Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
ཐབས་ལམ་སྨོན་ལམ་ཚིག་བཞི་པའི་འགྲེལ་པ་སྦས་དོན་རབ་སྣང་།
   
   
   
   
   


 
previousཐབས་ལམ་སྨོན་ལམ་ཚིག་བཞི་པའི་འགྲེལ་པ་སྦས་དོན་རབ་སྣང་།next

ཐབས་ལམ་སྨོན་ལམ་ཚིག་བཞི་པའི་འགྲེལ་པ་སྦས་དོན་རབ་སྣང་།


KMC016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལམ་སྨོན་ལམ་ཚིག་བཞི་པའི་འགྲེལ་པ་སྦས་དོན་རབ་སྣང་ཞེས་བྱ་བ། །


KMC016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭསྟི། དགྲོལ་བྱ་རྩ་བའི་ཚིག་ནི། སྐྱེ་བ་ཀུན་ཏུ་རིགས་བདག་མི་འཆོལ་ཞིང་། །བཅོམ་ལྡན་དྲག་པོའི་དཀྱིལ་འཁོར་འཛིན་བཞིན་དུ། །ཤེས་རབ་པདྨའི་བདུད་རྩི་འཐུང་བྱེད་ཅིང་། །བྱང་ཆུབ་སྙིང་པོར་སྲིད་པ་དག་བགྱིད་ཤོག །ཅེས་པ་འདི་ནི་ཐབས་ལམ་གྱི་སྨོན་ལམ་བླ་ན་མེད་པ་སྟེ། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རིགས་ཀྱི་བདག་པོ་དཔལ་ལྡན་བླ་མ་དམ་པ་ཀརྨ་པ་ཉིད་ལས་གཞན་དུ་མི་འགྱུར་ཞིང་མི་འབྲལ་བ་དང་། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དྲག་པོ་སྟེ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་


KMC016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་དབང་གསུམ་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་ཤོག་ཅེས་པ་སྟེ། དེ་ཡང་ཞིབ་པར་འགྲེལ་ན། ཤེས་རབ་མ་དང་ལྷན་གཅིག་མཉམ་པར་སྦྱར་བས་འདོད་པའི་ལྕགས་ཀྱུས་རྩ་ཐམས་ཅད་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་བཅོམ་ལྡན་འདས་ཧེ་རུ་ཀའི་བདག་ཉིད་ནོར་བུའི་རྩེ་མོར་བཀུག་ལ་བརྟན་པར་བྱས་པས་རྟོག་པ་ཐམས་ཅད་ནུབ་པའི་བདེ་བ་ལྷ་མོའི་རང་བཞིན་ཉི་ཟླ་ཁ་སྦྱོར་བའམ། གཡས་གཡོན་རོ་རྐྱང་ཉི་ཟླའི་རྒྱུ་བ་གཟུང་འཛིན་གྱི་རླུང་ཚོགས། དྷཱུ་ཏི་ཡེ་


KMC016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་སྒྲ་གཅན་གྱིས་ངེས་པར་ཟོས་པས་ཕྱག་ཆེན་གྱི་རྟོགས་པ་མངོན་དུ་འགྱུར་བ་སྟེ། དེ་ཡང་ཡས་བབས་ཀྱི་དགའ་བཞིའི་མཐར་དཔེའི་ལྷན་སྐྱེས་མངོན་དུ་བྱས། དཀར་དམར་ལྷན་ཅིག་ཏུ་འདྲེས་པའི་དྭངས་མ་མས་བསྟན་གྱི་དགའ་བ་བཞིའི་རིམ་པས། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པ་ལྟར་དོན་གྱི་ལྷན་སྐྱེས་མངོན་དུ་གྱུར་ཏེ། དྭངས་མ་གསང་གནས་ནས་སྤྱི་བོའི་བར་དུ་སོན་པ་དེའི་ཚེ་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་ཐོབ་པར་བཤད་པས། བྱང་ཆུབ་ཀྱི་སྙིང་པོ་མི་ཤིགས་ཐིག་ལེའི་གཟུགས་ཧེ་རུ་ཀའི་སྐུར་གྱུར་པས་སྲིད་པ་ཤིན་ཏུ་དག་པར་གྱུར་ཅིག་པའོ། །དེའི་ཚེ་ལུས་ཀྱི་རྩ་ཐམས་ཅད་ཡེ་ཤེས་ཀྱི་རྩ། ངག་གི་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་། ཡིད་དང་ཐིག་ལེ་ཐམས་ཅད་ཡེ་ཤེས་ཀྱི་ཐིག་ལེར་གྱུར་ཏེ་སྒྲིབ་བྲལ་རྡོ་རྗེ་གསུམ་གྱི་དབྱིངས་དྷཱུ་ཏི་སྟེ་དབུ་མར་ཐིམ་པས་ཡེ་ཤེས་ལྔ་མངོན་དུ་གྱུར་ཏེ་བྱང་ཆུབ་པའོ། །འདི་ཡང་ཆོས་དྲུག་གི་སྦྱོར་བ་འགའ་ཞིག་གི་བཞེད་ངོར། ཀརྨ་


KMC016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་འཛིན་པས་རང་གི་གོ་ཚོད་ཡི་གེར་སྤེལ་བ་བི་ཛ་ཡནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཐབས་ལམ་སྨོན་ལམ་ཚིག་བཞི་པའི་འགྲེལ་པ་སྦས་དོན་རབ་སྣང་།next