Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
ཟབ་ལམ་ནཱ་རོའི་ཆོས་དྲུག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ལམ་ནཱ་རོའི་ཆོས་དྲུག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ།next

ཟབ་ལམ་ནཱ་རོའི་ཆོས་དྲུག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ།


KMC016_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་ནཱ་རོའི་ཆོས་དྲུག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བཞུགས་སོ། །


KMC016_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །གསང་བའི་བདག་པོ་དཔལ་ལྡན་ས་ར་ཧ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བདག་ཉིད་ཆེན་པོ་ཀླུ་སྒྲུབ་འཕགས་པ་ལྷ། །དཔལ་ལྡན་ཟླ་བ་གྲགས་པ་མ་ཏང་གི །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔལ་མཆོག་ལུ་ཧི་པ་དང་ཌཻཾ་གི་པ། །དཱ་རི་ཀ་པ་སུ་ཁ་


KMC016_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་རིའི་ཞབས། གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔའ་བོ་ཌོམྦི་པ་དང་བི་ན་པ། །ལྭ་བ་པ་དང་ཨིནྡྲ་བྷུ་ཏིའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མཁའ་འགྲོ་བསྐལ་པ་བཟང་མོ་ཐང་ལོ་པ། །ཤིང་ལོ་པ་དང་ཀརྞ་རི་པའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་


KMC016_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །པྲཛྙཱ་པ་དང་བདེ་ཆེན་རོལ་པའི་ཞབས། །ཐར་པའི་ལམ་སྟོན་ཇོ་བོ་མཻ་ཏྲི་པ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །ཛྙཱ་ན་གརྦྷ་བལ་པོ་བྱིན་རླབས་ཅན། །པིནྜ་པ་སོགས་མན་ངག་རིག་པ་རྣམས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དྷརྨ་མ་ཏི་དྲི་མེད་བཤེས་གཉེན་མཚན། །བཞད་པ་རྡོ་རྗེ་དཔལ་ལྡན་སྒམ་པོ་པ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བཛྲ་ཀཱིརྟི་དཔལ་ལྡན་དུས་གསུམ་མཁྱེན། །འགྲོ་མགོན་རས་ཆེན་རྒྱལ་སྲས་སྤོམ་བྲག་པ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔལ་ལྡན་ཀརྨ་པ་


KMC016_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉན་རས་ཞབས། །མཚུངས་མེད་རང་བྱུང་བ་དང་བཛྲ་ཤྲཱི། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བླ་མེད་ཆོས་རྗེ་རྒྱལ་བ་ཀུན་གྱི་དངོས། །ཉམས་རྟོགས་དབང་ཕྱུག་དྲི་མེད་དཔལ་ཡེ་ཤེས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མཁྱེན་རབ་ཐུགས་རྗེའི་དབང་ཕྱུག་དེ་བཞིན་གཤེགས། །རྒྱལ་བ་ཀུན་དངོས་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །སངས་རྒྱས་ཐམས་ཅད་འདུས་པའི་རིན་པོ་ཆེ། །ཐུགས་རྗེའི་བདག་ཉིད་མཐོང་བ་དོན་ལྡན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བླ་མེད་མཁྱེན་པའི་མངའ་བདག་


KMC016_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མཆོག་གི་དངོས་གྲུབ་བརྙེས་པ་གྲུབ་པའི་དཔལ། །ཡེ་ཤེས་མཁའ་ལ་སྤྱོད་པ་མི་བསྐྱོད་བཟང་། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །གར་གྱི་དབང་ཕྱུག་མཆོག་གི་སྤྲུལ་པའི་སྐུ། །ས་གསུམ་ཀུན་ལ་དབང་བསྒྱུར་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བདེ་ཆེན་ལ་རོལ་དགའ་བའི་རྡོ་རྗེ་དང་། རྡོ་རྗེ་འཆང་དངོས་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མི་ཕྱེད་དོན་གྱི་ཡེ་ཤེས་རྡོ་རྗེ་མངའ། །མཉམ་ཉིད་


KMC016_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཡེ་ཤེས་སྙིང་པོའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་མཆོག །འགྲོ་བའི་འདྲེན་པ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བདེ་སྟོང་ལྷན་སྐྱེས་ཡེ་ཤེས་གཞོམ་མེད་སྐུ། །རྣམ་རོལ་ཀུན་མཁྱེན་ཆོས་ཀྱི་དོན་གྲུབ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་མོ་ཡིས། །དགྱེས་དགུར་རོལ་པ་བྱང་ཆུབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བཀའ་བརྒྱུད་རྣམ་ཐར་དྲི་མེད་ལམ་པོ་ཆེའི། །སྲོལ་འཛིན་ཆོས་ཀྱི་


KMC016_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཞབས་དེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །འགྱུར་མེད་བདེ་བ་ཆེན་པོའི་ཆོས་ཀུན་ལ། །ཕྱག་རྒྱས་འདེབས་པ་བདུད་འདུལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དུས་གསུམ་རྒྱལ་ཀུན་ཕྲིན་ལས་དབང་བསྒྱུར་བ། །མི་ཕམ་ཆོས་འགྲུབ་རྒྱ་མཚོའི་ཞབས་དེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །རྒྱལ་ཀུན་གསང་གསུམ་བྱིན་རླབས་གཅིག་བསྡུས་པ། །མཚུངས་བྲལ་པདྨ་ཉིན་བྱེད་དབང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །གསང་བའི་དགྱེས་པར་ཐམས་ཅད་བདག་ཉིད་དུ། །རྟག་བཞུགས་སངས་རྒྱས་


KMC016_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཀྱིལ་འཁོར་ཀུན་གཙོ་མཚུངས་མེད་རྡོ་རྗེ་འཆང་། །བདེ་སྟོང་འགྱུར་མེད་པདྨ་གར་དབང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །ཟབ་གསལ་སྤྲོས་བྲལ་ཡེ་ཤེས་ཆེན་པོའི་ངང་། །རྟག་བཞུགས་སངས་རྒྱས་མཁའ་ཁྱབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །སྐུ་བཞིའི་ངོ་བོ་མི་འགྱུར་དག་པའི་དཔལ། །གཟུགས་སྐུ་ཆགས་བྲལ་པདྨ་དབང་མཆོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བདེ་ཆེན་འགྱུར་མེད་དབྱིངས་སུ་རྫོགས་པའི་སྐུ། །འགགས་མེད་


KMC016_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རོལ་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མི་འགྱུར་རྟག་པ་དམ་པ་བདེ་བའི་གཤིས། །འགགས་མེད་གར་རོལ་དཀྱིལ་འཁོར་རྒྱ་མཚོའི་བདག །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔལ་ལྡན་འདུས་པ་སྡོམ་པ་ཡི་དམ་ལྷ། །རྒྱལ་བ་རྒྱལ་སྲས་དཔའ་བོ་ཌཱ་ཀིའི་ཚོགས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མ་ཧཱ་ཀཱ་ལ་གཉན་གྱི་རེ་མ་ཏི། །བཀའ་སྡོད་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གློ་བུར་རྐྱེན་སྣང་ཅི་བྱུང་ཅི་ཤར་ཡང་། །ཡིན་


KMC016_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཇི་བཞིན་རྟོགས་པའི་རྐྱེན་གྱུར་ཏེ། །གནས་ལུགས་ནང་ནས་འཆར་བར་བྱིན་གྱིས་རློབས། །སྣང་ལ་རང་བཞིན་མེད་པར་བྱིན་གྱིས་རློབས། །ཡུལ་ལ་ཆེད་འཛིན་མེད་པར་བྱིན་གྱིས་རློབས། །དགྲ་ལ་སྡང་བ་མེད་པར་བྱིན་གྱིས་རློབས། །གཉེན་ལ་ཞེན་པ་མེད་པར་བྱིན་གྱིས་རློབས། །ནོར་ལ་བསགས་བློ་མེད་པར་བྱིན་གྱིས་རློབས། །ཚེ་ལ་རྟག་འཛིན་མེད་པར་བྱིན་གྱིས་རློབས། །འཁོར་ལ་བདེན་འཛིན་མེད་པར་བྱིན་གྱིས་རློབས། །དོན་ལ་ཡེངས་བ་མེད་པར་བྱིན་གྱིས་རློབས། །ཉམས་ལ་མཐོ་དམན་མེད་པར་བྱིན་གྱིས་རློབས། །སེམས་ལ་གསལ་འགྲིབ་མེད་པར་བྱིན་གྱིས་རློབས། །རང་ལ་ངར་འཛིན་མེད་པར་བྱིན་གྱིས་རློབས། །གང་ལའང་འཆིང་བ་མེད་པར་བྱིན་གྱིས་རློབས། །ཅིར་སྣང་ཆོས་སྐུར་མཐོང་བར་བྱིན་གྱིས་རློབས། །རང་སེམས་ངོ་བོ་རྟོགས་པར་བྱིན་གྱིས་རློབས། །སྒོམ་མེད་ཡེངས་སུ་མེད་པར་བྱིན་གྱིས་རློབས། །


KMC016_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་མཐོང་རང་ངོ་ཤེས་པར་བྱིན་གྱིས་རློབས། །གཏུམ་མོ་སྒྱུ་ལུས་འབྱོངས་བར་བྱིན་གྱིས་རློབས། །རྨི་ལམ་འོད་གསལ་ཟིན་པར་བྱིན་གྱིས་རློབས། །བར་དོ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །ཚེ་གཅིག་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། ། རྟག་ཏུ་བླ་མས་སྐྱོབ་པར་བྱིན་གྱིས་རློབས། །གེགས་སྐྱོན་ལམ་དུ་འགྱུར་བར་བྱིན་གྱིས་རློབས། །ཉོན་མོངས་རང་སར་གྲོལ་བར་བྱིན་གྱིས་རློབས། །བདེ་སྟོང་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །བཀའ་བབ་ཆུ་བོ་བཞིའི་བླ་མ་བརྒྱུད་པའི་གསོལ་འདེབས་ཀརྨ་པ་དེ་བཞིན་གཤེགས་པས་མཛད་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་


KMC016_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཟབ་ལམ་ནཱ་རོའི་ཆོས་དྲུག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ།next