Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
ཆོས་དྲུག་བདུད་རྩི་སྙིང་ཁུའི་ཟུར་རྒྱན་ལུང་གི་འོད་ཟེར།
   
   
   
   
   
   
   
   
   
   
   


 
previousཆོས་དྲུག་བདུད་རྩི་སྙིང་ཁུའི་ཟུར་རྒྱན་ལུང་གི་འོད་ཟེར།next

ཆོས་དྲུག་བདུད་རྩི་སྙིང་ཁུའི་ཟུར་རྒྱན་ལུང་གི་འོད་ཟེར།


KMC016_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་བདུད་རྩི་ཉིང་ཁུ་ཡི། །ཟུར་རྒྱན་ལུང་གི་འོད་ཟེར་བཞུགས། །


KMC016_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཙནྡྲ་བྷ་དྲཱ་ཡེ། བསྟོད་ཕྱག་དང་པོ་ལེགས་སྦྱར་སྐད། མཆན། འགྱུར་མེད་ཨེ་དབྱིངས་མཁའ་ཁྱབ་ནམ་མཁའི་ཀློང་། བསྟོད་ཕྱག་གཉིས་པ་མཚན་སྤྲས་དང་རྒྱུད་མཐའ་དག་གཟུགས་ཅན། མཆན། །འཕོ་མེད་ཝཾ་ཡིག་རྡོརྗེ་ཉི་ཟླའི་དཀྱིལ། །ཟུང་འཇུག་སྐུ་བཞིའི་འོད་ཟེར་རབ་འབར་བ། །རིགས་ཀུན་ཁྱབ་པའི་བདག་པོར་ཕྱག་འཚལ་ལོ། ༼༡༽ དོན་ཁྲིད་བདུད་རྩི་སྙིང་ཁུ་ཡི། །ཟུར་རྒྱན་ལུང་གི་འོད་ཟེར་གྱིས། །རིག་པ་འཛིན་པའི་རྣལ་འབྱོར་གྱི། །དད་པའི་པད་ཚལ་ཆེར་བཞད་ནས། ལྡན་པའི་གཟུགས་ཅན། མཆན།


KMC016_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༽ །ཉམས་རྟོགས་སྦྲང་རྩིའི་རོ་མཆོག་གིས། །སྐལ་ལྡན་ར་ཡིག་གཉིས་པའི་ཚོགས། །དགྱེས་པའི་གར་གྱིས་རབ་བྲེལ་བས། །ཟབ་གསང་དཔྱིད་ཀྱི་ལང་ཚོ་ངོམ། བྱ་བ་མཐའ་གསལ། མཆན། ༼༣༽ །དོན་ལ་ཟུར་རྒྱན་མི་དགོས་ཀྱང་། །ཟབ་ཅིང་རབ་བརླིང་རྡོ་རྗེའི་ཚིག །རྟོགས་ལྡན་གསར་བུའི་བློ་ཡུལ་དུ། །ངེས་པ་བསྐྱེད་ཕྱིར་ཡི་གེར་སྤེལ། དངོས་པོ་ངེས་བསྟན་རང་བཞིན་བརྗོད་པ། མཆན། ༼༤༽ །ལྡེབ་དང་པོར་བླ་མ་མཚན་ཉིད་དང་ལྡན་པ་ནི། ཡོན་ཏན་བདུན་ལྡན་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྡོམ་


KMC016_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་དང་ལྡན་པ། ༡ ཏིང་ངེ་འཛིན་གྱི་བསླབ་པ་སེམས་ལ་རང་དབང་ཐོབ་པ། ༢ ཤེས་རབ་ཀྱི་བསླབ་པས་སྔགས་ཀྱི་དེ་ཉིད་རྟོགས་པ། ༣ བྱིན་རླབས་འབྱུང་བའི་གཞི་བརྒྱུད་པ་རྣམ་པར་དག་པ་དང་ལྡན་པ། ༤ བརྒྱུད་པ་དེ་ལྡན་གྱི་གདམས་ངག་ཉམས་སུ་མྱོང་བ། ༥ ཐོས་བསམ་གྱི་གོ་བས་སྡེ་སྣོད་ཀྱི་འཇུག་ཚུལ་ཤེས་པ། ༦ གསང་བ་ཟབ་མོ་སྙན་བརྒྱུད་ཀྱི་སྒྲོ་འདོགས་ཆོད་པ། ༧ དང་བདུན་དུ་ཆོས་དྲུག་གི་ཁྲིད་ཡིག་སྐུ་བཞིའི་འབྲས་བུ་མྱུར་སྟེར་ལས་བཤད། དམར་ཁྲིད་གསང་བ་སྙིང་པོ་བཅུད་ཀྱི་ཡང་ཞུན་དུ་དྲུག་ཏུ་བཞེད་དེ། ཕྱི་མ་ཉིད་གདམས་ངག་ཉམས་མྱོང་གི་ཁོངས་སུ་བསྡུས་པའོ། །ཞར་བྱུང་དུ་སློབ་མའི་མཚན་ཉིད་ཀྱང་ཁྲིད་ཡིག་དེ་ཉིད་ལས། སློབ་མ་མཚན་ཉིད་ལྔ་ལྡན་དུ་བཞེད་དེ། དཀར་པོའི་ཞིང་ས་ཟད་པ་མོ་ཤམ་གྱི་བུ་ལྟ་བུ་མ་ཡིན་པར་དད་པ་གསུམ་དང་ལྡན་པ། ༡ ཡོན་ཏན་གྱི་རྟེན་དུ་མ་གྱུར་པ་རུ་སྦལ་གྱི་སྤུ་ལྟ་བུ་མ་ཡིན་པར་དམ་ཚིག་སྡོམ་པ་སྲུང་ནུས་པ། ༢ ཆོས་བརྒྱད་ཀྱི་དབང་དུ་ཤོར་བ་བྲན་ལྟ་བུ་མ་


KMC016_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐར་འདོད་ཀྱི་བརྩོན་འགྲུས་རྩོམ་ནུས་པ། ༣ ཐེག་ཆེན་གྱི་སྣོད་དང་མི་ལྡན་པ་རིགས་ཆད་པ་ལྟ་བུ་མ་ཡིན་པ་སྙིང་རྗེ་ཆེ་ཞིང་ཤེས་རབ་གསུམ་དང་ལྡན་པ། ༤ སྨིན་གྲོལ་གྱི་སྣོད་དུ་མ་གྱུར་པ་ཉན་ཐོས་སིནྡྷ་པ་ལྟ་བུ་མ་ཡིན་པར་སྔགས་ཀྱི་ལྟ་སྤྱོད་ལ་ཡོན་ཏན་དུ་མཐོང་བའོ། ༥ །སྒྲུབ་གནས་རབ་བཀའ་བརྒྱུད་གོང་མས་བྱིན་གྱིས་བརླབས་པའི་གནས་དེར་བར་ཆད་མི་འབྱུང་ཞིང་རྟོགས་པ་མྱུར་དུ་འཆར་བའོ། །འབྲིང་མཁའ་འགྲོ་འདུ་བའི་དུར་ཁྲོད་དེར་དངོས་གྲུབ་མྱུར་ཞིང་འཁོར་བ་ལ་སྐྱོ་བ་སྐྱེ། ཐ་མ་མཐུན་རྐྱེན་ཚང་ཞིང་དབེན་པའི་གནས་ཏེ་བསམ་གཏན་གྱི་ཚེར་མ་ཉིན་མོ་སྐྱེ་བོའི་འདུ་འཛིས་དབེན་པ། མཚན་མོ་དགྲ་རྐུན་ཉེར་འཚེས་དབེན་པ། འཚོ་བ་དང་ཆུ་ཤིང་སྒྲུབ་སླ་བ་དེར་སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་འཇིག་རྟེན་ཆོས་བརྒྱད་མི་སྐྱེ་བའོ། །ལྡེབ་གཉིས་པའི་རྒྱབ་ཕྲེང་བཞི་པར་བླ་མའི་རྣལ་འབྱོར་སྐབས་སུ། ཨ་ཧཾ་ཞེས་པ། ཨ་སྟོང་པ་ཉིད། ཧཾ་བདེ་བ་ཆེན་པོ། བདེ་སྟོང་གི་རང་སྒྲའོ། །ཨ་ལྟེ་བའི་ཨ་ཤད། ཧཾ་


KMC016_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོའི་ཧཾ་ཡིག །ཨ་རྡོ་རྗེ་རྣལ་འབྱོར་མ། ཧཾ་བདེ་མཆོག་འཁོར་ལོའོ། །ནམ་མཁའ་དང་མཉམ་པའི་རྒྱུད་ལས། མི་ཤིགས་ཧཾ་གི་དབྱིབས་འདྲ་སྟེ། །ནོར་བུ་ཀུནྡའི་མདོག་ལྟ་བུ། །དཀར་ལ་འཚེར་དང་གཟི་མདངས་སྣུམ། །ཞེས་དང་། སློབ་དཔོན་ནག་པོ་པས། འདི་ནི་ཧེ་རུ་ཀ་དཔལ་དཔའ། །སྤྱིད་ཀྱི་ཐིག་ལེ་བཤད་པ་སྟེ། །ཅེས་སོ། །སྡོམ་འབྱུང་ལས། ཨ་ཡིག་སྣ་ཚོགས་གཟུགས་ལྡན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །ལྟེ་བའི་དཀྱིལ་འཁོར་ཉིད་གནས་པ། །རྒོད་མའི་མེ་འདྲའི་ངོ་བོ་ནི། །ཕག་མོའི་ཐིག་ལེར་འདོད་པ་ཡིན། །ཅེས་གསུངས་པ་ལྟར་རོ། །གཉིས་པའི་རྒྱབ་ལོག་ཕྲེང་གསུམ་པར། པདྨའི་འདུག་སྟངས་ལ། ཞབས་མཐིལ་ཁ་སྦྱར་བ་དང་ལོང་བུ་བསྣོལ་བའི་ལུགས་གཉིས་ལས་གང་བསྒོམ་ཀྱང་འདྲའོ། །གསུམ་པ་ཡར་ངོ་ཕྲེང་གཉིས་པར། ཨེ་མ་ཧོ་ཞེས་པ་ངོ་མཚར་བའོ། །ལན་གསུམ་དུ་བརྗོད་པ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། ངོ་མཚར་བ་དང་རྩོད་པ་དང་། ཁྲོ་དང་


KMC016_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་དང་ངེས་བཟུང་དང་། །དད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན། །ཅེས་གསུངས་པ་ལྟར་མཆོག་ཏུ་དད་ཅིང་དགའ་བས་ལན་གཉིས་བསྐྱར་ནས་ཆེད་དུ་བརྗོད་ཅིང་། ཆོས་ཞེ ས་པ་ནི་དོན་རྣམ་པ་བཅུ་ལ་འཇུག་པ་ལས་འདི་ནི་ཡིད་ཀྱི་ཡུལ་བདེ་བ་ཆེན་པོའམ་དགའ་བ་ཆེན་པོ་ལ་ཆེས་རྨད་དུ་བྱུང་བས་ངོ་མཚར་བའོ། སླར་ཡང་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་ཐོག་དྲངས་ཏེ། ཆོས་བདེ་ཆེན་ལྷན་གཅིག་སྐྱེས་པའི་དོན་གང་ལས་བྱུང་བ་ཡིན་ཅེ་ན། ཇི་སྐད་དུ་ཡང་། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །ཞེས་སོགས་གསུངས་པ་ལྟར་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་རྡོ་རྗེ་སློབ་དཔོན་ཉིད་ལས་བྱུང་བ་སྟེ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དོན་དམ་པ་བདག་མེད་པ་བདེ་སྟོང་གཉིས་སུ་མེད་པའི་རྡོ་རྗེ་རྒྱལ་པོ་ལ་དོན་དམ་དེ་ཁོ་ན་ཉིད་ཀྱི་ངང་དུ་ཕྱག་འཚལ་ཞིང་འདུད་པའོ། །ནམ་མཁའི་རྡོ་རྗེ་ནི། རྡོ་རྗེ་གུར་ལས། སྐྱེ་བ་མེད་ཅིང་དམིགས་པ་


KMC016_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །མི་ཕྱེད་ནམ་མཁའི་འབྱུང་གནས་ཏེ། །ཟབ་ཅིང་རྒྱ་ཆེའི་རང་བཞིན་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་པ་ལྟར་དོན་དམ་པའི་འོད་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་རྡོ་རྗེའི་ཆོས་བདུན་ལྡན་ཏེ། ཉོན་མོངས་པའི་སྒྲིབ་པས་མི་ཆོད་པ། ༡ ཤེས་བྱའི་སྒྲིབ་པས་མི་ཤིགས་པ། ༢ རྟོགས་པའི་མི་བསླུ་བས་བརྟན་པ། ༣ དེ་ལ་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་པས་སྲ་བ། ༤ འགལ་རྐྱེན་གྱིས་མི་འཕྲོག་པས་བརྟན་པ། ༥ སྒྲིབ་གཉིས་འཇོམས་པས་ཐམས་ཅད་དུ་མཐུ་ཐོགས་པ་མེད་པ། ༦ སྤང་བྱའི་གཡུལ་ལས་རྒྱལ་བས་ཕྱོགས་ཐམས་ཅད་ལས་མ་ཕམ་པ་སྟེ། ༧ རྟོགས་པ་ནམ་མཁའི་རྡོ་རྗེ་ཆོས་བདུན་དང་ལྡན་པ་དེ་དེང་བདག་ལ་སྩོལ་ཅིག་པའོ། །རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་མངལ་དུ་ཟླ་བ་གཅིག་རྫོགས་ནས་བཟུང་སྟེ་ཞག་རེ་རེ་ལ་རྩ་ཉིས་བརྒྱ་རེ་ཆགས་པས་ཟླ་བ་རེ་ལ་རྩ་དྲུག་སྟོང་འབྱུང་དྲུག་སྟོང་རེ་ཟླ་བ་བཅུ་གཉིས། ལ། མངལ་གྱི་ཟླ་བ་དགུ་ལ་རྩ་སྟོང་ཕྲག་ལྔ་བཅུ་ང་བཞི་དང་། ཕྱི་རོལ་ཟླ་བ་གསུམ་ལའང་རྩ་


KMC016_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྟོང་རེ་སྟེ་ཟླ་བ་བཅུ་གཉིས་ཀྱི་བར་དུ་འཕེལ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པའོ། ཟབ་མོ་ནང་དོན་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །ཅེས་དང་། རྩ་ནི་ཉི་ཤུ་རྩ་བཞི་པོ། །མི་ཕྱེད་མ་ནས་ཡིད་བཟང་བར། །ཐིམ་འདས། དང་དཀར། ལོངས་ད་ལྟ། སྤྱོད་དམར། བདག་མ་འོངས། པོ་ཡི། །དབྱེ་བ་གསུམ་ལྟེ་བདུན་ཅུ་གཉིས། །རེ་རེའང་འཁོར་ནི་སྟོང་སྟོང་ངོ་། །དཔེར་ན་སྡོང་པོ་གཅིག་ལ་ནི། །ཡལ་ག་ལོ་འདབ་གྱེས་པ་བཞིན། །ཅེས་སོ། །ཞར་བྱུང་རྩ་སྡུད་པའི་ཚུལ་ཡང་། ནང་དོན་ལས། སྐྱེ་ནས་ལོ་གཅིག་བར་དུ་ནི། །ཐམས་ཅད་སྐྱེད་པར་བྱེད་པ་སྟེ། །དེ་ནས་ཞག་རེ་རྩ་གཉིས་གཉིས། །ནུས་པ་སྐམ་པར་བཤད་པ་ཡིན། །ལོ་བརྒྱད་སྟོང་ཕྲག་བདུན་ཅུ་གཉིས། །སྡུད་པ་རགས་པའི་རིམ་པའོ། །ཞེས་སོ། །རླུང་བཅུ་ནི། རྩ་བའི་རླུང་ལྔ། ཡན་


KMC016_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་རླུང་ལྔ་དང་བཅུ་སྟེ། སྲོག་འཛིན་པའི་རླུང་ནི། རྩ་དབུ་མའི་མར་སྣ་ཨ་དང་ཡར་སྣ་ཧྂ་གིས་བཀག་པའི་བར་དུ་གནས་པ་ཀུན་གཞིའི་རྣམ་ཤེས་ལ་བརྟེན་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་མངོན་པར་བྱེད་པ་ཡི་གེ་ཨ་ཡི་རང་བཞིན་ནམ་མཁའི་ཁམས། ༡ གསང་བ་འདུས་པ་ལས། ནམ་མཁའི་མགོན་པོ་ཞེས་ཀྱང་བཤད་དོ། །ཐུར་སེལ་གྱི་རླུང་རྩ་གསུམ་འདུས་མདོ་མན་ཆད་དུ་གནས་པ་ལྀ་ཡིག་གི་རྣམ་པ་ཅན་སའི་ཁམས། ༢ དེ་ལས་གཞན་པའི་རྩ་བའི་རླུང་གསུམ་དང་ཡན་ལག་གི་རླུང་ལྔ་དང་བརྒྱད་ནི་སྙིང་གི་རྩ་འདབ་བརྒྱད་ལ་གནས་ཏེ། གྱེན་རྒྱུ་མདུན་ཕྱོགས་ཤར་གྱི་རྩ་སྣར་མ་ལ་གནས་ཤིང་རྀ་ཡིག་གི་རྣམ་པ་ཅན་འབྱུང་བ་མེ་ཁམས། ༣ མེ་མཉམ་ཤར་ལྷོའི་རྩ་གླང་ཆེན་ལྕེ་ལ་གནས་ཤིང་ཨི་ཡིག་གི་དབྱིབས་ཅན་འབྱུང་བ་རླུང་གི་ཁམས། ༤ ཁྱབ་བྱེད་ལྷོ་ཕྱོགས་ཀྱི་རྩ་སེར་དམར་སེར་ཡང་ཟེར། མཆན། སྐྱ་ལ་གནས་ཤིང་ཡི་གེ་ཨུའི་དབྱིབས་ཅན་འབྱུང་བ་ཆུ་ཁམས་ཏེ་རྩ་བའི་རླུང་རྣམ་པ་ལྔའོ། ༥ །འདི་དག་དུས་འཁོར་


KMC016_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་འགྲེལ་སྐོར་གསུམ་ལས་གསུངས་པ་ཟབ་མོ་ནང་དོན་ལྟར་རོ། །རྡོར་ཕྲེང་ལས་སྲོག་འཛིན་རླུང་ཁམས་དང་ཁྱབ་བྱེད་ནམ་མཁའི་ཁམས་སུ་བཞག་པ་དང་། ཏི་པུ་པས། གྱེན་རྒྱུ་ཆུ་ཁམས་མེ་མཉམ་མེ་ཁམས་དང་ཁྱབ་བྱེད་རླུང་ཁམས་སུ་བཤད་པའང་ཡོད་དོ། །རྩ་བའི་རླུང་ལྔ་ཨ་ལ་སོགས་པའི་ཡི་གེ་ལྔར་གནས་པའི་སྟོང་ཆེན་ཡི་གེ་ལྔའི་རང་བཞིན་ཡིན་པས་སོ། །ཡན་ལག་གི་རླུང་ལྔ་ནི། ཀླུའི་རླུང་ལྷོ་ནུབ་རྒྱལ་གྱི་རྩ་ལས་རྒྱུ་ཨཱ་རིང་པོའི་རྣམ་པ་ནམ་མཁའི་རླུང་། ༡ རུ་སྦལ་གྱི་རླུང་རྒྱབ་ནུབ་ཕྱོགས་རྒྱལ་བའི་རྩ་ལས་རྒྱུ་ཨེ་རྣམ་པ་རླུང་གི་རླུང་། ༢ རྩང་པའི་རླུང་ནུབ་བྱང་ཀུན་ཏུ་འཕྱང་ཨ་ལཾ་སུ་ཥ་པའི་རྩ་ལས་རྒྱུ་ཨར་གྱི་རྣམ་པ་མེའི་རླུང་། ༣ ལྷས་སྦྱིན་གྱི་རླུང་བྱང་སྟེ་གཡོན་ཨོ་ཌྀའི་རྩ་ལས་རྒྱུ་ཨོ་ཡིག་གི་རྣམ་པ་ཅན་ཆུའི་རླུང་། ༤ ནོར་ལས་རྒྱལ་གྱི་རླུང་བྱང་ཤར་ཚུལ་འཆོས་ཀུ་ཧ། པའི་རྩ་ལས་རྒྱུ་ཨལ྄་གྱི་རྣམ་པ་སའི་རླུང་། རྀ་ཡན་ལག་གི་རླུང་ལྔའོ། །འདིར་བཤད་པའི་སྙིང་གའི་རྩ་འདབ་རྩ་བརྒྱད་ཀྱི་མིང་


KMC016_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ལས་འབྱུང་བ་ལྟར་ཡིན་ལ་ནང་དོན་གཞུང་གི་རིན་ཆེན་ཅོད་པན་སོགས་ནི་རྡོར་ཕྲེང་གི་དགོངས་པའོ། །འདིར་བཀོད་པ་ནི་༧དྲུང་ཀུན་དགའ་རྣམ་རྒྱལ་གསུང་འབུམ་ལྟར་ཡིན་པ་འདི་དག་ཧོར་པར་རྙིང་པ་ལྟར་འདུག་སྟེ། གྱེན་རྒྱུ་མདུན་ཕྱོགས་རྩ་ལས་བྱུང་། །མེ་མཉམ་མི་མཚམས་རྩ་ལས་བྱུང་། །ཞེས་པ་ནང་དོན་འགྲེལ་པ་ཉིན་བྱེད་འོད་ཕྲེང་དང་དཔལ་སྤུངས་པར་མ་དང་ཅུང་ཟད་མི་འདྲ་བས་དཔྱད་པར་ཞུ། ནང་དོན་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །དེ་ལྟར་ནང་ན་རྒྱུ་བར་འགྱུར། །ཞེས་གསུངས་པ་ལྟར་ཞག་གཅིག་ལ་རླུང་དབྱུང་རྔུབ་རེ་རེའང་བ་སྤུའི་མཐར་ཐུག་ཏུ་འགྲོ་ཞིང་རྒྱུ་བ་དང་མཚུངས་པ་ཕྱི་རོལ་ཏུ་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཞག་རེའི་ཆུ་ཚོད་དྲུག་ཅུ་བསྒྱུར་གྲངས་དང་མཉམ་པར་འཆར་རོ། ༈ །དམ་ཚིག་གསུམ་རྟེན་ཅེས་པ་ནི། ཕྱག་རྒྱ་སྐུ་ཡི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཕྱག་རྒྱ་སྐུ་ཡི་དམ་ཚིག་ལུས་རྩལ་དག་པ་སྐུ་རྡོ་རྗེ།


KMC016_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་གསུང་གི་དམ་ཚིག་ངག་རླུང་དག་པ་གསུང་རྡོ་རྗེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཡིད་ཐིག་ལེ་དག་པ་ཐུགས་རྡོ་རྗེ་སྟེ་མདོར་ན་ལུས་ངག་ཡིད་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་དུ་དག་ཅིང་བརྟན་པ་ཐོབ་པའོ། །དེ་ཡང་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ནི་ཐབས་བདེ་བ་ཆེན་པོ། དྲིལ་བུ་གསུང་གི་དམ་ཚིག་ནི་ཤེས་རབ་སྟོང་པ་ཉིད། ཕྱག་རྒྱ་སྐུ་ཡི་དམ་ཚིག་ནི་ཟུང་འཇུག་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སྡོམ་གསུམ་རྣམ་པར་ངེས་པ་ལས། མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་དམ་ཚིག་གསུམ་ལ་བརྟན་པ་ཐོབ་ན་དབང་དོན་རྒྱུད་ལ་སྐྱེས་པ་ཡིན་པས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོ་ཡིན་པས་དབང་ཐོབ་པ་སྟེ་རྒྱལ་བའི་གདུང་འཚོབ་པ་ཡིན་ནོ། །སྐྱེ་བ་ཀུན་ཏུ་རིགས་བདག་མི་འཆོལ་ཞེས་སོགས་ཀྱི་སྨོན་ལམ་ལ་ཕྱག་རྒྱ་བཞི་དང་འབྲེལ་བའི་བཤད་བྱ་རྒྱ་ཆེན་པོ་ཡོད་ཀྱང་མདོར་བསྡུས་རང་རེས་ཟུར་དུ་བྲིས་པ་ཡོད་པ་དེར་གཟིགས་པས་འཐུས་སོ།


KMC016_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༈ །ལྡེབ་བཞི་པའི་ཡར་ངོ་ཕྲེང་བཞི་པར། ༀ་ཨཱཿཧཱུྃ་སོགས་སྔགས་དོན་ནི། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་པའོ། །ཞེས་པ་ནི་གཞི་རྣམ་དག་གི་ཏིང་ངེ་འཛིན་ནོ། །སྟོང་རའི་སྐབས་སུ་ཕག་མོ་ལ་འགྱིང་སྟབས་སུ་བསྒོམ་ན་དབུ་རྐྱང་རོ་གསུམ་འཁྱོག་པའི་སྐྱོན་འབྱུང་བས་འགྱིང་སྟབས་མེད་པ་ཤིན་ཏུ་དྲང་བ་བསྒོམ་མོ། ༈ །ལྔ་པའི་ཕྱིར་ངོ་གསུམ་པར་རྒྱབ་ལོགས་ཀྱི་རྩ་འཁོར་ཨེ་ཡིག་དབྱིབས་ནི་གྲུ་གསུམ་དང་། ཝཾ་ཡིག་ནི་ཟླུམ་པོའོ། ༈ །དྲུག་པའི་ཡར་ངོ་ཕྲེང་དང་པོར། རྒྱ་མཚོ་ནི་ཕོ་བ། རི་རབ་ནི་སྒལ་ཚིག་སྟེ། ཕ་ོབ་སྒལ་པ་ལ་སྦྱར་བའི་བརྡ་ཚིག ༈ །ཕྲེང་བཞི་པར་སྲིན་ཞལ་ནི་འོག་སྒོ་བཤང་ལམ་མོ། ༈ །འདི་སྐབས་སུ་རླུང་བུམ་པ་ཅན་ལ་དབྱེ་བ་བདུན་ཏེ། ཆུང་ངུ་ུ། ༡ འབྲིང་པོ། ༢ ཆེན་པོ། ༣ སྟེང་གི་བུམ་ཅན། ༤ འོག་གི་བུམ་ཅན། ༥ བར་གྱི་བུམ་ཅན། ༦ ཕྱིའི་བུམ་པ་ཅན་ནོ། ༧ དང་པོ་ནི། འོག་རླུང་སྟེང་དུ་འཐེན། སྟེང་རླུང་འོག་ཏུ་མནན་ནས་རྩ་གསུམ་འདུས་མདོར་རླུང་


KMC016_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གྭའུ་ཁ་སྦྱོར་དུ་བསྒོམ་པའི་བུམ་ཅན་ཆུང་ངུ་། ལྟེ་བར་སྙིང་ག་ཕྱིན་ཆད་དུ་སྦྱོར་འབྲིང་པོ། མཆན། གྭའུ་ཁ་སྦྱོར་དུ་བྱེད་པ་འབྲིང་པོ། མགྲིན་པ་མན་ཆད་གྭའུ་ཁ་སྦྱོར་དུ་བྱེད་པ་ཆེན་པོ། འོག་རླུང་བཟུང་སྟེ་སྟེང་རླུང་ཡན་པར་བཏང་བ་འོག་གི་བུམ་པ་ཅན། སྟེང་རླུང་བཟུང་ནས་འོག་རླུང་ཡན་པར་འཇོག་པ་སྟེང་གི་བུམ་ཅན། སྟེང་འོག་གཉིས་ཀ་ཡན་པར་གཏོང་ལ་བར་དུ་བརྒྱངས་ཏེ་འཛིན་པ་བར་གྱི་བུམ་ཅན། རླུང་ནང་དུ་མི་འཛིན་ཅིང་ཕྱི་རོལ་ཏུ་འཛིན་པ་ཕྱིའི་བུམ་ཅན་ནོ། །དེ་རྣམས་རང་རང་གི་བློ་ཚོད་དང་དུས་སྐབས་སོགས་ལ་སྦྱར་རོ། ༈ །སྣ་བུག་ནས་སོར་བཅུ་དྲུག་གི་མཚམས་ནས་ནང་དུ་འཛིན་པ་དང་། ཕྱིར་གཏོང་བའི་ཚེ་དེའི་ཚད་དུ་ཡལ་བར་བསྒོམ་དགོས་པའི་གནད་ནི། ས་རླུང་ཡོན་ཏན་ལྔ་ལྡན་ནི་སྣ་ནས་སོར་བཅུ་གཉིས་བར་དུ་ནི་ལྷུང་ཐབས་སུ་ཐུར་དུ་རྒྱུ་ལ། དེ་ནས་ཆུ་རླུང་སོར་བཅུ་གསུམ། མེ་རླུང་སོར་བཅུ་བཞི། རླུང་གི་རླུང་སོར་བཅོ་ལྔ། ནམ་མཁའི་རླུང་སོར་བཅུ་དྲུག་གི་བར་ཡོན་ཏན་རེ་རེ་ཕྲི་བས་ཡང་བས་གྱེན་


KMC016_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཐོ་ཞིང་རྒྱུ་བས་སོ། །འདི་ནི་དུས་འཁོར་གྱི་དགོངས་པ་ཡིན་ལ་གསང་བ་འདུས་པ་ལས་གསུངས་པ་འདི་དང་མི་འདྲའོ། ༈ །རླུང་སྦྱོར་བ་བཞི་ལྡན་གྱི་སྐབས་སུ་གཞིལ་ཚུལ་རྣམ་པ་གསུམ་དུ་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་གསུངས་པ་ནི། ཕྱི་གཞིལ། ༡ ནང་གཞིལ། ༢ དེ་ཁོ་ན་ཉིད་ཀྱི་ངང་དུ་གཞིལ་བ་གསུམ་མོ། ༣ །དང་པོ་བ་སྤུའི་བུ་ག་ནས་ཕྱིར་གཞིལ་བའི་དམིགས་པ་ནཱ་རོའི་ཀ་དཔེ་ཚིག་ལྷུག་གི་དགོངས་པ་དང་། གཉིས་པ་ནང་གཞིལ་རོ་རྐྱང་གཉིས་ནས་རྩ་དབུ་མར་གཞིལ་བ། ཀར་ལུགས་ཉམས་ལེན་གྱི་གཙོ་བོ། གསུམ་པ་གནས་ལུགས་ཀྱི་ངང་དུ་གཞིལ་བ་ནི། རླུང་སེམས་གཉིས་སུ་མེད་པའི་གནད་དམ་པ་སྟེ། ༈ ལྔ་པའི་ཕྱི་ལོག་ཕྲེང་དང་པོར། དབུ་མའི་ནང་སྟོང་སང་ངེ་བ་ལ་སེམས་གཏད་དེ་རྣམ་པར་བཞག་པའོ། །རྗེ་བཞད་པ་རྡོ་རྗེའི་ཞལ་སྔ་ནས་འོག་འཁོར་བ་རྒྱུན་གཅོད་སྦར་བ་འོག་སྒོའི་བཅུད་བསྡུས་ཞེས་དང་། འཁོར་འདས་ཀྱི་འཁྲུགས་པ་སུ་རྒྱལ་ལྟེ་འོག་སོར་བཞིར་ཡོད་གསུངས་པ་ལྟར་སྐབས་འདིར་ཐུར་


KMC016_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་དབང་དུ་བྱ་བ་གནད་འགག་ཆེ་བ་སྟེ། འོག་སྒོ་གཡས་སུ་ཤེད་ཀྱིས་འཐེན་ཅིང་གཞིལ། ༡ དེ་བཞིན་གཡོན་དང་། ༢ མདུན་དང་། ༣ རྒྱབ་དང་། ༤ དབུས་སུ་དམ་པར་བཅིང་ལ་གཞིལ་བའོ། ༥ །འདི་ལ་གཞིལ་ལྔའི་གནད་ཅེས་གསུངས་སོ། །བུམ་ཅན་གྱི་ཐོག་མར་རྡོར་བཟླས་བྱ་བ། ཡི་གེ་གསུམ་ལ་མ་ཡེངས་པར། །ཉིན་དང་མཚན་དུ་གོམ་པར་བྱ། །ཞེས་གསུངས་པས་མཚོན་རྗེ་མར་པའི་ཞལ་གདམས་ཀྱི་ལུགས་དང་། འབྲུག་ལུགས་སུ་རྩ་ལམ་སྦྱོང་བ་རྩ་གནས་བྱིན་རླབས་སོགས་དམིགས་པའི་རྣམ་གྲངས་སྣ་ཚོགས་ཡོད་ཀྱང་བདུད་རྩི་སྙིང་ཁུ་འདི་ཉིད་དུ་དག་པ་ལྷ་ཡི་སྟོང་ར་དང་། གནས་པ་རྩའི་སྒོམ་རིམ་ལ་བརྟན་པ་ཐོབ་ནས། གཡོ་བ་རླུང་གི་འགྲོས་རྔུབས་ཤིང་དགང་བ། ༡ རང་སར་གཞིལ་བ། ༢ མདའ་ལྟར་འཕང་བ་གསུམ་སྦྱང་བ་ལས་གཞན་མེད་དོ། ༣ ༈ །ལར་འདི་ཐད་ས་བཅད་དང་མིང་འདོགས་ཚུལ་འདྲ་མིན་མང་དུ་ཡོད་ཀྱང་། སྟོང་ར་སྦྱོང་བ་སྣང་བརྙན་གྱི་སྐུ་སྒྲུབ་པ་དང་། རྩ་སྦྱོང་བ་ལ་


KMC016_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྡན་གྱི་གཞི་བཟུང་བ་དང་། རླུང་སྦྱོང་བ་ལ་གསང་གསུམ་གྱི་འགྲོས་སྦྱོང་བ་དང་། ཐིག་ལེ་སྦྱོང་བ་ལ་ཆུ་ཟླའི་གར་བསྒྱུར་བ་ཞེས་པའི་མིང་འདོགས་རྟོགས་ལྡན་མཁའ་སྤྱོད་དབང་པོས་གསུངས། ༈ དབུ་མའི་ཡར་སྣ་སྨིན་མཚམས་སུ་བསྲིངས་པའི་ཐིག་ལེ་འབྱུང་ལྡོག་གི་དམིགས་པ་འདི་རྗེ་དྭགས་པོ་རིན་པོ་ཆེ་དང་དུས་མཁྱེན་གྱི་གསུང་ལས་འབྱུང་བ་ལྟར་རོ། །འདི་ལ་དྲུང་ཀུན་དགའ་རྣམ་རྒྱལ་གྱི་ཟིན་བྲིས་སུ་སྨིན་བར་གྱི་རུས་པར་ཆོས་འབྱུང་དཀར་པོ་གྲུ་གསུམ་པ། དེའི་ནང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། ཆེ་ཆུང་སྲན་མའི་རྡོག་པོ་ཙམ་ལ་ཤེས་པ་གཏད་ཅིང་མིས་མ་ཚོར་ཙམ་གྱིས་འཇམ་རླུང་བཟུང་ཞིང་ཞག་གསུམ་ལྔ་བདུན་སོགས་ལ་ཐུན་དྲུག་ཏུ་བསྒོམས་པས་ཐིག་ལེ་དེ་འགུལ་བའམ། རྩེ་བའམ་ལག་པས་རེག་ཏུ་གཏུབ་པའི་མཐོང་སྙམ་བྱེད་པ་འབྱུང་ཞིང་དེ་ལྟར་གསལ་ཐེབས་ནས། ཚངས་བུག་གི་ཐད་དེར་སྐྱ་ཙེ་རེར་འདུག་པ་ཨེན་ཅིག་སྒོམ། དེ་ནས་དྷཱུ་ཏིའི་ནང་སེང་སྒྲ་དང་


KMC016_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སོང་ནས་གསང་བ་རྡོ་རྗེ་ནོར་བུའི་རྩེ་མོར་བདེ་ཕྲིལ་ལེར་སོང་བར་སྒོམ། ཡང་ཐིག་ལེ་དེ་དབུ་མའི་ལམ་བརྒྱུད་ནས་ཚངས་བུག་དང་སྨིན་དབྲག་ཏུ་བསྒོམ་ལ་བདེ་བ་མ་སྐྱེས་བར་བསྐྱར་ལ་བསྒོམ། རེས་དབུ་མ་ལུ་གུ་བརྒྱུད་དུ་བསྒོམ་ལ་ཐིག་ལེ་དེ་སྒྲ་དང་བཅས་ཡར་མར་སོང་བས་དབུ་མ་དེ་ཏ་ར་ར་ཤོང་ཚད་དུ་སོང་བར་བསམ། རེས་འགའ་རླུང་ཁོ་ན་ཡར་མར་དུ་འགྲོ་བར་བསམ་ལ་བདེ་བ་མ་སྐྱེས་བར་སྦྱོང་བར་གསུངས་པ་ནི་རྗེ་ཆོས་ཀྱི་དབང་ཕྱུག་གི་ཨུ་པ་དེ་ཤའོ། །ཐིག་ལེ་འབྱུང་ལྡོག་གི་ཐིག་ལེ་དཀར་པོ་འདི་ལ་ཁྲིད་ཡིག་རྒྱས་པ་སྐུ་བཞིའི་འབྲས་བུ་མྱུར་སྟེར་དུ་བདེ་མཆོག་ཧེ་རུ་ཀ་ཡབ་རྐྱང་དཀར་པོ་བསྒོམ་ཞིང་འབྱུང་ལྡོག་གི་དམིགས་པ་བྱ་བར་གསུངས་པས་དེ་ལྟར་དམིགས་པའི་རྩལ་སྦྱོང་བའི་ཕྱིར་བར་སྐབས་སུ་སྒོམ་སྒྲུབ་ནའང་ལེགས། ལྡེབ་དྲུག་པའི་ཡར་ངོ་ཕྲེང་བཞི་པའི་མཐར། དྷཱུ་ཏིའི་ནང་དུ་མེའི་ཆོས་འབྱུང་གསུངས་པས་དེ་འབྲུག་ལུགས་སུ་ཆོས་འབྱུང་གདན་ཐབས་བསྣོལ་ལ་བསྒོམ་པ་ཡིན་ཀྱང་། ཀཾ་


KMC016_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ལུགས་འདི་ཆོས་འབྱུང་དམར་པོ་རྐྱང་པ་ལས་བསྣོལ་མ་བསྒོམ་མི་དགོས་ཤིང་ཟུར་མདུན་བསྟན་དང་ལེབ་རྒྱབ་ཏུ་བསྟན་པའི་དབུས་སུ། ཡེ་ཤེས་ཀྱི་གཏུམ་མོ་མཚན་ཉིད་བཞི་ལྡན་ནི་རྣམ་པ་མེ། ༡ ངོ་བོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ༢ རང་བཞིན་ཡེ་ཤེས། ༣ ཉམས་མྱོང་བདེ་དྲོད་དེ་ལ་མཚན་ཉིད་བཞི་ལྡན་ནམ། ༤ ཡང་ན་ངོ་བོ་སྟོང་པ་སྤྲོས་དང་བྲལ་བ་མི་དམིགས་པ། ༡ མཚན་ཉིད་སྲེག་བྱེད་མེའི་རྣམ་པ་ཅན་ཡིན་པས་རེག་བྱ་ཙནྡན་གྱི་མེ་ལྟར་ཚ་བ། ༢ རང་བཞིན་སྟོང་པ་དང་བདེ་ཆེན་དབྱེར་མེད་པས་ན་རྣམ་པ་བདེ་བ་ཆེན་པོ། ༣ ཁ་དོག་དམར་བ་བྱིན་ཟའི་མེ་ཏོག་ལྟ་བུ་མིག་གིས་བལྟ་མི་བཟོད་པ་ཉི་མའི་འོད་ལྟར་འཚེར་བའོ། ༤ ༈ །དྲུག་པའི་རྒྱབ་ལོག་ཕྲེང་དང་པོར། རྩེ་མོ་ཕྲ་ཞིང་གཡོ་བ། དྷཱུ་ཏིའི་ནང་ཉུག་ཉུག་ལ་སེམས་བཟུང་ངོ་། །ཞེས་པ་ནི་རྩེ་མོ་རྣོ་བ་མར་མེའི་རྩེ་མོ་རྣོ་བ་ལྟ་བུ་གར་གཏད་གཏད་དུ་ཐལ་བྱུང་དུ་འགྲོ་བ། མྱུར་བ་བར་སྣང་གི་གློག་ལྟ་བུ། སྐད་ཅིག་ཀྱང་མི་སྡོད་པར་ལྷབ་ལྷབ་འཁྱུད་པའོ། །འཁྱུད་


KMC016_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་སྒོམ་མ་བཏུབ་ན་གསལ་བ་ཏིལ་མར་གྱི་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་མི་གཡོ་བ་ལ་སེམས་གཏད་ཀྱང་རུང་ངོ་། །འཁྲུལ་འཁོར་གྱི་ཟིན་བྲིས་ཟུར་གསལ་ལྟར་དང་། ཁྱད་པར་༧སི་ཏུ་པདྨ་ཉིན་བྱེད་ཀྱིས་མཛད་པའི་གོ་བདེ་རབ་གསལ་ལྟར་དང་རང་རེས་དོགས་སེལ་མི་བརྗེད་ཐོ་བྲིས་པ་དང་། འཁྲུལ་འཁོར་རྒྱས་བསྡུས་གཞུང་དང་གབ་སྤྲད་ཚུལ་ཡོད་པ་རྣམས་དང་ཕྱག་ལེན་མཐོང་བརྒྱུད་ལྟར་རོ། ༈ །དེ་ཡང་རླུང་ལས་ལ་གཞུག་པ་ཞེས་དང་པོ་གཏུམ་མོའི་ཡོན་ཏན་དྲོད་སྐྱེ་བས་དྲོད་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་འབར་འཛག་གི་དམིགས་པ་མི་སྒོམ་ཏེ། ཐིག་ལེ་དབང་དུ་མི་འདུ་ཞིང་བར་ཆད་འབྱུང་བས་རིམ་བཞིན་འཇུག་པར་བྱའོ། ༈ །ལྡེབ་བདུན་པའི་ཡར་ངོ་ཕྲེང་བདུན་པར་འཁོར་བའི་རྟེན་བྱེད་པའི་རྩ་རྣམས་དང་རྩ་མདུད་བརྟན་པར་བྱེད་པའི་རྩ་ཐམས་ཅད་བསྲེགས་ཞེས་པ་རྒྱས་པར་ས་བོན་བསྲེག་པར་བསྒོམ་དགོས་ཏེ། རྗེ་མར་པ་ལོ་ཙཱས། ཡི་གེ་བཅུ་ཡི་འདུག་ཚུལ་དང་། །ཉོན་མོངས་ལྔ་ཡི་གནས་ཚུལ་


KMC016_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །གཅིག་ཏུ་བསྡེབས་ནས་བསྲེག་པ་ལགས། །ཞེས་དང་། ཆོས་རྗེ་ཀརྨ་པའི་ཞལ་ནས། ཉི་ཟླ་གཉིས་ཀྱི་བར་མཚམས་སུ། །རིགས་དྲུག་ས་བོན་བསྲེག་པ་ནི། །ཟབ་མོ་བླ་མའི་ཐུགས་ལ་བཞུགས། །ཞེས་གསུངས་པ་ལྟར་གཙུག་ཏོར་གྱི་འཁོར་ལོ་སྨིན་མཚམས་ཡིད་བཞིན་འཁོར་ལོའི་ལྟེ་བར་ཧྂ་དང་ཧྲཱིཿདཀར་པོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བར་ༀ་དང་ལཾ་དཀར་པོ། དེ་བཞིན་དུ་མགྲིན་པར་ཧྲཱིཿདང་མཾ་དམར་པོ། སྙིང་གར་ཧཱུྃ་དང་བཾ་སྔོན་པོ། ལྟེ་བར་ཏྲྂ་དང་ལཾ་སེར་པོ། གསང་གནས་སུ་ཨ་དང་ཡྃ་ལྗང་གུ། རྐྱང་མར་ༀ་དཀར་པོ། རོ་མར་ཨཱཿདམར་པོ། དབུ་མར་ཧཱུྃ་མཐིང་ག་རྣམས་གསལ་བཏབ་ནས་གཏུམ་མོ་ཡེ་ཤེས་ཀྱི་མེ་དྲག་པོའི་ཤུགས་དང་ལྡན་པ་སྦར་བས་ཕྲག་དོག་གིས་ས་བོན་ཨ་དང་ཡཾ་དང་། ང་རྒྱལ་གྱི་ས་བོན་ཏྲྂ་དང་ལཾ་དང་། ཞེ་སྡང་གི་ས་བོན་ཧཱུྃ་དང་བཾ་དང་། འདོད་ཆགས་ཀྱི་ས་བོན་ཧྲཱིཿ་དང་མཾ། གཏི་མུག་གི་ས་བོན་ༀ་དང་ལཾ། ཧཾ་ཧྲཱིཿརྣམས་དང་ལུས་ངག་ཡིད་གསུམ་གྱི་ས་བོན་འབྲུ་གསུམ་བཅས་


KMC016_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པར་བསྒོམ། ཤིན་ཏུ་རྒྱས་ན་རོ་རྐྱང་དུ་དབྱངས་གསལ་དང་། རྩ་འདབ་རྣམས་ལའང་ཡི་གེ་རྩ་མདུད་ཀྱི་རྣམ་པ་བསྒོམ་པར་གསུངས། ཤིན་ཏུ་བསྡུས་སྐབས་མ་དག་པའི་ཆ་རྣམས་བསྲེག་པར་བསམ་པ་ཙམ་ལས་ཡི་གེ་སྒོམ་པ་བཞུང་ལྟར་རོ། ༈ །གཞན་ཡང་གཏུམ་མོ་གུར་ཐབ་མ། གཏུམ་མོ་སྒྲོམ་ཐབ་མ། ཉི་མ་སུམ་བརྩེགས། ཆོས་འབྱུང་མ། རཾ་ཕྲེང་མ། སྲུབ་ཤིང་མ། འཕར་མ་སོགས་ཀྱི་དམིགས་རིམ་ཞྭ་དམར་མཁའ་སྤྱོད་དབང་པོའི་ཟིན་བྲིས་ལྟར་སྒོམ་གྲུབ་ནའང་ལེགས་སོ། །བསྡུ་ན་གཞུང་ཁོ་ན་ལྟར་རོ། ༈ །གཏུམ་མོ་བ་འཇོ་བའི་མན་ངག་ཀ་དཔེ་ཚིག་ལྷུག་གི་དགོངས་པ་རྗེ་དུས་གསུམ་མཁྱེན་པའི་ཕྱག་བཞེས་སོ། །འདི་ལ་འཇམ་རླུང་བཟུང་ཞིང་དམིགས་པ་བྱ་བ་ལས་བུམ་ཅན་དང་མ་སྦྱར་ཀྱང་རུང་བར་དམར་ཁྲིད་གསང་བ་སྙིང་བཅུད་ཀྱི་ཡང་ཞུན་ལས་གསུངས་སོ། ༈ །ལྡེབ་བརྒྱད་པའི་ཕྱི་ལོག་གཉུག་མའི་ཤེས་པ་སོགས་ནི་གསང་བ་མི་རྟོག་པའི་གཏུམ་མོ་སེང་གེ་ལྟ་བུ་རླུང་འོད་གསལ་དུ་གཞུག་པའི་


KMC016_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་འཇམ་རླུང་བཟུང་ཞིང་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པའོ། ༈ །གཉིས་པ་སྒྱུ་ལུས་ཆོས་བརྒྱད་ཆགས་སྡང་རང་གྲོལ་ལ། སྤྱིར་བཏང་གི་གོ་དོན་ནི། ཕྱི་རོལ་སྣང་བ་ཐམས་ཅད་དཔེའི་སྒྱུ་ལུས། རང་གི་ཕུང་པོ་ནང་གི་སྒྱུ་ལུས། སྣང་བ་རང་བཞིན་མེད་པ་དོན་གྱི་སྒྱུ་ལུས་སོ། །དེ་ལ་གང་ཟག་དབང་པོ་རབ་ཀྱིས་ཕྱིའི་སྣང་བ་སྒྱུ་མར་ལམ་དུ་ཁྱེར། འབྲིང་གིས་རང་གི་སྒྱུ་ལུས་སྒྱུ་མའི་ལུས་སུ་ཤེས་ཤིང་རྟོགས། ཐ་མས་རིག་པ་གསལ་སྟོང་ཆུ་ཟླ་ལྟ་བུར་ལམ་དུ་བྱེད། དབང་པོ་ཡང་རབ་ལུས་སྣང་སེམས་གསུམ་སྒྱུ་ལུས་སྣང་ལ་རང་བཞིན་མེད་པའི་ངང་དུ་རོ་གཅིག་ཏུ་གྱུར་པའོ། ༈ །ལྡེབ་དགུ་པའི་ཡར་ངོ་ཕྲེང་ཐ་མར། མཉམ་རྗེས་ཐམས་ཅད་དུ་དེ་ལྟར་བསམ་ཞེས་པ་ནི། མིག་གིས་གཟུགས་མཐོང་ཚད་གཟུགས་སུ་སྣང་དུས་ཉིད་ནས་གཟུགས་རང་གི་ངོ་བོས་སྟོང་པས་གཟུགས་སྣང་སྟོང་སྒྱུ་མ་ལྟ་བུ། རྣ་བས་སྒྲ་ཐོས་ཚེ་སྒྲ་རུ་གྲགས་དུས་ཉིད་ནས་སྒྲ་གྲགས་ངོ་བོས་སྟོང་པ་གྲགས་སྟོང་སྒྱུ་མ་ལྟ་བུ། སེམས་ལ་རྣམ་རྟོག་འཕྲོ་ཚེ་


KMC016_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཏུ་ཤར་ཙམ་ཉིད་ནས་ཁོ་རང་གི་ངོ་བོས་སྟོང་པས་སེམས་གསལ་སྟོང་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་སེམས་ལ་ཏུར་ཏུར་ངག་ཏུ་ཐོལ་ཐོལ། སྤྱོད་ལམ་དང་གཉིད་ཁུང་ཚུན་ལ་བག་ཆགས་འདྲིས་ངེས་སུ་བསྒོམ་ཞིང་སྦྱོང་བ་ནི་གཞི་གལ་པོ་ཆེའོ། ༈ །ལྡེབ་བཅུ་པའི་ཡར་ངོ་ཕྲེང་དྲུག་པར་དབེན་གསུམ་ཞེས་པ་ནི། ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར། རགས་པ་གནས་སྐབས་པའི་སྒོ་གསུམ་ནི། དཔེར་ན་ཆུའི་ཚ་བ་ལྟ་བུ། ཕྲ་བ་གཉུག་མའི་སྒོ་གསུམ་ནི་ཆུའི་གཤེར་བ་ལྟ་བུ་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་པས་བཅོས་བསླད་མེད་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་ཞིང་། དེ་ཡང་ཞུགས་པའི་རྟགས་སུ་སྒོར་མཉམ་རྒྱུ། གནས་པའི་རྟགས་སུ་རྒྱུ་བ་རང་འགག །ཐིམ་པའི་རྟགས་སུ་མཁའ་སྣང་སོགས་འཆར་བ་སྟེ། ས་ཆུ་མེ་རླུང་རིམ་བཞིནཐིམ་པའི་རྟགས། སྨིག་སྒྱུ། དུ་བ། མཁའ་སྣང་། མེ་ཁྱེར། རླུང་སྣང་བ་ལ་ཐིམ་པ་དཀར་ལམ་པ། མར་མེ།


KMC016_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཆེད་པ་ལ་ཐིམ་པས་དམར་ལམ་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནག་ལམ་པ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་སྟོན་གནམ་གཡའ་དག་པ་ལྟ་བུ་འཆར་བ་སྟེ། འདི་དག་ལའང་མིང་འདོགས་དབྱེ་བསྡུ་འདྲ་མིན་རྒྱུད་སྡེའི་བཞེད་ཚུལ་གྱིས་ཡོད་དེ། གྲུབ་ཆེན་ལྭ་ཝ་པས། དང་པོ་རི་དྭགས་སྲིད་པའི་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་བ། །བཞི་པ་སྒྲོན་མེ་འབར་བ་ལྟ་བུར་གསལ། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །ཅེས་དང་། རྗེ་མར་པའི་རིགས་ལྔའི་རྩ་ཚིག་བསྡུས་གསལ་ལས། དང་པོ་སྨིག་སྒྱུ་ལྟ་བུའི་ཉམས། །འོད་ཟེར་ལྔ་དང་བཅས་པ་འཆར། །གཉིས་པ་ཟླ་བ་ལྟ་བུ་དང་། སྣང་བ། མཆན། གསུམ་པ་ཉི་མའི་འོད་ཀྱིས་འཁྲིགས། མཆེད་པ། མཆན། མཚམས་སྣང་ལ་ནི་ཐོབ་པ་སྟེ། ཐུན་མཚམས་ཀྱི་སྨག་ནག་པོ་ཁྱབ་པ་ལྟ་བུ། མཆན། །ཞེས་གསུངས་པ་ལྟར་རོ། །འདི་རྣམས་ལའང་རླུང་འདུ་ཕུལ་ཆེ་ཆུང་སོགས་ཀྱིས་རྒྱ་ཆེ་


KMC016_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དང་བརྟན་མི་བརྟན་སྣ་ཚོགས་ཤིག་འོང་བར་གསུངས་སོ། །ལུགས་ལྡོག་སྒྱུ་མའི་སྐུ་རུ་བཞེངས་ཚུལ་ནི། ཐམས་ཅད་སྟོང་པ་ལས་ཉེར་ཐོབ་ལྡང་། ཉེར་ཐོབ་ལས་མཆེད་པ་ལྡང་། མཆེད་པ་ལས་སྣང་བ་ལྡང་སྟེ། དོན་ནི་མ་རིག་པ་དང་སེམས་དང་སེམས་བྱུང་རྣམས་ལྡང་བ་སྣང་མཆེད་ཐོབ་པའི་སེམས་གསུམ་ལུགས་ལྡོག་རླུང་དང་བཅས་པ་ལས་སྒྱུ་མའི་སྐུར་ལྡང་བ་ནི་སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་སོ། །དེ་ཡང་རྣམ་ཤེས་ཀྱི་འཇུག་པ་གཅིག་སྐྱེ་བའི་ཚེ་འོད་གསལ་སྟོང་པ་ལས་མུན་སྣང་ཉེར་ཐོབ་རླུང་ཁམས་དང་། མུན་པ་ལས་ཡུལ་དུ་སྣང་བའི་ཁམས་དང་། མཆེད་པ་མེ། མཆེད་པ་ལས་ཡུལ་ལ་མཚན་འཛིན་གྱི་སྣང་བ་ཐོབ་པ་ཆུ་ཁམས་དང་། དེ་ལས་ཕུང་ཁམས་སྐྱེ་མཆེད་རགས་པ་སྣང་བ་ས་ཡི་ཁམས་རྣམས་བསྐྱེད་པའོ། །ད་དུང་ཡང་བསྐྱར་ཞིབ་པར་བཤད་ན་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི་ཡེ་ཤེས་ཀྱི་རླུང་སྟོང་པ་ཆེན་པོ། དེ་ལས་མུན་པའི་སྣང་པའམ་ཉེར་ཐོབ་ཞེས་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་


KMC016_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ནམ་མཁའི་རླུང་། དེ་ལས་མཆེད་པ་ཉོན་ཡིད་འདུ་བྱེད་དང་བཅས་པ་ལྡང་བ་ནི་གློ་བུར་གྱི་དྲི་མ་གཡོ་བའི་མཚན་ཉིད་ཅན་ཡིན་པས་རླུང་གི་རླུང་མཆེད་པ་དེ་ལས་ཚོགས་དྲུག་འཁོར་བཅས་འབྱུང་བས། ཚོར་བ་ནི་རྒྱུད་བསྲེགས་པས་མེའི་རླུང་འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་ཅིང་བག་ཆགས་སྡུད་པས་ཆུའི་ཁམས་རླུང་གཟུགས་ནི་རིག་པས་སྲ་བརྟན་དུ་འཛིན་པས་སའི་རླུང་ངོ་། །དེ་དག་གཉིད་དང་སྦྱར་ན་གཉིད་འཐུག་པོའི་དུས་སུ་ཤེས་པ་ཀུན་གཞི་ལ་བསྡུས་ནས་རྟོགས་པ་དྲི་མ་མེད་པའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་དེ་ཡེ་ཤེས་ཀྱི་རླུང་གཡོ་བ་མེད་པ་བརྟན་པའི་རང་བཞིན་ཅན། དེ་ལས་ཉེར་ཐོབ་མུན་པའི་སྣང་བ་ཉོན་ཡིད་གཡོས་ནས་གཉིད་སྲབ་མོར་གྱུར་པ་ནམ་མཁའི་ཁམས། དེ་ལས་མཆེད་པ་བྱུང་ནས་ཡིད་འདུ་བྱེད་པ་ལས་ལངས་ནས་རྨི་ལམ་འདུ་བྱེད་གཡོ་བའི་མཚན་ཉིད་ཅན་རླུང་གི་རླུང་། དེ་དག་ལས་སད་པའི་དུས་ཀྱི་ཚོར་འདུ་སོགས་མེ་ཆུ་ས་གསུམ་གྱི་མཚན་ཉིད་འཛིན་པའི་ཤེས་པ་རྣམས་སོ་


KMC016_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་རླུང་གི་ངོ་བོ་ཡིན་ནོ། ༈ །ལྡེབ་བཅུ་གཅིག་པའི་ཡར་ངོ་ཕྲེང་གསུམ་པར་སྒྱུ་མའི་དཔེ་བཅུ་གཉིས་ནི། རྗེ་བཙུན་བཞད་པ་རྡོ་རྗེའི་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་ལས། རྒྱུ་རྐྱེན་ལས་གྲུབ་པའི་སྒྱུ་མ། ༡ གཡོ་བ་དང་བཅས་པའི་སྨིག་སྒྱུ། ༢ གནས་དང་ལོངས་སྤྱོད་མེད་བཞིན་སྣང་བ་དྲི་ཟའི་གྲོང་ཁྱེར། ༣ སྣང་ལ་རང་བཞིན་མེད་པ་འཇའ་ཚོན། ༤ གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན། ༥ ཀུན་ལ་ཁྱབ་པ་ཆུ་ཟླ། ༦ རང་ཉིད་ཡིན་ཀྱང་གཞན་དུ་སྣང་བས་བྲག་ཆ། ༧ སེམས་དང་བཅས་པས་རྨི་ལམ། ༨ མི་རྟག་ཅིང་མྱུར་བས་གློག ༩ །མེད་བཞིན་སྣང་བ་མིག་ཡོར། ༡༠ གཅིག་ཀྱང་དུ་མར་འབྱུང་བས་སྤྲིན། ༡༡ གཟུགས་སྣ་ཚོགས་སུ་འཆར་བས་སྤྲུལ་པའོ། ༡༢ ༈ །དེའི་ཕྲེང་བཞི་དང་ལྔ་པར་སྤོག་ཆོག་བོགས་འདོན་སྐབས། མུན་ཁང་དུ། མཁའ་སྤྱོད་པའི་ཁྲིད་ཡིག་ཏུ། སྣང་བ་འབྱུང་བའི་སྒོ་མེད་པས་བསམ་གཏན་གྱི་ཁང་བུར་བསམ་གཏན་གྱི་ཆོས་དང་ལྡན་པའི་ལུས་ཀྱི་གནད་བཅིངས་ཏེ།


KMC016_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མི་འཛུམ་པར་རྩེ་གཅིག་ཏུ་གནས་པས་པྲ་ཕབ་པ་ལྟ་བུའི་ལྷ་སྐུ་སྒྱུ་མའི་སྣང་བརྙན་འཆར་རོ། །ཞེས་དང་། དེ་བཞིན་དུ་སྤྲིན་མེད་པའི་ནམ་མཁའ་ལ་མི་འགྱུར་བ་བལྟ་བའི་སྦྱོར་བ་དང་། ཟླ་ཟེར་ཉི་ཟེར་སྒྲོན་མེའི་ནོར་བུ་སོགས་ཀྱི་ཟེར་ལ་སྦྱངས་པས་སྣང་ཡང་བདེན་པར་མ་གྲུབ་པ་སྒྱུ་མའི་གཟུགས་འཆར་བས་ངེས་ཤེས་ཐོབ་སྟེ་བོགས་ཐོན་པའི་ཐབས་ལ་མུན་སྣང་ཟེར་གསུམ་གྱི་བོགས་ཅེས་གསུངས་སོ། །རྗེ་མི་ལའི་སྟེང་སྒོའི་ཆོས་དྲུག་ལས། ཉི་ཟླའི་ཟེར་ལ་ངོ་སྤྲད་པ་ནི། ཁང་པ་བླ་གབ་མེད་པའམ། ཡང་ན་ཕྱོགས་བཞིར་སྐར་ཁུང་བཞི་བརྟོད་ལ་ཕྱག་བདར་བྱ། སྔ་དྲོ་ཤར་དུ། ཉིན་ཕྱེད་ལྷོ། དགུང་མོ་ནུབ་ཏུ་བལྟ། ཤར་གྱི་འོད་སྐར་ཐད་ཀར་རལ་གྲི། ལྷོ་རུ་མེ་ལོང་། ནུབ་ཏུ་རྒྱ་སྐྱེགས་ཀྱི་ཁུ་བ། བྱང་དུ་གླེགས་བམ་གདགས། དེས་ཅིར་སྣང་བདེན་མེད་དུ་འཆར། སྣང་བ་བུན་ལོང་དུ་འགྲོ་བའི་རྟེན་འབྲེལ་ལོ། །ཡི་དམ་རྡོ་རྗེ་སེམས་དཔའི་ཐང་སྐུ་ཅིག་རྒྱབ་ཏུ་བཀྲམ། བླ་མ་ཡི་དམ་བསྒོམ་ལ་གསོལ་བ་བཏབ། ཆུ་དང་མེ་ལོང་ནང་ནས་ལྷ་


KMC016_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཆར་བ་ལ་རིག་པ་གཏད། རྟེན་འབྲེལ་སྒྱུ་མའི་རང་བཞིན་དུ་ཤེས་ནས་ཐུན་མཐར་ལྷ་སྐུ་རང་ལ་བསྡུ། རང་དང་སྣང་བ་ཐམས་ཅད་སྒྱུ་མ། སྒྱུ་མ་རྨི་ལམ་ཡིན་པས་སྟོང་པ། སྟོང་པ་ཡིན་པས་སྐྱེ་མེད། སྐྱེ་མེད་ཡིན་པས་སྤྲོས་བྲལ། སྤྲོས་བྲལ་ཡིན་པས་ཆོས་སྐུ་ཡིན་སྙམ་དུ་ཐག་རྦད་ཀྱིས་བཅད་ལ། དེ་ཀའི་ངང་དུ་སེང་ངེ་ཡེ་རེ་ཆུག་ཚད་དུ་བཞག་གོ ༈ །ལྡེབ་བཅུ་གཉིས་པའི་ཡར་ངོ་ཕྲེང་དང་པོར་རྨི་ལམ་སྐབས་མགྲིན་པར་སྣ་ཚོགས་པདྨ་འདབ་བཞིའི་སྟེང་། ཞེས་གསུངས་ཀྱང་། རྗེ་མི་ལའི་སྟེང་སྒོའི་ཆོས་དྲུག་དང་། རྗེ་དུས་གསུམ་མཁྱེན་པའི་རྨི་ལམ་འགྲེལ་པ་སུམ་ལྡན་གཉིས་ཀར་པདྨ་འདབ་བཞིན་དམར་པོ་ཡིན་པས། དམར་པོ་སྒོམ་བདེ་བས་དེ་ལྟར་ལེགས། དེ་ཚེ་ག ས ལ་འདེབས་ཀྱི་ཚིག་ལ། མགྲིན་པར་པདྨ་དམར་པོ་འདབ་བཞིའི་དབུས། །ཞེས་འདོན། རས་ཆུང་སྙན་བརྒྱུད་དུ་འདབ་མ་བཞི་ལ། ཤར་དུ་ལཾ་སྔོན་པོ། ལྷོར་མཾ་སེར་པོ། ནུབ་ཏུ་པཾ་དམར་པོ། བྱང་དུ་ཏཾ་ལྗང་གུ་ཡང་བསྒོམ་པར་གསུངས་ལ། ཡོངས་


KMC016_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་དང་རང་ལུགས་སུ་ཨ་ནུ་ཏ་ར་སྒོམ་པ་སྟེ་དོན་སྟོང་པ་བཞིའམ་ཡེ་ཤེས་བཞིའི་ངོ་བོར་རིགས་ཀྱི་ཡུམ་བཞིའི་ས་བོན་ཡིན་ནོ། །ཡི་གེ་རྣམས་གསལ་བཏབ་ནས་ཨ་ནུ་ཏ་ར་ༀ་ཞེས་བཟླས་པ་བྱ་བའང་ཆོས་དྲུག་གི་ཁྲིད་དཔེ་ཆེན་པོ་ལས་འབྱུང་ངོ་། །འདི་སྐབས་རྨི་ལམ་ཡིན་ན་འཁྲུལ་སྣང་བག་ཆགས་ཡིན་པར་ཁྱབ་བམ་ན་མ་ཁྱབ་སྟེ། མ་འཁྲུལ་པའི་རྨི་ལམ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ནས་བཅུ་པའི་བར་གྱི་ལྟས་ཁྱད་པར་ཅན་བརྒྱ་དང་རྩ་བརྒྱད་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རབ་འབྱམས་ལ་གསུངས་པའི་ཕྱིར་རོ། །རྨི་ལམ་ནི་རླུང་མཁྲིས་བད་ཀན་གྱི་ཆས་བསྐྱེད་ལ། བྱང་སེམས་ས་དང་པོ་ཡན་ཆད་ཉོན་མོངས་པ་ལས་གྲོལ་བའི་ཟག་བཅས་ཀྱི་ཕུང་པོ་མེད་པར་བཤད་པས་ས་བཅུ་པ་ལ་རྨི་ལམ་འབྱུང་བ་མི་རིགས་སོ་སྙམ་ན། ཟག་པ་མེད་པའི་ལས་ཀྱིས་བསྐྱེད་པའི་ཕུང་ཁམས་སྐྱེ་མཆེད་འཛིན་པས་ཕུང་པོ་དེ་དང་འབྲེལ་བའི་གནས་སྐབས་རྣམ་སྣང་བཞི་གྲུབ་པས་ཟག་མེད་ཀྱི་རྨི་ལམ་ཡོད་དེ་


KMC016_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་ཁམས་བཟུང་བའི་ཕྱིར་རོ། རྨི་ལམ་དང་བྲལ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་ཟག་བཅས་ཀྱི་གནས་སྐབས་བཞི་པོ་ཟག་མེད་སྐུ་བཞིའི་ངོ་བོར་གནས་གྱུར་པས་སོ། །ཞེས་པའང་འཕྲོས་དོན་ཏོ། །ཤིན་ཏུ་རྣལ་འབྱོར་ནང་གི་རྨི་ལམ་མམ། རྨི་ལམ་གྱི་དེ་ཁོ་ན་ཉིད་ནི་ལྟ་བས་གཏན་ལ་ཕབ་ཅིང་བསྒོམ་པས་ཉམས་སུ་མྱོང་བ་ནི་ལྡེབ་བཅུ་གསུམ་པའི་རྒྱབ་ལོག་ཕྲེང་བཞི་པོར་ཆོས་རྣམས་གཟོད་ནས་རྨི་ལམ་སྒྱུ་མ་སོགས་ཏེ། དེ་ཡང་རྗེ་ནཱ་རོ་པས། རྨི་ལམ་ཡུལ་གྱི་སྣང་ཚུལ་དེ། །སྐྱེས་པ་རྨིང་ན་ཕོ་འདྲེར་བཟུང་། །བུད་མེད་རྨིང་ན་མོ་འདྲེར་བཟུང་། །བྱོལ་སོང་རྨིང་ན་ཀླུ་རུ་བཟུང་། དགའ་བ་རྨིས་ན་སེམས་དཔང་མཐོ། །ངན་པ་རྨིས་ན་སེམས་མི་དགའ། །འདྲེ་རང་སེམས་རྩ་བ་མ་ཤེས་ན། །བགེགས་ལ་ཟད་པ་མེད་པར་འགྱུར། །ཕྱི་ནང་གི་ཆོས་ལ་ཐོས་པ་དགོས། །སྒོམ་པ་མཐའ་གཉིས་སྤོང་བ་ཡིན། །ཡིན་མིན་གྱི་སྒྲོ་འདོགས་ཆོད་དམ་སམ། །ཞེས་དང་། དུས་རྨི་ལམ་ཙམ་གྱི་འཁྲུལ་པ་ལ། །གནད་


KMC016_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་ༀ་གྱི་ས་བོན་ཅན། །རྨི་ལམ་ངོ་ཤེས་སྒྱུ་མར་རྟོགས། །རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་ཤེས་པ་བསྲེ་དགོས་ཏེ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །རྨི་ལམ་བར་དོ་བསྲེ་འཕོ་གནད། །མིང་ཡང་བར་དོ་བསྲེ་འཕོ་ཟེར། །རྨི་ལམ་འབྱོངས་སམ་ལོ་ཙཱ་བ། །ཞེས་གསུངས་པ་ལྟར། ༈ ལྡེབ་བཅུ་གསུམ་པའི་ཕྱི་ལོགས་ཕྲེང་དྲུག་པར་སྒོམ་ཤིང་ནི། ཨོག་མཁར་དུ་གྲགས་པ་རང་གི་ལུས་དང་བསྟུན་ནས་བཟོ་དགོས་པ་དེའོ། །དཔལ་ཡུལ་སོགས་སུ་སྒོམ་ཤིང་ལེབ་མོ་རྒྱབ་ལོགས་ནས་བཅིངས་རྒྱུ་ཡོད་ཀྱང་འདིར་དེ་མ་ཡིན་ནོ། །དེའི་ཕྲེང་བདུན་པར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། ཞེས་པའི་པདྨ་དེ་སྔོན་པོ་འདབ་མ་བརྒྱད་པ་ཞིག་བསྒོམ་དགོས་སོ། །ལྡེབ་བཅུ་བཞི་ཡར་ངོ་ཕྲེང་གཉིས་པར། ཟླ་ཉི་སྒྲ་ཅན་གྱི་རླུང་སྙིང་གར་ཟིན་ཞེས་པ། ཟླ་བ་རྐྱང་མ། ཉི་མ་རོ་མ། སྒྲ་གཅན་དབུ་མ་སྟེ་དམིགས་པའི་སྟོབས་ཀྱིས་རླུང་དབུ་མར་ཐིམ་ནས་སྣང་མཆེད་ཐོབ་གསུམ་གྱི་མཐར་འོད་གསལ་ཟིན་པའོ། ༈ །གཉིད་ཀྱིས་བརྒྱལ་


KMC016_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ར་རོ་བ་འོད་གསལ་མཐོང་བ་ལ་གེགས་བྱེད་པ། དེ་ནི་དག་བྱ་ཡིན་ལ། འོད་གསལ་མཐོང་བ་ལ་སྒྲིབ་བྱེད་དུ་མ་གྱུར་པའི་སྲབ་མོ་དང་སྟུག་པོའི་གཉིད་ནི་དག་བྱའམ་སྤང་བྱ་མ་ཡིན་ཏེ། དགྱེས་པ་རྡོ་རྗེ་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ །ཞེས་གསུངས་པའི་དོན་ཏོ། །དེ་ཡང་རྣལ་འབྱོར་དང་མི་ལྡན་པའི་གང་ཟག་ལ། དང་པོ་སྣང་གསུམ་སྟོང་པར་ཐིམ་པའི་ཉེར་ཐོབ་གཏི་མུག་འཁྲུལ་པའི་རང་བཞིན་གྱིས་གཉིད་འཐུག་དང་། དེ་ལས་ཀུན་རྟོག་གི་བཞོན་པའི་རླུང་གཡོས་པས་རྐྱེན་བྱས་ཏེ་ཉིང་འཁྲུལ་རྨི་ལམ་གྱི་སྣང་བ་འཆར་བའོ། ༈ །ལམ་བསྒོམ་པའི་རྣལ་འབྱོར་པ་གཉིད་དུ་སོང་ནས་རྨི་ལམ་མ་ཤར་བའི་བར་དེར། གཉིད་འཐུག་པོ་མུན་པ་ལྟར་མ་སོང་བར་ངོས་བཟུང་དང་བྲལ་བ་ཤིན་ཏུ་རྣམ་པར་དག་པ་གསལ་ཞིང་ནམ་མཁའ་གཡའ་དག་པ་ལྟ་བུ་བརྗོད་མེད་བདེ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བ་ནི་མཐར་ཐུག་གི་འོད་གསལ་དོན་དམ་པའི་བདེན་པའོ། །དེ་ལྟ་བུ་དངོས་མ་ཡིན་པར་རྨི་


KMC016_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྣང་བ་ལྟར་དབང་པོ་སྒོ་ལྔའི་སྣང་བ་ལ་འགག་ཅིང་། ཡིད་འཁྲུལ་རྟོག་གི་འཛིན་པ་མི་སྐྱེ་ཞིང་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཁོང་དུ་ཆུད་པ་ན། གནས་སྐབས་འདིར་འོད་གསལ་ཟིན་པ་ཞེས་བྱ་ཞིང་དེ་ཀའི་ངང་དུ་མཉམ་པར་བཞག་གོ །ལྡེབ་བཅུ་བཞི་རྒྱབ་ལོགས་ཕྲེང་གཉིས་པར། དང་པོ་མདུན་གྱི་ཨ་དྲན་པ་ཙམ་བྱ། ཞེས་པ་ནི་དང་པོ་གཉིད་ལོག་ཁར་ཐ་མལ་དུ་གནས་པའམ་སད་པའི་དུས་སུ་ཨ་ལ་ཤེས་པ་གཏད་ལ་སྣང་བ་དང་སྟོང་པ་ངོས་བཟུང་། སྣང་བ་ལ་འདུན་པ་ཅུང་ཟད་ཕྱོགས་ཞེས་པ་གཉིད་ཧྲིབ་པའི་དུས་སུ་ནུ་ལ་གཏད་པས། སྣང་བ་མཆེད་པའི་འདུན་པ་ཆེར་ཕྱོགས་ཞེས་པ་ཡུལ་ཆེས་ཕྲ་བའི་རྟོག་པ་ཐིམ་པ་སྟེ། སྔ་བ་ལས་ཀྱང་ཆེར་ཧྲིབ་པ་དང་ཏ་ལ་ཤེས་པ་གཏད། ཕྱིའི་སྣང་བ་ཞུ་བ་སྟེ་འགག་པའི་ཚེ་ཤིན་ཏུ་ཧྲིབ་པའི་དུས་སུ་ར་ལ་ཤེས་པ་གཏད་པས་རྟོག་པ་ཐམས་ཅད་ཐིམ་པས་ཉེ་བར་ཐོབ་པ་དང་ཐམས་ཅད་སྟོང་པའོ། །རྗེ་བཙུན་མི་ལས། དང་པོ་གཉིད་


KMC016_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིབ་པའི་དུས་སུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཆེར་ཧྲིབ་པའི་དུས་སུ་ཞེ་སྡང་གི་རྟོག་པ་སོ་གསུམ་འགག །ཤིན་ཏུ་ཧྲིབ་པའི་དུས་སུ་གཏི་མུག་གི་རྟོག་པ་བདུན་འགག་ནས་འོད་གསལ་ཆོས་སྐུའི་དོན་འཆར་རོ། །ཞེས་གསུངས་སོ། ༈ །དེའི་ཕྲེང་གསུམ་པར་སྟོང་པ་བཞིའི་རྟོགས་པའི་སྣ་ཅི་ཟིན་བྱས་ལ་ཞེས་པའི་སྟོང་པ་བཞི་ནི། དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་པས་སྣང་བའམ་སྟོང་པའི་ཡེ་ཤེས། དེ་ནས་སྣང་བ་མཆེད་པ་ལ་ཐིམ་པས་སྟོང་པ་ཆེན་པོ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ཤིན་ཏུ་སྟོང་པ། ཉེར་ཐོབ་འོད་གསལ་ལ་ཐིམ་པས་ཐམས་ཅད་སྟོང་པ་ཞེས་བྱ་སྟེ་རྣམ་པ་བཞིའོ། ༈ །འདི་སྐབས་མངོན་པར་བྱང་ཆུབ་པ་ལྔ་ཞིབ་པར་བཤད་ན། མངོན་པར་བྱང་ཆུབ་པ་དང་པོ་ལས་རླུང་ཕལ་ཆེར་རླུང་གི་རླུང་ལ་ཐིམ་པས་སྨིག་སྒྱུ་ལྟ་བུ་སྣང་བ་འོད་ཟེར་ལྔ་ལྡན་དུ་མཐོང་། མངོན་བྱང་གཉིས་པར་འདོད་ཆགས་ཀྱི་ཀུན་རྟོག་ཐིམ་པས་སྣང་བ་ནམ་མཁའ་དྲི་མ་མེད་པ་ལ་ཁྱབ་པར་ཤར་བའི་ཟླ་འོད་ལྟ་བུ། མངོན་


KMC016_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གསུམ་པ་ཞེ་སྡང་ལ་ཐིམ་པས་སྣང་བ་ནམ་མཁའི་དྲིམེད་ལ་ཉི་ཟེར་ཤར་བ་ལྟ་བུ། མངོན་བྱང་བཞི་པ་གཏི་མུག་ཐིམ་པས་ནམ་མཁའ་དྲི་མེད་ལ་མུན་པས་ཁྱབ་པ་ལྟ་བུ། མངོན་བྱང་ལྔ་པ་རྣམ་ཤེས་ཀུན་གཞི་ལ་ཐིམ་པས་མུན་པ་དང་བྲལ་བའི་སྐད་ཅིག་མ་འོད་གསལ་བ་རྣམ་པར་མི་རྟོག་པའོ། །རྗེ་བཙུན་དབྱངས་ཅན་བཞད་པས། རྣམ་ཤེས་བྱང་བ་དང་། ཡེ་ཤེས་ཆུབ་པ་ཞེས་གསུངས་ཏེ། བྱང་བྱའི་རྣམ་ཤེས་ཀྱང་རྣམ་བྱང་དང་པོའི་སྐབས་སུ་སྒོ་ལྔའི་རྣམ་ཤེས། གཉིས་པའི་དུས་སུ་དྲུག་ཡིད། གསུམ་པའི་དུས་སུ་ཉོན་ཡིད། བཞི་པའི་དུས་སུ་ཀུན་གཞིའི་རྣམ་ཤེས་ཀྱི་ཆ། ལྔ་པའི་དུས་སུ་ཀུན་གཞིའི་ས་བོན་གྱི་ཆ་ཡིན་ལ། ཆུབ་བྱའི་ཡེ་ཤེས་ལའང་ལམ་དང་འབྲས་བུའི་ཡེ་ཤེས་གཉིས་སུ་འགྱུར་རོ། །གོང་དུ་བཤད་པའི་འོད་གསལ་དེ་དཔེར་ན། ཐོ་རངས་ཀྱི་ཟླ་བ་ནུབ་ཅིང་སྐྱ་རེངས་ཤར་བ་དཔེ་རུ་བཞག་པ་ཡིན་ཏེ། དེ་ཡང་ཐུན་མོང་ཐེག་པ་དང་བསྟུན་ན། ཟབ་མོ་ལྟ་བརྒྱུད་ཀྱི་སྟོང་ཉིད་སྤྲོས་བྲལ་གྱི་ཆ་གཙོ་བོར་བཤད། རྒྱ་ཆེན་སྤྱོད་


KMC016_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་པས་རང་བཞིན་འོད་གསལ་གཙོ་བོར་བཤད་ཀྱང་ངེས་པའི་དོན་དུ་ཤེར་ཕྱིན་སྟོང་པ་སྤྲོས་བྲལ་གྱི་ཕྱོགས་སུ་ཡང་མ་ལྷུང་། སྤྲོས་པ་འོད་གསལ་བའི་ཕྱོགས་སུ་ཡང་མ་ལྷུང་། གཉིས་ཀའི་དབུས་དང་གཉིས་མིན་གྱི་རིས་སུ་མ་ཆད་པས་གང་དུའང་མི་རྟོག་པའི་བདག་ཉིད་ཡིན་ཏེ། དེ་ཉིད་དཔེ་ལ་སྦྱར་ན། ཉི་མ་ཤར་བ་ལས་མཚོན་པའི་སྤྲོས་བཅས་ལས་ཀྱང་འདས། ཟླ་བ་ཤར་བས་མཚོན་པའི་སྤྲོས་མེད་ལས་ཀྱང་འདས། ཐུན་མཚམས་ཀྱིས་མཚོན་པའི་དབུ་མ་ལས་ཀྱང་འདས་པའི་སྐྱ་རེངས་དཔེ་དོན་གྱི་འོད་གསལ་མཚོན་པ་ནི་ཕྱི་ལྟར་རོ། །ནང་ལྟར་ལས་ཀྱི་ཕྱག་རྒྱ་ལ་སྦྱར་ན། སྲུབ་པའི་སྦྱོར་བ་ལས་བྱུང་བའི་དྲོད་ལས་ཀྱང་འདས་ཤིང་། དཀར་ཆ་འབབ་པའི་བདེ་བ་འབའ་ཞིག་པ་ལས་ཀྱང་འདས་ཤིང་དེ་གཉིས་ཀའི་བྱ་བ་མཐར་ཕྱིན་པ་རོ་སྙོམས་སུ་གྱུར་པ་ལས། གཉིས་ཡིན་དང་གཉིས་མིན་ལས་ཀྱང་འདས་པ། དཔེའི་བྱང་ཆུབ་ཀྱིས་མཚོན་པའི་དོན་གྱི་བྱང་ཆུབ་འོད་གསལ་བ་ཡིན་ཀྱང་ཉི་མ་ཤར་བས་མཚོན་


KMC016_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲོད་ལས་འདས་ཤིང་། ཟླ་བ་ཤར་བས་མཚོན་པའི་བདེ་བ་ལས་ཀྱང་འདས་པ་ཐུན་མཚམས་ཀྱིས་མཚོན་པའི་གཉིས་ཡིན་དང་གཉིས་མིན་ལས་འདས་པ་བདེ་སྟོང་རོ་མཉམ་བྱང་ཆུབ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །འདི་གཉིས་ཀྱི་བསྐྱེད་བྱའི་འོད་གསལ་ཐུན་མོང་ཐེག་པ་དང་མཐུན་ཅིང་། སྐྱེད་བྱེད་ཀྱི་ཐབས་རིག་མ་དང་འབྲེལ་བས་ཕྱི་ནང་ཐུན་མོང་གི་འོད་གསལ་དུ་བཞེད་པའང་ཡོད་དོ། །འདི་དག་གི་གོ་དོན་ཞིབ་པར་ཆོས་དྲུག་གི་ཁྲིད་དཔེ་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །འདི་ནི་གོ་དོན་སྙིང་པོ་བསྡུས་པ་ཡིན་ནོ། ༈ །དེའི་ཕྲེང་དྲུག་པར་གྲོགས་ཀྱིས་ཀྱང་བསྐུལ་བརྡ་བྱས་ཤིང་ཨི་ཟིན་བལྟ་ཞེས་པར། རྗེ་བཙུན་མི་ལས། བ་ཐག་གསེར་ཕུར་ལ་གླང་པོ་གདགས་པ་དང་། རས་རྐུད་འདོམ་གང་མ་སློབ་མའི་སྐྲ་ལ་བཏགས། རིན་ཆེན་ཐོ་རས་ཀྱི་ཡོག་ཐོའམ་སྲིན་བལ་གྱི་ཡོག་ཐོ། མཆན། བས་མ་རིག་པའི་གཉིད་གསང་བ་གཉིས་གསུངས་པ་ལྟར་ཕྱག་བཞེས་མཛད་པའོ། །མེ་ལོང་ལ་ཧས་བཏབ་པ་ལྟར་སྐད་ཅིག་གིས་བསྡུ་བ་རིལ་འཛིན་དང་


KMC016_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་འཁྱག་སྒོང་རིམ་གྱིས་ཞུ་བ་རྗེས་གཞིག །ཅེས་ཡོངས་གྲགས་ཡིན་ཀྱང་། རྗེ་མི་བསྐྱོད་ཞབས་ཀྱིས་རྡོ་རྗེ་གསུམ་གྱི་རིལ་འཛིན་དང་རྗེས་གཞིག་བསྒོམ་ཚུལ་འདི་སློབ་དཔོན་ཟླ་བའི་དགོངས་པ་སྟེ། ཇི་སྐད་དུ་ཡང་། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ག་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྗེས་གཞིག་ལ་རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱིས་ནས་དེ་བཞིན་བདག་ཉིད་བྱེད། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐའ། །ཡང་ནས་ཡང་དུ་འཇུག་པར་བྱེད། །ཅེས་གསུངས་པ་ལྟར་རོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་གནས་པ་ཀུན་གཞིའི་སྟེང་གི་རང་བཞིན་འོད་གསལ་གཉུག་མའི་ཐིག་ལེ་གཞིའི་འོད་གསལ་རྣལ་འབྱོར་པས་སྒོམ་པའི་སྟོབས་ཀྱིས་མཉམ་བཞག་ཏིང་ངེ་འཛིན་གྱི་ངོ་བོར་སྐྱེས་པ་ལམ་གྱི་འོད་གསལ་དེ་ཉིད་གོམས་པས་


KMC016_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་འོད་གསལ་གྱི་སྟེང་དུ་མཐར་ཕྱིན་པའི་དྲི་བྲལ་གདོད་མའི་གནས་ལུགས་མངོན་དུ་གྱུར་པ་ནི་འབྲས་བུའི་འོད་གསལ་ཡིན་ལ། དེ་དག་ལའང་རྗེ་མར་པ་ལོ་ཙཱས་བཞེད་པ་ལྟར་ན་རྣམ་པ་ལྔ་སྟེ། འཆི་བའི་ཚེ་འཆར་བ་གཞིའི་འོད་གསལ། ༡ རླུང་དབུ་མར་ཚུད་པའི་ཚེ་འཆར་བ་རང་བཞིན་གྱི་འོད་གསལ། ༢ ཉིན་སྣང་མཉམ་བཞག་གི་དུས་ཤར་བ་ཤེས་པའི་འོད་གསལ། ༣ གཉིད་འཐུག་རྣལ་འབྱོར་གྱིས་ཟིན་པ་ཏིང་ངེ་འཛིན་གྱི་འོད་གསལ། ༤ མཉམ་རྗེས་རོ་གཅིག་ཏུ་འདྲེས་པའི་ཚེ་ཤར་བ་དེ་བཞིན་ཉིད་ཀྱི་འོད་གསལ། ༥ ལྷག་མཐོང་གི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་རྟོགས་པའི་འོད་གསལ་ལོ། ༦ །གཞིའི་འོད་གསལ་དང་རང་བཞིན་འོད་གསལ་རང་བཞིན་དང་། འོད་གསལ་གཅིག་ཏུ་བསྡུས་པས་ལྔར་བཞེད་པའོ། །མཉམ་རྗེས་འདྲེས་པ་དང་རྟོགས་པའི་འོད་གསལ་གཅིག་ཏུ་བསྡུ་བའི་ལུགས་ཡོད་པ་ཞིབ་པར་གསང་འདུས་རིམ་ལྔ་དང་བསྟུན་དགོས་སོ། ༈ །བཅུ་དྲུག་པའི་རྒྱབ་ལོགས་ཕྲེང་གཉིས་པར། རྟོག་བཅས་རང་


KMC016_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བརྒྱད་ཅུ་འགག་ནས་ཞེས་པ་ནི། སེམས་ཀུན་གཞིའི་རྣམ་པར་ཤེས་པ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ས་བོན་བག་ལ་ཉལ་དུ་ཡོད་པས་དེ་དག་སོ་སོ་ལས་བྱུང་བའི་རྣམ་པར་རྟོག་པ་རིགས་མི་འདྲ་བ་བརྒྱད་ཅུས་སྤྲས་ཤིང་ངོས་འཛིན་མིང་འདོགས་ནི་ཨཱཪྱ་དེ་ཝའི་ཆོས་སྤྱོད་ལས་འབྱུང་བ་ལྟར་རོ། ༈ །དེའི་ཕྲེང་གསུམ་པར་འོད་གསལ་མ་བུ་འཕྲད་པ་ནི་འཆི་བའི་ཚེ་ཐིམ་རིམ་རྫོགས་པའི་མཐའ་དང་གཉིད་དུས་སོགས་སུ་ཤར་བ་ནི་གཞིའི་འོད་གསལ་རྣམ་འབྱོར་པས་བསྒོམས་པའི་སྟོབས་ཀྱིས་མངོན་པར་རྟོགས་པ་ནི་ལམ་གྱི་འོད་གསལ་ཏེ། གཞི་གནས་ལུགས་ཀྱི་རང་བཞིན་འོད་གསལ་མ་ལྟ་བུ། ལམ་རྟེན་འབྲེལ་ཏིང་འཛིན་གྱི་འོད་གསལ་བུ་ལྟ་བུའོ། །མཐོང་ལམ་མ་སྐྱེས་ཚུན་ཆད་དཔེའི་འོད་གསལ་ཡིན་ལ་མཐོང་ལམ་གྱི་བདེན་པ་མཐོང་བ་ནས་བཟུང་སྟེ་དོན་གྱི་འོད་གསལ་ལོ། །ལྡེབ་བཅུ་བདུན་པའི་རྒྱབ་ལོགས་ཕྲེང་གསུམ་པ་དང་བཞི་པར། རབ་འོད་གསལ་གྱི་འཕོ་བ་ནི་བར་དོ་དང་པོ་འོད་གསལ་


KMC016_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མ་བུ་འཕྲད་པའོ། །འབྲིང་ནི་བར་དོ་གཉིས་པར་སྒྱུ་ལུས་ཀྱི་སྐུར་ལྡང་བའོ། །ཐ་མ་ནི་ལམ་གྱི་ཆད་མཐུད་འཕོ་བ་དང་པོའོ། ༈ །ལྡེབ་བཅོ་བརྒྱད་པའི་ཕྱི་ལོགས་ཕྲེང་དྲུག་པར་བཙན་ཐབས་འཕོ་བ་ནི་རས་ཆུང་སྙན་བརྒྱུད་ལྟར་རོ། ༈ །ལྡེབ་བཅུ་དགུ་པའི་ཡར་ངོ་ཕྲེང་ལྔ་པར། གཟེར་ལྔ་ལ་སོགས་པའི་ཉམས་ལེན་གྱིས་ལམ་དུ་བསྒྱུར་ཞེས་པ་ནི། ནཱ་རོའི་གཟེར་ལྔ་ནི། ན་ཚ་བོགས་སུ་འདོན་པའི་གཟེར། ༡ འཆི་བ་གྲོགས་སུ་ཁྱེར་བའི་གཟེར། ༢ ཉོན་མོངས་ལམ་དུ་སློང་བའི་གཟེར། ༣ མཚན་རྟོག་རང་སར་གྲོལ་བའི་གཟེར། ༤ བར་ཆད་དངོས་གྲུབ་ཏུ་བླང་བའི་གཟེར་དང་ལྔའོ། །ཞིབ་པར་རྗེ་རང་བྱུང་ཞབས་ཀྱི་ཁྲིད་ཡིག་དང་། བླ་མ་ཞང་གི་མན་ངག་དང་། མཁའ་སྤྱོད་པའི་ཟིན་བྲིས་རྣམས་སུ་གསལ་ལོ། ༈ །ལྡེབ་བཅུ་དགུ་པའི་ཡར་ངོའི་ཕྲེང་ཐ་མར། རྒྱུད་ནས་བཤད་པའི་སྤྱོད་པ་གསུམ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ། ༡ རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། ༢ ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་དང་གསུམ་མོ། ༣ །ཞིབ་པར་ཕག་


KMC016_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྤྱོད་པའི་རྣམ་བཤད་ལྟར་རོ། །ཆོས་དྲུག་བདུད་རྩི་སྙིང་ཁུའི་དོགས་སེལ་ཟུར་རྒྱན་འདི་ལྟར་དགོས་ཞེས་མཚར་སྒང་བང་རི་པ་དགེ་སློང་ཀརྨ་རྣམ་གྲོལ་བཟང་པོས་བཙུགས་ཡུ་རྟ་རི་བའི་རྟེན་དང་བཅས་ཞུ་བསྐུལ་དང་། ཚེ་འདིར་ཆོས་དྲུག་ཉམས་སུ་ལེན་ཞེས་ནན་ཏན་ཨུ་ཚུགས་ཆེ་བའི་ཞལ་ངོ་ལྡོག་མ་ཕོད་པར་མཁན་པོ་ཀརྨ་རཏྣས་ཁྱུ་མཆོག་ལོ་ཁྲུམ་སྟོད་ཟླ་བའི་ཡར་ཚེས་ཐུན་བར་རྣམས་སུ་བྲིས་ཤིང་འགྲུབ་པའི་སྦྱོར་བ་ལ་མཐར་ཕྱིན་གྲུབ་པ་དགེ །པ་ར་མ་སེ་སིདྡྷི་ཧོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཆོས་དྲུག་བདུད་རྩི་སྙིང་ཁུའི་ཟུར་རྒྱན་ལུང་གི་འོད་ཟེར།next