Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
ཆོས་དྲུག་བླ་མ་རྒྱང་འབོད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་དྲུག་བླ་མ་རྒྱང་འབོད། next

ཆོས་དྲུག་བླ་མ་རྒྱང་འབོད།


KMC016_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་མ། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཁྱེད་སངས་རྒྱས་ཀུན་དང་དབྱེར་མེད་ཀྱང་། །ངེད་མོས་པའི་བུ་ལ་ཐུགས་བརྩེ་བས། །འཕྲལ་རྒྱལ་སྲས་མཆོག་གི་ཚུལ་བཟུང་ནས། །ལར་བསམ་བཞིན་སྐྱེ་བ་བཞེས་མཛད་པ། །དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་ཁྱེད་ཀྱི་བྱིན་རླབས་མི་དམན་ཀྱང་། །རྒྱུད་ཉོན་མོངས་དྲག་པོས་ཡོངས་བཟུང་ནས། །ལས་ནག་པོའི་སྤྱོད་པ་དར་བའི་མཐུས། །དུས་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས། །འོག་ངན་སོང་གཡང་ས་ཁོ་ནར་ལྷུང་། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ལས་སྔར་བྱས་རྣམས་ལ་དོན་མ་མཆིས། །ཆོས་སྔར་བྱས་རྣམས་ལ་ཆོས་བརྒྱད་འདྲེས། ལམ་རྣལ་མར་སྒྲུབ་པ་གཅིག་མ་དྲན། །ད་ཁྱེད་རང་མིན་པ་རེ་ས་མེད། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ལར་གཤིན་རྗེའི་སྐྱེས་བུས་རྒྱབ་ནས་དེད། །དུས་ལོ་ཟླ་ཞག་གིས་མདུན་ནས་བསུ། །འཕྲལ་རྣམ་གཡེང་བྱ་བས་བར་


KMC016_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྲིད། །དེ་མ་ཚོར་བསླུས་ཤིག་བྱུང་ཉན་འདུག །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །གཞོན་དབང་པོ་གསལ་ཚེ་བྱིས་པའི་སེམས། །ལུས་དར་ལ་བབ་ཚེ་བྲེལ་བས་གཡེངས། །ད་རྒས་ཤིང་འཁོགས་པར་གྱུར་པའི་ཚེ། །ཆོས་གཤའ་མར་དྲན་ཀྱང་ཕྱིས་ནས་སོང་། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །རང་སྡོད་པར་འདོད་ཀྱང་སྡོད་དབང་མེད། །ནོར་ཁྱེར་བར་འདོད་ཀྱང་ཁྱེར་མི་བཏུབ། །གྲོགས་འགྲོགས་པར་འདོད་ཀྱང་རང་གཅིག་པུར། །སང་འཇིག་རྟེན་ཕ་རོལ་འགྲོ་བར་ངེས། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ཚེ་འདི་ཡི་བག་ཆགས་འཕེན་པའི་མཐུས། །ལམ་བར་དོའི་འཕྲང་ནས་ཅི་འདྲ་འབྱུང་། དཔེ་མདང་སུམ་ཉལ་བའི་རྨི་ལམ་བཞིན། །ལར་རང་དབང་ཐོབ་པ་ཤིན་ཏུ་དཀའ། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་མི་རྟག་ལུས་ལ་སྙིང་པོ་མེད། །འདི་ནམ་མཁར་ཤར་བའི་


KMC016_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་འདྲ། །དེ་བདེན་པར་བཟུང་ཡང་ཡལ་ནས་འགྲོ །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ཡར་སངས་རྒྱས་རྣམས་ལ་དད་པ་མེད། །མར་སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་། །གོས་ངུར་སྨྲིག་གྱོན་ཀྱང་གཟུགས་བརྙན་ཙམ། །སྐྲ་སྤུ་གྲིས་བཞར་ཡང་དོན་གོ་མེད། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ཆོས་ཐོས་པ་མང་ཡང་གནད་མ་ཁྲོལ། །ཁ་བཤད་པ་ཆེ་ཡང་རྒྱུད་མ་དུལ། །གནས་རི་ཁྲོད་འགྲིམས་ཀྱང་ཁྱིམ་ལ་སྲེད། །མིག་ལྟ་སྟངས་བྱས་ཀྱང་ཉམས་མྱོང་མེད། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །མི་གཞན་གྱི་སྐྱོན་མཚང་ཆུང་ངུ་རིག །རང་ཁོག་ནས་རུལ་བ་ཡང་མ་ཚོར། །ཁྱོད་གཞན་གྱི་མགོ་བོ་བསྐོར་བསྐོར་ནས། །སྡུག་རང་གིས་ཉོས་པ་མ་ལགས་སམ། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ཁོང་རྒྱལ་བའི་གསུང་རབ་མ་ལུས་པ། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། ཁེ་གྲགས་པ་བསྒྲུབ་ཕྱིར་ཐོས་


KMC016_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བྱས། །དེ་ཐར་པའི་ལམ་དུ་ཨེ་འགྲོའམ། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་སྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། །དབུགས་ཁྲིག་གེར་འགྲོ་དུས་ཅི་འདྲ་ཨང་། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །བདག་དེ་དྲན་སྐྱོ་བ་གཏིང་ནས་སྐྱེས། །ཡར་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་དང་། །སྒོས་ཆོས་པའི་ཚུལ་ཅན་བདག་སོགས་ལ། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །བུ་ང་ལ་རེ་ས་གཞན་ན་མེད། །བྱ་བྲལ་གྱི་སྐྱིད་སྡུག་ཁྱེད་རང་ཤེས། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་ནས། །མགོན་ཁྱེད་དང་དབྱེར་མེད་རོ་གཅིག་ཤོག །ཅེས་དཔལ་ཙཱ་རི་དྲའི་ཟིལ་ཆེན་ཕུག་ཏུ་ཞྭ་དམར་དཀོན་མཆོག་ཡན་ལག་གིས་མཛད་པའོ། །སླར་རྒྱལ་དབང་བཅོ་ལྔ་པའི་གསུང་འབུམ་ནང་ནས་ཞུ་དག་བགྱིས་སོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་


KMC016_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཆོས་དྲུག་བླ་མ་རྒྱང་འབོད། next