས་དྲིལ་བུ་འཛིན་པ། སྤྱན་གསུམ་རལ་པའི་ཐོར་ཚུགས་ཕྱག་རྒྱ་ལྔ་དང་། གཡས་བརྐྱང་གི་སྟབས་ཅན། ནང་གི་སྐྱེ་མཆེད་རྣམ་པར་དག་པ། ཡུམ་རྣམས་གཡས་པས་མེ་ལོང་པི་ཝཾ་དུང་ཆོས། བཅུད་ཀྱི་སྣོད་ན་བཟའ་ཆོས་འབྱུང་། སྒྲ་རྡོ་རྗེ་མ་མ་གཏོགས་གཞན་རྣམས་དྲིལ་བུ། ཞབས་གཡོན་བརྐྱང་། ཆ་ལུགས་ཡབ་དང་འདྲ་བའོ། །དབུ་རྒྱན་རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད་དོན་གྲུབ་རྡོ་རྗེ་སེམས་དཔའ་སྟེ། སྒྲ་རྡོ་རྗེ་མ་ལ་རིན་འབྱུང་ངོ་། །མགོ་བོར་བྱམས་པ་སེར་པོ་གཡས་ན་ག་གེ་སར། གཡོན་དྲིལ་བུ། རྣམ་སྣང་གི་ཅོད་པན་ཅན། དབང་ཤེས་ལ་འཇམ་དཔལ་དམར་པོ་རྡོར་དྲིལ་འཛིན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། ཆ་ལུགས་


KMC015_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དང་འདྲ། རྡོ་རྗེ་གསུམ་དང་། རིགས་ལྔ་སྤྱི་ལྟར་ལ། གོ་ཆའི་ལྷ་རྣམས་བདེ་མཆོག་དང་འདྲའོ། །དེ་ལ་བྱིན་རླབས་བྱེད་པའི་ལྷ་རྣམས་ནི་བསྒོམས་ཟིན་ནས་སྙོམས་པར་ཞུགས་པའི་བདེ་བས་ཞུ་ནས་སྐྱེ་མཆེད་སོགས་རང་རང་བྱིན་གྱིས་བརླབ་བྱ་ལ་ཐིམ་པར་མོས། ཡུམ་གྱི་སྤྱི་བོར་ཟླ་བ་དང་། གཞན་རྣམས་སུ་ཉི་མ་ལ་གནས་པའི་ འབྲུ་ལྔ་པོ་ཞུ་བའི་རྡུལ་ཕྲ་རབ་ཀྱིས་སྤྱི་བོ་ནས་སྙིང་ག །དེ་ནས་ལྟེ་བ་ལ་སོགས་པ་སོ་སོའི་རང་གནས་ཁྱབ་པར་བསྒོམ་པར་བཤད། ཡེ་ཤེས་པ་གཞུག་པའི་སྐབས། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བའི་རྡོ་རྗེ་ལྕགས་ཀྱུ་མས་ཛཿབརྗོད་ཅིང་ཐུགས་ཀ་ནས་ཁྲོ་བོ་མང་པོ་སྤྲོས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྐོར་ཏེ་སྤྱན་དྲངས། དེས་འགྲེས་ཏེ་ཞགས་པ་མས་ཧཱུྃ་དང་འོད་ཟེར་དཀར་པོས་བཞེངས་སུ་གསོལ། ལྕགས་སྒྲོག་མས་བཾ་དང་འོད་ཟེར་སེར་པོས་དཀྱིལ་འཁོར་ལ་ཁྱབ་པར་བྱས་ཏེ་བཅིངས། དྲིལ་བུ་མས་ཧོཿདང་འོད་ཟེར་དམར་པོས་མཉེས་པར་བསམ། དག་པ་རྒྱས་པར་དྲན་ལ་


KMC015_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཡུན་རིང་ན་བཟང་། ཉུང་ཡང་མ་ཆད་པར་བྱ། གྲངས་ཀྱི་བཟླས་པ་གཙོ་བོར་བྱེད་པའི་ཐུན་བཞིའི་རྣལ་འབྱོར་ལྟ་བུ་ལ་ཕྲ་ཐིག་སྐོར་རེས་མོས་སོགས་ཀྱིས་རུང་། བཟླས་པ་ཡབ་ཀྱི་སྙིང་པོ་གྲངས་བསྙེན་མ་སོང་བར་བཟླ་ཞིང་། གཞན་རྣམས་ཇི་ལྟར་འོས་པ་དང་གྲངས་ཚད་སྤྱི་དང་འདྲ། བདེ་མཆོག་སྤྱི་ལྟར་ན་རྩ་སྔགས་སམ་ཕྲེང་སྔགས་སྟོང་ཕྲག་བརྒྱད། སྙིང་པོ་འབུམ་ཕྲག་བཞི། ཉེ་སྙིང་འབྲུ་འབུམ། འཁོར་ལ་ཁྲི་ཕྲག་རེར་བཤད་དོ། །བཟླས་དམིགས་ཁྱོགས་དང་སྤྲོ་བསྡུ་གཉིས་ཀ་བཙོ་བོར་བྱས་པའི་གོང་གསལ་སྙེ་མའི་ལུང་དྲངས་པ་རྣམས་ཅི་ནུས་བྱ། བསྒོམ་བཟླས་ཀྱིས་ངལ་ན། ངལ་གསོ་བའི་ཏིང་ངེ་འཛིན་ཅི་རིགས་སུ་བསྒོམ་ཞིང་སླར་བསྒོམ་བཟླས་ལ་འཇུག་པ་སོགས་སོ།། ༈ །།ལྔ་པ་བདེ་མཆོག་འཁོར་ལོས་སྒྱུར་དྲུག་ལ། གཞན་སྔར་བཤད་པ་རྣམས་ལྟར་ལ་ཕུར་གདབ་སྐབས། བགེགས་རྣམས་རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་འོབས་ས མ་ཁྲོན་པ་ཆེན་པོ་ཡོད་པའི་ནང་དུ་ཕུར་བུས་གདབ། ཞལ་


KMC015_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་སྔགས་ཟེར་ཚད་སུམྦྷ་ནི་ཡིན། དཀྱིལ་འཁོར་གཞལ་ཡས་ཁང་མཚན་ཉིད་རྫོགས་པ་གཅིག་གི་དབུས་དང་། ཤར། ལྷོ་སྟོད། ནུབ་སྨད། བྱང་སྟོད། བྱང་སྨད་དྲུག་ལ་རྟ་བབས་མེད་པའི་སྒོ་རྐྱང་། གཞན་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ལྡན་པའི་ནང་དཀྱིལ་དྲུག་གི་ནང་དུ་གདན་དང་ལྷ་རྣམས་བསྒོམ། སརྦ་བཱི་ར་སོགས་སྔགས་ཚན་གཉིས་བརྗོད་པའི་སྐབས། དག་པ་གཉིས་བསྒོམ་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གནད་དོ། །དེའང་དང་པོ་ཕོ་ཉ་གསུམ་བསྲེའི་དག་པ་ནི། སྐད་ཅིག་རྣམ་པའི་སྔགས་ཀྱི་བྱིན་གྱིས་བརླབ་པ་ཞེས་ཀྱང་བྱ་སྟེ། དེ་ཡང་སྐབས་འདིར་གོ་ཡུལ་དུ་དགོས་པའི་ཕོ་ཉ་གསུམ་ནི། རང་གིས་བསྒོམ་པའི་དཀྱིལ་འཁོར་ནི་སྔགས་སྐྱེས་ཡིན་ལ། པུལླིར་མ་ལ་ཡ་སོགས་ཕྱི་འཇིག་རྟེན་ཁམས་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་སྤྲུལ་པའི་སྐུ་རྣམས་ནི་ཞིང་སྐྱེས་ཡིན་ཞིང་། འོག་མིན་ཆོས་ཀྱི་དབྱིངས་ན་བཞུགས་པ་རྣམས་ནི་ལྷན་སྐྱེས་སོ། །གཞལ་ཡས་ཁང་དང་སོ་སོའི་གནས་


KMC015_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱི་འཇིག་རྟེན་ཁམས་ཀྱི་ཡུལ་ཆེན་སུམ་ཅུ་སོ་བདུན་པོ་དེ་དག་ཡིན་ལ། ལྷ་རྣམས་དེ་དག་ཏུ་གདོད་ནས་གྲུབ་པའི་ཞིང་སྐྱེས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཡིན་ནོ། །ཞེས་སྔགས་སྐྱེས་ལ་ཞིང་སྐྱེས་ཀྱི་ང་རྒྱལ་བསྐྱེད་པ་དང་སྔགས་སྐྱེས་ཞིང་སྐྱེས་དབྱེར་མེད་དེ་ཉིད་ཁོ་ན་ཆོས་ཀྱི་དབྱིངས་ན་གདོད་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཡིན་ལ། ལུས་དང་ཡུལ་ཆེན་དབྱེར་མེད་ཀྱི་དཀྱིལ་འཁོར་འདི་ཁོ་ན་སངས་རྒྱས་ཀྱི་ཡེ་ཤེས་གནས་སོགས་ས་བཅུའམ་བཅུ་གཉིས་ཀྱི་རྣམ་ཆར་སྣང་བ་དེ་ཁོ་ན་ཡིན་ནོ་ཞེས་ལྷན་སྐྱེས་ཀྱི་ང་རྒྱལ་བསྐྱེེད་པ་ཡིན་ནོ། །འདི་ངོ་བོ་གཅིག་པར་མོས་པས་བསྲེ་བ་ཡིན་གྱི། ཡེ་ཤེས་སྤྱན་འདྲེན་ལྟར་ལྷའི་རྣམ་པ་གཉིས་གཅིག་ལ་གཅིག་ཐིམ་པ་མ་ཡིན་ནོ། །དེ་ལྟར་ན་རང་གིས་བསྒོམ་པའི་སྔགས་སྐྱེས་ལ་ཞིང་སྐྱེས་ཀྱི་བྱིན་རླབས་འཇུག །དེ་ལ་ལྷན་སྐྱེས་ཀྱི་བྱིན་རླབས་འཇུག་པ་ཡིན་ལ། ད་ལྟ་འདི་བསྒོམས། བསྐྱེད་རྫོགས་ཀྱི་ཡེ་ཤེས་ཅུང་ཟད་བརྟན་པ་ཐོབ་པ་ནས་བརྩམས། སྐབས་ཇི་


KMC015_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འོས་པ་ལ་སྦྱངས་པའི་རིགས་མའམ། མཐར་སྐྱེས་ཀྱི་ཕོ་ཉ་མོ་གང་ཡིན་ཡང་རུང་སྟེ། དེ་ལྟ་བུའི་སྔགས་སྐྱེས་དང་སྒྲུབ་པ་པོ་འདུ་བ་ཐོབ་པར་འགྱུར་ཞིང་། དེས་ཞིང་སྐྱེས་དང་། དེས་ལྷན་སྐྱེས་བསྐུལ་ནས་གྲོལ་བར་འགྱུར་རོ། །དེའང་ༀ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནི་ཞེས་པའི་སྐབས་སུ་སྔགས་དང་ཞིང་དང་ལྷན་སྐྱེས་ཀྱི་ཕོ་ཉའི་དཀྱིལ་འཁོར་གསུམ་དྲན་པར་བྱ། ཀཱ་ཡ་ཝཱཀ་ཙིཏྟ་བཛྲ། ཞེས་པས་དེ་གསུམ་པོ་རྣམས་ངོ་བོ་དབྱེར་མེད་གཅིག་ཏུ་མོས། སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་དེ་ཐམས་ཅད་ཀྱང་དཔལ་ཧེ་རུ་ཀ་གཅིག་པུའི་རང་བཞིན་ཏུ་མོས་པའོ། །འདི་ལ་སྐད་ཅིག་རྣམས་པ་ཞེས་པ་ནི་གདོད་ནས་གྲུབ་པའི་དཀྱིལ་འཁོར་དུ་སྐད་ཅིག་གིས་མོས་པར་བྱེད་པའི་དོན་ནོ། །གཉིས་པ་རྡོ་རྗེའི་དག་པ་བསྒོམ་པ་ནི། དཀྱིལ་འཁོར་དེ་ཐམས་ཅད་རྡོ་རྗེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལྷན་ཅིག་སྐྱེས་དགའི་ངོ་བོ་མོས་ཤིང་། ༀ་བཛྲ་ཤུདྡྷོ་སོགས་ཀྱི་སྔགས་བརྗོད་པའོ། །དེ་ལ་སྔ་མ་ནི་སྐུ་རྣམ་པའི་སྒོ་ནས་བྱིན་རླབས་ཀྱི་དག་པ་


KMC015_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་གཙོ་ཆེ་ལ། ཕྱི་མ་ནི་ཐུགས་བདེ་ཆེན་གྱི་བྱིན་རླབས་དག་པ་གཙོ་ཆེ་སྟེ། འདི་ཕོ་ཉ་གསུམ་བསྲེས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །བཟླས་པའི་སྔགས་ནི་གཙོ་བོ་དྲུག་ཀར་གྲངས་བསྙེན་ཆ་མཉམ་དུ་བཏང་དགོས་ལ་འབུམ་ཕྲག་རེའམ་དེ་བཞི་འགྱུར་སོགས་སོ། །བཟླ་ཐབས་ཨ་བྷི་ངྷ་ན་ནས་དངོས་སུ་བསྟན་པ། རྡོ་རྗེའི་བཟླས་པ། དམ་ཚིག་བཟླས་པ། རང་བཞིན་བཟླས་པ་རྣམས་དང་། གཙོ་བོར་དོ་ལིའི་བཟླས་པ་དང་དེའང་ཡེ་ཤེས་བཟླས་པ་ལྟར་བྱ་བར་བཞེད། བསྙེན་པ་བཟླ་བའི་ཚེ་བདུད་རྩི་རིལ་བུ་ལྕེ་ཐོག་ཏུ་བཞག་པ་རྒྱུད་ལས་གསུངས་པ་ཁ་ཅིག་དེ་སྒྲུབ་པའི་སྐབས་སུ་ཡིན་གསུངས། འཁོར་ལ་ནི་སྤྲོ་བསྡུའི་བཟླས་པ་སྦྱར་ཞིང་། འགྲོས་བཞི་ཕྲིན་ལས་བཞི་དང་སྦྱོར་བའི་བཟླས་པའང་ངེས་པར་དགོས། ཐུན་མཚམས་སྲུང་བ་གསུམ་ནི། གོ་ཆ་བགོ་བས་བདག་སྲུང་། སུམྦྷ་ནི་བརྗོད་ཅིང་མཛུབ་མོས་སེ་གོལ་གཏོགས་པས་གནས་སྲུང་། སྣང་བ་ལྷ། སྒྲ་གྲགས་སྔགས། དྲན་རྟོག་བདེ་ཆེན་ཏེ་དག་པ་གསུམ་དྲན་པས་


KMC015_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྲུང་བའོ།། ༈ །།དྲུག་པ་སངས་རྒྱས་ཐོད་པ་ནི། ཐུན་བཞིའི་རྣལ་འབྱོར་ལྟ་བུའི་ཐུན་ཕྱི་མ་རྣམས་ལ་སྲུང་བ་གསུམ་དང་གནས་ཡོ་བྱིན་རླབས་ནས་འཇུག་ཅིང་། ལུས་དཀྱིལ་བསྒོམ་འདོན་མ་ཆད་པར་བྱུང་ན་བཟང་། ཕྲ་ཐིག་གི་དམིགས་པ་འདི་རིགས་སྤྱིར་བསྐྱེད་རིམ་གྱི་ལྷ་ལ་བདེ་སྟོང་གི་རྒྱས་འདེབས་བྱེད་ཡིན་པས་མ་རྒྱུད་ཀྱི་ཁྱད་ཆོས་དང་། དག་པ་དྲན་པའི་རིགས་བླ་མེད་མཐའ་དག་གི་བསྐྱེད་རིམ་གྱི་ཁྱད་ཆོས་ཤིན་ཏུ་གལ་ཆེ་མོད་ཀྱང་དག་དྲན་ནི་ཆད་དུ་མི་རུང་ལ། ཕྲ་ཐིག་ནི་མྱོང་བ་ཐོན་ཐོན་གྱི་བར་བསྒོམ་ནས་ལྷ་སྐུ་ལ་ཞུ་བདེའི་རྒྱས་འདེབས་ཐུབ་པ་མ་བྱུང་ཕྱིན་བཤར་འདོན་རེ་དང་དམིགས་པ་ལམ་ཙམ་རེས་སྐབས་དོན་མི་འགྲུབ་པས་བླང་བཞག་ཇི་ལྟར་འོས་པ་བྱར་བཏུབས་ཀྱང་། སྐབས་འདིར་ནི་ངག་བཟླས་ཀྱི་ཐོག་མར་རྡོ་རྗེའི་བཟླས་པའམ་ཕྲ་མོའི་རྣལ་འབྱོར་འགྲོ་དགོས་ལ། དེའི་དམིགས་པའི་གཞི་ཐིག་ལེའི་རྣལ་འབྱོར་ཡིན་པས་ཆད་དུ་མི་རུང་། རྡོར་བཟླས་སྐབས་དམིགས་པའི་གཞི་ལྟེ་བའི་


KMC015_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ལ་སེམས་གཏད། རླུང་དང་རྩ་བའི་སྔགས་སྦྱར་བའི་ཚེ་འཇུག་པ་ནི་ཕྱི་ནས་ནང་དུ་ཞུགས་པར་རྩོམ་པ། འབྱུང་བ་ནི་སྣ་ནས་ལྟེ་བར་ཞུགས་པ། གནས་པ་ནི་རིམ་པ་དང་པོ། བདེ་བ་ནི་གཉིས་པ། འགག་པ་ནི་གསུམ་པ་སྟེ་གསལ་བ་དང་བདེ་བ་དང་མི་རྟོག་པའི་ཉམས་མྱོང་དང་མཚུངས་པར་ལྡན་པ། ལྡང་བ་ནི་སྣ་ནས་ཕྱིར་འགྲོ་བའོ། །ཐོག་མར་དེ་ལ་ནུས་ན་འབུམ་ཕྲག་ལ་སོགས་པ་བཟླས་པར་བྱ་སྟེ། ས་ར་ཧས། དེ་ལྟར་ཡན་ལག་དྲུག་གིས་ནང་གི་བདག་ཉིད་ཀྱི་སྔགས་ཀྱི་བཟླས་པ་བྱའོ། །འདི་ཉིད་ལ་གོམས་པའི་སྦྱོར་བས་སངས་རྒྱས་སུ་འགྱུར་ཏེ་གཞན་ཏུ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ངག་བཟླས་ནི་གཙོ་བོར་སྙིང་པོའི་སྔགས་ཉིད་བཟླ་ཞིང་། ཉེ་སྙིང་ནི་ཁྲི་ལ་སོགས་པ་བཟླ། འཁོར་གྱི་སྔགས་ནི་འདིར་མ་གསུངས་ཏེ། རིམ་པ་གསལ་བ་ལས། དཀྱིལ་འཁོར་བདག་པོའི་བཟླས་པ་ནི། །བསོད་ནམས་ཆེ་འབྲིང་ཆུང་བ་དག །བྱེ་བ་འབུམ་དང་ཁྲིས་འགྲུབ་འགྱུར། །འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་


KMC015_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བཟླ་མི་བྱ། །ཞེས་གྲངས་ཚད་བཅས་བསྟན་པ་ལྟར་རོ། །རྫོགས་རིམ་ཇོ་ནང་རྗེ་བཙུན་ཆེན་པོའི་ཁྲིད་ཡིག་ལྟར་རེས་མོས་སོགས་སམ། མི་ནུས་ན། གཙོ་བོར་བུམ་ཅན་དང་སྦྱར་བའི་རྡོར་བཟླས་དང་། དམིགས་མེད་རྣམས་པར་མི་རྟོག་པའི་རྫོགས་རིམ་གཉིས་པ་རྒྱུན་གྱི་རྣལ་འབྱོར་དུ་བྱའོ།། ༈ །།བདུན་པ་མ་ཧཱ་མཱ་ཡ་ནི། སྤྲོས་མེད་ལུགས་ལྟར་ན་རྩ་བའི་ལྷ་རྡོ་རྗེ་སེམས་དཔའི་དབྱིབས་ཀྱི་རྣལ་འབྱོར་སློབ་དཔོན་ཀུ་ཀུ་རཱི་པས་མཛད་པའི་སྒྲུབ་ཐབས་ཤིན་ཏུ་སྤྲོས་མེད་ཉམས་སུ་བླངས་ཤིང་། ཅུང་ཟད་སྤྲོ་ན་དཀྱིལ་འཁོར་རྒྱས་པར་བསྒོམ་པ་ཡིན་མོད། སྤྱིར་འདི་ཉིད་ཀྱི་རྒྱུད་དངོས་མདོར་བསྡུས་པའི་དབང་དུ་མཛད་ཅིང་། བསྒོམ་བཟླས་ཀྱི་སྐབས་སུའང་ཤིན་ཏུ་སྤྲོ་མི་དགོས་ཤིང་། རྒྱུད་དང་རྒྱ་གཞུང་གི་དགོངས་པར་གནས་པའི་རྗེ་མར་པའི་བཞེད་པ་དངོས་ནི་ཆོ་གའི་ཡན་ལག་རྣམས་བསྡུས་པ་ཁོ་ནའི་དབང་དུ་མཛད་ཅིང་། ལྷ་བསྐྱེད་སྐབས་སྲུང་འཁོར་དང་དུར་ཁྲོད་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨའི་


KMC015_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་ལྷ་བསྐྱེད་པ་ཙམ་མ་གཏོགས་གཞལ་ཡས་ཁང་ཡང་བསྐྱེད་མི་དགོས། རྔོག་པ་ཕྱི་མ་རྣམས་ཀྱིས་དགྱེས་རྡོར་སོགས་དང་བསྟུན་ཏེ་འབྱུང་བཞི་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་མི་བསྐྱེད་འདམ་གར་བྱ་ཆོག་ཚུལ་ས་བོན་ཙམ་ཞིག་གསུངས་པ་ལ། ཕྱི་ནས་རྗེ་སྤྱན་སྔ་སོགས་ཀྱིས་ཆོ་ག་གྲ་བསྒྲིགས་པའི་སྐབས་སུ་ཡོད་ན་འགལ་བ་མེད་པ་ལ་དགོངས་ནས་ཚིག་གི་སྤྲོས་པ་ཆེར་མཛད་པ་ལྟར་སྒྲུབ་ཐབས་སུ་ནི་གསུང་ཚིག་དེ་རྣམས་དཔེ་བཤུ་ཁོ་ནར་བྲིས་མོད། ཉམས་ལེན་སྐབས་ཐུན་དང་པོ་ལ་རྒྱས་པར་བྱས་ཀྱང་རུང་ཕྱི་མ་རྣམས་ལ་གནས་ཡོ་བྱིན་རླབས་ནས་དབུ་བརྩམས། སྲུང་འཁོར་གྲུབ་མཚམས་དུར་ཁྲོད་ཀྱི་མངོན་རྟོགས་རྒྱས་བསྡུས་གང་རུང་མཐར། པདྨ་དམར་པོ་འདབ་མ་བརྒྱད་པ་འོད་ཟེར་ཁ་དོག་སྣ་ཚོགས་སོགས་གདན་བསྐྱེད་དང་སྦྲེལ་བས་འཐུས། བཟླས་པའང་དཀྱིལ་འཁོར་འབྲི་བའི་དོན་ཏུ་ངག་བཟླས་བཞེད་པ་ལས། རང་དོན་མཆོག་བསྒྲུབ་ལ་རྡོ་རྗེའི་བཟླས་པ་ཁོ་ན་བྱ། དབྱིབས་སྔགས་ཆོས་ཀྱི་རྣལ་འབྱོར་ལྷན་


KMC015_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་བསྒོམ་ཆོག་པས་རྫོགས་རིམ་གྱི་ཡི་གེ་ལྟར་ལ། རྡོར་བཟླས་སྐབས་གཙོ་བོར་ཐིག་ལེ་སྔགས་ཀྱི་རྣལ་འབྱོར་དམིགས་སྐོར་གསུམ་ལས་ལུས་ཀྱི་དབུས་སུ་བསྒོམ་པ་དེ་བྱ་བ་ཡིན་ཀྱང་། སྐབས་འདིར་གྲངས་བསྙེན་ཙམ་གྱི་དབང་ དུ་བྱས་ན། དག་དྲན་མཐར་དཀྱིལ་འཁོར་གསལ་གདབ་ཐུན་ཅིག་བསྒོམ། རླུང་འཇུག་གནས་ལྡང་གསུམ་ཧཱུྃ་ཨཱཿༀ་དང་སྦྱར་བའི་རྡོར་བཟླས་ཅི་རིགས་བྱ། བཟླས་དམིགས་དཀྱུས་སུ་དགྱེས་རྡོར་སོགས་ལྟར་སྤྱི་འགྲེ་སྨོས་པ་དེ་སྤྱན་སྔ་སོགས་ཀྱི་གསུང་ཡིན་ཀྱང་། རྗེ་མར་པས་མཱ་ཡཱ་གསན་ཡུལ་སློབ་དཔོན་ཤཱནྟི་པའི་རྒྱུད་འགྲེལ་ལས། འདིར་ཧེ་རུ་ཀའམ་མཁའ་འགྲོ་མ་རྣམས་ཀྱི་སྐུར་དེའི་ང་རྒྱལ་གྱིས་བསྒོམས་ལ། རབ་བསྔགས་དང་ཧཱུྃ་གི་དབུས་སུ་རྩ་བའི་སྔགས་བཅུག་སྟེ་རིམ་གྱིས་དལ་བུས་བརྗོད་དེ་སྔགས་ཀྱི་དོན་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ་ཚུད་པའི་རིག་པའི་ཡི་གེའི་ཐིག་ལེ་ལ་དཔའ་བོའི་ཐིག་ལེ་བཞག་སྟེ། དེ་ལས་བྱུང་བའི་འོད་ཀྱིས་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་


KMC015_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏུ་བྱས་ནས་དེ་རྣམས་ཀྱིས་རང་གི་ལྷའི་སྐུའི་རྣམ་པར་བྱས་ཏེ། དཔའ་བོའི་ཐིག་ལེ་ལ་ཡང་དག་པར་བསྡུ་བས་སྔགས་ཀྱི་དོན་རིག་པར་བྱའོ། །ཞེས་གསུངས་པ་ལྟར་ཇོ་ནང་རྗེ་བཙུན་ཀྱང་བཞེད་པ་ཉིད་འདི་ཉིད་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་སུ་སྣང་བས། ཐུགས་ཀར་པདྨ་དམར་པོ་འདབ་བཞིའི་དབུས་སུ་འོག་ཉི་མ། སྟེང་ཟླ་བ་ཁ་སྦྱོར་གྱི་གའུའི་དབུས་སུ། གཙོ་མོ་ལ་ཧྲཱིཿ མཁའ་འགྲོ་བཞི་ལ་ཧཱུྃ་སྭཱ་ཨཱཿཧཱ་རྣམས་ཀྱི་མཐར་སྔགས་ཕྲེང་རང་མདོག་ངོ་ནང་བསྟན་གཡས་བསྐོར་དུ་གསལ་གདབ་ལ། སྤྲོ་བསྡུའི་བཟླས་པ་དང་། དག་པ་གསུམ་དྲན་གཙོ་བོར་བྱ་ཞིང་། བཟླས་པའི་ཚད་ནི། ཀུ་ཀུ་རཱི་པའི་དཀྱིལ་ཆོག་ལས། འཁོར་ལོ་ཅན་གྱི་འབུམ་ཕྲག་གཅིག་བཟླས་ལ། ལྷ་མོ་རྣམས་ཀྱི་ནི་ཁྲི་ཕྲག་རེ་བཟླས་སོ། །ཞེས་པས་སྤྱི་དང་མཐུན་ནོ། །གོང་སྨོས་རྡོར་སེམས་ཁོ་ནའི་རྣལ་འབྱོར་གྱིས་བསྙེན་པ་རྫོགས་པར་བྱེད་ན་བསྒོམ་བྱ་དེ་ལྟར་ལ་བཟླ་བྱ་འབྲུ་གསུམ་གྱི་རྡོར་བཟླས་སམ། ཡང་ན་སྔགས་འཁོར་སྨོས་མ་ཐག་ལྟར་དམིགས་


KMC015_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཙོ་མོའི་བསྙེན་པ་བཟླས་ཀྱང་རུང་ངོ་། །གཞན་ཡང་རྒྱུད་ཀྱི་དགོངས་པ་འགོག་བཟླས་ཀྱང་སྦྱོར་ཏེ། རླུང་བཟུང་བའི་ཚེ་བཟླས་པ་ཉིད་ཅི་ནུས་བྱ་ཞིང་། དབྱུང་རྡུབ་བྱེད་དགོས་པའི་ཚེ་ༀ་ཧཱུྃ་གཉིས་དང་སྤེལ་ལོ།། ༈ །།བརྒྱད་པ་གདན་བཞི་ནི། རྩ་བའི་ལྷ་རྡོར་སེམས་ཕྱག་རྒྱ་རྐྱང་པ་ལ་བརྟེན་ཏེ་ཉམས་སུ་བླངས་ནའང་མཆོག་ཏུ་འགྱུར་ཞིང་། མདོར་བསགས་ཀྱི་དགོངས་པའང་དེ་ཡིན་པས་ཡབ་བཀའ་ཡུམ་བཀའ་གཉིས་ཀའི་གོ་ཆོད་ལ་དེའི་ཚུལ་ནི་གཞན་ཏུ་གསལ། རྔོག་པའི་ཡིག་རྙིང་ལས། ཇོ་བོ་ནཱ་རོ་པ་ནི་རྩ་བའོ་ལྷ་བཅུ་གསུམ་གྱི་བསྐྱེད་རིམ་ལ་བརྟེན་ནས་བསྙེན་པ་མཛད་གསུངས། རྗེ་མར་པ་ཡང་དེ་ལྟར་བཞེད་དོ། །ཞེས་འབྱུང་བ་ལྟར་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་གདན་བཞི་ཡེ་ཤེས་དབང་ཕྱུག་མ་ཉིད་རྩ་བའི་དཀྱིལ་འཁོར་ཡིན་པས། དེ་ལ་བསྙེན་པ་ཚད་ལྡན་སོང་ཕྱིན་ཡབ་བཀའ་ཟུར་དུ་མི་དགོས་པར་བཞེད་ལ། ཅི་སྟེ་སྤྲོ་ན་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་རྒྱས་པའི་ལུགས་ནི་མངོན་རྟོགས་ལྟར་


KMC015_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཆགས་སུ་བཏང་བ་ལས། ཐུན་བཞིར་རྒྱས་བསྡུས་བྱ་ཚུལ་གོང་དུ་སྤྱི་བཤད་སྐབས་ལྟར་ལ། སྔགས་རྣམས་ལས་རིམ་གྱི་ཚུལ་གྱིས་གསུམ་རེ་ཙམ་དང་། གཙོ་བོའི་སྔགས་རྩེ་གཅིག་པས་བཟླ། གྲངས་བསྙེན་སོང་ནས་མས་ནས་གྱེན་ཟློག་བཟླ་ཚུལ་དེ་ལྟར་ལ་འཁོར་སྔགས་སོ་སོར་ཐད་ཀ་དེར་མང་དུ་བཟླ་བས་གྲངས་བཟུང་། དེ་དག་གི་གྲངས་ན། མདོར་བསགས་ལས། ཡེ་ཤེས་ས་བོན་འབུམ་ཕྲག་གསུམ། །སྔོན་ཏུ་བསྙེན་པའི་བཟླས་པ་བྱ། །རྣལ་འབྱོར་མ་ནི་བརྒྱད་པོ་ཡི། །ཁྲི་ཕྲག་བཞིར་ནི་བསྙེན་པ་བྱ། །སྦོས་མོ་ཌཱ་མི་དྲཱི་སོགས་ཀྱི། །ཉི་ཤུ་སྟོང་ཕྲག་ལྔ་རུ་བཟླས། །ཕྱི་རོལ་གནས་ཀྱི་འཇིག་རྟེན་པ། །རྒྱལ་དབང་དངོས་གྲུབ་ཤིན་ཏུ་དྲག །སྟོང་ཕྲག་གསུམ་དུ་བཟླས་ན་ནི། །ཀུན་ནས་ཀུན་ཏུ་འགྲུབ་པར་འགྱུར། །སྔོན་ཏུ་བསྙེས་པས་འགྲུབ་འགྱུར་ཏེ། །མ་བསྙེན་པས་ནི་དཀྱིལ་འཁོར་མིན། །ཅེས་གསུངས་པ་ལྟར་ལ། སྤྲོས་པ་བསྡུས་པའི་ལུགས་བྱེད་ན་དང་པོའི་སྦྱོར་བ་ཙམ་གྱིས་ཆོག་པས། ཐུན་དང་པོར་བདུད་རྩི་མྱང་ཞིང་།


KMC015_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་གཏོར་མ་བཏང་། རྗེས་མ་རྣམས་སུ་བླ་མ་དག་པ་ནས་འཕྲོག་བྱེད་ཅོད་པ ན་སོགས་ཀྱིས་བསྟོད་པའི་བར་བཏང་ཕྲེང་བ་བྱིན་རླབས་སྔོན་ཏུ་འགྲོ་བའི་བཀོད་པའི་བཟླས་དམིགས་གཞིར་བཞག །ཁྱོགས་བཟླས་གཙོར་བྱས་པའི་དམིགས་གནད་རྣམས་འོས་མཐུན་ཏུ་སྦྱོར་ལ། གཙོ་བོའི་བསྙེན་པ་སུམ་འབུམ་ཁ་སྐོང་བཅས་བཟླ། ཐུན་མཚམས་རྣམས་སུ་མཆོད་བསྟོད་དང་སྲོད་ཐུན་ཙམ་ལ་གཏོར་འབུལ་མདོར་བསྡུས་བྱ། བསྡུ་རིམ་སྐད་ཅིག་གིས་འོད་གསལ་དུ་ཞུགས་ནས་སླར་རྣལ་འབྱོར་ནམ་མཁར་གསལ་བའི་གནས་སྲུང་གོ་བགོ་སོགས་དང་དགེ་བསྔོ་བྱས་པས་འགྲུབ་བོ།། ༈ །།དགུ་པ་ཡེ་ཤེས་དབང་ཕྱུག་མ་ནི། གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡིན་ཅིང་། བཤད་རྒྱུད་སམྦུ་ཊ་སོགས་ལས་ཀྱང་གསུངས་པ་ལྟར་ཤིན་ཏུ་གལ་ཆེ་བ་སྟེ། མངོན་རྟོགས་ཉུང་བས་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་ཡང་འགྲུབ་སླ་ལ། དང་པོའི་སྦྱོར་བ་ཙམ་ལ་བརྟེན་ཀྱང་བྱ་སླ་ཞིང་དོན་འགྲུབ་པ་སྟེ། གཉིས་ཀ་གང་བྱེད་ཀྱང་བྱ་


KMC015_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡབ་བཀར་སྨོས་པ་ལྟར་ལ། བསྙེན་ཚད་ནི། སློབ་དཔོན་བྷ་བ་བྷ་དྲ་དང་། ཨ་བྷ་ཡས་མཛད་པའི་ཡུམ་བཀའི་སྒྲུབ་ཐབས་སོགས་ལས་ཀྱང་འབུམ་ཕྲག་གསུམ་དུ་བཤད་ཅིང་། ཡབ་ཡུམ་གཉིས་ཀ་ལའང་བསྙེན་ཚད་སོང་ནས་སློབ་དཔོན་ཏུ་འོས་པ་ཡིན་ན་དཀྱིལ་ཆོག་ཏུ་སྨོས་པ་ལྟར་ཡེ་ཤེས་དབབ་པའི་སྔགས་ཀྱང་གྲངས་སུ་བཟླ་ཞིང་། འབེབས་རྫས་སྦྱར་བ་ལ་དམིགས་པ་གཏད་ཅིང་རྫས་བསྒྲུབ། གདན་བཞིའི་སྐོར་འདིར་ཕྱག་རྒྱ་དང་དམིགས་པ་སོགས་ཁྱད་ཆོས་སུ་སྦྱོར་རྒྱུ་མང་བས་འདིར་ཉུང་ངུའི་ངག་གིས་སྡོམ་པར་མི་ནུས་པས་སྒྲུབ་ཐབས་ཉིད་ཤིན་ཏུ་གསལ་བར་ཡོད་ཅིང་། གཞན་ལས་ཀྱང་ཤེས་པར་བྱ་དགོས་སོ། །གདན་བཞི་ཡབ་ཡུམ་གཉིས་ཀའི་ལྷ་བསྐྱེད་པའི་སྐབས་སུ། རླུང་བཅུའི་དག་པ་དང་སྦྱར་བའི་ལུས་དཀྱིལ་ཕྱོགས་གཏོགས་ཡིན་ཏེ། དེའང་གཙོ་བོ་ཡབ་ཡུམ་མཁའ་རླུང་གི་ངོ་བོ་ལྷར་བཞེངས་པ་དང་། འཁོར་ལྷ་རྣམས་ཀྱང་དེ་བཞིན་ཏུ་གྱུར་པ་སྟེ། དཔེར་ན་ངོ་བོ་རང་གི་ཆུའི་རླུང་། རྣམ་པ་གསུམ་ཞེས་བྱ་


KMC015_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡི་གེའི་སྒྲ་གདངས་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་ཐུགས་ཀར་ལམ་གྱིས་གྲུབ་པ་ཐུགས་ཀ་ནས་སྤྲོས། རང་འདྲ་མང་པོར་གྱུར་པས་ཕྲིན་ལས་མཛད། གཅིག་ཏུ་འདུས་ཏེ་ཤར་གྱི་གདན་ལ་འཁོད་པར་མོས་པ་སོགས་རིགས་འགྲེ། འདིའང་ཇོ་ནང་རྗེ་བཙུན་གྱིས་ཡི་གེའི་སྒྲ་གདངས་ཙམ་ལས་གཟུགས་སུ་བཞེངས་པ་དང་། སྤྱན་སྔ་སོགས་ཀྱིས་ཡི་གེའི་གཟུགས་ལས་ལྷར་བཞེངས་པར་བཞེད་དོ། །ཕྲ་ཐིག་བསྒོམ་ན་ཐུན་མོང་མ་ཡིན་པ་བ་ནུའི་མན་ངག་དང་། སྤྱི་ལྟར་བསྒོམ་ཡང་རུང་ལ། རྡོར་བཟླས་དང་འགོག་བཟླས་སོགས་ཀྱང་སྤྱི་ལྟར་རམ་རྫོགས་རིམ་གྱི་ཁྲིད་ལྟར་སྦྱར་རོ།། ༈ །།བཅུ་པ་ཕ་རྒྱུད་ལས་འདུས་པ་འཕགས་ལུགས་ནི། ཐུན་དང་པོ་རང་རྒྱལ་བཟུང་ཞིང་ནང་མཆོད་བྱིན་རླབས་ནས་བརྩམས་ཤིང་། ཐུན་ཕྱི་མ་རྣམས་སུ་མཆོད་རྫས་བྱིན་རླབས་ནས་བཟུང་། སྨོན་ལམ་ཡན་མཐར་ཆགས་སུ་བཏང་། ཅིས་ཀྱང་མ་ལྕོགས་ན། དང་པོའི་སྦྱོར་བ་ཙམ་ལ་བརྟེན་པའི་བསྙེན་པ་རུང་བ་རྒྱུད་གཞན་གྱི་རིགས་


KMC015_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཁས་གྲུབ་ཚད་ལྡན་མང་པོས་བཤད་པས་ཐུན་སྔ་མར་མངོན་རྟོགས་རྒྱས་པ་དང། ཕྱི་མ་རྣམས་སུ་སྐྱབས་སེམས་དང་། སྲུང་འཁོར་ནས་བརྩམས་ཏེ། བདག་དོན་ཕུན་ཚོགས་དང་པོའི་སྦྱོར་བའི་ལྔ་པ་མཆོད་པའི་དེ་ཉིད་ཡན་བཏང་ནས། ཕྲ་ཐིག་བཟླས་པ་ལ་འཇུག་ཅིང་ཐུན་གྲོལ་བ་ན་མཆོད་བསྟོད་མདོར་བསྡུས་དང་། བཅུ་གཅིག་པ་ཉེར་བསྡུའི་དེ་ཉིད་མན་ཆད་ལ་འཇུག །གཏོར་འབུལ་ཐུན་བཞི་ཀར་ལྕོགས་མིན་སོགས་སྤྱི་ལྟར་བྱ། བསྙེན་པ་དང་པོའི་སྐབས་སུ་གདོང་གི་སྣ་རྩེའི་ཕྱག་མཚན་དང་། ནོར་བུའི་ཐིག་ལེ་ཙམ་གྱིས་ཆོག་གི། ཕྲག་ཐིག་རྒྱས་པ་མི་དགོས་ལ། གཙོ་བོར་རྡོར་བཟླས་ཁོ་ན་རྒྱུད་དང་རྒྱ་གཞུང་རྣམས་སུ་ཆེ་ཐང་དུ་གསུངས་པ་ལྟར་གོང་སྨོས་རྣམས་ནན་ཏན་ཏུ་བྱ་ཞིང་། ངག་བཟླས་ཀྱི་ཏིང་ངེ་འཛིན་གཙོ་བོ་སྤྲོ་བསྡུ་ལ་བྱ། ཁྱོགས་བཟླས། ཁྲོས་པའི་བཟླས་པ། ཁྲོ་བཟླས་རྣམས་ཀྱང་རེས་མོས་སུ་བྱ་སྟེ་མདོ་བསྲེ་དང་མདོར་བྱས་ཀྱི་དགོངས་པར་བཞེད། རྒྱུད་འདིར་བཟླ་བའི་གཙོ་བོར་འབྲུ་གསུམ་དུ་གསུངས་


KMC015_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚན་སྔགས་དང་ས་བོན་གྱི་ཁ་བསྒྱུར་ཕྲན་བུ་མ་གཏོགས་བསྐྱེད་རྫོགས་གཉིས་ཀ་ལ་འབྲུ་གསུམ་ཁོ་ནའི་རྣལ་འབྱོར་དུ་མཛད་པ་ནི་ཁྱད་ཆོས་ཡིན་ལ། དེ་དག་ཀྱང་རྗེ་བཙུན་སྒྲོལ་བའི་མགོན་པོས། རྡོ་རྗེའི་བཟླས་པ་ནི་སྔགས་ཀྱི་ཕྲེང་བར་དམིགས་ནས། སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་དྲན་བཞིན་པས་ཡི་གེ་འབྲུ་གསུམ་ཡིད་བཟླས་སམ། འགོག་པའི་བཟླས་པ་བྱའོ། །ཕྱི་རོལ་གྱི་བཟླས་པ་ནི། བཟླས་པའི་མན་ངག་སྤྱི་དང་མཐུན། བཟླས་པའི་གྲངས་ནི། དབང་བསྐུར་སོགས་ཀྱི་དོན་ཏུ། གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི། བགེགས་མཐར་བྱེད་ཀྱི་ཕྲེང་སྔགས་ལ་ཁྲི། ཡེ་ཤེས་འབེབས་པའི་སྔགས་འབུམ། དེའི་བཅུ་ཆའི་སྦྱིན་སྲེག་དང་བཅས་པས་རྫོགས་པའོ། །དངོས་གྲུབ་སྒྲུབ་པ་ལ་ནི་ཚད་མེད་དེ། ལྷས་བྱིན་གྱིས་བརླབས་པ་དང་། དངོས་གྲུབ་སོ་སོའི་མཚན་མ་ཐོབ་ཀྱི་བར་དུའོ། །བཟླ་བྱའི་སྔགས་ན། ༀ་ཨཱཿཧཱུྃ་ནི་ལྷ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོར་གསུངས་ལ། བཛྲ་དྷྲྀ་ཀྲ་ལ་སོགས་པ་


KMC015_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་སྔགས་རྣམས་ནི། སྙིང་པོའི་སྙིང་པོ་ཡིན་པར་གསུངས་པས་ཉེ་སྙིང་ངོ། །འབྱིན་སྔགས་ས་བོན་དང་བཅས་པ་དེ་ཉིད་གསུམ་སྤེལ་ལམ། ལྔ་སྤེལ་དུ་བྱེད་པ་ནི་སྙིང་པོ་ཡིན་ཞིང་། ཕཊ་དང་སྤེལ་བ་ཡང་། དཔལ་ལྡན་ཨཱ་ཱཏི་ཤའི་རྒྱ་དཔེ་ལ་མངོན་སུམ་དུ་མཐོང་བས། ནོར་བའོ་ཞེས་སྨྲ་བར་མི་ནུས་སོ། །ཕྲེང་སྔགས་ནི་རྩ་རྒྱུད་དུ་ཡུམ་བཞི་དང་། ཁྲོ་བོ་དགུའི་ཕྲེང་སྔགས་ཙམ་གསུངས་སོ། །དེ་ཡང་རང་གཙོ་བོར་གསལ་བ་དང། གཙོ་འཁོར་ཐམས་ཅད་རྒྱུད་གཅིག་པ་དང་། ལྷ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་བལྟས་ནས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་བའི་དོན་ཏུ་ལྷ་ཐམས་ཅད་ཀྱི་ཞལ་ནས་ཟློས་པར་བསམ་དགོས་སོ། །ཞེས་གསུངས། བུ་སྟོན་རིན་པོ་ཆེས་ཕྲེང་སྔགས་དང་ཁྱོགས་བཟླས་སྦྱར་ཞིང་གཙོ་བོར་སྤྲོ་བསྡུའི་བཟླས་པ་བྱ་བར་བཞེད། དེའང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། དཀྱིལ་འཁོར་གཙོ་བོའི་བཟླས་པ་འབུམ། །དེ་ལས་གཞན་པ་ཁྲི་རུ་བཟླས། །མཚན་མ་ངེས་པར་ཐོབ་པའམ། །ཡང་ན་བསྙེན་པའི་


KMC015_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གོམས་པས། །དཀྱིལ་འཁོར་ཡོངས་སུ་འདྲི་བར་བྱ། །ཞེས་པའི་ལུང་དོན་ལྟར་མར་འགོས་གཉིས་ཀས་ཕྱག་བཞེས་སུ་མཛད་པ་སྟེ། རྡོར་བཟླས་འབུམ་སོང་ན་ཕན་ཡོན་ཆེ་བས་ལྷག་པོར་བྱ་ཞིང་། འབུམ་མམ་དེ་བཞི་འགྱུར་ལ་སོགས་པའི་ངག་གི་གྲངས་བཟླས་ནི་བཛྲ་དྷྲྀཀ་ལ་བཟུང་ངོ་། །འདིར་བསྒོམ་དོན་རྒྱས་པ་འབྲིར་མི་ལོངས་ཀྱང་། སྲུང་འཁོར་ལ་འཁོར་ལོ་ཡོད་མེད་ཕྱོགས་གཉིས་ལས་མར་ལུགས་པ་རྣམས་ནཱ་རོའི་འགྲེལ་པ་ལྟར་འཁོར་ལོ་ཡོད་པའི་ཕྱོགས་སུ་བཞེད་ཅིང་། གཙོ་བོའི་ཕྱག་མཚན་ཡས་རིམ་དུ་བཀྲམ། རིག་མ་འདུ་བྱ་བའི་སྐབས་རྡོ་རྗེའི་རིགས་དང་མཐུན་པ་གདོལ་པའི་བུ་མོ་སྨེ་ཤ་ཅན་ཨུཏྤལ་སྔོན་པོའི་མདོག་མཚུངས་ལོ་བཅུ་གཉིས་མ་པང་དུ་སྤྲོ། རྗེས་ཆགས་སྐབས་རིན་འབྱུང་སོགས་ལྷ་སོ་སོ་དེ་དང་དེའི་ངོ་བོ་ཡིན་པའི་ང་རྒྱལ་ཙམ་ལས་གཟུགས་བསྒྱུར་བ་མ་ཡིན། དཀྱིལ་འཁོར་རྒྱལ་མཆོག་སྐབས། རྗེས་ཆགས་ཀྱི་རྐྱེན་གྱིས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག །སངས་རྒྱས་དེ་


KMC015_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་ལུས་དཀྱིལ་གྱི་ལྷ་རྣམས་ཞུ་བའི་ཐིག་ལེ་རྒྱུར་བྱས་ནས། གནས་ཡུམ་གྱི་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད་དགོས་པ་ལ། རྣམ་གཞག་རིམ་པ་ལས་གཞལ་ཡས་ཁང་བསྒོམ་པར་གསུངས་པས་གཞལ་ཡས་ཁང་བསྒོམ་དགོས་ཤིང་། ལྷ་རྣམས་བསྐྱེད་པ་ལ་ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་དང་། ཐུགས་ཀར་དྲངས་ནས་ཕྱོགས་བཅུར་སྤྲོ་བ་དང་། སྤྱི་དང་དགོས་ཀྱི་མཛད་པ་མཛད་པ་དང་། སྤྲུལ་པ་རྣམས་གཅིག་ཏུ་བསྡུ་བ་དང་། དེ་ལ་རང་རང་གི་ཡེ་ཤེས་པ་རྣམས་བསྲེ་བ་དང་། ཐོག་མ་ཉིད་ནས་རིགས་བདག་རང་ཆས་སུ་བསྐྱེད་ནས། སྐབས་འདིར་རིགས་བདག་ཡབ་ཡུམ་གྱི་བྱང་སེམས་ཐིག་ལེས་དབང་བསྐུར་བ་དང། སླར་བྱོན་ཏེ་རང་གནས་སུ་འཁོད་པ་རྣམས་ལ། བསྐྱེད་པའི་སྒོ། སྤྲོ་བའི་སྒོ། མཛད་པའི་སྒོ། བསྡུ་བའི་སྒོ། འདྲེས་པའི་སྒོ། དབང་བསྐུར་བའི་སྒོ། གནས་སུ་འཁོད་པའི་སྒོ་སྟེ་སྒོ་བདུན་གྱི་ཐ་སྙད་མཛད་ལ། དེའི་དང་པོ་ཆོ་ག་གསུམ་ནི། ཐིག་ལེ་སོ་གཉིས་ཟླ་བ་ལས་བྱང་ཆུབ་པ་དང་ས་བོན་དེ་ཉིད་གསུམ་


KMC015_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཅན་སོ་གཉིས་རྣམས་ནི་ཡིག་འབྲུ་ལས་བྱང་ཆུབ་པ་དང་། ཕྱག་མཚན་སོ་གཉིས་ནི་ཕྱག་མཚན་ལས་བྱང་ཆུབ་པ་སྟེ། རྒྱུ་ཆོ་ག་གསུམ་གྱི་སྒོ་ནས་འབྲས་བུ་ལྷར་བསྐྱེད་པའོ། །འདི་ལ་ཕྱག་རྒྱ་བཞིའི་རྒྱས་འདེབས་ཀྱི་དོན་ཚང་བ་ནི། ས་བོན་ཡིག་གསུམ་དང་སྤེལ་བ་གསུང་ཆོས་ཀྱི་ཕྱག་རྒྱ། ཕྱག་མཚན་སོ་གཉིས་ཐུགས་དམ་ཚིག་གི་ཕྱག་རྒྱ། ལྷ་སོ་གཉིས་སྐུ་ཕྱག་རྒྱ་ཆེན་པོ། སྤྱི་སྒོས་ཀྱི་མཛད་པ་རྣམས་ཕྲིན་ལས་ལས་ཀྱི་ཕྱག་རྒྱ་སྟེ། ལྷ་སོ་གཉིས་བསྐྱེད་ཆོག་བཞི་པོ་དེ་ཚང་བ་ལས་གཞན་དུ་མི་འདའ་བ་ནི། ཕྱག་རྒྱས་རྒྱས་བཏབ་པའི་དོན་ནོ། །བཟླས་པའི་མཐར་རྗེས་ཆགས་ཀྱི་རྐྱེན་གྱིས་གཙོ་བོ་སེམས་དཔའ་སུམ་བརྩེགས་འོད་གསལ་དུ་གཞུག་པ་དང་། ལྷ་མོ་བཞིས་བདེ་བ་ཆེན་པོ་ལ་བསྐུལ་ནས་ལྡང་བ་དང་། དེ་ལ་བསྟོད་པ་དང་མཆོད་པ་བྱེད་པ་རྣམས་ཀྱང་སྟེ། རྗེས་བསྡུ་ཉིད་ཀྱི་སྔོན་འགྲོ་ཡིན་ལ་དེའི་མཐར་རྗེས་ཡོངས་སུ་བསྡུ་བ་ཡིན་ནོ།། ༈ །།བཅུ་གཅིག་པ་འཇམ་དཔལ་རིགས་བསྡུས་ནི། ཡོ་ག་ལྟར་བྱེད་ན།


KMC015_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གསུམ་མམ་བཞིར་བཅད་ཅིང་གཙང་སྦྲའི་སྤྱོད་པ་སོགས་སྤྱི་ཁོག་རྡོར་དབྱིངས་སམ་ཀུན་རིག་སོགས་ལྟར་ལ། མངོན་རྟོགས་ཐུན་བཞིར་བསྐྱར་མ་ནུས་ཚེ། ཐོར་ཐུན་ལ་རྒྱས་པར་བསྒོམ་ནས་བཟླས་པའི་མཇུག་ཏུ་ཉེར་སྒེག་གིས་མཆོད། བསྟོད་པས་བསྟོད། རང་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་འཇམ་དཔལ་གྱི་ཚུལ་གྱིས་བྱེ་བར་མོས་ལ་གདན་གཞན་ཏུ་འཁོད་ལ་ཁ་ཟས་སོགས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །སླར་ཐུན་ལ་འཇུག་ཚེ་གཙོ་བོའི་ཐུགས་ཀའི་སྒོ་དབྱེ་བས་འཇུག་ཅིང་ང་རྒྱལ་བཟུང་ལ་མཆོད་བསྟོད་སྔོན་འགྲོས་བཟླས་པ་བྱ། ཐུན་ཐ་མའི་མཐར་ཉེར་སྒེག་གིས་མཆོད་བསྟོད་ནོངས་བཤགས་ཡེ་ཤེས་པ་གཤེགས་པ་སོགས་དཀྱུས་ལྟར་བྱ་སྟེ། ཞིབ་པར་གཞན་དུ་ཤེས་སོ། །འོན་ཀྱང་དཀྱུས་སུ་བཀོད་པའི་སྒྲུབ་ཐབས་འདི་ནི་བླ་མེད་ཕ་རྒྱུད་གཏི་མུག་གི་རིགས་ཀྱི་ཆོ་ག་སྟེ། མ་རྒྱུད་ལ་གཏི་མུག་རྣམ་སྣང་གི་རིགས་གདན་བཞི་དང་རྣམ་པ་མཚུངས་པས། འདིར་ནི་དེ་ལྟར་གཙོ་བོར་བཟུང་དགོས་ཤིང་། དེ་ལ་གསུམ།


KMC015_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བསྙེན་པ་བསྡུས་པའི་ལུགས་བྱེད་ན། དང་པོའི་སྦྱོར་བ་ཙམ་ལ་བསྟེན་ནས་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་ཁོ་ན་ལ་བསླབ་པ་སྟེ། གཞན་ཏུ་དྲན་པ་གཅིག་པའི་རྣལ་འབྱོར་ཞེས་པ་དང་དོན་མཚུངས་ལ། དེ་ལ་བརྟེན་ནས་གྲངས་བསྙེན་ཙམ་བྱེད་འདོད་ན་ཡང་སྙིང་ཙམ་བཟླ་ཞིང་ཐུན་མགོའི་བྱ་བ་རྣམས་ཀྱང་དོན་འདུས་ལ་ཚིག་གི་སྤྲོས་པ་རྣམས་བསྡུ་བ་དང་། ཐུན་མཐར་མཆོད་བསྟོད་བསྡུ་རིམ་སོགས་བྱ་བ་སྟེ། དེའང་ཐོག་མར་སྔོན་གཏོར་བཏང་བ་སོགས་དཀྱུས་ལྟར་ལ་བདུན་པ་གཞིའི་ཏིང་ངེ་འཛིན་གྱི། རྟ་བབས་ཀྱི་རྩེ་མོར་པདྨ་དང་འཁོར་ལོ་དང་གདུགས་དང་རི་དྭགས་ལ་སོགས་པས་མཛེས་པ། ཡ་ཕུབ་ཕྱུར་བུའི་རྣམ་པ་རྩེ་མོར་ཏོག་དང་བཅས་པ། སྔོ་སེར་དམར་ལྗང་སོགས་ནས། ནུབ་དམར་བྱང་ལྗང་། ས་གཞི་དང་འཁོར་ལོའི་ལྟེ་བ་ནས། སེང་གེའི་གདན། དེའི་སྟེང་དུ་པཾ་ལས་པདྨ་སོགས་ནས། བརྩེགས་པའི་གདན་གྱི་སྟེང་དུ། ནམ་མཁར་གནས་པའི་ཨ་ཡིག་ནས། བཅུ་པ་སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པའི་ཏིང་ངེ་


KMC015_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་མཇུག་གི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལ་ཐིམ་པར་གྱུར། ཞེས་པ་ཙམ་གྱི་མཐར་སྤྲོ་བསྡུ་དང་བསྙེན་པ་བྱས་ཀྱང་འཐུས་ཤིང་། དེས་མ་ཚིམས་ན། ཡེ་ཤེས་པ་གཞུག་པ་མན་ཆད་མདོར་བསྡུས་ཏེ། ལྷ་དཔའ་བོ་གཅིག་པ་ལ་ཚིག་གི་འབྱིན་འཇུག་ཤེས་པར་བྱས་ཏེ་སྦྱར་ཡང་རུང་ངོ་། །གཉིས་པ་བསྙེན་པ་འབྲིང་པོའི་ལུགས་བྱེ་ན། སྒྲུབ་ཐབས་ལས་ཇི་སྐད་བཤད་པ་རྣམས་ཚང་བར་ཉམས་སུ་ལེན་པ་ལས། ཐོག་མར་བསོད་ནམས་སྤེལ་བའི་སྦྱིན་སྲེག་ཀྱང་བྱ། ཐུན་རྗེས་མ་རྣམས་སུ་མཆོད་པ་བྱིན་རླབས་ནས་དབུ་བརྩམས། བརྒྱུད་པའི་བསྟོད་ཕྱག །ཁྲོ་བོ་སྤྱན་འདྲེན་བཀའ་བསྒོ། ཡན་ལག་བཅུ་པ་རྣམས་བཞག་ལ་དེའི་མལ་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་བརྗོད། སྤྱན་འདྲེན་བཞུགས་གསོལ་མཆོད་པ་རྣམས་ཀྱང་སྔགས་དང་དམིགས་པ་ཙམ་གྱིས་ཆོག་ལ། སྔགས་ནི་གཙོ་བོར་རྩ་སྔགས་བཟླ་བར་བཤད། ཡང་སྙིང་བཟླས་ཀྱང་རུང་། རིགས་བསྡུས་ཇི་ལྟར་འོས་པ་བཟླ་ཆོག་ཅིང་། རྔོག་


KMC015_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཤད་པའི་བཟླས་གྲངས་དང་སྤྲེལ་ན། ཡང་སྙིང་འབུམ་ཕྲག་བཞི། རྩ་སྔགས་འབུམ་ཕྲག་གཅིག །རིགས་བསྡུས་ཁྲི་ལ་སོགས་པ་བཟླ་བའམ། ཡང་སྙིང་མ་བཟླས་ཀྱང་བསྙེན་པ་ཚད་ལྡན་ཏུ་འགྱུར་རོ། །ཐུན་མཚམས་མཆོད་བསྟོད་སོགས་བླ་མེད་སྤྱི་ལྟར་ལ། ཡེ་ཤེས་པའང་མི་གཤེགས། གཏོར་ཆོག་སོགས་རྣལ་འབྱོར་གྱི་ཡན་ལག་བརྒྱད་པོ་རྣམས་བྱེད་པར་སྤྲོ་ན་གསང་བ་སྤྱིའི་ཆོ་ག་ལྟར་ཡང་རུང་མོད་ཀྱི་གཞན་དུ་ཤེས་པར་བྱའོ། །བཟླས་པའི་སྐབས་དམིགས་པའི་འཕྲོ་འདུ་ནི། ལྷ་ཐམས་ཅད་དམ། བསྡུ་ན་གཙོ་བོའི་ཐུགས་ཀར་ཟླ་བ་ལ་ཨ་ཡིག་དཀར་པོའི་མཐར་བཟླ་བྱའི་སྔགས་ཀྱིས་གཡས་སུ་བསྐོར་ཏེ་གནས་པ་ལས་འོད་ཟེར་བྱུང་། ཟླ་བའི་དཀྱིལ་འཁོར་གསལ་བར་བྱས། དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་གསལ་བར་བྱས་སོགས་འགྲེས་སྦྱར་ཞིང་། རེ་རེ་ལའང་བློ་ཡུན་རེར་བཞག་ལ། ཡེ་ཤེས་སེམས་དཔའ་ལས་འོད་བྱུང་ཤེས་རབ་འཁོར་ལོ། དེ་ལས་དང་པོའི་སངས་རྒྱས། དེ་ལས་གཞིའི་སངས་


KMC015_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། དེ་ལས་ལྷ་ཚོགས། དེ་ལས་གཞལ་ཡས་ཁང་། དེ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་ཆོས་འབྱུང་། དེ་ལས་བྱང་ཆུབ་མཆོད་རྟེན། དེ་ལས་ཁྲོ་ཞལ་དྲུག་ནས་འཐོན་ཏེ། འཇིག་རྟེན་ཐམས་ཅད་སྣང་བར་བྱས། སངས་རྒྱས་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱང་ནས་འཇམ་དཔལ་རིགས་བསྡུས་པའི་ལྷ་ཚོགས་ཀྱི་གོ་འཕང་ལ་བཀོད་པ་སོགས་སངས་རྒྱས་མཛད་པ་བྱས། འོད་ཟེར་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀར་ཞུགས། ཐུགས་དཔལ་གྱི་བེའུ་ལ་བསྐོར་བ་ལན་གསུམ་བྱས། ཤེས་རབ་ཡེ་ཤེས་ཀྱི་བཅུད་བསྡུས། སླར་སྔར་སྤྲོས་པའི་རིམ་པས་བསྡུས་ཏེ། གཞིའི་ཨ་ལ་ཐིམ། སྣང་སྟོང་གཉིས་མེད་ཀྱི་ངང་ལ་བཞག་གོ། ༈ །།གསུམ་པ་རིགས་བསྡུས་པའི་དཀྱིལ་འཁོར་འདི་ལ་བསྒོམ་ལུགས་མི་འདྲ་བ་གཞན་ཡོད་ཀྱང་། འདི་ལ་བརྟེན་ནས་བསྙེན་པ་རྒྱས་པར་བྱེད་འདོད་ན། མངོན་རྟོགས་སྔར་ལྟར་ལ། བསྙེན་པའི་སྐབས་ཐོག་མར་རིགས་ལྔ་ཀའི་ཐུགས་ཀར་ཤེས་


KMC015_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཁོར་ལོ་ཡེ་ཤེས་སེམས་དཔའ་སོགས་རིགས་བྱེ་བྲག་པའི་མངོན་རྟོགས་སྒྲུབ་ཐབས་གཤམ་དུ་སྨོས་པ་ལྟར་གསལ་གདབ། དེ་དག་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་རྣམས་ཀྱི་མཐར་རྡོ་རྗེ་དབྱིངས་ཀྱི་སྔགས་ཚིགས་སུ་བཅད་པ་བཅུ་བཞིས་བསྐོར། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཞེས་པའི་བར་བཟླས་པས་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་དཔག་མེད་སྤྲོས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གྱུར། རིམ་པར་ཐོན་ཏེ་ཞིང་ཁམས་ཐམས་ཅད་སྣང་བར་བྱས་པ་སོགས་སྤྲོ་བསྡུ་གོང་ལྟར་སྦྱར་རོ། །དེ་ནས་གཙོ་བོ་རྣམ་སྣང་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་ས་བོན་གྱི་མཐར་ཆོས་དབྱིངས་ཡེ་ཤེས་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་དམན་པས་བསྐོར། སངས་རྒྱས་རྣམ་པར་སྣང་མཛད་ཆེ ། །ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་བརྗོད། འོད་ཟེར་སྤྲོ་བསྡུ་བསྙེན་པ་འབྲིང་པོའི་སྐབས་ཀྱིས་རིགས་


KMC015_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེས་ཏེ། འོད་དཀར་པོ་ལས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བ་སྤྲོ། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་སྦྱངས་ནས་ཆོས་དབྱིངས་ཡེ་ཤེས་ལ་བཀོད་པ་སོགས་སོ། །ཤར་གྱི་མི་བསྐྱོད་པའི་ཐུགས་ཀར་སྔགས་ཕྲེང་འོད་ཟེར་སྔོན་པོ་ལས་མི་བསྐྱོད་པའི་ལྷ་ཚོགས་སྤྲོ་ཞིང་། ཞེ་སྡང་སྦྱངས་ནས་མེ་ལོང་ཡེ་ཤེས་ལ་བཀོད། རྡོ་རྗེ་འཇིགས་བྱེད་འཇིགས་པ་བྱེད། །ཅེས་པ་ནས་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་བཟླ་ཞིང་འོད་ཟེར་དང་ལྷ་རྣམས་མི་བསྐྱོད་པའི་ཐུགས་ཀར་བསྡུ། དེ་བཞིན་ཏུ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་དང་སྣང་མཐའི་ལྷ་ཚོགས་སྤྲོ། སེམས་ཅན་རྣམས་ཀྱི་འདོད་ཆགས་སྦྱངས་ནས་སོར་རྟོག་ཡེ་ཤེས་ལ་བཀོད་པ་སོགས་སྤྲོ་བསྡུ་དང་། ཡང་དག་བདག་མེད་དེ་བཞིན་ཉིད། །ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །བར་བརྗོད། རིན་འབྱུང་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སེར་པོ་དང་རིན་འབྱུང་ལྷ་ཚོགས་སྤྲོ། སེམས་ཅན་གྱི་ང་རྒྱལ་དང་སེར་སྣ་སྦྱངས་


KMC015_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཉམ་ཉིད་ཡེ་ཤེས་ལ་བཀོད་པ་སོགས་དང་། འདོད་པའི་དོན་གྲུབ་དམ་པ་སྟེ། །ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །བར་བརྗོད་དོན་གྲུབ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་དང་དོན་གྲུབ་ལྷ་ཚོགས་སྤྲོ། སེམས་ཅན་ཕྲག་དོག་སྦྱངས་ནས་བྱ་གྲུབ་ཡེ་ཤེས་ལ་བཀོད་པ་སོགས་དང་། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་བཀླག །གྲངས་ཀྱི་ཚད་ནི་རེ་རེ་ལ་སྟོང་རྩ་རེ་དང་ཡང་སྙིང་འབུམ་འགྲུབ་ན་བསྙེན་ཚད་དུ་འགྱུར་ཞིང་མང་ན་ཤིན་ཏུ་ལེགས་སོ། ། ཐོག་མའི་གླེང་གཞི་སོགས་ནི་ཐོག་མར་བསྙེན་པ་ཚུགས་པའི་དབུ་ལ་ཚར་གཅིག་བརྗོད། ཐུན་རེ་རེ་བཞིན་དཀྱིལ་འཁོར་དྲུག་ཀའི་ཚིགས་བཅད་རྣམས་ཚར་གསུམ་མམ་ལྔའམ་བདུན་རེ་སོགས་ཅི་འགྲུབ་ཆ་མཉམ་པར་བཟླ་ཞིང་དམིགས་པ་རེས་མོས་སུ་གཏད། ཐུན་མཐར་ཡང་སྙིང་ཅི་འགྲུབ་བཟླ་ཞིང་། མཆོག་སྦྱིན་རྡོ་རྗེ་སོགས་ཚར་གཅིག་གིས་བསྟོད་ནས་མཆོད་པ་སོགས་གོང་ལྟར་གྱིས་ཐུན་


KMC015_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུའོ། །ཅི་སྟེ་བསྙེན་པ་རྒྱས་པའི་ལུགས་མི་འགྲུབ་པར་འབྲིང་པོའི་ཞར་བྱུང་དུ་མཚན་བརྗོད་བཀླག་ནའང་བསྒོམ་ཚུལ་དེ་བཞིན་བྱས་ན་རྒྱས་པའི་ལུགས་སུ་འགྱུར་ཞིང་བསྙེན་པ་རྒྱས་འབྲིང་གཉིས་ཀ་ལང་བསྒོམ་ཚུལ་འབྲིང་པོའི་ལུགས་སུ་འགྱུར་རོ། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འདི་ནི་བྱིན་རླབས་ཕན་ཡོན་དགོས་པ་ཆེན་པོ་དང་ལྡན་པས་ཐ་ན་འབྲེལ་འཇོག་ཙམ་རེའི་བསྒོམ་བཟླས་ངེས་པར་བྱས་ན་དོན་ཆེན་པོར་འགྱུར་བ་ཡིན་ནོ།། ༈ །།གསུམ་པ་བསྙེན་པའི་རྗེས་སུ་ཇི་ལྟར་བྱ་བའི་ཚུལ་ནི། དེ་ལྟར་གྲངས་དུས་རྟགས་གསུམ་ལས་གྲངས་བསྙེན་གྱི་དབང་དུ་བྱས་ན། བསྙེན་པ་འབུམ་ཕྲག་བཞི་བཟླས་པའི་ཚེ། ཁ་སྐོང་བཞི་ཁྲི་བཞི་སྟོང་བཞི་བརྒྱ་བཅས་དངོས་གཞི་ལས་ལྷག་པར་བཟླ་བར་བཞེད་ལ། གཤམ་དུ་སྦྱིན་སྲེག་གིས་ཁ་བསྐང་ན་ཁ་སྐོང་བཟླས་པ་ཟུར་དུ་མི་དགོས་པར་བཞེད་པའང་ཡོད། བསྙེན་པ་ཁ་སྐོང་བཅས་གྲུབ་ནས་དབང་རབ་གནས་ཀྱི་སློབ་དཔོན་ཏུ་འོས་པ་ཡིན་ན་ཡེ་ཤེས་འབེབས་པའི་སྔགས་ལ་ཁྲིའམ།


KMC015_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་བཤད་པ་གདན་བཞི་ལྟ་བུ་ལ་དེ་ལྟར་བཟླ་ཞིང་སྐབས་དེའི་དམིགས་པའང་དཀྱིལ་ཆོག་སོ་སོའི་སློབ་མར་ཡེ་ཤེས་པ་དབབ་པའི་སྐབས་སུ་བཤད་པ་ཇི་ལྟ་བ་སྦྱོར་བ་ཀཾ་ཚང་ཕྱག་བཞེས་སུ་སྣང་གཞན་ཕལ་མོ་ཆེས་ཀྱང་བཤད། ལུགས་འདིའི་དགྱེས་རྡོར་བྱིན་འབེབས་དམིགས་པ་ལྟ་བུ་སྐབས་འདིར་མདུན་བསྐྱེད་དང་མི་འབྲེལ་ཡང། དེའི་དོད་དུ་མདུན་གྱི་ནམ་མཁར་གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་འདེབས་པས་འཐུས་སོ། །འོན་ཀྱང་གཞན་རྒྱུད་ལ་ཡེ་ཤེས་འབེབས་པ་ལ་བསྐྱེད་རྫོགས་གང་རུང་གིས་རང་བྱིན་བརླབས་པའི་སྟོབས་ལས་བདེ་བླག་ཏུ་འགྲུབ་པ་དགོས་ཀྱི་འབེབས་སྔགས་གྲངས་བཟླས་བ གྱིས་པ་ཙམ་གྱིས་དགོས་དོན་འགྲུབ་པ་མ་བཤད་པས་རྒྱུད་ལས་དམིགས་བསལ་གསུངས་པ་ཡིན་ན་མ་གཏོགས་དགོས་པ་ཆེ་བར་མ་མངོན། དེ་ལྟར་བསྙེན་པ་ཡན་ལག་བཅས་གྲུབ་ནས། བསྙེན་པའི་ཁ་སྐོང་དུ་སྦྱིན་སྲེག་བླུགས་པ་ཙམ་གྱིས་རྫོགས་པ་ཡིན་མོད། ཀཾ་ཚང་ཕྱག་བཞེས་


KMC015_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྙེན་པའི་རྗེས་སུ་དཀྱིལ་འཁོར་སྒྲུབ་མཆོད་ཞག་གྲངས་ཇི་ལྟར་འོས་པ་སྦྲེལ་ཞིང་། དེའི་མཐར་སྦྱིན་སྲེག་བྱ་བའི་ཕྱག་སྲོལ་འདུག་པ་ནི། གཅིག་ཏུ་རྒྱུད་ནས་བཤད་པའི་བསྙེན་སྒྲུབ་ཀྱི་ས་བཅད་ཙམ་དང་གཉིས་སུ་སློབ་དཔོན་པདྨ་མན་ངག་གསེར་ཕྲེང་སོགས་སུ་བཤད་པ་ལྟར་གསང་སྔགས་རྙིང་མའི་ཕྱག་བཞེས་དང་མཐུན་པར་མཛད་པར་སྣང་ཞིང་། ཕག་མོ་ལྟ་བུ་དམིགས་བསལ་མ་གཏོགས་མར་རྔོག་རྣམས་ཀྱི་ཕྱག་བཞེས་སུ་ནི་མེད་ཀྱང་། ཕྱིས་ཀྱི་ཕྱག་སྲོལ་དུ་འདུག་པས་དེ་ལྟ་ན། བསྙེན་པ་ཚད་ལྡན་རྫོགས་པའི་རྗེས་སུ་སྒྲུབ་གྲོགས་སོགས་ཡོད་ན་དབང་བསྐུར་གྱི་སྐབས་ལྟར་དཀྱིལ་འཁོར་གྱི་བྱ་བ་རྫོགས་པའམ། དེ་ལྟར་མི་ནུས་ན་རས་བྲིས་ལ་བརྟེན་ཏེ་བདག་མདུན་བུམ་པ་སྒྲུབ་ཅིང་། བདག་མདུན་གཉིས་ཀ་ལ་ཁྱོགས་དང་སྤྲོ་བསྡུའི་དམིགས་པ་སོགས་སྦྱར་ནས་བཟླས་པ་དང་མཆོད་བསྟོད་ཚོགས་འཁོར་སོགས་ཞག་གྲངས་མདུན་ལ་སོགས་པ་བྱ་བ་ལས་གྲངས་ཀྱི་དམིགས་བསལ་མེད་ཅིང་། དེ་ནས་བསྙེན་པའི་


KMC015_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྐོང་དུ་ཞི་བའི་སྲེག་བླུགས་བྱ་སྟེ། དེའང་བཀའ་བརྒྱུད་པ་འགའ་ཞིག་དང་། དགེ་ལུགས་པ་རྣམས་ཀྱིས་བཟླས་པའི་ཁ་སྐོང་བཟླས་པ་རང་བཏང་བས་ཁྱབ་ཅིང་། ལྷག་ཆད་ཞི་བའི་དོན་ཏུ་ཞི་བའི་སྦྱིན་སྲེག་གང་འགྲུབ་རེ་བྱས་པས་ཆོག །བསྙེན་པའི་བཅུ་ཆའི་སྦྱིན་སྲེག་བཤད་པ་ནི་ལྷ་དབང་དུ་བྱེད་པའི་ཕྱིར་དབང་གི་སྦྱིན་སྲེག་རྫས་སྔགས་བཅུ་ཆ་འགྲོ་བ་དགོས་ཞེས་རྒྱ་གཞུང་གི་ལུང་མང་པོ་དང་བཅས་ཏེ་གསུངས། གཞན་ཕལ་མོ་ཆེས་བསྙེན་པའི་བཅུ་ཆའི་སྦྱིན་སྲེག་བྱ་བ་བཞེད་པ་མཐུན་ཀྱང་། གྲངས་འཛིན་ལུགས་ལ་བར་སྐབས་ཀྱི་ངོར་ལུགས་ཁ་ཅིག་སོགས་ཕལ་ཆེར་གྱིས་ཏིལ་སྔགས་ལ་གྲངས་བཟུང་བས་བསྙེན་པ་བཞི་འབུམ་ལ་ཞི་སྦྱིན་ཏིལ་སྔགས་བཞི་ཁྲི་མཛད། ངོར་པས་དེ་སྟེང་ལས་གཞན་གསུམ་པོའང་ཉིན་རེ་ཙམ་མཛད། ཀར་ལུགས་དང་ཚར་ལུགས་སོགས་ཀྱིས་ཁ་སྐོང་ལྷ་སྔགས་ལ་གྲངས་བཟུང་ཞིང་། དེའང་རང་ལུགས་ལ་ནི་ཁ་སྐོང་ཞི་སྦྱིན་ཁོ་ནས་འཐུས་པར་མཛད་ཅིང་རྫས་སོ་སོ་བ་ཇི་ཙམ་འོས་པ་


KMC015_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྲུབ་པའི་མཚམས་སུ་བསྙེན་སྔགས་ལ་འབྲུ་གསུམ་བཏགས་པ་ལ་གྲངས་འཛིན། བསྲེག་རྫས་རྣམས་ཀྱང་ཕྱོགས་སུ་བསྡུས་ཏེ་འབུལ་བར་མཛད་ཅིང་དགྱེས་རྡོར་ལྟ་བུ་ལ་རྩ་སྔགས་གྲངས་མང་མི་འགྲུབ་པས་བདུན་གསུམ་ཙམ་གང་ནུས་རེ་དང་། གྲངས་ནི་དེ་བ་པི་ཙུ་བསགས་དགོས་པའང་ཤེས་པར་བྱའོ། །སྦྱིན་སྲེག་གྲུབ་ནས་ཉིན་གསུམ་ཙམ་བདག་འཇུག་བསྐྱར་ནས་ལེན་ཅིང་། གཏང་རག་ཏུ་བཀའ་སྲུང་གསོལ་སྐོང་སྤྱི་དང་ཁྱད་པར་དུད་སོལ་མའི་གཏོར་ཆོག་རྒྱས་པ་ལ་བརྟེན་ཏེ་བསྐང་གསོ་བརྒྱ་རྩ་སོགས་ཅི་འགྲུབ་བྱ་བ་དང་། མཁའ་འགྲོ་གཏོར་ཆེན་དང་། ཚོགས་ཀྱི་འཁོར་ལོ་རྒྱས་པར་བཏང་ཞིང་བཀྲ་ཤིས་བསྔོ་སྨོན་ཤིན་ཏུ་རྒྱས་པས་མཐའ་བརྒྱན། གཏོར་མ་ཕུལ་ལ་སྔོན་འགྲོའི་གཏོར་མ་སོགས་ནས་བརྩམས། སྲུང་བའི་དོན་ཏུ་དཀར་ཕྱོགས་ཕྱི་རོལ་དུ་འཁོད་པ་རྣམས་དང་། རྒྱལ་ཆེན་བཞི་སོགས་གཤེགས་ལ་ཐོ་བྱང་ཡང་བསྡུ། དམ་ཚིག་གཙང་བའི་ནང་མི་རེ་རེ་ཙམ་དང་གདོང་སྤྲོད་ཅིང་མཚམས་ཧར་འདོན་མི་བྱ་བར་


KMC015_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ཤས་གནས་སྲུང་ལ། དལ་བར་སྡོད་པའི་སྐབས་སུ་རྫོགས་རིམ་ཅི་ནུས་སུ་བསྒོམ་ལ་རིམ་པར་གློད་ཅིང་གྲོལ། བསྙེན་པ་སོང་བའི་ལྷ་དེའི་མངོན་རྟོགས་རྒྱས་བསྡུས་གང་རུང་བཟླས་པ་བརྒྱ་རྩ་སོགས་གང་འགྲུབ་རེའང་དེ་ནས་བརྩམ་ནམ་ཡང་མི་ཆག་པར་རྒྱུན་ཁྱེར་བྱ། རང་གིས་ཤིན་ཏུ་མོས་པའི་ཡི་དམ་ལྟ་བུ་ལ་བསྙེན་པ་ལན་གཅིག་སོང་བས་ཆོག་པར་མི་བརྩི་བར་བསྐྱར་ཏེ་བསྒྲུབ་ན་ཇི་ལྟར་བསྐྱར་བ་དེ་ཙམ་གྱིས་འགྲུབ་ཐག་ཇེ་ཉེར་འགྱུར་ཞིང་། ལན་བདུན་བསྐྱར་ན་སྐལ་བ་དང་མི་ལྡན་པས་ཀྱང་འགྲུབ་པར་བཤད་དོ།། ༈ །།རྩ་བའི་གསུམ་པ་ཚད་དང་འབྲས་བུ་སྨོས་པ་ལ་གཉིས། བསྙེན་པའི་ཚད་བཤད་པ་དང་བསྒྲུབས་པའི་འབྲས་བུ་སྨོས་པའོ། །དང་པོ་ལ་གསུམ། རྟགས་དང་། གྲངས་དང་། དུས་ཀྱི་ཚད་དོ། །དང་པོ་ནི། རྡོ་རྗེ་གུར་ལས། སྔགས་ཀྱི་ཕྲེང་བ་ཟློས་པ་དང་། །ང་ཡི་སྐུ་ནི་སྒོམ་བྱེད་པ། །གལ་ཏེ་སྒྱུ་མའི་ཚུལ་གྱིས་སམ། །འོན་ཏེ་རྨི་ལམ་དུ་ཡང་མཐོང་། །ཤིན་ཏུ་གོམས་པའི་ཤུགས་ལས་ནི། །མངོན་


KMC015_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་ནི་མཐོང་བར་འགྱུར། །ཞེས་དང་། འཇམ་དཔལ་བཤེས་གཉེན་གྱིས། དེའང་སེམས་རྩེ་གཅིག་ཏུ་སྒོམ་ཞིང་ཟློས་པ་དེ་ལ་ནི་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཆོས་ཀྱི་སྒོ་ཐམས་ཅད་སྟོན་པར་མཛད་དེ་སྐུ་ཡང་སྟོན་ཏོ་ཞེས་གསུངས་པས། ཞལ་མཐོང་བའམ་རྨི་ལམ་དུ་ལུང་བསྟན་པ་ལ་སོགས་པ་མ་བྱུང་གི་བར་དུ་བདེ་བར་གཤེགས་པ་རྣམས་བསྙེན་པའི་ཆོ་གའོ། །ཞེས་བཤད་པ་ལྟར། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ཡི་དམ་ལྷ་དང་བླ་མ་མཇལ་ཞིང་གནང་བ་ཐོབ་པ། རྡོ་རྗེ་དྲིལ་བུ་ནམ་མཁར་འཇོག་པ་སོགས་ནུས་པ་ཁྱད་པར་ཅན་བརྙེས་པ་དང་། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་ཏིང་ངེ་འཛིན་སྐྱེས་པ་ལ་སོགས་པ་རྒྱས་པར་གཞུང་ལུགས་རྣམས་སུ་འབྱུང་བ་ལྟར་ཡིན་ལ། འོན་ཀྱང་དེ་རྣམས་ལ་དངོས་དང་ལྟར་སྣང་གཉིས་སུ་འབྱུང་ཞིང་། ལྟར་སྣང་དེའང་གང་ཞེ་ན། བདུད་རིས་ཀྱི་ལྷས་བར་དུ་གཅོད་པའི་རྟགས་སུ་རྟགས་དེ་ལྟ་བུ་བྱུང་ནས་


KMC015_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་སྒྲུབ་པ་པོ་ལ་མངོན་ཤེས་དང་ནུས་པ་ཕྲ་མོ་ལ་སོགས་པ་རྒྱུ་རྐྱེན་ཡོད་པའམ། རྒྱུ་མཚན་མེད་བཞིན་ཏུའང་བསོད་ནམས་སྐྱེས་ཏེ་ཟང་ཟིང་ལ་སོགས་པ་རྒྱས་ཤིང་། མཐར་ཐུག་ཏིང་ངེ་འཛིན་གྱི་ཉམས་དེ་དག་རང་ཡལ་ནས་ཆོས་བརྒྱད་ཀྱིས་བསླུས་ཏེ་ཡ་ག་སྒྲོགས་པའི་ཡུལ་དུ་འགྱུར་པ་ཡིན་པས། དེས་ན་ལྟར་སྣང་གི་རྟགས་ཕྲ་མོ་བྱུང་ན་དེ་ལ་མངོན་པར་མ་ཞེན་པས་བཏང་སྙོམས་སུ་འཇོག་པར་བྱས་པས་ལམ་དུ་འགྲོ་བ་དང་། ཡང་ཚེ་གཅིག་འཚང་རྒྱ་བའི་ལམ་ཟབ་ཏུ་ཞུགས་པ་ལ་ནག་པོའི་ཕྱོགས་རྣམས་མ་བཟོད་པའི་དབང་གིས་དངོས་སུ་ན་ཚ་དགྲ་གྱོད་གཤེ་སྐུར་སོགས་དང་། ཉམས་རྨིས་སུ་འཆི་ལྟས་མཚོན་པའི་རྟགས་ངན་པ་སྣ་ཚོགས་བྱུང་ནའང་སྡིག་སྒྲིབ་ཀྱི་སློང་དུ་ངོས་ཟིན་པར་བྱས་ལ་ཡ་ང་ཁུ་འཕྲིག་མི་བྱ་བར་བཏང་སྙོམས་སུ་བོར་ཏེ་བསྒྲུབ་པ་ལ་རྩེ་གཅིག་ཏུ་འབད་ན་བར་ཆད་ཀྱི་གཡུལ་ལས་རྒྱལ་ཏེ་རྐྱེན་ངན་དངོས་གྲུབ་ཀྱི་སྣ་འདྲེན་ཏུ་ངེས་པར་འགྱུར་བ་ནི་གྲུབ་པའི་དབང་ཕྱུག་རྣམས་ཀྱི་རྣམ་


KMC015_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐར་པས་ཤེས་ལ། སྤྱིར་ཡང་ཉམས་རྨིས་ཀྱི་རྟགས་ཙམ་ལ་ནི་ཧ་ཅང་ངེས་པ་མེད་ཅིང་། རྩ་ཁམས་དང ས་པ་ལ་རྒྱུ་རྐྱེན་ཅུང་ཟད་རེས་སྣ་ཚོགས་སུ་འཆར་བ་དང་། རྩ་ཁམས་ངན་པའི་རིགས་ལ་གང་ཡང་མི་འཆར་བའང་ཡོད་ལ། འོན་ཀྱང་བསྙེན་སྒྲུབ་བྱེད་པར་འདོད་པའི་སྐབས་སུ་རྟགས་བཟང་བྱུང་ན་ལྷ་དེ་དང་འབྲེལ་པ་ཡོད་པའི་རྟགས་དང་། བསྙེན་སྒྲུབ་ཚུགས་ནས་ཞག་བདུན་ཚུན་ཆད་ལ་ལྷས་རྗེས་སུ་འཛིན་རྟགས་དང་། དེ་ཕན་ཆད་ལ་བྱུང་ན་གྲུབ་པའི་རྟགས་ཡིན་པར་བཤད་མོད། མཐའ་གཅིག་ཏུ་ངེས་པ་བྱར་མི་བཏུབས་པ་གོང་སྨོས་ལྟར་དང་། དངོས་རྟགས་ལའང་ཞལ་མཐོང་ན་སད་པ་བཞིས་བརྟགས་དགོས་པ་སོགས་བཤད་མོད། དེང་སང་ནི་ལག་ཏུ་ལེན་དགོས་མཁན་མང་དུ་མི་སྣང་བས་མ་བྲིས་སོ། །མི་བསླུ་ཞིང་དགོས་དོན་འགྲུབ་པའི་རྟགས་ཡང་དག་པ་ནི། མཻ་ཏྲི་པས། དང་པོ་ནི་སྤྲིན་གྱིས་བསྒྲིབས་པའི་ཟླ་བ་ལྟ་བུར་དཀྱིལ་འཁོར་སྣང་བར་འགྱུར་རོ། །དེ་ལས་ཀྱང་གོང་དུ་སྒྱུ་མ་ལྟ་བུར་འགྱུར་རོ། །དེ་ལས་


KMC015_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གོང་དུ་རྨི་ལམ་ལྟ་བུར་འགྱུར་རོ། །དེ་ལས་ཀྱང་གོང་དུ་གཉིད་ལོག་པ་དང་སད་པའི་གནས་སྐབས་དབྱེར་མེད་པ་ལྟ་བུ་ཐོབ་པ་ན་ཕྱག་རྒྱའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །ཞེས་རྩ་རྒྱུད་ཀྱི་དོན་གསལ་བར་བཤད་པ་ལྟར་དང་། གཞན་ཡང་བླ་མ་དང་གདམས་ངག་ལ་ངེས་ཤེས་ཕྱིན་ཅི་མ་ལོག་པ་ཐོབ་ཅིང་མོས་གུས་བཅོས་མིན་ཏུ་སྐྱེ་བ་དང་། འཇིག་རྟེན་ལ་ཞེན་པ་ལོག་ཅིང་བློ་ཆོས་སུ་རང་ཤུགས་ཀྱིས་འགྲོ་བ་དང་། མདོ་རྒྱུད་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པ་གོ་ཞིང་ཕྱོགས་རིས་ཀྱི་དགག་སྒྲུབ་བྲལ་བ་དང་། ལུས་ངག་ཡིད་གསུམ་ཐ་མ ལ་དུ་མི་འཆོར་བ་རྣལ་འབྱོར་དང་རྟག་ཏུ་འགྲོགས་པ་དང་། གོ་ཉམས་དང་རྟག་ཆད་སོགས་ལས་འདས་པའི་ཡང་དག་འགྱུར་མེད་ཀྱི་རྟོགས་པ་མཆོག་ཏུ་གྱུར་པ་སྐྱེ་བ་ལ་སོགས་པ་ནི་སྒྲུབ་པ་ལམ་དུ་སོང་བའི་རྟགས་སོ།། །། བསྙེན་པའི་ཚད་གཏན་ལ་འབེབས་པ་ལ་གྲངས་དུས་ལས་ཀྱང་རྟགས་ཁོ་ན་གཙོ་ཆེ་བ་ཡིན་མོད། རྟགས་འབྱུང་དུ་རེ་བའི་ཞེ་སྒུགས་དང་།


KMC015_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་དགའ་སྤྲོ། མ་བྱུང་ན་རེ་དོག་མེད་པའི་རང་བབ་ཏུ་འཇོག་པ་ནི་གནད་ཀྱི་སྙིང་པོའོ། །གཉིས་པ་གྲངས་ཀྱི་ཚད་ནི་བཟླས་པའི་རྣམ་བཞག་སྐབས་སུ་སྤྱི་དང་། སོ་སོའི་སྒོས་ཆོས་སྐབས་སུའང་སྨོས་ཟིན་ལ། གསུམ་པ་དུས་ཀྱི་ཚད་ནི། སྐྱེས་བུ་ཚེ་ལོ་བརྒྱ་པའི་ཡེ་ཤེས་ཀྱི་རླུང་རྒྱུ་བ་ཇི་སྙེད་པ་བསགས་པས་ལོ་གསུམ་ཕྱོགས་གསུམ་འབྱུང་ལ། དེའི་དག་པ་སྦྱོར་བའི་སླད་དུ་བསྐྱེད་རྫོགས་གང་རུང་གི་རྣལ་འབྱོར་ལ་ལོ་གསུམ་ཕྱོགས་གསུམ་དུ་བརྩོན་པ་མཉམ་མེད་དྭགས་པོ་བཀའ་བརྒྱུད་པ་རྣམས་ལ་རབ་ཏུ་གྲགས་སོ། །རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། །ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །ཞེས་སོགས་ཕལ་ཆེར་སྒྲུབ་པའི་སྐབས་སུ་གསུངས་པ་ཉིད་ཁུངས་སུ་དྲངས་ནས་དུས་བསྙེན་ཟླ་དྲུག་ཅེས་པའང་གྲུབ་མཐའ་ཕལ་ཆེར་ལ་གྲགས་ཤིང། ཕྱག་ལེན་ཏུ་འདེབས་པོའང་མང་དུ་མཆིས་ལ། དེ་ལྟར་མི་གྲུབ་པའི་ཐ་མས་ནི་ཞག་བདུན་ལ་མ་མཐའ་བྱས་པའི་དེ་ཡན་ཅི་འགྲུབ་བྱ་བ་སྟེ། དེ་རྣམས་ལ་འདི་ཙམ་ཞེས་པའི་ལུང་ཁུང་ངེས་གསལ་མེད་


KMC015_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །རྡོ་རྗེ་ཕག་མོས་མཚོན་པའི་དུས་གྲངས་དམིགས་བསལ་དུ་བཤད་པ་ཁ་ཅིག་སྣང་མོད། དེ་ནི་སྤྱིའི་སྐབས་འདིར་དྲངས་བྱ་མ་ཡིན་ནོ། །དེ་དག་ལ་རྗེ་བཙུན་རྩེ་མོས། དེ་ལ་རབ་མཚན་མའི་བསྙེན་པ་རབ་འབྲིང་ཐ་གསུམ་ནི། རབ་ཡི་དམ་ལྷ་ལ་དངོས་སུ་གནང་བ་ཐོབ་པ། འབྲིང་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ། ཐ་མ་རྨི་ལམ་དུ་གནང་བ་ཐོབ་པའོ། །འབྲིང་དུས་ཀྱི་བསྙེན་པ་རབ་འབྲིང་ཐ་གསུམ་ནི། རབ་ལོ་དྲུག །འབྲིང་ཟླ་བ་དྲུག །ཐ་མ་ཞག་མདུན་ཡིན་ནོ། །ཐ་མ་གྲངས་ཀྱི་བསྙེན་པ་རབ་འབྲིང་ཐ་གསུམ་ནི། རབ་གཙོ་བོ་ལ་བཞི་འབུམ། འཁོར་ལ་བཞི་ཁྲི། འབྲིང་གཙོ་བོ་ལ་བཞི་ཁྲི། འཁོར་ལ་བཞི་སྟོང་། ཐ་མ་གཙོ་ལ་བཞི་སྟོང་། འཁོར་ལ་བཞི་བརྒྱ་ཡིན་ནོ། །དུས་དང་གྲངས་ཀྱི་འབྲིང་དང་ཐ་མ་གཉིས་ན་བསྙེན་པ་གསོ་བ་ཙམ་ལས་དངོས་གཞིའི་བསྙེན་པ་ནི་མ་ཡིན་ནོ། །ཞེས་སྤྱིར་གྲངས་དུས་མཚན་མའི་བསྙེན་པ་གསུམ་དང་དེ་རེ་རེ་ལང་རབ་འབྲིང་ཐ་གསུམ་སྟེ་དགུར་ཕྱེ་ཞིང་དུས་གྲངས་


KMC015_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་འབྲིང་ཐ་རྣམས་ཀྱིས་བསྙེན་པ་གསོ་བ་ཙམ་ལས་གཞི་བསྙེན་གྱི་གོ་མི་ཆོད་པར་གསུངས་པ་ནི་རྒྱུད་དོན་མན་ངག་ཏུ་སྒྲིལ་བའི་ལེགས་བཤད་ཡིན་ནོ། །གཉིས་པ་ལ་གཉིས། འབྲས་བུའི་རྣམ་བཞག་མདོར་སྨོས། གོ་སླའི་ཕན་ཡོན་དམིགས་སུ་ཕྱེ་བའོ། །དང་པོ་ནི། དཀྱིལ་འཁོར་རགས་པ་ལ་གསལ་སྣང་ཅུང་ཟད་ཐོབ་ཅིང་ཐེག་པ་གཞན་ལ་བློ་མི་འཇུག་པ་དེའི་ཚེ་ཚོགས་ལམ་ཆུང་ངུ་བགྲོད། དེ་ལས་རྒྱ་ཆེ་བའི་གསལ་སྣང་མཆེད་པ་ན་ཚོགས་ལམ་འབྲིང་པོ་བགྲོད། གསལ་སྣང་ཆེར་མཆེད་ཅིང་ཡི་དམ་གྱི་ལྷ་ཞལ་མཐོང་བ་ན་ཚོགས་ལམ་ཆེན་པོ་སྟེ། དེའི་ཚེ་ཞི་སོགས་ཀྱི་ལས་ཆེན་རྣམས་དང་། ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་ལ་སོགས་པའང་ཐོགས་མེད་དུ་བསྒྲུབ་པར་ནུས་ཤིང་། དེ་ནས་རྫོགས་རིམ་དང་འབྲེལ་བས་རླུང་སེམས་ཨ་བ་ངྷུ་ཏིར་ཐིམ་པའི་རྐྱེན་གྱིས་ཞུ་བདེའི་རང་བཞིན་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེན་པོ་སྐྱེས་པའི་རིམ་པས་སྦྱོར་ལམ་དྲོད་ཆུང་འབྲིང་ཆེན་པོ་ཐོབ་ཅིང་དེ་དག་གི་སྐབས་སུ་སྔགས་སམ་


KMC015_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་མཐུས། དུག་བདུད་རྩིར་སྒྱུར་བ་དང་ཆུ་ལ་མི་བྱིང་བ་སོགས་ནུས་པའི་མཚན་མ་ཅི་རིགས་སྟོན་པར་ནུས་ལ། དེ་ནས་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་རྣམ་རྟོག་དང་བྲལ་བའི་སྐུ་དཀྱིལ་འཁོར་གྱི་འཁོར་ལོ་རྒྱུན་མི་ཆད་པར་སྣང་བ་ན་སྦྱོར་ལམ་རྩེ་མོ་དང་། རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་གྱུར་བ་འགགས་པས་བཟོད་པ། མཐོང་ལམ་གྱི་ཡེ་ཤེས་སྐྱེ་བའི་བདེ་སྟོང་སྒོམ་པར་རྩོལ་བ་ན་ཆོས་མཆོག་སྟེ། དེ་ནས་རིང་པོར་མི་ཐོགས་པར་འཕགས་པའི་ས་མངོན་ཏུ་གྱུར་ནས་ལམ་ལྷག་མ་རྣམས་བར་ཆད་མེད་པར་མཐར་ཕྱིན་ནས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་བརྒྱད་ལ་སོགས་པས་ཁྱད་པར་དུ་བྱས་པ། རྒྱུད་ཐམས་ཅད་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་བྱ་བའི་གོ་འཕང་གང་ཡིན་པ་དེ་དམ་ཚིག་མ་ཉམས་ཤིང་བརྩོན་འགྲུས་དང་ལྡན་ན་ཚེ་གཅིག་ཁོ་ནར་མངོན་ཏུ་བྱེད་པ་བླ་མེད་ཀྱི་ལམ་འདིའི་ཁྱད་ཆོས་སོ། །གཉིས་པ་ནི། དེར་སྨོས་པ་ལ་ཕན་ཡོན་ཐམས་ཅད་འདུས་མོད་ཀྱི། རྨོངས་པ་ཐ་མལ་པ་རྣམས་ཀྱིས་ཟན་ཟོས་ན་


KMC015_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་འགྲང་ཞེས་པ་ལྟ་བུའི་བཤད་པ་ཞིག་མེད་ན་ས་ལམ་གྱི་རྣམ་བཞག་མི་གོ་བས་དེ་ལྟ་བུ་ལ་སྤྲོ་བ་སྐྱེད་པར་བྱ་སྟེ། དེའང་མདོ་སྡེ་རྣམས་སུ་སྐུ་གསུང་ཐུགས་རྟེན་བཞེངས་པ། གླེགས་བམ་བཀླག་ཅིང་ཕྱག་བསྐོར་མཆོད་པ་བྱ་བ། ཐོས་བསམ་སྒོམ་གསུམ་བྱས་པའི་ཕན་ཡོན་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་རྒྱུད་སྡེ་འོག་མ་གསུམ་རྣལ་འབྱོར་དུ་བྱེད་པ་ལ་འདུ་ཞིང་། དེ་གཉིས་ཀྱི་ཕན་ཡོན་ཇི་སྙེད་ཡོད་པ་དེ་ཐམས་ཅད་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོ་རེ་རེས་ཐོས་བསམ་སྒོམ་པ་བྱས་པ་ལ་འདུ་བས། བླ་ན་མེད་པའི་རྒྱུད་རྣམས་ནི་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ལས་ཀྱང་ཆེས་དཀོན་ཅིང་། དཀྱིལ་འཁོར་མཐོང་བ་དང་། དེར་ཞུགས་པ་ཙམ་གྱིས་ཀྱང་བསྐལ་པ་གྲངས་མེད་པར་བསགས་པའི་ལས་སྒྲིབ་འདགས། སངས་རྒྱས་ཀྱི་ས་བོན་ཁྱད་པར་ཅན་འཇོག །བསྐལ་པ་དུ་མའི་ཚོགས་བཟླུམ་ཞིང་འཁོར་བའི་རྒྱུན་བཅད་པར་འགྱུར་ན་བསྒོམ་ཞིང་བསྒྲུབ་པ་ལྟ་ཅི་སྨོས། བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་


KMC015_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམ་ཚིག་མ་ཉམས་ན་བརྩོན་འགྲུས་དང་མི་ལྡན་པའང་སྐྱེ་བ་བདུན་ནས་འཚང་རྒྱ་བར་བཤད་པ་དང་། དད་ཅིང་ཐེ་ཚོམ་མེད་པར་བསྒོམ་བཟླས་ལ་བརྩོན་ན་ཏིང་ངེ་འཛིན་གྱི་ཡོན་ཏན་ཇི་བཞིན་མ་ཐོབ་ཀྱང་འཆི་ཀའམ་བར་དོ་སོགས་སུ་དཔའ་བོ་དང་། རྣལ་འབྱོར་རྣམས་ཀྱིས་བསུ་བའི་བཀོད་པ་དང་བཅས་ཏེ་མཁའ་སྤྱོད་དུ་འཁྲིད་ནས་ལམ་ལྷག་མ་རྣམས་དེར་བགྲོད་ཅིང་མཆོག་ལ་སྦྱོར་བ་དང་། རྩ་བའི་དམ་ཚིག་མ་ཉམས་ན་སོ་ཐར་གྱི་ཕམ་ལྷག་ལྟ་བུ་སྡིག་ལྟུང་ཆེན་པོས་ཀྱང་སྔགས་ཀྱི་རྣལ་འབྱོར་པ་ངན་སོང་དུ་འཕེན་མི་ནུས་ཤིང་། གལ་ཏེ་ལྟུང་ཡང་བླ་མ་ལྷའི་བྱིན་རླབས་ཀྱིས་ཡུན་ཐུང་དུས་ཐར་བར་འགྱུར་བ་དང་། དེང་སང་གྲུབ་པ་ཐོབ་པ་མ་མཆིས་མོད། ཉམས་རྟོགས་མངོན་ཤེས་ཞི་རྒྱས་དབང་དྲག་སོགས་ལས་ཀྱི་ནུས་པ་ཅུང་ཟད་ཅི་ཡོད་པ་ཐམས་ཅད་སྔགས་ལ་སྤྱོད་པ་ཁོ་ནའི་བྱིན་རླབས་ཡིན་ཅིང་། སྔགས་ཀྱི་སྒྲུབ་ཐབས་ཕྲ་མོ་དེ་རྣམས་ཀྱང་། རྒྱུད་སྡེ་ཆེན་པོ་འདི་རྣམས་ཀྱི་ཡན་ལག་ཁོ་ན་ཡིན་པས། མདོར་ན་


KMC015_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པ་ཅུང་ཟད་ཐོགས་པ་ཙམ་གྱིས་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །བསྐྱེད་རིམ་བསྒོམ་པའི་ཕན་ཡོན་རྡོ་རྗེ་གུར་ལས་རྒྱས་པར་གསུངས་པའི་དོན་བསྡུ་ན། བྱང་ཆུབ་མ་ཐོབ་བར་གྱི་སྐྱེ་བ་རྣམས་སུ་ངན་འགྲོའི་ལུས་སྤངས་ཏེ། འཁོར་ལོས་སྒྱུར་བ་དང་། ས་གཞི་ལ་དབང་བའི་རྒྱལ་པོར་འགྱུར། འོད་ཟེར་ཅན་དང་། དགའ་ལྡན་དང་། བདེ་བ་ཅན། མཁའ་སྤྱོད་ལ་སོགས་པ་རང་ཇི་ལྟར་འདོད་པའི་དག་པའི་ཞིང་དུ་སྐྱེ། ཚེ་དང་ནོར་རྒྱས་པ་སོགས་ལས་དང་གྲུབ་པ་བརྒྱད་སོགས་ཐུན་མོང་གི་འབྲས་བུ་བདེ་བླག་ཏུ་འགྲུབ། འཇིག་རྟེན་སྐྱོང་བའི་དབང་པོ་འཆི་བདག་ལ་སོགས་པས་ཀྱང་སྟོན་པ་ལྟར་བཀུར་ཞིང་། དམ་ཅན་མཐུ་བོ་ཆེ་རྣམས་སྒྲུབ་པ་པོའི་འཁོར་དུ་འགྱུར། མཐར་ཐུག་སངས་རྒྱས་སྤྲུལ་པའི་སྐུ་མཛད་པའི་ཆོ་འཕྲུལ་སྣ་ཚོགས་པས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་པའི་རྒྱུར་འགྱུར་བ་སོགས་གསུངས་ལ། མདོར་ན། རྡོ་རྗེ་གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་


KMC015_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ན་མྱུར་བར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན། །དེ་ནི་ཐབས་ཀྱི་གཟུགས་བརྙན་ནོ། །ཞེས་གསུངས་སོ། །དུས་འཁོར་བསྡུས་རྒྱུད་ལས། སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྲིད་གསུམ་གནས་སུ་ཅི་ཡང་འགྲུབ་པར་འགྱུར་བ་ཉིད་མ་ཡིན། དེ་ཕྱིར་རྒྱལ་པོ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་བསྒྲུབ་པར་བྱ། ཞེས་སོགས་གསུངས་ཏེ་སྔགས་ཀྱི་ནུས་པ་ལས་སུ་རུང་བ་དང་། ལྷའི་གཟུགས་བརྙན་གྱི་གསལ་སྣང་ལ་བརྟན་པ་ཐོབ་ན་གནས་སྐབས་སུ་ལས་ཆེན་བཅུ་གཉིས་ལ་སོགས་པ་དང་། མཐར་ཐུག་དངོས་གྲུབ་རྣམ་པ་གསུམ་འགྲུབ་པར་འགྱུར་བ་རྒྱུད་ཀྱི་དངོས་བསྟན་ཡིན་ཅིང་། རིམ་ལྔ་ལས། ཡེ་ཤེས་ཀྱི་ལྷ་ལ་མཆོད་པ་ལ་བརྩོན་པས་རང་ཉིད་ཁམས་གསུམ་གྱི་འགྲོ་བ་མཆོད་པར་འགྱུར་ལ། བཟླས་པ་ལ་རབ་ཏུ་བརྩོན་པས་ནི། ལུས་


KMC015_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་གྱི་སྐྱོན་རྣམས་རྣམ་པར་འདག་པར་འགྱུར་པ་དང་མེ་ལ་སྦྱིན་སྲེག་འབུལ་བ་ལ་བརྩོན་པས་ནི། ཡོན་ཏན་གྱི་འབྱོར་པ་དུ་མས་འབྱོར་ཞིང་། འབྱོར་པ་དང་རྫུ་འཕྲུལ་དང་ལྡན་པར་འགྱུར་པ་དང་། ལྷ་སྐུ་དང་སྟོང་ཉིད་དང་བདེ་བ་ཆེན་པོའི་བསམ་གཏན་ལ་བརྩོན་པས་ནི། ཐར་པ་མཆོག་ཐོབ་པར་འགྱུར་བར་བཤད། ཁྱད་པར་དྲན་གཅིག་པའི་རྣལ་འབྱོར་ལ་བསླབ་པས། ཐ་མལ་པའི་སྣོད་བཅུད་ཀྱི་ཞེན་པ་ཟློག །ཚོགས་གཉིས་དང་ཁྱད་པར་དུ་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་གསོག །བདག་ཉིད་རྣམ་པར་གྲོལ་བའི་སངས་རྒྱས་ཀྱི་གོ་འཕང་རྗེས་མཐུན་པ་ཐོབ། ལྷ་ཚོགས་ཐམས་ཅད་ཀྱིས་བདག་རྒྱུད་ལ་བྱིན་གྱིས་བརླབས་ཤིང་། སེམས་ཅན་གཞན་ལ་བྱིན་གྱིས་རློབ་པར་ནུས། ལྷ་དང་ལྷ་མིན་དང་དུད་འགྲོ་ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་སོགས་དབང་དུ་འདུས། རྟོག་པའི་རྣལ་འབྱོར་སྒོམ་པའི་སྐལ་པ་ཅན་དུ་འགྱུར་པ་ལ་སོགས་པའོ། །རྟོག་པའི་རྣལ་འབྱོར་ལ་བསླབ་ཅིང་གོམས་ནས་རྫོགས་པའི་རིམ་པ་


KMC015_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པར་བྱེད་ན། ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ལ་ཡང་ཚེགས་མེད་དེ། ལོ་གསུམ་ལ་སོགས་པས་བདེ་བར་འགྲུབ་པ་དང་། རྣལ་འབྱོར་འདི་ཐོབ་པ་ཁོ་ནས། །འདོད་ན་ལྗོན་ཤིང་དང་ལྟེང་ཀ་ལ་སོགས་པ་སྐད་ཅིག་ཙམ་གྱིས་སྐེམ་པར་བྱེད་ཅིང་། འདོད་ན་ཡུད་ཙམ་གྱིས་ལྗོན་ཤིང་སྐམ་པོ་ལས་མེ་ཏོག་འབྱུང་བ་དང་། རྡོ་རྗེ་དྲིལ་བུ་ནམ་མཁར་འཇོག་པ་ལ་སོགས་པ་ཡ་མཚན་སྣ་ཚོགས་འབྱུང་ཞིང་། ཐུན་མོང་གི་དངོས་གྲུབ་ཆེ་ཆུང་ཐམས་ཅད་ཉམས་འོག་ཏུ་ཆུད་བར་འགྱུར་རོ། །འཇམ་དཔལ་ཁྲི་དྲུག་སྟོང་པའི་ལུང་སྨྲི་ཏིས་གསང་འགྲེལ་དུ་དྲངས་པ། རྣལ་འབྱོར་དོན་དང་ལྡན་པ་ཡིས། །འབད་ནས་ཐུན་གསུམ་དག་གིས་ན། །ལྷ་ཡི་རྣལ་འབྱོར་བསྒོམ་པ་ན། །ངེས་པར་ཆོས་ཀྱི་རྒྱལ་པོ་འཐོབ། །ཅེས་འབྱུང་ངོ་། །བཟླས་པའི་དགོས་པ་ནི་གོང་དུ་ཕྱོགས་ཙམ་སྨོས་ཟིན། འདིར་ནི་ཅུང་ཟད་ཅིག་བསྟན་པར་མ་ཟད་ཀྱི། རྒྱུད་དང་རྒྱུད་འགྲེལ་སྒྲུབ་དཀྱིལ་རྣམས་ནས་དངོས་དང་ཤུགས་ལས་གྲང ས་མེད་པ་ཞིག་སྟན་པར་


KMC015_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད། རྡོ་རྗེ་ཐེག་པའི་ཚད་དང་ཡོན་ཏན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་བཞུགས་པས་དད་པ་ཉིད་ཀྱིས་ངེས་པར་རྣལ་འབྱོར་དུ་གྱིས་ཤིག །མང་དུ་བཤད་པས་ཅི་ཞིག་བྱ། བདེན་པའི་འབྲས་བུ་རིང་པོར་མི་ཐོགས་པར་ཉམས་སུ་མྱོང་བར་འགྱུར་རོ། །ཡེ་ཤེས་སྐུ་སྒྲུབ་རྫོགས་པའི་རིམ་པ་ཡི། །སྨིན་བྱེད་རིམ་པ་དང་པོས་སྔགས་ཀྱི་སྐུ། །སུ་ཡིས་སྒྲུབ་དེ་རྣལ་འབྱོར་དབང་ཕྱུག་ཅེས། །ལྷ་དང་བཅས་པའི་གཙུག་གི་པདྨོས་འདུད། །འགྱུར་མེད་བདེ་ཆེན་ཉིད་ཀྱང་བདེ་བླག་ཏུ། །འགྲུབ་པའི་རྒྱུ་ཕྱིར་ཐར་སོགས་བདེ་བ་ནི། །ཇི་འདོད་འཇོ་བ་སྨོས་ཀྱང་ཅི་དགོས་པས། །བདེ་འདོད་རྣམས་ཀྱིས་དང་དུ་ལེན་པར་འཚལ། །གཞུང་ལུགས་ཡོད་ཀྱང་གདམས་པ་མེད་པས་ནོངས། །གདམས་ངག་གྲགས་ལྡན་གཞུང་དང་མ་འབྲེལ་ནོངས། །གཉིས་ཀ་ཡོད་རྣམས་ལག་ལེན་མེད་པས་ནོངས། །ཀུན་ཚང་དཔྱད་པར་བཟོད་འདི་འདོར་དུ་ཕངས། །སྔོན་དུས་མར་པའི་སྒྲུབ་བརྒྱུད་སྐར་ལྟར་བཀྲ། །ད་ལྟ་ཇི་བཞིན་སྤྱོད་པ་ཉིན་མོའི་སྐར། །འོན་


KMC015_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱིན་རླབས་ངེས་གསང་མ་ཉམས་པས། །རང་འདྲའི་ཡིད་ཀྱི་གདུང་སེལ་འདི་བསྒྲུབས་སོ། །བྱིས་བློས་ནོངས་པའི་སྡིག་ཀུན་བླ་མ་ལྷས། །བཟོད་བཞེས་གང་འདི་སྒྲུབ་པའི་རྣལ་འབྱོར་ལ། །ལས་དང་དངོས་གྲུབ་ཐོགས་པ་མེད་སྩོལ་ཞིང་། །འགྲོ་ཀུན་ཟབ་མོའི་འདིར་འདྲེན་མཛད་གསོལ། །ཅེས་པ་འདིའང་འདི་ལ་ཉམས་བཞེས་མཛད་ནུས་པ་སྲིད་མཐའ་མ་བཀག་ཙམ་བྱུང་ན་མེད་ཐབས་མེད་ཅིང་རང་ཉིད་ཀྱིས་བསྒྲིགས་པའི་གྲུབ་དཀྱིལ་རྣམས་ཀྱི་ཆ་ལག་ཏུ་མཁོ་བར་བསམ་ནས་བྱིན་རླབས་ཉམས་མྱོང་མན་ངག་དང་ལྡན་པའི་བཀའ་བརྒྱུད་རིན་པོ་ཆེའི་གསུང་འཐོར་ཐབས་སུ་བཞུགས་པ་རྣམས་གུང་སྤྲོས་ནས་གོ་བདེ་ཁོ་ནའི་ཆེད་ཚིག་ཚོགས་ལམ་འཛེམ་པར། ཀུན་མཁྱེན་ཏཱའི་སི་ཏུའི་བཀའ་འབངས་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་བསྟན་འགྲོ་ལ་སྨན་པར་གྱུར་ཅིག། །།དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་


KMC015_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousམར་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་ཡི་གེ་རིན་ཆེན་གྲུ་གཟིངས།next