Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
ཆོས་དྲུག་གསོལ་འདེབས་བདེ་སྟོང་དབྱེར་མེད་ཀྱི་འགྲེལ་ཆུང་ཚིག་དོན་སྙིང་པོ་རབ་གསལ།
   
   
   
   
   
   


 
previousཆོས་དྲུག་གསོལ་འདེབས་བདེ་སྟོང་དབྱེར་མེད་ཀྱི་འགྲེལ་ཆུང་ཚིག་དོན་སྙིང་པོ་རབ་གསལ།next

ཆོས་དྲུག་གསོལ་འདེབས་བདེ་སྟོང་དབྱེར་མེད་ཀྱི་འགྲེལ་ཆུང་ཚིག་དོན་སྙིང་པོ་རབ་གསལ།


KMC016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་གསོལ་འདེབས་བདེ་སྟོང་དབྱེར་མེད་ཀྱི་འགྲེལ་ཆུང་ཚིག་དོན་སྙིང་པོ་རབ་གསལ་བཞུགས་སོ། །


KMC016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་གུ་རུ་སུ་ཙནྡྲ་རཏྣ་པཱ་དཱ་ཡ་ན་མཿ དོན་བརྒྱུད་སྙིང་པོའི་བསྟན་པ་སྤེལ་བའི་སླད། །མཉམ་མེད་དྭགས་པོ་སྤྲུལ་པའི་སྐུར་བཞེངས་པ། མཁན་ཆེན་རྡོ་རྗེ་འཆང་དབང་ཟླ་བ་བཟང་། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །མཉྫུ་ཤྲཱི་བྷ་དྲ་ཡིས། །མཛད་པའི་ཆོས་དྲུག་གསོལ་འདེབས་ཀྱི། །ཚིག་དོན་སྙིང་པོ་ཅུང་ཟད་དབྱེ། །དོན་ཚན་ལྔ་ཡིས་གཏན་ལ་དབབ། དེ་ཡང་དང་པོ་གསང་སྔགས་ཐམས་ཅད་ཀྱི་འཆར་གཞི་རྡོ་རྗེ་འཆང་ལ་བསྟོད་པ། མཆོག་གཟིགས་གཉིས་སོགས་མཚན་ནས་


KMC016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དྲུག་ལ་བསྟོད་པ། བརྒྱུད་པ་སྤྱི་ལ་བསྟོད་པ། ཟབ་མོའི་ལམ་ལ་གོམས་པ་མཐར་ཕྱིན་པར་གསོལ་བ་འདེབས་པ། མཇུག་དགེ་བ་ཆོས་ཀྱི་སྐུར་བསྔོ་བའོ། །དང་པོ་ནི། བདེ་སྟོང་དབྱེར་མེད་སྲིད་དང་ཞི་བའི་དཔལ། །ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་འཆང་། །སྒྱུ་མའི་གར་གྱི་རྣམ་རོལ་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཅེས་སོ། གཉིས་པ་མཆོག་གཟིགས་གཉིས་སོགས་ལ་བསྟོད་པ་ནི། ཤེས་རབ་ཆེན་པོས་གཉུག་མའི་གནས་ལུགས་རྟོགས། ཕྲིན་


KMC016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །འཁོར་ལོ་སྡོམ་པའི་རྣལ་འབྱོར་ཏཻ་ལོ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པའི་དོན། ངེས་པའི་དོན་ལ། ང་ལ་མི་ཡི་བླ་མ་མེད། ། ང་ཡི་བླ་མ་ཐམས་ཅད་མཁྱེན། །ཞེས་གསུངས་པ་ལྟར་རིགས་དྲུག་པའི་ཁྱབ་བདག་རྡོ་རྗེ་འཆང་ལས་ཤེས་རབ་ཀྱི་ཕུ་ཐག་ཆོད་ན་ཡང་། ཐུན་མོང་གདུལ་བྱའི་སྣང་ངོར། ཙཪྻཱ་ཀླུ་སྒྲུབ་ལྭ་བ་པ། །མ་ཏི་བསྐལ་པ་བཟང་མོ་སོགས། །བཀའ་བབས་བཞི་ཡི་བླ་མ་བསྟེན། །ཞེས་སོགས་གསུངས་པ་ལྟར་རོ། །མཛད་པ་ཕྲིན་ལས་བཟང་པོ་ནི་པཎ་ཆེན་ནཱ་རོ་ཏ་པ་སྟེ་མི་མཆོག་ཞབས་སོགས་པཎ་ཆེན་ལྔ་བརྒྱ། ལུང་རིགས་ཀྱིས་བརྟུལ་ཞིང་ཡང་དག་པའི་ལམ་ལ་བཀོད་ནས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་བརྟེན་ནས་གྲུབ་པ་བརྙེས་པའི་ཚུལ་བསྟན་པས་མཚན་དངོས་པྲཛྙཱ་བྷ་དྲ་སྟེ་ཤེས་རབ་བཟང་པོ། ཏིལླི་པ་ཞེས་ཏིལ་བརྡུང་ཞབས་ཟུར་ཆག་པས་ཏཻ་ལོ་པའོ། །


KMC016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཡེ་ཤེས་མཆོག་དང་ལྡན། །བཅུ་གཉིས་དཀའ་སྤྱད་དངོས་གྲུབ་རྣམ་གཉིས་བརྙེས། །གནས་སྔ་རིག་པའི་པཎ་ཆེན་ནཱ་རོ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ཡང་བདེ་སྟོང་གསལ་སྟོང་སྣང་སྟོང་རིག་སྟོང་སོགས་གཉིས་སུ་མེད་པའི་ཡེ་ཤེས་མཆོག་དང་ལྡན་ཞིང་། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་སྒྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་པ་ལྟར་བཅུ་གཉིས་ཀྱི་དཀའ་བ་སྤྱད་དེ། དང་པོ་གསུམ་གྱིས་ལུས་སྒྲིབ་དག །བུམ་དབང་གི་དོན་རྒྱུད་ལ་སྐྱེས། དེ་ནས་གསུམ་གྱིས་ངག་སྒྲིབ་སྦྱངས། གསང་དབང་ཐོབ། དེ་ནས་གསུམ་གྱིས་ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། དེ་ནས་གསུམ་གྱིས་ཆ་མཉམ་གྱི་དྲི་མ་སྦྱངས། བཞི་པ་ཐོབ། མཐར་མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་བོ། །དཀའ་བ་བཅུ་གཉིས་ནི། བླ་མའི་བཀའ་


KMC016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྒྲུབ་སྟེ་སྲོག་ལ་ལྟོས་པ་མེད་པར་དང་དུ་བླང་བའི་ཚུལ་རྣམ་ཐར་རྒྱས་པ་ལས་འབྱུང་བ་བཞིན་ཏེ། རྗེ་བཅུ་གསུམ་པའི་བཀའ་འབུམ་ལས། སློབ་མའི་སྙིང་རུས་དཔེར་འཇོག་པ། །ནཱ་རོའི་དཀའ་ཆེན་བཅུ་གཉིས་ནི། །དང་པོ་མཁར་གྱི་རྩེ་ནས་མཆོངས ། །དམ་ཚིག་ཡིད་བཞིན་ནོར་བུ་གནང་། གཉིས་པ་མཁར་ཁུང་ཐུར་མ་བརྒྱབ། །སྒྱུ་ལུས་གནད་ཀྱི་གདམས་པ་གནང་། །གསུམ་པ་མེ་དཔུང་ནང་དུ་མཆོངས། །གཏུམ་མོ་སྐོར་གསུམ་གདམས་ངག་གནང་། །བཞི་པ་མི་གཙང་འདམ་རྫབ་ཟོས། །སྤྱད་པར་བྱ་བའི་དམ་ཚིག་བསྟན། །ལྔ་པ་འབྲས་ཆེན་སྟོན་མོ་བརྐུས། །རྨི་ལམ་འཛིན་པའི་གདམ་ངག་གནང་། །དྲུག་པ་རྒྱལ་པོའི་བག་མ་འཕྲོག །ཚེ་འདིར་མཆོག་འགྲོའི་གྲོང་འཇུག་གནང་། །བདུན་པ་བློན་པོའི་ཆུང་མ་བརྐུས། །མ་བསྒོམ་འཕོ་བའི་གདམས་ངག་གནང་། །བརྒྱད་པ་རང་གི་ཆུང་མ་བླང་། །རང་རིག་ཡེ་ཤེས་གསལ་བྱེད་གནང་། །དགུ་པ་རྡོ་རྗེ་ཐོ་བས་བརྡུངས། །འོག་སྒོ་བདེ་ཆེན་གདམས་པ་གནང་། །བཅུ་པ་ཆུང་མ་རྗེ་ལ་


KMC016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །བར་དོ་ངོ་སྤྲོད་གདམས་པ་གནང་། །བཅུ་གཅིག་པད་འདམ་ཟམ་པ་བྱས། །རང་ལུས་གཏུམ་མོའི་གདམས་པ་གནང་། །བཅུ་གཉིས་ཐང་ཆེན་མ ཎྜལ་ཕུལ། །ཉམས་དང་རྟོགས་པའི་འོད་གསལ་ཤར། །བླ་མས་གང་གསུངས་དེ་ལྟར་བསྒྲུབས། །ཚེ་གཅིག་མཆོག་གི་དངོས་གྲུབ་ཐོབ། །ཅེས་གསུངས་པ་ལྟར་རོ། །གནས་ལྔ་རིག་པའི་པཎ་ཆེན་ཡོངས་གྲགས་བྱང་སྒོ་སྲུང་བ་པོ་མཁས་པ་སྒོ་དྲུག་གི་ནང་ཚན་ནོ། །ཆོས་ཀྱི་སྙིང་པོ་རྡོ་རྗེ་ཐེག་པའི་བཅུད། །གང་གི་བློ་གྲོས་མཆོག་གིས་ཡོངས་སུ་འཛིན། །བསྟན་པའི་མངའ་བདག་ལྷོ་བྲག་མར་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་མངའ་བདག་མར་པ་ལོ་ཙཱ་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་འབྱུང་གནས་སམ་མངའ་བདག་ཆེན་པོ་ཞེས་ཡོངས་སུ་གྲགས་པའོ། །བདེ་སྟོང་ཏིང་འཛིན་གར་གྱིས་རྣམ་བཞད་པའི། །ཟབ་ལམ་རྡོ་རྗེ་ཐེག་པའི་མངའ་བདག་མཆོག །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་མི་ལ་རྗེ། །གསོལ་བ་འདེབས་སོ་བདག་


KMC016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བྱིན་གྱིས་རློབས། །རྗེ་དེ་ཉིད་ཀྱི་བདེ་སྟོང་ཏིང་འཛིན་ལ་མངའ་བརྙེས་པའི་ཚུལ་ནི། རྡོ་རྗེའི་མགུར་ལས། སྟོད་བྱང་ཆུབ་སེམས་ཀྱི་རྒྱུན་འབབ་བདེ། །སྨད་དྭངས་མའི་ཐིག་ལེ་རྒྱས་པས་བདེ། །བར་དཀར་དམར་ཐུག་ཕྲད་བརྩེ་བས་བདེ། །ཞེས་གསུངས་པས་མཚོན། ཟབ་ལམ་རྡོ་རྗེ་ཐེག་པ་སྙིང་པོའི་མངའ་བདག་སྙན་བརྒྱུད་དམ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དམ་པའོ། །བསོད་ནམས་ཡེ་ཤེས་གྲངས་མེད་དུ་མར་བསགས། །གངས་ཅན་སྒྲུབ་བརྒྱུད་གཙུག་གི་རིན་པོ་ཆེ། །ཟླ་འོད་གཞོན་ནུ་དྭགས་པོ་ལྷ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་ཨོ་རྒྱན་སངས་རྒྱས་གཉིས་པ། རིགས་ལྡན་པདྨ་དཀར་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐྱེ་བ་བཞེས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པར་མཛད་ནས་གངས་ཅན་སྒྲུབ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དྭགས་པོ་ཟླ་འོད་གཞོན་ནུའོ། །ཐུབ་དབང་བསྟན་པའི་མངའ་བདག་ཆོས་ཀྱི་མཛོད། །སྙན་གྲགས་ཐུགས་


KMC016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་འོད་ཀྱིས་འཛམ་གླིང་ཁྱབ། །ས་ར་ཧ་ཡི་རྣམ་འཕྲུལ་ཀརྨ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ཡང་ཤཱཀྱ་ལི་ཙཱ་བི་དྲི་མེད་གྲགས་པ། བྲམ་ཟེ་མདའ་བསྣུན་ཞབས། ངན་ལམ་རྒྱལ་བ་མཆོག་དབྱངས་སོགས་སྤྱན་རས་གཟིགས་དངོས་དཔལ་དུས་གསུམ་མཁྱེན་པའམ་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ་དཔལ་ཀརྨ་པའོ། །གསུམ་པ་དེ་ཉིད་སོགས་བརྒྱུད་པ་སྤྱི་ལ་བསྟོད་པའམ་གསོལ་བ་འདེབས་པ་ནི། གསོལ་བ་བཏབ་ན་དངོས་གྲུབ་རྣམ་གཉིས་སྩོལ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཡོངས་ཀྱི་ཏོག །ཡིད་བཞིན་ནོར་བུ་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཅེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དེ་བཞིན་དུ། བྱམས་དང་སྙིང་རྗེའི་རྩ་བ་རབ་ཏུ་བརྟན། །བདེ་སྟོང་ཡལ་གའི་ཁྱོན་ནི་ཤིན་ཏུ་ཡངས། །དཔག་བསམ་ལྗོན་ཤིང་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དཔག་བསམ་གྱི་


KMC016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དང་། །མཁྱེན་པའི་མཁའ་ལ་ཐུགས་རྗེའི་ཉི་མ་ཤར། །སངས་རྒྱས་བསྟན་པའི་པད་ཚལ་མཐའ་དག་བཞད། །མ་རིག་མུན་སེལ་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་ཉི་མ་དང་། སྐྱེ་མེད་སྤྲུལ་སྐུ་འགག་མེད་ལོངས་སྤྱོད་རྫོགས། །གནས་མེད་ཆོས་སྐུ་དབྱེར་མེད་ངོ་བོ་ཉིད། །སྐུ་བཞིའི་དབང་ཕྱུག་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་སྐུ་བཞིའི་དབང་ཕྱུག་དང་། གང་ལ་བརྟེན་ན་ཉེས་པའི་ཚོགས་ཀྱིས་དབེན། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བ་ཡི། །དགོས་འདོད་ཀུན་འབྱུང་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་གང་ལ་བརྟེན་ན་མི་མཐུན་ཉེས་ལྟུང་གནས་ངན་ལེན་གྱི་ཉེས་པ་ཕྲ་མོས་ཀྱང་གོས་པ་མེད་པ་དང་། ལེགས་ཚོགས་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་འཕེལ་དང་། དགོས་འདོད་ཀུན་གྱི་འབྱུང་གནས་ཡིད་བཞིན་གྱི་ནོར་བུའི་གཏེར་ཁ་ལྟ་


KMC016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །གནས་ལུགས་གཉུག་མའི་དོན་གྱི་ལྡེའུ་མིག་དང་། །ཞི་ལྷག་སྒྲོན་མེས་རྒྱལ་བའི་དགོངས་པ་མཆོག །ཐར་པའི་ལམ་སྟོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གནས་ལུགས་གཉུག་མ་ཆོས་སྐུའི་རང་ཞལ་མངོན་དུ་བྱེད་པའི་ཐབས་ཀྱི་ལྡེའུ་མིག་བླ་མའི་མན་ངག་ཅལ་ཕོག་གིས་གཏན་ལ་ཕབས་ཏེ། ཞི་ལྷག་གི་སྒྲོན་མེས་མུན་པ་བསལ་ནས་ཐར་པའི་ལམ་སྟོན་པའོ། །ཐབས་ཤེས་སྐྱ་བས་བརྩོན་པའི་ཤུགས་བསྐྱེད་ནས། །ཕྲིན་ལས་གྲུ་ཡིས་འགྲོ་ཀུན་སྒྲོལ་བ་ཡི། །འགྲོ་བའི་དེད་དཔོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དེད་དཔོན་དང་། བཞི་པ་ཟབ་མོའི་ལམ་ལ་གོམས་པ་མཐར་ཕྱིན་པར་གསོལ་བ་འདེབས་པ་ལ་ཚིགས་བཅད་དྲུག་སྟེ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོའི་སྨོན་ལམ་མོ། །དང་པོ་ནི། སྤྲུལ་པའི་གནས་སུ་འབར་བའི་ཙཎྜ་ལཱིས། །


KMC016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཟླ་བའི་དཀྱིལ་འཁོར་ཡོངས་སུ་བཞུས། །ཕུང་ཁམས་རབ་བསྲེགས་ཆོས་ཀྱི་འཁོར་ལོ་ནི། །ལྷན་སྐྱེས་བདེ་བ་མྱོང་བར་བྱིན་གྱིས་རླབས། །ཞེས་པ་ནི། ཇི་སྐད་དུ་ཡང་། ལྟེ་བའི་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་མ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཡང་འཛག །ཞེས་པ་ལྟར་གཏུམ་མོ་འབར་འཛག་གིས་ལམ་མོ། །གཉིས་པ་ནི། བཅུ་གཉིས་དཔེ་ཡིས་ཁྱད་པར་བྱས་པ་ལས། །ཕྱིན་ནང་ཆོས་ཀུན་བདེན་པས་རྣམ་པར་དབེན། །རང་ལུས་རྡོར་སེམས་མེ་ལོང་གཟུགས་བརྙན་བཞིན། །གདོད་ནས་ལྷ་སྐུར་འཆར་བར་བྱིན་གྱིས་རློབས། །ཅེས་པ་སྒྱུ་མའི་དཔེ་བཅུ་གཉིས་ནི། མེ་ལོང་ནང་གི་གཟུགས་བརྙན། ནམ་མཁའི་འཇའ་ཚོན། ཆུ་ནང་གི་ཟླ་གཟུགས་གསུམ་གཙོ་བོ་དང་། མིག་ཡོར། མེད་བཞིན་སྣང་བ། གློག གསལ་ཡང་ཡུན་མི་ཐུབ་པ། སྨིག་སྒྱུ། གཡོ་ཞིང་མི་བདེན་པ། བྲག་ཆ། བདག་གི་ཡིན་ཀྱང་གཞན་དུ་སྣང་བ། དྲི་ཟའི་གྲོང་ཁྱེར། མ་འགག་སྣང་བས། རྨི་ལམ། སེམས་དང་བཅས་པས། སྒྱུ་


KMC016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མ། རྒྱུ་རྐྱེན་ལས་སྐྱེས་པ། ཆུ་བུར། འཇིགས་ཤིང་འབྱུང་བས། མིག་འཕྲུལ་གཅིག་དུ་མར་སྣང་བས་ཆོ་འཕྲུལ་ལོ། བཅས་བཅུ་གཉིས་སོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། བཅུ་གཉིས་དཔེ་ཡི་ཁྱད་པར་ཕྱི་ནང་ཆོས་ཀུན་བདེན་མེད་དུ་གཏན་ལ་དབབ་པར། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་སྒྱུ། རྨི་ལམ། བྲག་ཆ། དྲི་ཟའི་གྲོང་ཁྱེར། མིག་འཁྲུལ། འཇའ་ཚོན། གློག །ཆུའི་ཆུ་བུར། མེ་ལོང་ནང་གི་གཟུགས་བརྙན་ཏེ་སྒྱུ་མས་མགོ་དྲངས་པའི་དཔེ་བཅུ་གཉིས་རིམ་པར། རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་སྒྱུ་མའི་ལྷ་སྐུ་རྡོར་སེམས་སམ། རྡོ་རྗེ་འཆང་དེ་སྣང་ལ་མ་གྲུབ་པས་སྒྱུ་མ་ལྟ་བུ། གར་ཡང་ཁྱབ་པས་ཆུ་ཟླ། གདོས་བཅས་ཤ་རུས་སོགས་དང་བྲལ་བས་མིག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུ། སྐད་ཅིག་གིས་གཡོ་ཞིང་མ་གྲུབ་པས་སྨིག་སྒྱུ། སྣང་ཡང་བདེན་མེད་རྨི་ལམ། རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཏུ་རྟོག་དང་གཞན་དུ་སྣང་བས་བྲག་ཆ། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྣང་ཡང་བདེན་པས་སྟོང་པའི་དྲི་ཟའི་གྲོང་


KMC016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། གཅིག་ཉིད་དུ་མར་སྣང་བས་མིག་འཕྲུལ། སྐུའི་ཁ་དོག་ལྔ་མ་འདྲེས་པར་སྣང་བས་འཇའ་ཚོན་ལྟར་གསལ་བ། རྒྱུ་རྐྱེན་རྣམ་སྨིན་གྱི་ཕུང་པོ་ལ་བརྟེན་ཏེ་གནས་པས་སྤྲིན་གྱི་གསེབ་ནས་གློག་འགྱུ་བ་ལྟ་བུ། སྟོང་པའི་ངང་ལས་ཐོལ་གྱིས་བཞེངས་པས་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུ། ཡན་ལག་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པས་མེ་ལོང་ལ་རྡོ་རྗེ་འཆང་གི་གཟུགས་བརྙན་འཆར་བ་ལྟ་བུའོ། །དེ་ཡང་དངོས་འཛིན་དང་བྲལ་བས་ཡོད་པ་མ་ཡིན། མེད་བཞིན་དུ་སྣང་བས་སྒྱུ་མའི་དཔེར་བསྟན། ལྷ་སྐུ་གསལ་སྟོང་སྣང་ལ་རང་བཞིན་མེད་པ་དེ་ཡེ་ཤེས་སྒྱུ་མའི་ལུས་ཞེས་བྱ། སྒོམ་པས་ཉམས་སུ་ལེན་སྐབས་རང་ལུས་གཟུགས་བརྙན་དུ་བསམ་སྟེ་དགའ་སྡུག་གི་རྟོག་པ་རོ་སྙོམ་མ་དག་པའི་སྒྱུ་ལུས། ལྷ་སྐུ་སྒྱུ་མ་ལྟར་དམིགས་པ་དག་པའི་སྒྱུ་ལུས་མིང་བཏགས་པའོ། །དེ་ཡང་གང་སྣང་ལྷ་སྐུ། ལྷ་སྐུ་སྒྱུ་མ། སྒྱུ་མ་བདེ་ཆེན་དུ་འཆར་བ་ཞིག་དགོས་སོ། །ད་ལྟ་མ་དག་པའི་སྒྱུ་ལུས་དག་པ་ཡེ་ཤེས་ཀྱི་སྒྱུ་ལུས་སུ་བསྒྱུར་ཞིང་དག་པའོ། །


KMC016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། ཉིན་སྣང་སྒྱུ་མའི་འདུན་པ་རབ་བརྟན་ནས། །མགྲིན་པར་རླུང་སེམས་བརྟན་པ་ཐོབ་པའི་མཐུས། །རྨི་ལམ་ན་ཡང་ཆོས་ཀུན་རྨི་ལམ་ལྟར་། །མཐོང་ནས་ངེས་པ་རྙེད་པར་བྱིན་གྱིས་རློབས། །ཅེས་པ་ཆོས་ཐམས་ཅད་རྨི་ལམ་ལྟར་མཐོང་ཞིང་རྟོགས་ཏེ་འཁྲུལ་སྣང་གི་རྨི་ལམ་དག་ནས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་མཐོང་ནས་ཡང་དག་པའི་ལམ་ལ་ངེས་པ་རྙེད་པའོ། །བཞི་པ་ནི། ཀུན་རྟོག་རླུང་སེམས་དྷཱུ་ཏིར་དག་པའི་མཐུས། །ཆོས་ཀུན་ནམ་མཁའི་དཀྱིལ་ལྟར་ཡོངས་སུ་དག །གཏི་མུག་མ་སྤང་ཆོས་དབྱིངས་ངོ་བོར་གྲོལ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཞེས་པ། ཨ་ཀལྤ་ཞེས་རྣམ་རྟོག་དང་། བི་ཀལྤ་ཞེས་ཀུན་རྟོག་ལ་འཇུག་པས་ན་ཀུན་རྟོག་གི་རླུང་སེམས་དབུ་མར་དག་ཅིང་འོད་གསལ་འཆར་བའི་སྨོན་ལམ་མོ། ཇི་སྐད་དུ་ཡང་། འཆི་བའི་དུས་དང་གཉིད་ལོག་དང་། །མཉམ་པར་བཞག་དང་དབུ་མར་གནས་། །མཉམ་རྗེས་རོ་གཅིག་གྱུར་ན་ཡིན། །ཅེས་


KMC016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་རོ། ལྔ་པ་ནི། གང་དུ་འཕོ་བའི་ཡུལ་སོགས་མ་དམིགས་ཤིང་། །སྲོག་རྩོལ་རླུང་གི་རྒྱུ་བ་བརྟན་ཐོབ་ནས། །ནམ་ཞིག་འཁྲུལ་པའི་སྣང་བ་འཆར་བའི་ཚེ། །ཚངས་ནས་མདའ་ལྟར་འཕོ་བར་བྱིན་གྱིས་རློབས། །ཞེས་པ་རྣལ་འབྱོར་པ་རབ་རང་སྣང་བདེན་མེད་དུ་སྟོན་ནས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ལ་འཕོ་བྱ་འཕོ་བྱེད་ལས་འདས་ཀྱང་། འབྲིང་རང་ཐ་མ་འཕོ་མེད་གཉུག་མའི་དོན་ཁོང་དུ་ཆུད་པ་ལ་རླུང་གིས་འཕོ་བར་སྨོན་པའོ། དྲུག་པ་ནི། འཆི་བའི་རང་བཞིན་དོན་དམ་བདེན་པར་རྟོགས། །ཆོས་སྐུའི་ངང་ནས་འོད་གསལ་མ་བུ་འཕྲད། །དེ་ཡི་ངང་ནས་བར་དོ་སྒྱུ་མའི་གཟུགས། །མཚན་དཔེའི་རྒྱན་ལྡན་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་བར་དོའི་འོད་གསལ་ལ་གཞིའམ་མ། ལམ་སྒོམ་པའི་འོད་གསལ་ལ་བུ་ཞེས་མིང་བཏགས་ཏེ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུར་གྲོལ་བའི་ལམ་ལས་བར་དོ་ལོངས་སྐུར་སྨིན་པའི་སྨོན་ལམ་མོ། །ལྔ་པ་མཇུག་དགེ་བ་ཆོས་ཀྱི་སྐུར་བསྔོ་བ་ཚིགས་བཅད་


KMC016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི། མདོར་ན་བདག་སོགས་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་མཆོག་ཐོབ་ཐེག་ཆེན་ལམ་ལ་ཞུགས། །རྡོ་རྗེ་ཐེག་པ་སྟོན་པའི་བླ་མ་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཞེས་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་དང་མི་འབྲལ་བའི་དོན་དང་། ཐོག་མར་སྨིན་བྱེད་དབང་གིས་རྒྱུད་སྦྱངས་ནས། །གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་མཆོག་གིས། །སྐུ་བཞིའི་དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཆང་། །གོ་འཕང་བདེ་བླག་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་རྩ་བའི་བླ་མས་སྨིན་གྲོལ་གྱི་ལམ་བསྟན་པ་ཉམས་སུ་མྱོང་བ་དང་། གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ལམ་བསྒོམ་པ་ལ་བར་ཆད་མེད་པ་དང་། འཁྲུལ་པའི་དེ་ཉིད་ཤེས་པའི་རྣམ་དཔྱོད་ཀྱིས། །ཐ་མལ་ཤེས་པ་རང་ངོ་མཐོང་བའི་ཚེ། །གསལ་སྟོང་འཛིན་མེད་སེམས་སུ་


KMC016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཆོད་ནས། །ཅིང་སྣང་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཞེས་གནས་ལུགས་ཆོས་སྐུའི་རང་ཞལ་མཇལ་བའི་སྨོན་ལམ་མཐར་ཐུག་པའོ། །རང་གི་ཡིད་ལ་ངེས་པའི་ཕྱིར། །ཤཱ་ས་དྷྭ་ཛའི་ཡིག་རྙིང་ལས། །མཁན་པོ་རཏྣས་བསྡུས་ཏེ་བྲིས། །ཚིག་དོན་ཁོང་དུ་ཆུད་པ་དང་། །ལུང་རྟོགས་བསྟན་པ་འཕེལ་གྱུར་ཅིག །དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཆོས་དྲུག་གསོལ་འདེབས་བདེ་སྟོང་དབྱེར་མེད་ཀྱི་འགྲེལ་ཆུང་ཚིག་དོན་སྙིང་པོ་རབ་གསལ།next