Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
སྙན་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པ་ཐབས་ལམ་ནཱ་རོ་ཆོས་དྲུག་གི་འདོན་ཚུལ་དང་འཁྲུལ་འཁོར་གབ་སྤྲད་ཚུལ་བློ་རྨོང་རང་གི་བརྗེད་ཐོ་གསལ་བ།
   
   
   


 
previousསྙན་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པ་ཐབས་ལམ་ནཱ་རོ་ཆོས་དྲུག་གི་འདོན་ཚུལ་དང་འཁྲུལ་འཁོར་གབ་སྤྲད་ཚུལ་བློ་རྨོང་རང་གི་བརྗེད་ཐོ་གསལ་བ།next

སྙན་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པ་ཐབས་ལམ་ནཱ་རོ་ཆོས་དྲུག་གི་འདོན་ཚུལ་དང་འཁྲུལ་འཁོར་གབ་སྤྲད་ཚུལ་བློ་རྨོང་རང་གི་བརྗེད་ཐོ་གསལ་བ།


KMC016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པ་ཐབས་ལམ་ནཱ་རོ་ཆོས་དྲུག་གི་འདོན་ཚུལ་དང་འཁྲུལ་འཁོར་གབ་སྤྲད་ཚུལ་བློ་རྨོང་རང་གི་བརྗེད་ཐོ་གསལ་བའི་དབུའོ། །བཀའ་རྒྱ་ཡོད།


KMC016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། བཻཌཱུཪྻ་དང་དབང་སྔོན་མཐོན་ཀའི་རིར། །ཉིན་བྱེད་བྱེ་བའི་འོད་ཀྱིས་དཀྲིས་པ་ལྟར། །གཟི་བརྗིད་མཚུངས་བྲལ་སྣང་སྟོང་ཟུང་འཇུག་སྐུ། །རིགས་དྲུག་ཁྱབ་བདག་རྡོ་རྗེ་འཆང་དེར་འདུད། ༡ །ཤེས་རབ་བཟང་པོའི་སྨིན་གྲོལ་གདམས་པའི་བཅུད ། ཡོངས་རྫོགས་ཐུགས་ཀྱི་དཔལ་བེའུར་གཏམས་བྱེད་པ། །ཛྙ་ན་སི ངྔྷིའི་མཚན་གྱི་གྲགས་སྙན་གང་། །ནམ་མཁའི་འཁོར་ཡུག་བརྒལ་བ་གང་དེ་རྒྱལ། ༢ །ཁྱད་པར་ངེས་དོན་བསྟན་པའི་རྩ་ལག་མཆོག །མཆོག་དངོས་གྲུབ་པའི་ཁྱུ་


KMC016_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མར་པ་རྗེ། །རྗེ་དེའི་ཐུགས་སྲས་བཞད་པ་རྡོ་རྗེར་གྲགས། གྲགས་པའི་དཔལ་དེ་སྤྱི་གཙུག་རྒྱན་དུ་བཞུགས། ༣ །ཚུལ་ཁྲིམས་རྣམ་དག་ཀཻ་ལ་ཤ་རིའི་ངོགས། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་གདོང་ལྔ་འཕྱོ། །ཤེས་རབ་གསུམ་གྱི་རྩལ་གསུམ་ཉེ་བར་རྫོགས། །སྨྲ་བའི་སེང་གེ་ཟླ་འོད་གཞོན་ནུ་རྒྱལ། ༤ །སྤྲོས་བྲལ་ལུས་ནི་སྤྲོས་པའི་ཁྱིམ་དུ་སྤྱོད། །དབུ་ུམའི་ལྟོ་བར་མཐའ་གཉིས་ཟླ་ཉི་བཅིངས། །བླ་མེད་བླ་མའི་གནས་སུ་ཀརྨ་ཀ །དུས་གསུམ་མཁྱེན་པ་སྒྲ་གཅན་དབང་པོ་རྒྱལ། ༥ །གསུང་རབ་


KMC016_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་ནགས་ཀླུང་སྟུག་པོ་རུ། །ལེགས་བཤད་གུདྡྷ ིའི་རྒྱུན་བཟང་ཕྱོགས་བཅུར་བསྒྲེངས། །ཚངས་སྤྱོད་ཨེ་ཎྱའི་བླ་གོས་ཀྱིས་བཀླུབས་པ། །དྭགས་བརྒྱུད་བཤེས་གཉེན་དྲང་སྲོང་ཚོགས་རྣམས་རྒྱལ། ༦ །བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཉིད། །བཀའ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་སླད་དུ། །རྣམ་འདྲེན་གར་རོལ་ཟླ་བ་བཟང་པོའི་ཞབས། །བཀའ་དྲིན་འགྲན་བྲལ་སྙིང་ནས་གུས་ཕྱགའཚལ། ༧ །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། འདིར་ཟབ་ལམ་ནཱ་རོའི་ཆོས་དྲུག་གི་ཉམས་སུ་ལེན་ཚུལ་འདོན་འགྲིགས་བློ་དམན་རང་གི་བརྗེད་ཐོ་དྲན་པའི་གསལ་འདེབས་བྲི་བ་ལགས་ཏེ། དེ་ཡང་ཐོག་མར་ཆོས་དྲུག་གི་སྔོན་འགྲོ་བཞི་སྦྱོར་བླ་མའི་རྣལ་འབྱོར་གྱི་སྐབས། བརྒྱུད་པའི་གསོལ་འདེབས་དེ་བཞིན་གཤེགས་པས་མཛད་པ། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ་སོགས་དང་། འཇམ་དཔལ་བཟང་པོས་མཛད་པའི་བདེ་སྟོང་དབྱེར་མེད་སོགས། གཉིས་གང་རུང་འདོན། བླ་མའི་གསོལ་འདེབས་རྗེ་དྷརྨཱ་ཤྭ་རས་


KMC016_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་མ་རྗེ། །ཞེས་པ་ཚིག་དོན་དྲན་བཞིན་པས་གདུང་ཤུགས་དྲག་པོས་ཉེར་གཅིག་སོགས་ཅི་འགྲུབ་འདོན་ཞིང་། དེ་ནས་བླ་མ་རྒྱང་འབོད། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཞེས་འདོན་བཞིན་པས། སྙིང་ཁུང་རུས་པའི་གཏིང་ནས་ཅི་མཛད་ཁྱེད་ཤེས་ཀྱི་དད་པ་བརྟན་པོ་འབྱོང་བ་གལ་ཤིན་ཏུ་ཆེ། དེ་མཚམས། ཨེ་མ་ཧོ་ཨེ་མ་ཧོ་ཆོས། ཞེས་པ་ནས་དམ་ཚིག་གསུམ་བརྟན་དབང་ཐོབ་སློབ་དཔོན་གྱུར། །ཞེས་པས་དབང་བཞི་བླང་ཞིང་དགའ་བཞིའི་ཡེ་ཤེས་རྒྱུད་ལ་མྱོང་བའི་ངང་ནས་མཉམ་པར་བཞག །མཉམ་བཞག་སོགས་གང་འོས་ཀུན་ལ་ལུས་དྲང་པོར་བསྲང་ཟེར་བ་ལ་རྣམ་གྲངས་མང་ཡང་། ལག་པ་དང་སྒལ་ཚིག་རིང་ཐུང་ཅི་རིགས་ཡོད་མོད། དེའི་དབང་གིས་ལག་པ་རིང་ཞིང་སྒལ་ཚིག་ཐུང་བ་རྣམས་ལ་འཁྲུལ་འཁོར་མ་གཏོགས་པའི་མཉམ་རྗེས་ངང་ལ་གནས་དུས་བསམ་གཏན་འབོལ་ཆུང་ཞིང་དཀྱུས་མཐོ་གང་། དཔང་ལ་སོར་གསུམ་བཞི་སོགས་སྒལ་ཚིག་རིང་ཐུང་ལ་རིམ་པར་དཔག་སྟེ་


KMC016_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་དགོས། སྒལ་ཚིག་དང་ལག་པ་རིང་ཐུང་མཚམས་པས་གནད་ཀྱི་བཞུགས་ཚུལ་རང་འགྲིག་ཏུ་འགྲོ་བ་རྣམས་ལ་འབོལ་ཆུང་མི་དགོས། ཞེས་རྗེ་བླ་མས་གསུངས་སོ། །དཔེར་ན་མདའ་བསྲང་བ་ན་གུག་པའི་ནང་ངོས་ལ་བསྲང་དགོས་པ་མ་གཏོགས་ཕྱིར་བསྲང་ན་རང་དུ་འགྲོ་ཞིང་འཐེན་ཆེ་ན་ཆག་ཡོང་བས། དེ་ལ་གོམས་ཤིང་འདྲིས་ན་ཉམས་ཀྱི་གནད་སྲང་ཤེས་ལས་སླ་བའི་དཔེ་ལྟ་བུའོ། །བཞུགས་པའི་དུས་སུ་ཕྲག་མགོ་གཉིས་པོ་དེ་ཤིན་ཏུ་གྱེན་ལ་འཐེན་ཞིང་བྲང་ནང་དུ་བསྲང་ལས་དང་པོ་པ་རྣམས་ལ་བྲང་དགྱེ་བ་ལྟ་བུའི་སྐྱོན་འཇུག་ཡོང་། མཆན། ཞིང་ལྷན་སྣེའི་རུས་པ་ལ་འབུར་གནད་དུ་སོང་བ་ལྟེམ་ཁ་ཡོད་ངེས་ལྟ་བུ་བྱས་ལ་རླུང་གནོན་མ་ཐག་ལྟེ་འོག་ཤིན་ཏུ་ལྡིར་བ་བྱས་པ་ལ་སྒལ་ཚིག་མདའ་ལྟར་བསྲང་བ་ངེས་པར་ཡོང་འདུག་པ་དེའི་ཞལ་ཁྲིད་ཕྱག་ལེན་བཅས་ཆོས་རྒྱལ་བསྟན་འཛིན་དཔལ་བཟང་གི་ཞལ་སྔ་ནས་གསུང་སོ། །ༀ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་ཞེས་པ་ལ་འཇུག་ནས། སྟོང་རའི་དམིགས་པ། རང་ལུས་རྡ་ོརྗེ་རྣལ་འབྱོར་མ་གསལ་


KMC016_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ། ལུས་ཀྱི་ནང་དབུས་སོགས་ཤོ་ལོ་ཀས་རྩ་གསུམ་འཁོར་ལོ་བཞི་བཅས་དམིགས་པ་གསལ་བའི་ངང་ནས། འཁྲུལ་འཁོར་རྒྱས་པ་བྱེད་ན། རླུང་སྐྱོན་སེལ་བའི་འཁྲུལ་འཁོར་ལ་འཇུག །དེ་མཐར་རླུང་རོ་བསལ་སོགས་ཤོ་ལོ་ཀ་བཏོན་ནས། རླུང་རོ་དགུ་འབུད་ཕྱག་ལེན་ལྟར་བྱས་ལ། བུམ་ཅན་བཟུང་ནས། སྨིན་མཚམས་ཐིག་ལེ་དཀར་འཚེར་སྣུམ་ལ། ཞེས་པ་བཏོན། དབྱར་དགུན་གྱི་དུས་ལ་དཔག་པའི་མང་ཉུང་རིག་པས་དཔྱད། དེ་མཚམས་རྩ་གསུམ་འདུས་མདོར་སོགས་འདོན་སྐབས། ཡེ་ཤེས་གཏུམ་མོ་ཐིག་ལེ་ཤིན་ཏུ་ཕྲ། །ཁ་དོག་དམར་ཞེས་བཏོན་ནས་དམིགས་པ་མེ་ཆེར་བསྐྱེད་པར་བསྒོམ་པ་ལ། གཞན་རྣམས་ལ་སྲན་མ་ཙམ་དང་། མོ་ཁ བ་ཙམ། སོར་གཉིས་སོགས་དམིགས་པ་ལས་འདོན་མི་དགོས། དེ་ནས་རྩ་ཁྲུས་ཡན་ལག་ལྔ་སྦྱང་བྱ། དེ་ནས། རྩ་གསུམ་འཁོར་ལོ་དྲུག་དང་འཁོར་ཕྲན་སོགས་བཏོན་ནས། ནཱ་རོ་དྲུག་སྐོར་དང་། སོ་བདུན་མ། འབེབས་ཆུང་བཅས་དང་། ནཱ་རོའི་ཡན་ལག་ལྔ།


KMC016_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

མཻ་ཏྲིའི་ཡན་ལག་ལྔ། བར་འབེབས་ནས་བཟུང་སྐུ་གསུམ་བསྣོལ་མའི་བར་བྱས་ལ། དེ་ནས་ངག་ཏུ། རླུང་གི་སྦྱོར་བས་གཏུམ་མོ་སྦར་བའི་མཐུས། སོགས་བཏོན་ནས། བཙན་ཐབས་དྲོད་འབེབས། མཁའ་ལྡིང་སྤྲུལ་འཛིན། བྱ་རྒོད་འཕུར་བཅས་བྱས་ལ། དེ་ནས་ངག་ཏུ། རླུང་གི་སྦྱོར་བས་གཏུམ་མོ་ནར་གྱིས་འབར། །སོགས་ཀྱི་ཤོ་ལོ་ཀས་འབྲོས་འདེད་ཀྱི་དམིགས་པ་བྱས་ལ། རྒོད་ན་ཤེས་པ་བུམ་པར་བཟུང་། སྤྱང་མོ་ཉལ་བ། མཁའ་ལ་དབབ་པ། ནེའུ་ལེ་རིམ་འཇོག་བཅས་ཀྱི་འཁྲུལ་འཁོར་མཛད་ནས། འདྲེན་བཞིའི་གོང་དེར། ངག་ཏུ། སྤྱི་བོའི་ཧྂ་ལས་ཐིག་ལེ་དཀར་པོ་སོགས་བཏོན་ནས་འདྲེན་གྱི་དམིགས་པ་བྱ། གཏུམ་མོ་བཅོ་བརྒྱད་མའི་འཁྲུལ་འཁོར་རྫོགས་མཐར། སྙན་བརྒྱུད་འཁྲུལ་འཁོར་དྲུག་དང་། ཡན་ལག་སོ་དགུ་གེགས་སེལ་ཡན་ལག་ལྔ་སྦྱངས་བསྡུས་པ། མཐའ་རྟེན་བཀྲ་ཤིས་བཅས་དང་། ཐལ་མཉེ་དང་ལུས་འཕུར་བསྲུབ་བཅས་མཛད་ནས། རྣམ་སྣང་ཆོས་བདུན་གོང་བཞིན་བཞུགས་ནས། ངག་ཏུ། གཉུག་


KMC016_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཤེས་པ་གསལ་དྭངས་རྙོག་པ་མེད། ཞེས་པའི་ཚིགས་བཅས་བཏོན་ལ་མཉམ་བཞག་ངང་ལ་ཅི་གནས་སུ་བཞག །སླར་སྒྱུ་མའི་སྐུར་ལྡང་བ་ནི། རྡོ་རྗེ་རྣལ་འབྱོར་མར་བསྒོམས་ལ་དགེ་འདིས་འགྲོ་བ་སོགས་སྨོན་ལམ་ཅི་རིགས་བརྗོད། ༈ །འབྲིང་པོ་ལྟར་ན། སྔོན་འགྲོ་བཞི་སྦྱོར་མགོ་བཟུང་སྟོང་རའི་རྩ་འཁོར་བཅས་སྔར་ལྟར་བྱས། རླུང་སྐྱོན་སེལ་བ། ངག་ཏུ་གདོན་བྱ། རླུང་རོ་དགུ་འབུད། ཡན་ལག་ལྔ་སྦྱང། ནཱ་རོ་དྲུག་སྐོར། སོ་བདུན་མ། ནཱ་རོའི་ཡན་ལག་ལྔ། མཻ་ཏྲིའི་ཡན་ལག་བཅས་དང་། ངག་ཏུ་གདོན་བྱ་དམིགས་རིམ་སོགས་རྒྱས་པའི་སྐབས་ལྟར་དགོས། ཉི་མ་དྲུག་སྐོར་ནས་བཟུང་། གཏུམ་མོ་བཅོ་བརྒྱད་མ་དང་འབེབས་ཆེན་རྣམ་ལྔ། གེགས་སེལ། ཡན་ལག་ལྔ་སྦྱང་བསྡུས་པ། མཐའ་རྟེན་བཀྲ་ཤིས་སྨོན་ལམ་སྔ་མ་ལྟར་དགོས། ༈ རེས་མོས་ལྟར་བྱེད་ན། གཞན་གོང་དང་འདྲ་བ་ལ། མཻ་ཏྲི་པའི་ཡན་ལག་ལྔ། བར་འབེབས་ཀྱི་མཐར། སྙན་བརྒྱུད་འཁྲུལ་འཁོར་དྲུག་དང་། ཡན་ལག་སོ་དགུ། གེགས་


KMC016_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་སོགས་དང་། བཀྲ་ཤིས་སྔ་མ་ལྟར་རོ། ༈ །ལོང་ཁམས་མེད་ཅིང་དེ་ཙམ་མི་འགྲུབ་ཅིང་རྒྱུན་དུ་མ་ཆགས་ཙམ་བྱེད་ན། སྟོང་ར་དང་རྩ་གསལ་བཏབ་རྣམས་སྔ་མ་ལྟར་བྱས། ངག་ཏུ། རླུང་རོ་བསལ་བ་ཤོ་ལོ་ཀ་གཅིག་པུ་བཏོན་ནས་རླུང་རོ་དགུ་འབུད་སྔ་མ་ལྟར་བྱས། དེ་ནས། སྨིན་མཚམས་ཐིག་ལེ་དཀར་འཚེར་སོགས་བཏོན་ནས་བུམ་ཅན་གྲངས་སྔ་མ་ལྟར་རིག་པས་དཔྱད། དེ་མཚམས་རྩ་གསུམ་འདུས་མདོར་མེ་ཡི་ཆོས་འབྱུང་སོགས་ཤོ་ལོ་ཀ་གཅིག་དང་། རྩ་གསུམ་འཁོར་ལོ་དྲུག་དང་འཁོར་ཕྲན་བཅས་བཏོན་ནས། རྗེ་བཙུན་དམ་པ་བཞད་པ་རྡོ་རྗེའི་རྩུབ་ཤིང་མར་གྲགས་པའི་འཁྲུལ་འཁོར། ལུས་གནད་རྣམ་སྣང་ཆོས་བདུན། སྔར་ལྟར་བྱས་ལ། རླུང་མནན་མ་ཐག་ཏུ་རྡོར་སྐྱིལ་བཀྲོལ་ནས་ཙོག་པུར་རྐང་ལག་བསྣོལ་ནས་རྐང་པའི་མཐེ་བོང་བཟུང་ནས་ཕོ་བ་གཡས་གཡོན་གསུམ་དུ་བསྐོར་ནས། གཡས་འཐེན་གསུམ། གཡོན་འཐེན་གསུམ་དུ་རྐུབ་རྡེབ་ཆུང་བ་གསུམ། ཆེ་བ་གསུམ་དང་དྲུག །རླུང་ཐུབ་ཚོད་དང་བསྟུན་ནས་ཕོ་བ་


KMC016_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ནས་བཟུང་སྔར་ལྟར་གསུམ་དྲུག་དགུ་སོགས་ཅི་ཐུབ་དང་། རླུང་ཁུག་དྲུག་དགུ་སོགས་ལོང་ཁམས་དང་བསྟུན་ནས་གེགས་སེལ་ཕྲན་བུ་སྔ་མ་ལྟར་བྱས། མཐའ་རྟེན་བཀྲ་ཤིས་ཐིག་ལེ་བསྡུ་རིམ་སྔ་མ་ཇི་ལྟ་བ་བཞིན་དང་། ངག་ཏུ། གཉུག་མའི་ཤེས་པ་ཞེས་པའི་ཚིགས་བཅད་བཏོན་ལ་མཉམ་པར་བཞག་ནས་མཐར་སྒྱུ་མའི་སྐུར་ལྡང་བ་དང་བསྔོ་སྨོན་རྒྱས་གདབ་སྔར་བཞིན་མཛད་པས་འཁྲུལ་འཁོར་མ་ཆག་ཙམ་དུ་འབྱུང་བས། རླུང་པའི་མཚན་ཐོག་ཙམ་འོང་འདུག་པས་དེང་སང་སྐབས་སུ་སྔར་སྦྱང་པ་ཅིག་བྱས་ཡོད་པར་ཁས་འཆོས་པས། རྒྱུན་དུ་ཉམས་ལེན་བྱེད་པ་ལག་དོན་ཁེལ་དཀའ་ནའང་དེ་ཙམ་རེ་ངེས་པར་དགོས་མ་གཏོགས་འཆགས་རྒུར་སྡུག་བསྲན་གྱིས་རང་གར་བཟོ་ཆོས་སུ་བསྡད་ན། སྙིང་པོ་རང་མངོན་སུམ་ཚང་གྲུབ་ནད་ཀྱིས་གསལ་ཡོང་བས། རང་གཞན་གྱིས་སློད་མེད་དུ་བརྩོན་འགྲུས་རྩོམ་པ་གལ་པོ་ཆེ་ཡིན་ཏེ། དེ་ཡང་། རྗེ་བཙུན་ཆེན་པོ་བཞད་པ་རྡོ་རྗེའི་ཞལ་ནས། གཏུམ་མོ་སྦར་ཐབས་སྦྱོར་


KMC016_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་གནད་བཞིར་ཡོད་ཏེ། གསོལ་འདེབས་བྱིན་རླབས་ཀྱི་གནད། གེགས་སེལ་བསྙེན་པའི་གནས། མཐུན་སྦྱོར་རྐྱེན་གྱི་གནད། གསང་བ་དམ་ཚིག་གི་གནད་དང་བཞིར་གསུངས་པ་ལས། ནང་གསེས་སུ་མཐུན་སྦྱོར་རྐྱེན་ལ་བརྒྱད་དུ་དབྱེ་བ་ལས། འདུག་པ་ལུས་ཀྱི་གནད། ༡ བཟའ་བ་ཟས་ཀྱི་གནད། ༢ བདེ་བ་མལ་གྱི་གནད། ༣ མིག་འབྲས་པུས་འཁྱུད་ཀྱི་གནད། ༤ འགྲོ་འདུག་སྤྱོད་ལམ་གྱི་གནད། ༥ མཐུན་པ་གྲོགས་ཀྱི་གནད། ༦ སྒོམ་པ་དུས་ཀྱི་གནད། ༧ བགོ་བ་གོས་ཀྱི་གནད། ༨ དང་བརྒྱད་གསུངས་པ་ལས། བགོ་བ་གོས་ཀྱི་གནད་དང་ནི་དྲོ་ཡང་གཅེར་བུར་མི་བྱ། གྲང་ཡང་སྐྱི་སྤགས་མི་གྱོན། མཁའ་འགྲོ་མཉེས་བྱེད་རས་གོས་དང་མི་འབྲལ་བར་བརྩོན་འགྲུས་ཀྱི་ལྕགས་ཡིན་པར་བསྒྲུབ་པར་བྱ། ཞེས་གསུངས་པས་ཕུར་ཚུགས་ནན་ཏན་དུ། ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པའི་ངང་ནས་འཁྲུལ་འཁོར་དང་། ངག་རླུང་རྡོ་རྗེའི་བཟླས་པ་གྲགས་སྟོང་བརྗོད་བྲལ་ནཱ་དའི་སྒྲ། སེམས་སྟོང་ཉིད་སྙིང་རྗེའི་ཏིང་ངེ་འཛིན་དང་


KMC016_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྲལ་བ་སོགས་མདོར་ན་གཏུམ་མོ་ལམ་གྱི་གཞུང་ཤིང་ལ་འབད་ཅིང་རྩོལ་བས་སྒོམ་པ་གལ་ཤིན་ཏུ་ཆེ། གཏུམ་མོ་ཞེས་པའི་སྒྲ་དོན་ནི། སྤང་བྱ་འཇོམས་པ་ལ་ཟེར་ཏེ། དཔེར་ན་གོ་མཚོན་ཐོགས་པའི་དཔའ་བོ་ཅིག་གིས་སྡར་མའི་དམག་དཔུང་འཇོམས་པ་བཞིན་ནོ། ཉོན་མོངས་རྣམ་རྟོག་གདོན་བགེགས་འཇོམས་པ་ལ། །དཔའ་ཞིང་གཏུམ་པས་གཏུམ་མོ་ཞེས་བྱའོ། །ཞེས་སོ། ཕྱི་ཡི་གཏུམ་མོས་གདོན་སྟོང་ཕྲག་བརྒྱད་ཅུ་འཇོམས། ནང་གི་གཏུམ་མོས་ནད་བཞི་བརྒྱ་རྩ་བཞི་འཇོམས། གསང་བའི་གཏུམ་མོས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་རང་ལ་ཡོད་པའི་ཡེ་ཤེས་ངོ་སྤྲོད་པའོ། དེ་ཡང་གནས་པ་རྩ་ཡི་གཏུམ་རྩ་གསུམ་འཁོར་ལོ་བཞི་དང་དྲུག་སོགས་མཚན་ཉིད་བཞི་ལྡན། མཆན། མོ། གཡོ་བ་རླུང་གི་སྦྱོར་བ་བཞི་ལྡན། གཏུམ་མོ། འགྲོ་འོང་ཐིག་འབར་འཛག་བསྒོམ་པ། མཆན། ལེའི་གཏུམ་མོ། བསྒོམ་པ་དུས་ཀྱི་གཏུམ་མོ་དངོས། གཏུམ་མོ། དོན་དམ་མཆོག་གི་གཏུམ་མོ་སོགས་སུ་དབྱེ་བ་རྣམ་


KMC016_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་ཡང་། རྩ་གསུམ་ཐིག་ལེ་གསུམ་ནི་གསང་སྔགས་རྡོ་རྗེ་ཐེག་པ་སོགས་རྒྱུད་སྡེ་བཞི་པོ་རྣམས་ཀྱི་མར་གྱི་ཡང་ཞུན་ལྟ་བུ་ཡིན། མདོར་ན་དོན་དམ་མཆོག་གི་གཏུམ་མོ་ནི་བཀའ་བར་པ་མཚན་ཉིད་མེད་པའི་དོན་ཡིན་ཞིང་། བསྒོམ་པ་དུས་ཀྱི་གཏུམ་མོ་ནི་སྐྱོན་སྤང་ཞིང་ཡོན་ཏན་བསྒྲུབ་པས་འདུལ་བའི་བསླབ་བྱར་འོས་པ་བཀའ་དང་པོའི་དགོངས་དོན་ཡིན་ཞིང་། མདོ་རྒྱུད་ཕྱི་ནང་ཐམས་ཅད་སྟེ་གསུང་རབ་རྒྱ་མཚོའི་དགོངས་པ་མི་འགལ་བ་གཅིག་ཏུ་དྲིལ་བ་འདི་བཀའ་བརྒྱུད་གོང་མ་རྣམས་དང་། ཁྱད་པར་རྡོ་རྗེ་འཆང་དངོས་སྐྱབས་གཅིག་རྗེ་བླ་མའི་བཀའ་དྲིན་ལ་བརྟེན་ནས་ཐོབ་ཞིང་སྤྱོད་ཡུལ་དུ་གྱུར་པ་འདི་ནི་ཆེས་ཆེར་ངོ་མཚར་དུ་ཆེ་བས་ཉམས་སུ་ལེན་པར་མ་མཛད་ན། ཚེ་ཡི་སྡོད་ལོང་ཉི་ཚེ་སྦྲང་བུ་ལྟར་ཡིན་མོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་བཞིན། །ཆུ་ཡི་ཆུ་བུར་ལས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་


KMC016_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་དེ་ནི་ངོ་མཚར་ཆེ། །ཞེས་སོགས་འདི་གཅིག་པུ་མ་ཡིན་པར་མདོ་རྒྱུད་དུ་མ་ནས་གསུངས་ཤིང་། ངེས་པར་དཔྱད་ན་ཀུན་གྱིས་ཡིན་པར་ཤེས་བཞིན་དུ་ཉམས་སུ་ལེན་པར་གཅིག་ཏུ་གཞོལ་བར་ཞུ་ཞུ། ༈ སླར་སྨྲས་པ། རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་ཡིད་བཞིན་ནོར། །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་བཏེག་ནས། བརྩོན་འགྲུས་གང་གིས་བྱི་དོར་མི་བྱེད་པར། །མཆིང་བུའི་ནོར་བུའི་སྲིད་འདི་ཀྱེ་མ་བླུན། ༡ །ཁྱད་པར་ངེས་དོན་ཕྱག་ཆེན་ཆོས་དྲུག་ལས། །ཟབ་པའི་མྱུར་ལམ་ཁྲེགས་ཆོད་སྦྱང་ངོ་སྐད། །ཅལ་སྒྲོག་རྒྱུག་འདིས་སྙིང་ནས་མཆི་མ་འཁྲུག །བཀའ་བརྒྱུད་གྲུབ་ཐོབ་རྩོད་བྲལ་མ་བྱུང་ངམ། ༢ །རྒྱལ་བའི་དགོངས་དོན་ཕྱག་རྫོགས་དབུ་མ་ཆེ། །ལ་སོགས་མིང་གི་ཁྱེར་སོ་མང་ན་ཡང་། །ཆོས་རྣམས་མངོན་སུམ་མཐར་ཐུག་ཡེ་ཤེས་ཆ། །བཟང་ངན་དབྱེ་བ་གཞན་འཕྲུལ་བྱེད་པོ་རུ། ༣ །ཟབ་མིན་གང་ཟག་རང་ལ་རགས་ལས་ཀྱི། །ཟབ་པ་ཉམས་སུ་མ་བླང་ཅི་ལ་ཕན། །ཟབ་བམ་མི་ཟབ་སྒོམ་ན་ཅིས་མི་


KMC016_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཟབ་ལམ་འདི་ལས་ཟབ་པ་ཡོད་རེ་སྐན། ༤ །དེ་ཕྱིར་སྣོད་ལྡན་རྣམས་ཀྱིས་ཉམས་བླང་ན། །ལོ་ཁྱིམ་༡༢ ཡོལ་ཚེ་ཆོས་སྐུའི་རང་ཞལ་མཐོང་། །ལེ་ལོར་མ་བཏང་བརྩོན་འགྲུས་དཔུང་སྐྱེད་འཚལ། །དགེ་བས་མ་གྱུར་འགྲོ་རྣམས་སངས་རྒྱས་ཤོག ༥ །ཅེས་པ་འདིའང་བྱམས་མགོན་པདྨ་ཉིན་བྱེད་དབང་པོའི་ཐུགས་ཀྱིས་བརྩེ་བར་བསྐྱངས་ཤིང་ཞབས་ཀྱི་པདྨ་ཡུན་དུ་བརྟན་པ་དང་། རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་རྡོ་རྗེ་འཆང་དངོས་མཚན་བརྗོད་པར་དཀའ་བ། ༧ ཀརྨ་ངེས་དོན་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱང་། ལུང་རྟོགས་དམ་ཆོས་ཀྱིས་རྒྱུད་སྨིན་ཅིང་གྲོལ་བར་མཛད་ནས་རིམ་གཉིས་བསྐྱེད་རྫོགས་ཟབ་མོར་བརྟན་པ་ཐོབ་པར་བསྔགས་པའི་སློབ་དཔོན་བཀའ་དྲིན་སུམ་ལྡན་ཆོས་རྒྱལ་བསྟན་འཛིན་དཔའ་བཟང་པོའི་གསུང་ཇི་ལྟ་བ་བཞིན་དུ། ཀརྨ་སངས་རྒྱས་ཆོས་འཕེལ་གྱིས་བྲིས་ཏེ་བདག་ལྟ་བུའི་སྤྱི་རྟོལ་འབྲི་བ་མ་ལགས་ཏེ། ཟབ་ཆོས་འདི་འདྲ་བ་བརྟགས་ཤིང་དཔྱད་པའི་ཡུལ་དུ་


KMC016_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་འདི་བསྐལ་པ་བཟང་སྙམ་པའི་དགའ་སྤྲོ་དང་བཅས་ཁྱད་པར་མཁན་ཆེན་རྡོ་རྗེ་འཆང་གི་བཀའ་དྲིན་ལ་བརྟེན་ནས་རྣམ་བཀར་ཆོས་ལ་ཡིད་འདུན་མོས་བློ་ཙམ་དང་ལྡན་པ་ནན་ཏན་དུ་རྩོལ་བ་བགྱིས་ནས་བརྗེད་ཐོར་བྲིས་པ་འདི་བསམ་བཏན་གྱི་ཁང་བུ་ཞིག་ཏུ་སྡོད་ཚེ་མནོག་ཆུང་གི་ནོར་ཞིག་དང་མི་འདྲ་བར་ནམ་དགོས་ཀྱི་དུས་སུ་དཔྱད་པས་འཛད་མེད་ནོར་མཆོག་དམ་པ་ཡིན་ནོ། །སརྦ་མངྒ་ལཾ། ཕ་བཀའ་བརྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །ཤུབྷཾ། ཞུས་སོ།། །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྙན་བརྒྱུད་ཟབ་མོ་ཐུན་མོང་མ་ཡིན་པ་ཐབས་ལམ་ནཱ་རོ་ཆོས་དྲུག་གི་འདོན་ཚུལ་དང་འཁྲུལ་འཁོར་གབ་སྤྲད་ཚུལ་བློ་རྨོང་རང་གི་བརྗེད་ཐོ་གསལ་བ།next