Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
འཁྲུལ་འཁོར་གྱི་དམིགས་རིམ་ཟབ་མོ།
   
   
   
   


 
previousའཁྲུལ་འཁོར་གྱི་དམིགས་རིམ་ཟབ་མོ།next

འཁྲུལ་འཁོར་གྱི་དམིགས་རིམ་ཟབ་མོ།


KMC016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་གྱི་དམིགས་རིམ་ཟབ་མོ་བཞུགས་སོ། །


KMC016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རླུང་སེལ་བའི་འཁྲུལ་འཁོར་གྱི་དམིགས་པ་ནི། ལུས་གནད་རྣམ་སྣང་ཆོས་བདུན་བཅའ། ལག་མཐིལ་གཉིས་ཡི་གེ་ཡྂ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། རྐང་མཐིལ་གཉིས་སུ་ཆོས་འབྱུང་དམར་པོ་ཡི་གེ་རྂ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ཞིག་བསྒོམ་ལ། ལག་མཐིལ་གཉིས་ཀྱིས་རྐང་མཐིལ་ལ་ལན་གསུམ་ཤེད་དང་པོས་དུ་བ་འཐུལ། གཉིས་པས་མེ་སྟག་ཐར་སེང་། གསུམ་པས་མེ་ལྷབ་ཀྱིས་འབར་བས་མེའི་གོང་བུར་བཙུད་པར་བསྒོམས་ནས། རླུང་སྐྱོན་


KMC016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བའི་འཁྲུལ་འཁོར་ལ་འཇུག་པར་བྱའོ། ༈ །རླུང་རོ་དགུ་འབུད་ཀྱི་དམིགས་པ་ནི། སྣ་བུག་གཡས་ནས་རླུང་རོ་ལན་གསུམ་བསལ་ཚེ་སྐྱེ་བ་ཐོག་མའི་ནད་གདོན་སྡིག་སྒྲིབ་ཁྱད་པར་རྩ་རླུང་ཐིག་གསུམ་གྱི་གེགས་དང་བར་ཆད་ཐམས་ཅད་རྒྱང་བསྲིང་ནས་སྒོ་དགུ་གཙོས་པའི་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་སྔོ་ཐར་སེང་སོང་བ་དང་། ཚུར་རྔུབ་པའི་སྐབས་ཡེ་ཤེས་ལྔ་ཡི་རླུང་གི་རྣམ་པ་འོད་ཟེར་ཁ་དོག་སྣ་ལྔའི་ཟེར་ནས་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་བདག་གི་རྩ་རླུང་ཐིག་གསུམ་གྱི་


KMC016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་སུ་སྤྱན་དྲངས་པའི་རང་གི་བ་སྤུའི་བུ་ག་དང་རྩ་མིག་ཐམས་ཅད་ལ་ཤ་རུལ་ལ་སྦྲང་མ་འཚུབས་པ་བཞིན་དང་། ཉི་ཟེར་ལ་རྡུལ་འཚུབས་པའམ་མཚོ་ལ་ཆར་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམ། གཡོན་ནས་ལན་གསུམ་བསལ་ཚེ་སྐྱེ་བ་བར་མ་འདིའི་བསླབ་པ་གསུམ་ལ་ལྟུང་བས་གོས་པའི་སྡིག་སྒྲིབ་དང་། ཁྱད་པར་རྩ་རླུང་ཐིག་གསུམ་གྱི་རྐྱེན་གེགས་ཐམས་ཅད་རྒྱང་གིས་སོང་ནས་སྔོ་ཟི་མས་ལྕགས་ཕྱེ་བླང་བ་ལ་ཕུས་བཏབ་པ་ལྟར་དང་། ཚུར་རྔུབ་པའི་དུས་གཡས་ལྟར་དགོས། སྣ་བུག་གཉིས་ཀ་ནས་རླུང་རོ་ལན་གསུམ་བསལ་ཚེ་སྐྱེ་བ་རྗེས་མའི་གཙོས་ཐོག་མཐའ་བར་གསུམ་གྱི་བླ་མ་སློབ་དཔོན་མཆེད་གྲོགས་སོགས་ཀྱི་དམ་ཚིག་ཆགས་ཉམས་ཐམས་ཅད་དང་། ཁྱད་པར་རྩ་རླུང་གི་གེགས་དང་བར་ཆད་ཐམས་ཅད་ལུས་ཁྲོལ་ཚགས་ལྟར་རྒྱང་བསྲིང་ཐལ་བ་གོང་ལྟར་བསྒོམ་པ་ནི་རླུང་རོ་དགུ་འབུད་ཀྱི་དམིགས་པའོ། ༈ །ནཱ་རོ་དྲུག་སྐོར་གྱི་དམིགས་པ་ནི། རྩ་དབུ་རྐྱང་རོ་གསུམ་སྔར་ལྟར་ལས་གསལ་བཏབ་པའི་འདུས་


KMC016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་མེའི་ཆོས་འབྱུང་དམར་པོའི་དབུས་སུ་ཡེ་ཤེས་ཀྱི་གཏུམ་མོ་མཚན་ཉིད་བཞི་ལྡན་ཤིན་ཏུ་ཕྲ་བ་གཅན་གཟན་གྱི་སོགས། ཝ་ཡི་སྤུ་རྩེ་ལྟ་བུ་དབྱིབས་ཅུང་ཞིག་གཡོ་བ་རེག་བྱ་ཤིན་ཏུ་ཚ་བ་ཞིག་དང་། རླུང་སེམས་བསྲེ་བའི་ཚུལ་གྱིས་བསྒོམ། དེ་ནས་རླུང་རོ་སྣ་རྩེའི་ཐད་མཚན་ཉིད་བཞི་སོར་བཅུ་དྲུག་གི་འབྱུང་བ་ལྔ་པའི་རླུང་། ཆུའི་རླུང་དཀར་པོ། མེའི་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ནམ་མཁའི་རླུང་མཐིང་ག །ས་ཡི་རླུང་སེར་པོ་རྣམས་འཇའ་ཚོན་སྣ་ལྔ་ལྟ་བུ་བསྒོམ་པ་དང་མཉམ་དུ་རླུང་རྔུབས་པས་རྩ་གསུམ་འདུས་མདོར་མེ་ཤིན་ཏུ་ཕྲ་བ་ལ་ཕོག །སྣ་བུག་གཉིས་ཀྱི་རླུང་མགར་བའི་སྦུད་པ་རྒྱབ་པ་ལྟར་ཕོག་མ་ཐག་རེག་བྱ་ཤིན་ཏུ་ཚ་བས་དབྱིབས་ཅུང་ཞིག་གཡོ་བ། ཕྱི་སྟོང་ར་རྩ་དང་། ནང་གི་རླུང་མེ་རྣམས་གསལ་དྭངས་རྙོག་པ་མེད་པ་ཆུ་ནང་གི་ཟླ་བ་དང་། ནམ་མཁའི་འཇའ་ཚོན་ལྟ་བུར་མེ་རླུང་རྩ་སྟོང་ར་རྣམས་གཅིག་གིས་གཅིག་མ་བསྒྲིབ་པར་ཕྱི་ནང་ཟང་ཐལ་ས་ལེ་བ་ཞིག་བསྒོམས་ནས་ནཱ་རོ་དྲུག་སྐོར་གྱི་


KMC016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་ལ་འཇུག་གོ ༈ །སོ་བདུན་མའི་འཁྲུལ་འཁོར་གྱི་དམིགས་པ་ནི། རྩ་གསུམ་འདུས་མདོར་ཆོས་འབྱུང་མེ་སྔོན་སྤུ་ཡི་རྩེ་མོ་ཙམ་དེ་ལས་འབྱུང་ལྔའི་རླུང་འཇའ་ཚོན་སྣ་ལྔ་དེ་སྣ་བུག་རོ་རྐྱང་གཉིས་ནས་རྔུབས་པས་མགར་བའི་སྦུད་པ་གཞིལ་བ་ལྟར་གཏུམ་མོའི་མེ་ལ་ཕོག་པས་རྣོ་ལྡན་སྲན་མ་ཙམ་ཆེར་སྐྱེས་པས་རེག་བྱ་སྔར་བས་ཚ་བ་གསལ་ཞིང་རྙོག་པ་དང་བྲལ་བ་རྩ་གསུམ་འཁོར་ལོ་ལྔ་བཅས་མེ་འོད་ཀྱིས་ཁྱབ་པར་བསྒོམས་ནས་སོ་བདུན་འཁྲུལ་འཁོར་ལ་འཇུག་གོ ༈ །ནཱ་རོའི་ཡན་ལག་འཁྲུལ་འཁོར་དམིགས་པ་ནི། སྔར་ལྟར་འབྱུང་ལྔའི་རླུང་ཕྲ་ནར་གྱིས་རོ་རྐྱང་གཉིས་ནས་རྔུབ་པས་གཏུམ་མོའི་མེ་ལ་ཕོག་སྔར་བས་རེག་བྱ་གསལ། ཇེ་ཆེར་མོ་ཁབ་ཙམ་ཆེར་སྐྱེས་པས་མེ་འོད་ཀྱིས་དབུ་མའི་ནང་ཀུན་ཚ་ཆིལ་ལེ་སོང་ནས་རྩ་འཁོར་ཡན་ལག་འཁོར་ཕྲན་བཅས་འཕུར་སྲུབ་རིམ་པ་ལྟར་མུན་ཁང་སྒོ་ཕྱེ་བ་བཞིན་ཁྲ་ཆེམ་མེར་མེ་འོད་ཀྱིས་ཁྱབ་པར་བསྒོམས་ནས་ནཱ་ཱརོའི་ཡན་ལག་ལ་འཇུག་གོ ༈ །མཻ་ཏྲི་པའི་འཁྲུལ་འཁོར་གྱི་


KMC016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ནི། ཡང་འབྱུང་ལྔའི་རླུང་རོ་རྐྱང་གཉིས་ནས་རྔུབས་པས་ལྟེ་བའི་ཆོས་འབྱུང་ཨ་ཤད་མེ་ལ་མགར་གྱི་སྦུད་པ་བཞིན་གཡས་གཡོན་ནས་དམར་ཚར་ཚར་སྔར་བས་མེ་མདོག་ཚ་ངར་ཤིན་ཏུ་ཆེ་བས་མེའི་ཨ་ཤད་སུམ་འཁྱོག་སོར་མོ་གཉིས་ཆེར་སྐྱེས་པས་ལུས་སེམས་བདེ་དྲོད་འབར་བས་དར་དམར་གྱི་གུར་ནང་མར་མེ་འཇོག་པ་ལྟར་དམར་ལ་སྨུག་པའི་མདངས་ཆགས་པ། ངོ་བོ་སྟོང་ཞིང་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ་རྙོག་པ་དང་བྲལ་བ། ནང་གི་མེ་བར་གྱི་རྩ་ཕྱིའི་སྟོང་ར་གསུམ་གཅིག་གིས་གཅིག་མ་སྒྲིབ་པ་འོད་ཀྱི་ཕུང་པོར་བསྒོམས་ནས། མཻ་ཏྲི་པའི་འཁྲུལ་འཁོར་ལ་འཇུག་གོ ༈ །ཉི་མ་དྲུག་སྐོར་གྱི་དམིགས་པ་ནི། རང་ཉིད་སྟོང་རའི་སྟེང་འོག་གཉིས་ལ་ཉི་མའི་དཀྱིལ་འཁོར་གཉིས། ལོགས་བཞི་ལ་ཉི་མའི་དཀྱིལ་འཁོར་བཞི་དང་ཉི་མ་དྲུག་གི་དབུས་སུ་རང་ལུས་ཡི་དམ་གྱི་གཏུམ་མོ་སྟོང་ར་གསལ་ཞིང་རྙོག་པ་དང་བྲལ་བ། དམར་ལ་སྨུག་འོད་འབར་བ་ཞིག་བསྒོམས་ནས་འཁྲུལ་འཁོར་ལ་


KMC016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གོ ༈ །གཏུམ་མོ་ཞག་བདུན་མའི་འཁྲུལ་འཁོར་གྱི་དམིགས་པ་ནི། གོང་ལྟར་གསལ་བའི་ལྟེ་འོག་ཏུ་མེ་འོད་སྐེམ་སྐེམ་གློག་འཁྱུག་པ་ལྟ་བུ་བྱེད་པར་མོས་ལ་འཁྲུལ་འཁོར་ལ་འཇུག་པར་བྱའོ། ༈ །གཏུམ་མོ་གངས་སེང་མའི་དམིགས་པ་ནི། རང་ཉིད་བཅོམ་ལྡན་འདས་མའི་སྐུ་སྟོང་ར་རྩ་གསུམ་བཅས་གསལ་བཏབ། ལྟེ་བར་ས་ལྗང་གུ་ལ་ས་དྲུག་ཅུ་རྩ་བཞིས་བསྐོར་བར་བསྒོམ། སྙིང་གར་ནི་དམར་པོ་ལ་ནི་བརྒྱད་གྱིས་བསྐོར་བ། མགྲིན་པར་རི་སེར་པོ་ལ་རི་བཅུ་དྲུག་གིས་བསྐོར་བ། སྤྱི་བོར་ཧ་སྔོན་པོ་ལ་ཧ་སྔོན་སོ་གཉིས་བསྒོམས་པ་རྣམས་ལྟེ་བར་རྃ་ཡིག་དང་། གསར་བར་ཡྃ་ཡིག་བཀོད་ལ་རླུང་དང་སྦྱར་ནས་མེ་རབ་ཏུ་འབར་བར་བསྒོམས་ནས་དེས་གསང་བ་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་ཀྱི་ས་བོན་བསྲེག ། རང་རང་མདོག་ཅན་གྱི་སོ་སོར་འབར་ཞིང་གཞན་ཡང་ཡན་ལག་དང་ཉིང་ལག་ཐམས་ཅད་ཡི་གེ་ཧ་རི་ནི་ས་བཀོད་པའི་མེ་འབར་ཞིང་འཁྱིལ་བས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་བལྟ་བར་བསྒོམ་


KMC016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ༈ །མེ་ཐབ་དྲུག་ཆིང་དམིགས་པ་ནི། རླུང་གནད་ལྟེ་འོག་ཏུ་མར་འཕུལ། དམིགས་གནད་ལྟེ་འོག་གི་གློག་སྐེམ་པ་རེག་བྱ་འཚུབ་འཚུབ་བྱུང་བས་རང་ལུས་ཐ་མལ་གྱི་ལུས་སེམས་གཏན་ནས་མི་བཟོད་པ་ཙམ་བསྒོམ་དགོས། ༈ །རང་ལུས་རྣམ་པ་ལྟེ་འོག་ན་གཏུམ་མོ་འོད་གསལ་གྱི་ངོ་བོ་སྔོ་དྭངས་ཡུངས་འབྲུ་ཙམ་ཞིག་གི་དབུས་སུ་འོད་ཟེར་ཕྲ་མོ་དམར་ཙམ་པ། དེ་རེག་མི་དགོས་པར་འཁོར་འདས་ཐམས་ཅད་བཟོད་མེད་ཟ་ནུས་པར་བསྒོམས་ནས་བུམ་ཅན་རང་ཤུགས་ཀྱིས་བཏང་ངོ་། ༈ །སྐུ་གསུམ་བསྣོལ་མའི་དམིགས་པ་ནི། འདུས་མདོར་གཏུམ་མོའི་མེ་མཆེད་དེ་ལྟེ་འོག་རྩ་འཁོར་གང་བས་མེ་ལྕེ་སྙིང་གའི་སྤྲུལ་སྐུའི་ངོ་བོ་ཧཱུྃ་མཐིང་ག་ལ་ཕོག་པས་བདེ་དྲོད་བཟོད་མེད་སྐྱེས། ཡང་མེ་ཤེད་ཇེ་ཆེར་སོང་བས་མེ་ལྕེ་མགྲིན་པའི་འཁོར་ལོའི་དབུས་སུ་ལོངས་སྐུའི་ངོ་བོ་ཨ་དམར་པོ་ལ་ཕོག་པས་མགྲིན་པའི་བདེ་དྲོད་སྐྱེས་ནས་ངག་གི་ནུས་མཐུ་སྐྱེས། ཡང་མེ་ལྕེ་ཆེར་སྐྱེས་པས་སྤྱི་བོའི་རྩ་འཁོར་དབུས་སུ་ཆོས་སྐུའི་


KMC016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ༀ་དཀར་པོ་ལ་ཕོག་པས་ལུས་སྟོད་སྨད་ལ་བདེ་དྲོད་བཟོད་མེད་དུ་སྐྱེས་ནས་བ་སྤུའི་མཐར་ཐུག་མེས་ཁྱབ་སྟེ་སྟོང་གསུམ་ཁྱབ་པར་བསྒོམ་མོ། ༈ །བཙན་ཐབས་དྲོད་འབེབས་དམིགས་པ་ནི། རང་ལུས་ཡི་དམ་གྱི་ལྟེ་བར་ཉི་མའི་གདན་ལ་དཔལ་ལྡན་བླ་མ་མེའི་སྐུ་མགར་གྱི་སོལ་མེར་གནས་པའི་ལངས་ཚོ་ལྟ་བུ་འོད་དང་འོད་ཟེར་འཕྲོ་ཞིང་དེའི་འོད་ཀྱིས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། བླ་མའི་སྐུ་ལ་ཐིམ་པས་མེ་རབ་ཏུ་འབར་ཞིང་ལུས་ཕྱི་ནང་བརྟན་གཡོ་ཐམས་ཅད་བླ་མའི་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཀྱི་ཕུང་པོ་མངོན་པར་གང་བ་ལ་སེམས་གཏད་དེ། འཁྲུལ་འཁོར་ལ་འཇུག་གོ ༈ །མཁའ་ལྡིང་སྦྲུལ་འཛིན་དམིགས་པ་ནི། དབུ་མའི་ཡར་སྣེ་སྤྱི་བོར་རྡོ་རྗེ་ཕྱེད་པའི་ལྟེ་བའི་དབུས་སུ་ཟླ་བ་ཉ་གང་བ་ལྟར་གསལ་བའི་དབུས་སུ་བདེ་ཆེན་ཐིག་ལེའི་རྣམ་པ་ཧྃ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ་ལ་ཐིག་ལེ་ཡུངས་འབྲུ་ཙམ་བརྒྱད་མདུན་རྒྱབ་གཡས་གཡོན་ནས་གཉིས་བཞི་བརྒྱད་ཀྱིས་བསྐོར་


KMC016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསལ་གདབ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་ཙཎྜ་ལཱི་ཨ་ཐུང་བཞིའི་ཚད་འབར། དེ་རླུང་སྦྱོར་གྱིས་བསྟུན་པས་དེ་ལས་ཀྱང་མེ་སོར་གཅིག་ཏུ་དྷཱུ་ཏིའི་ནང་དུ་འབར་བས་སྤྱི་བོར་ཧྃ་ཡིག་དཀར་པོ་བདེ་མེར་གྱིས་གཡོས་པས་ཐིག་ལེ་འབབ། དེའི་རྩེ་མོ་ཕྱོགས་ཐམས་ཅད་དུ་འོད་ཟེར་རྣོན་པོ་འབར་ཞིང་བསྒོམ་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །བྱིང་བ་སེལ་བའི་དམིགས་པ་ནི། གཏུམ་མོའི་འོད་ཟེར་གྱིས་སྙིང་གར་བླ་མའི་ངོ་བོ་ཧཱུྃ་མཐིང་ག་ལ་ཕོག་པས་དེའི་འོད་ཟེར་ཕྱོགས་བཅུར་གཡོས་པས་བྱིང་འཐིབ་རྩ་རླུང་མི་གསལ་བ་ཐམས་ཅད་སང་སང་དག་པར་བསྒོམས་ནས་འཁྲུལ་འཁོར་ལ་འཇུག ༈ །རྒོད་ན་ཤེས་པའི་དམིགས་པ་ནི། སྙིང་ནང་གཏུམ་མོ་འོད་ཟེར་སྔོན་པོས་ཁྱབ་པར་བསྒོམ། ༈ །སྦྱང་མོ་ཉལ་བའི་དམིགས་པ་ནི། གཏུམ་མོ་འབར་བའི་འོད་ཟེར་གྱིས། །ལུས་ཀྱི་སྟོད་སྨད་འོད་ཀྱིས་གང་། །ཤེལ་བུམ་མར་མེ་འཇོག་པ་ལྟར། །གནས་ཁང་ཚུན་ཆད་འོད་ཀྱིས་ཁྱབ་པར་བསྒོམས་ནས་སྤྱང་མོ་ཉལ་བའི་འཁྲུལ་


KMC016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་འཇུག་གོ ༈ །མཁའ་ལས་དབབ་པའི་དམིགས་པ་ནི། གཏུམ་མོའི་འོད་ཟེར་དེ་ཉིད་ཀྱིས་ནང་ཐམས་ཅད་མི་སྡོད་པ་མྱུར་བར་སྐད་ཅིག་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་བ་སྤུའི་བུ་ག་ཚང་མ་ལ་རྒྱུག་ནུས་པར་བསྒོམས་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །ནེ་ལེ་རེས་འཇོག་གི་དམིགས་པ་ནི། གཏུམ་མོའི་འོད་ཟེར་སྔོན་པོས་སྙིང་ནང་ཁྱབ་པར་བསྒོམས་ནས་འཁྲུལ་འཁོར་ལ་འཇུག་གོ། ༈ །རི་རབ་འཕུར་བའི་དམིགས་པ་ནི། ཐིག་ལེས་ལུས་ཁམས་གཡོས་ཏེ་ཆགས་པ་སྐྱེས་ཟིན་ནས་ཐིག་ལེ་ཡར་འདྲེན་དམིགས་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །ཝ་ཡི་བཞད་ཚུལ་གྱི་དམིགས་པ་ནི། རླུང་གི་སྦྱོར་བས་གཏུམ་མོ་འབར་བའི་སྤྱི་བོར་བྱང་ཐིག་ཞུ་མེ་ལ་ཕོག་པས་མེ་ཆེར་འབར་བའི་རྣམ་པས་ཝ་ཡི་བཞད་ཚུལ་བྱའོ། ༈ །ཡི་དྭགས་འདུག་སྟངས་དམིགས་པ་ནི། ཆུ་མིག་གྱེན་ཟློག་བྱའོ། ༈ །སེང་གེ་གྱེན་ལོག་དམིགས་པ་ནི། བདེ་ཆེན་རྩ་བའི་འཁོར་ལོའི་དབུས་བྱང་ཐིག་དཀར་པོ་ཡུངས་འབྲུ་ཙམ། རླུང་གི་སྦྱོར་བས་སྨིན་


KMC016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཀོད། རྔུབ་པས་དབུ་མ་བརྒྱུད་ནས་གསང་བར་སླེབས། དེ་ལྟར་འབྱུང་ལྡོག་གསུམ་བྱེད་འཁྲུལ་འཁོར་ལ་འཇུག་གོ ༈ །སེང་གེ་རྩལ་སྤྲུགས་ཀྱི་དམིགས་པ་ནི། ལུས་གནད་སྟོང་ར་རྩ་འཁོར་སྔ་མ་ལྟར་གསལ་བའི་བདེ་ཆེན་འཁོར་ལོའི་དབུས་དྷཱུ་ཏིའི་ནང་དུ་བདུད་རྩིའི་ཟླ་བ་བྱང་ཆུབ་ཀྱི་སེམས་དཀར་ཆའི་དཀྱིལ་འཁོར་ཟླ་བ་དྲི་མ་དང་བྲལ་བ་ལྟ་བུའི་ལྟེ་བར་ཧཾ་ཡིག་དཀར་པོས་མཚན་པ་ལྟེ་འཁོར་གྱི་དབུས་དྷཱུ་ཏིའི་ནང་དུ་ཙཎྜ་ལཱི་ཕྲ་ཞིང་ཕྲ་བ་གོང་བུའི་རྣམ་པ་མཚན་ཉིད་བཞི་ལྡན་གསལ་བ་ལ་རླུང་སྦྱོར་གྱི་གནད་དུ་བསྣུན་པས་དེ་ལས་སོར་གང་ལྷག་ཙམ་གྱི་མེ་འབར་བས་དེ་ཡིས་རེག་པས་སྤྱི་བོའི་ཧཾ་ཡིག་ཟླ་བ་དང་བཅས་པ་གཡོས། ཧཾ་ཡིག་ལས་བྱང་ཆུབ་སེམས་ཀྱི་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་འཛག་པ་ཙམ་པ་ན། ཡང་རླུང་རབ་ཏུ་དགང་ཞིང་མེ་སོར་གཉིས་ཙམ་དུ་འབར་བས་བྱང་སེམས་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་ཟག་པ་དེ་ཉིད་བྱང་ཐིག་དཀར་པོ་ཡུངས་ཀར་ཙམ་པ་བྱས་ཏེ་ཆབ་རོམ་ལས་


KMC016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་པ་ཟག་པ་ལྟ་བུ་དྷཱུ་ཏིའི་ནང་དུ་བརྒྱུད་དེ་མགྲིན་པའི་བར་བབ། དེ་ནས་སྙིང་ག་ནས་སོར་བརྒྱད་ཙམ་འབབ་ནས་ཐིག་ལེར་མར་བབས་ནས། དེ་དང་གཏུམ་མོ་གཉིས་མེད་དུ་འདྲེས་མ་ཐག་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པའི་བྱང་ཐིག་གིས་ལུས་ཐམས་ཅད་གང་བར་བསམས་ལ་སེམས་བཟུང་བདེ་བ་སྐྱེས་པ་དང་རྟོག་མེད་དུ་ཆམ་གྱིས་བཞག་སྟེ། ངག་ཏུ། རླུང་གི་སྦྱོར་བས་གཏུམ་མོ་སྦར་བའི་མཐུས། སོགས་ནས་འཁྲུལ་འཁོར་བྱའོ། ༈ །སེང་གེ་རྣམ་རོལ་གྱི་དམིགས་པ་ནི། རླུང་སྦྱོར་བྱས་པས་གཏུམ་མོ་ལས་མེ་དབུ་མའི་ནང་དུ་ཡར་ནར་གྱིས་སོང་ཧྃ་ཡིག་ལ་རེག་མ་ཐག་ཐིག་ལེ་དམར་པོས་ལུས་ཐམས་ཅད་གང་། བདེ་མེར་གྱིས་བྱུང་། སླར་ཧྃ་ཡིག་ལས་ཐིག་ལེ་དཀར་པོ་ཆད། མེ་ལྕེ་ལ་རེག་པས་མེ་ལྕེ་ཇེ་དམའ་རུ་སོང་ནས་སོར་བཞི་ཙམ་དུ་གནས་པའི་ཚེ་ལུས་ཐམས་ཅད་བྱང་ཐིག་དཀར་པོས་གང་བས་བདེ་བར་བྱས་པར་བསམས་ལ། ངག་ཏུ། རླུང་གི་སྦྱོར་བས་སོགས་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །སེང་གེ་


KMC016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བའི་དམིགས་པ་ནི། སྤྱི་བོའི་ཧྃ་ལས་དཀར་ཆའི་རང་བཞིན་ཧཱུྃ་དཀར་པོ་བདེ་ཁྲིལ་གྱིས་དབུ་མའི་ནང་ནས་མར་ཆད། གསང་བའི་རྩེ་མོར་བདེ་ཁྲིལ་ལེར་གནས་པར་བསམ་ཞིང་འོག་རླུང་འཐེན་འཕུལ་བྱ། བདེ་བ་མི་ཐུབ་པ་སྙམ་ཙ་ན་ཧཱུྃ་དེ་སྤྱི་གཙུག་ཏུ་རྒྱང་གིས་སོང་ཧྃ་ལ་ཐིམ་ཚངས་བུག་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རྒྱ་གྲམ་གྱིས་བཀག་པར་བསམ་ལ་རྟོག་མེད་དུ་བཞག །ངག་ཏུ། སྤྱི་བོའི་ཧྃ་ལས་ཐིག་ལེ་དཀར་པོ་ཟགས། སོགས་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །སྟག་མོ་སྐྱུགས་པའི་དམིགས་པ་ནི། འདྲེན་ཐེབ་དང་པོ་རྩ་འཁོར་ཀུན། །ག་བུར་མེ་ཏོག་ཤར་བ་དང་། །གཉིས་པ་ཙནྡན་ཆུ་མིག་དྭངས། །གསུམ་པ་འདྲེན་པའི་སྨན་འོད་ཀྱིས། །དགའ་བདེ་ལོངས་སུ་སྤྱོད་པའི་མཐར། །དཀར་ཆ་བཞི་ལ་བདུད་རྩི་འདྲེན་པ་བསྒོམས་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །གླང་ཆེན་འགྱིང་བའི་དམིགས་པ་ནི། དབུ་མའི་སྣེ་མོ་ཚངས་བུག་ནས་སོར་བཞི་ཐོན། ནང་དུ་ཧྃ་དཀར་པོ་མགོ་གྱེན་བསྟན་གྱིས་ཚངས་བུག་ཡར་སྣ་


KMC016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་པར་བསམས་ལ་ལྟེ་བའི་འོག་ཏུ་མིག་གཅིག་གིས་ཧཾ་ལ་བལྟ་བར་དམིགས་ཏེ་འདྲེན་པར་བསམས་ནས་འཁྲུལ་འཁོར་ལ་འཇུག་གོ ༈ །རུས་སྦལ་བསྐུམ་པའི་དམིགས་པ་ནི། རླུང་བུམ་པ་ཅན་མེ་རླུང་འཆིང་། སྤྱི་བོར་སྐུ་རྡོ་རྗེ་ༀ་གནས་པ། གསུང་རྡོ་རྗེ་ཨཱཿ ཐུགས་སྒྲུབ་སྐབས་ཧཱུྃ་གནས་པ་ཡིན། དང་པོ་དབུ་མ་འདྲེན་སྐབས་སྤྱི་བོའི་ༀ་ལ་བསྟིམ། གཡས་རོ་མ་འདྲེན་སྐབས་ཨཱཿལ་བསྟིམ། གཡོན་རྐྱང་མ་འདྲེན་སྐབས་ཧཱུྃ་ལ་བསྟིམས་པའི་དམིགས་པ་བྱས་ནས་རུས་སྦལ་བསྐུམ་སྟབས་བྱའོ། ༈ །རྨ་བྱ་འཕུར་བའི་དམིགས་པ་ནི། སྤྱི་བོར་ཧཱུྃ་ལས་ཧཱུྃ་ཡིག་འཆད། །གསང་གནས་སླེབ་འཕྲལ་ལུས་ཐམས་ཅད། །ཐིག་ལེ་རྐྱང་པས་ཁེངས་པར་བསྒོམ། །ཡར་ལོང་མར་སྒུར་སྐབས་ཧཱུྃ་ཧྃ་ལ་ཐིམ་པས་རེས་མོས་བྱ། །མཇུག་ཏུ་ཧཱུྃ་ཉིད་ཧྃ་ལ་བསྟིམ། །ཐིག་ལེས་ལུས་ཀུན་ཁྱབ་པར་བསྒོམ། །རྗེ་བཙུན་དགུ་པའི་གསུང་ལས་བཏུས། ༈ །བྱ་རྒོད་འཕུར་བའི་དམིགས་པ་ནི། འབར་འཛག་ལྟ་བུའི་དཀར་དམར་གཉིས། །མཚལ་ཆུ་འོ་མ་འདྲེས་


KMC016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། །ཐིག་ལེས་ལུས་ཀུན་ཁྱབ་པར་དམིགས། །རྗེ་བཙུན་དགུ་པའི་གསུང་ལས་བཏུས། །འཁྲུལ་འཁོར་ལ་འཇུག་གོ ༈ །འབེབས་ཆེན་རྣམ་ལྔ་ནི། ཌཱ་ཀི་མ་གསེར་མདོག་ཅན་གྲི་ཐོད་འཛིན་པ་དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། རང་ཉིད་ཀྱི་ལུས་ལ་ཐིམ། དེའི་མཐུས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་དུ་གསལ་གདབ་ཅིང་། སླར་ཡང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པར་རང་གི་སྐུ་ལུས་ལ་བསྡུས། ལྟེ་བར་ཐིམ་པས་མེ་ཆེར་འབར་བའི་རྐྱེན་དུ་འགྱུར་ཞིང་སྟོང་གསུམ་འཇིག་རྟེན་གྱི་ཁམས་བར་དུ་མེའི་ཕུང་པོ་ཆེན་པོར་གྲུབ་པས་ཟད་སར་མེའི་ཏིང་འཛིན་ལ་རྩེ་གཅིག་ཏུ་གཏད་ནས་འབེབས་ཆེན་རྣམ་ལྔ་ལ་འཇུག་གོ ༈ །གེགས་སེལ་གྱི་དམིགས་པ་ནི། མདུན་གྱི་བར་སྣང་ཧ་ལྗང་ཆེ་གཅིག །གཡས་གཡོན་ཕྲག་གོང་གཉིས་ཀྱི་ལན་དུ་ཧ་འབྲིང་རེ་གསལ་བཏབ། དེ་ལ་དམིགས་པ་རང་


KMC016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཁྱད་པར་རྩ་ལྟུང་གི་གེགས་དང་བར་ཆད་རང་གི་དབང་པོ་སྒོ་དགུའི་བ་སྤུའི་བུ་ག་ནས་ནག་སིབ་སིབ་མདུན་གྱི་ཧ་ལ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་ཐིམ་པར་བསྒོམས་ནས་གེགས་སེལ་གྱི་འཁྲུལ་འཁོར་ལ་འཇུག་གོ ༈ །མཐའ་རྟེན་བཀྲ་ཤིས་ནི། ཧཱུྃ་རིང་ཧཱུྃ་ཐུང་གསུམ་གྱི་དམིགས་པས་ཐིག་ལེ་བབ། འཁྲུལ་འཁོར་ལ་འཇུག་ནས་བཀྲ་ཤིས་བྱའོ། ༈ །རང་ལུས་འཕུར་བྱུག་གི་དམིགས་པ་ནི། རང་ལུས་སྟོད་སྨད་རྩ་གནས་ཐམས་ཅད་འབར་འཛག་གི་མེའི་དབང་པོའི་སྒོ་རྣམས་ནས་མེ་ལྕེ་ཆེར་འབར་བས་བ་སྤུའི་བུ་ག་ཐམས་ཅད་ནས་མེ་སྟག་གློག་ལྟར་འཚུབས་པས་རང་ལུས་མེའི་གོང་བུར་མེ་ནི་དཔག་ཚད་ཙམ་དུ་འབར་བར་བསྒོམ། ལག་མཐིལ་གཡས་རླུང་གི་འཁོར་ལོ། གཡོན་མེའི་ཆོས་འབྱུང་བསྒོམ། ལག་མཐིལ་བརྡབ་འཕུར་ཡང་ཡང་བྱས་པའི་ལག་མཐིལ་མེ་ལ་བཙོས་པ་ལྟར་ཚ་ཆི་ལི་ལི་བྱས་པ་དེའི་རླུང་བུམ་ཅན་དགང་ནས་རང་ལུས་འཕུར་བྱུག་བསྒྲུབ་གསུམ་


KMC016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་བྱ། ཧ་སྤྲུགས་གཡས་གཡོན་དུས་དྲུག་བྱས་ནས་རང་ལུས་འཕུར་བྱུག་གི་དམིགས་པའོ། ༈ །བསྡུ་རིམ་ནི། གཉུག་མའི་ཤེས་པ་སོགས་བཏོན། ཞེས་འདོན་བསྒོམ་སྦྲག་ནས་མེ་ལྟེ་བའི་ཨ་ཤད་ལ་བསྡུ། བླ་མའི་སྐུ་གསུང་ཐུགས་ལ་གཅེར་གྱིས་བལྟ་བའམ། ནམ་མཁའ་མཐོང་ན་རང་སེམས་ནམ་མཁའ་དང་བསྲེ། གཏུམ་མོ་གཙོར་བྱས་ན་བླ་མ་ཡི་དམ་དབྱེར་མེད་ཀྱི་སྐུ་གསུང་ཐུགས་དང་ལྟེ་བའི་ཨ་ཤད་ལ་སེམས་མ་ཡེངས་པར་འགྲོ་འཆག་ཉལ་འདུག་སོགས་ཡེངས་མེད་དུ་སྐྱོང་བ་གལ་ཆེ། རྣམ་སྣང་ཆོས་བདུན་ལུས་ངག་ཡིད་གསུམ་རླུང་བཅས་རང་བབས་སུ་འཇོག་ལ། མ་ཐུབ་བར་དུ་ཐུན་ཐུང་དུ་ཙམ་བཞག་ནས་སླར་སྤྱོད་ལམ་ལྡང་བའི་སྐབས། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཡི་དམ་གྱི་སྐུ་གསལ་བའི་ངང་ནས་སྣང་གྲགས་རིགས་གསུམ་ངང་ནས། སྐྱེ་བ་ཀུན་ཏུ་རིགས་བདག་སོགས་ཀྱི་དགེ་བ་བསྔོའོ། །གཏུམ་མོ་དྲག་རླུང་མའི་གདམས་ངག་ཟབ་མོ་རྫོགས་སོ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་


KMC016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousའཁྲུལ་འཁོར་གྱི་དམིགས་རིམ་ཟབ་མོ།next