Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་དྲུག་གསོལ་འདེབས་ཀྱི་འགྲེལ་པ་གཏུམ་མོ་བདེ་བ་ཆེན་པོའི་ཐིག་ལེ།
   
   


 
previousཆོས་དྲུག་གསོལ་འདེབས་ཀྱི་འགྲེལ་པ་གཏུམ་མོ་བདེ་བ་ཆེན་པོའི་ཐིག་ལེ།next

ཆོས་དྲུག་གསོལ་འདེབས་ཀྱི་འགྲེལ་པ་གཏུམ་མོ་བདེ་བ་ཆེན་པོའི་ཐིག་ལེ།


KMC016_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་གསོལ་འདེབས་ཀྱི་འགྲེལ་པ་གཏུམ་མོ་བདེ་བ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


KMC016_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་གུ་རུ་ཀརྨ་ཀཱ་ཡ། །འདིར་གང་བཤད་པར་བྱ་བ་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རི་ཆོས་མཚམས་ཀྱི་ཞལ་གདམས་ཀྱི་ལེའུ་སོ་གསུམ་མ་ལས། བླ་མེད་སྤྱིའི་ཡང་གསང་སྒྲུབ་པ་དང་། གཏུམ་མོའི་ཁྲིད་རིམ་ཀུན་ལ་སྦྱར་རུང་བའི་གསོལ་འདེབས་ཉུང་ངུ་ཞེས་གསུངས་པ། རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ། རྗེ་སྐྱབས་གསུམ་གྱི་ངོ་བོ་བླ་མ་རྗེ། །ཕ་རྟོགས་ལྡན་གྱི་རྒྱལ་པོ་དགོངས་སུ་གསོལ། །ཙཎྜི་བདེ་སྟོང་དུ་འབར་བར་བྱིན་གྱིས་རློབས། །སྒྱུ་ལུས་ལྷ་སྐུ་རུ་འཆར་བར་བྱིན་གྱིས་རློབས། །


KMC016_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་འོད་གསལ་དུ་ཐིམ་པར་བྱིན་གྱིས་རློབས། །རྨི་ལམ་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས། །འདའ་ཀ་སྐུ་གསུམ་དུ་འཕོ་བར་བྱིན་གྱིས་རློབས། །བར་དོ་ཆོས་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །ཅེས་པའི་གོ་དོན་བཤད་པ་ལ་གཉིས། ཚིག་འགྲེལ་དང་། དོན་འགྲེལ་ལོ། །དང་པོ་ནི། རྗེ་ཞེས་ལྷར་བཅས་འཇིག་རྟེན་གྱི་རྗེ་བོའམ་རྒྱལ་པོ་སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཕྱི་ནང་གསང་བའི་སྐྱབས་གནས་དཀོན་མཆོག་གསུམ་འདུས་པའི་ངོ་བོ་རྩ་བའི་བླ་མ་རྗེ་ཞེས་བཟོད་མེད་གདུང་བའི་ཤུགས་


KMC016_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བོས་ནས། འཇིག་རྟེན་ནའང་ཕ་རྗེས་བུ་ཡིས་ཟིན་དགོས་པ་ལྟར་ཕ་བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོའི་གསང་བ་གསུམ་ལས་སྐྱེས་པའི་བུ་རྣམས་ཀྱིས། རྟོགས་པ་རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོའི་རྒྱལ་སྲིད་ལ་མངའ་དབང་འབྱོར་བའི་རྒྱལ་པོ་ཆེན་པོ་དགོངས་སུ་གསོལ་ལོ་ཞེས་སྙན་གསན་ཕབ་ནས་ཟབ་ལམ་ནཱ་རོ་ཆོས་དྲུག་གིས་བདག་རྒྱུད་སྨིན་པར་གསོལ་བ་འདེབས་པའི་ཚིག་རྐང་དྲུག་ལས། དང་པོ་གཏུམ་མོ་ལམ་གྱི་གཞུང་ཤིང་གི་གསོལ་འདེབས་ནི། ཙཎྜི་ཞེས་པ་གཏུམ་མོ་སྟེ། དེ་ཡང་ཕྱི་དྲོད་ཀྱི་གཏུམ་མོས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བསྲེགས། ནང་བདེ་བའི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་སེལ། གསང་བ་མི་རྟོག་པའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གཏུམ་མོས་ཡེ་ཤེས་ངོ་སྤྲོད་པར་བྱེད་ཅིང་། དེ་ཉིད་ཆོས་མཚུངས་དཔེ་ལ་སྦྱར་ན། དྲོད་ཀྱི་གཏུམ་མོ་མེ་དང་འདྲ་སྟེ་རྣམ་རྟོག་གི་གདོན་བགེགས་རྣམས་བསྲེགས། བདེ་བའི་གཏུམ་


KMC016_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྨན་དང་འདྲ་སྟེ་ཚ་གྲང་ཟུག་རྔུའི་ནད་སེལ། མི་རྟོག་པའི་གཏུམ་མོ་སེང་གེ་དང་ཆོས་མཚུངས་ཏེ་ཉོན་མོངས་ཀུན་རྟོག་ཐམས་ཅད་ཟིལ་གྱིས་གནོན། དེ་ཁོ་ན་ཉིད་ཟུང་འཇུག་གི་གཏུམ་མོ་མེ་ལོང་དང་ཆོས་མཚུངས་ཏེ་རང་སེམས་ས ངས་རྒྱས་ཀྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའོ། །དེ་དག་རྣལ་འབྱོར་པས་ཉམས་སུ་ལེན་པ་ལ། དྲག་རླུང་བྱེད་པ་གཅིག་པ། བརྟན་བྱེད་སྦྱོར་བ་བཞི་ལྡན། འཇམ་རླུང་ཞུག་པ་སུམ་ལྡན་གང་འོས་ཀྱི་སྦྱོར་བ་དང་། སྡོད་པའི་འཁྲུལ་འཁོར་རྣམ་བཞི་གང་རུང་ལ་རྒྱུན་དུ་གནས་པ་དང་། གཞན་ཡང་གཏུམ་མོའི་འཁྲུལ་འཁོར་བཅོ་བརྒྱད་དང་། རྩ་བ་དང་ཡན་ལག་གི་འཁྲུལ་འཁོར་རྣམས་རྗེ་མར་པ་ལོ་ཙཱའི་གསུང་ལས་བྱུང་བ་ལྟར་གེགས་སེལ་བོགས་འདོན་གྱི་ཆེད་དུ་སྦྱོང་ཞིང་ནད་ལ་སྨན་བཞིན་དགོས་པའི་དུས་སུ་རྒྱུད་ལ་བརྟེན་ནས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འབར་བར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ། །གཉིས་པ་སྒྱུ་ལུས་ལམ་གྱི་བོགས་འདོན་གྱི་གསོལ་


KMC016_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་འདུ་ཤེས་སྒོམ་ཞིང་རང་ལུས་རྣམ་སྨིན་ལས་གྲུབ་པའི་ཐ་མལ་གྱི་སྒྱུ་ལུས་འདི་ཉིད་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། གསལ་ལ་རྟོག་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་སྟོང་ཞེན་མེད་ཟུང་འཇུག་གསེར་འགྱུར་གྱི་རྩི་ལྟ་བུ། སྣང་ཙམ་ཉིད་ན་སྟོང་པའི་ལྷ་སྐུ་དྲི་མེད་ཡེ་ཤེས་ཀྱི་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །གསུམ་པ་འོད་གསལ་ལམ་གྱི་སྒྲོན་མེའི་གསོལ་འདེབས་ནི། གནས་སྐབས་བཞི་ལས་གཉིད་འཐུག་གི་གནས་སྐབས། སྲིད་པ་བཞི་ལས་འཆི་སྲིད། ཐིག་ལེ་བཞི་ལས་ཡིད་ཀྱི་ཐིག་ལེ། འཁོར་ལོ་བཞི་ལས་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་གནད་དུ་བསྣུན་ཅིང་རླུང་སེམས་བརྟན་པས་སྣང་མཆེད་ཐོབ་པ་ལས་འདས་ཏེ་ཐམས་ཅད་སྟོང་པར་འདྲེས་པའི་ཚེ་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་ངང་དུ་ཐིམ་པར་གསོལ་བ་འདེབས་པའོ། །རྗེ་ནཱ་རོ་པས། འོད་གསལ་འདི་ནི་རྣམ་ལྔ་སྟེ། །རང་བཞིན་


KMC016_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་འོད་གསལ་དང་། །ཤེས་པའི་འོད་གསལ་འཆར་བ་དང་། །ཏིང་ངེ་འཛིན་གྱི་འོད་གསལ་དང་། །དེ་བཞིན་ཉིད་ཀྱི་འོད་གསལ་དང་། །རྟོགས་པའི་འོད་གསལ་བསྟན་པའོ། །དེ་ལ་དུས་ནི་ལྔ་ཡིན་ཏེ། །འཆི་བའི་དུས་དང་དབུ་མར་གནས། །མཉམ་བཞག་དང་ནི་གཉིད་ལོག་ཚེ། མཉམ་རྗེས་རོ་གཅིག་གྱུར་པ་དང་། །ལྷག་མཐོང་རྟོགས་པའི་དུས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་རྨི་ལམ་གྱི་ཚོད་འཛིན་གྱི་གསོལ་འདེབས་ནི། །དབང་པོའི་ཡུལ་དུ་གྱུར་ཚད་སྒྱུ་མ་དང་རྨི་ལམ་ཙམ་དུ་མོས་ཤིང་བློ་ལ་ངེས་པར་སེམས་ཤིང་མ་ཡེངས་པར་གཏད་པས། རྨི་ལམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ། བཟང་ངན་ཐམས་ཅད་སྒྱུ་མའི་རྩལ་ཁ། སྣང་གྲགས་ཐམས་ཅད་སྟོང་པའི་རང་བཞིན། སེམས་ཉིད་གདོད་ནས་སྐྱེ་འགག་དང་བྲལ་བ་ཡིན་པས། རྨི་ལམ་གྱི་དེ་ཁོ་ན་ཉིད་འོད་གསལ་སྟོང་པར་ངོས་ཟིན་ནས་ཉིན་མོ་ཡང་དེ་ལྟར་རྒྱས་བཏབ་ནས་མོས་འདུན་བྱས་པས་འཁྲུལ་པའི་བདེན་ཞེན་ལོག་སྟེ། སྣང་བ་ཅིར་


KMC016_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རྨི་ལམ་བཞིན་དུ་བདེན་མེད་དུ་ཤེས་ཤིང་རང་ཤར་རང་གྲོལ་ཡིན་པས་སྒྱུ་མ། སྒྱུ་མ་ཡིན་པས་སྟོང་པ། སྟོང་པ་ཡིན་པས་ཡེ་ཤེས་ཏེ། དེ་ལྟ་བུའི་སྒོ་ནས་ཅི་བྱེད་ཐམས་ཅད་ཞེན་མེད་ཀྱི་ལམ་ཁྱེར་དང་། སྒྱུ་མ་ལྟ་བུའི་གཞན་ཕན་འབའ་ཞིག་སྒྲུབ་པས་རྨི་ལམ་གྱི་རྩལ་འབྱོངས་པས་མ་དག་པའི་སྒྱུ་ལུས་དག་པ་ཡེ་ཤེས་ཀྱི་སྒྱུ་ལུས་སུ་འཆར་བར་བྱིན་གྱིས་རློབས་ཤིག་པའོ། །ངེས་པའི་དོན་ལ། སྣང་གྲགས་ཐམས་ཅད་ལ་དངོས་འཛིན་གྱི་མཚན་མ་རང་སར་གྲོལ་ནས། རྟེན་འབྲེལ་སྒྱུ་མ་ལྟ་བུའི་འཆིང་གྲོལ་ལ་དབང་ཐོབ་ནས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའོ། །རྗེ་བཙུན་མི་ལས། རྨི་ལམ་ཉིན་མོ་ཁྱད་མེད་ན། །སྒོམ་པ་ཀློང་དུ་གྱུར་པ་ཡིན། །ཅེས་སོ། །ལྔ་པ་འཕོ་བའི་ལམ་བསུ་མའི་གསོལ་འདེབས་ནི། ཤུལ་རིང་གི་ལམ་འཇིགས་པ་ཡོད་པའི་ས་ནས་བསུ་བ་དང་ཆོས་མཚུངས་པས་ལམ་གྱི་སུན་མའང་གསུངས་ལ། རྣལ་འབྱོར་པ་རབ་ཚེ་འདིར་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་ཏུ་གྱུར་པ་ལ་མི་དགོས་ཀྱང་། ལམ་སྦྱངས་


KMC016_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམན་ན་འཕོ་བ་བསུ། །ཞེས་པ་ལྟར་རྣལ་འབྱོར་པས་འཆི་ལྟས་བརྟགས་པས་འཆི་བར་ངེས་ཤིང་མི་བསླུ་བར་ཤེས་པའི་དུས་ནི་འདའ་ཁའམ་འཆི་ཁ་ཡིན་ལ། དེ་ལྟ་བུའི་འདའ་ཀ་སྐུ་གསུམ་གྱི་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་ལམ་གྱིས་སྐུ་གསུམ་དག་པའི་ཞིང་དུ་འཕོ་བར་བྱིན་གྱིས་རློབས་ཤིག་པའོ། །དྲུག་པ་བར་དོ་ལམ་སྐྱེལ་མའི་གསོལ་འདེབས་ནི། ལམ་འཇིགས་པ་ཡོད་པའི་སར་སྐྱེལ་མ་དང་ཆོས་མཚུངས་པས་དེ་སྐད་ཅེས་བྱ་ལ། རྣལ་འབྱོར་རབ་ལ་འབྱུང་འཁྲུག་འཆི་ཀའི་བར་དོ་སྣང་གསུམ་གྱིས་དྲངས་པའི་གཞིའི་འོད་གསལ་འཆར་བའི་ཚེ་སྔར་སྒོམ་པའི་འོད་གསལ་མ་བུ་འདྲེས་ཏེ་འོད་གསལ་ཆོས་སྐུའི་ངང་དུ་གྲོལ་བ་ནི་བར་དོ་ཆོས་ཉིད་དུ་གྲོལ་བར་བྱིན་གྱིས་རློབས་ཤིག་པའོ། །འབྲིང་སྣང་མུན་སྲིད་པའི་བར་དོ་སྒྱུ་ལུས་ལ་བརྟེན་ནས་བར་དོ་སྒྱུ་མའི་ལྟ་བུ་སྐུར་ལྡང་། ཐ་མ་སྲེད་ལེན་སྐྱེ་གནས་ཀྱི་བར་དོ་ལ་མངལ་སྒོ་ངན་པ་སྤངས་ཤིང་བཟང་པོ་གདམ་ནས་ཟབ་མོའི་ཆོས་ལ་སྤྱོད་པའི་སྣོད་རུང་དུ་སྐྱེས་ནས་ལམ་


KMC016_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཕྲོ་མཐུད་པས་ན་བར་དོ་ལམ་གྱི་ཆད་མཐུད་ཞེས་ཀྱང་བྱའོ། །གཉིས་པ་དོན་འགྲེལ་ནི། ཆོས་དྲུག་ལ་གྲངས་འདྲེན་ཚུལ་སྣ་ཚོགས་ཡོད་ཀྱང་འདིར་ནི། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆོས་བརྒྱད་རང་གྲོལ། འོད་གསལ་མ་རིག་མུན་སེལ། རྨི་ལམ་འཁྲུལ་པ་རང་སངས། འཕོ་བ་མ་སྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་དང་དྲུག་གོ །རྗེ་རས་ཆུང་པས་འདོད་ཆགས་བདེ་ཆེན་དུ་བསྲེ་བ་གཏུམ་མོ། ཞེན་མེད་བདེན་མེད་དུ་བསྲེ་བ་སྒྱུ་ལུས། གཏི་མུག་མི་རྟོག་པར་བསྲེ་བ་འོད་གསལ། གཏུམ་མོ་དང་སྒྱུ་ལུས་བསྲེས་ནས་ཉིན་མོ་སྒོམ་པ། རྨི་ལམ་དང་འོད་གསལ་བསྲེས་ནས་མཚན་མོ་སྒོམ་པ། བར་དོ་དང་འཕོ་བ་བསྲེས་ནས་འཆི་ཁར་སྒོམ་པ། གང་ཟག་བརྩོན་འགྲུས་ཅན་ལ་གཏུམ་མོ། ལེ་ལོ་ཅན་ལ་རྨི་ལམ། ཚེ་ཐུང་བ་ལ་འཕོ་བ་ལ་བསྲེ་བས་བསྲེ་འཕོ་དགུ་སྐོར་གྱི་རྣམ་གཞག་མཛད་པ་ནི། མངའ་བདག་མར་པ་ལོ་ཙཱའི་གསུང་མགུར་ལས། སྒོ་སྲུང་ནཱ་རོ་པཎ་ཆེན་ལས། རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོས། །བསྲེ་འཕོ་


KMC016_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་གྱི་གདམ་ངག་ཐོབ། །ཞེས་གསུངས་པ་ཉིད་དོ། རྣལ་འབྱོར་པས་རྒྱུན་དུ་ཉམས་སུ་ལེན་ཚུལ་ལ། འགྲོ་བའི་མགོན་པོ་དཔལ་ཕག་མོ་གྲུབ་པས། འགྲོ་མགོན་སྟག་ལུང་ཐང་པ་ལ་གནང་བའི་ཆོས་དྲུག་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ནི། ཐབས་བཞིའི་མན་ངག་ཆིག་དྲིལ་དུ་སྒོམ་པ་ཞེས་བྱ་སྟེ། གཏུམ་མོ་གནད་དུ་བསྣུན་ཅིང་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་འཇོག །ཆོས་ཐམས་ཅད་བདེན་མེད་རྨི་ལམ་ལྟར་ཤེས་པའི་ངང་ནས་རང་རིག་ལྷ་སྐུ་སྒྱུ་མ་ལྟར་བསྒོམ། དེ་ལྟར་ཉིན་མཚན་འཁོར་ཡུག་ཏུ་ཉམས་སུ་བླངས་ཤིང་གནད་བཞི་དང་ལྡན་པར་བྱ་དགོས་ཏེ། མི་ཉལ་བ་ཙོག་པུའི་གནད། ༡ མི་འབྲལ་བ་སྒོམ་ཐག་གི་གནད། ༢ བགོ་བ་གོས་ཀྱི་གནད། ༣ གསང་བ་ཚིག་གི་གནད། ༤ སྟོན་པའི་བླ་མས་བསྟན་པའི་ཆོས་རྒྱུད་ལ་སྐྱེས་པའི་ཉམས་རྟོགས་རྣམས་རྩལ་རྫོགས་ཤིང་མཐར་མ་ཕྱིན་གྱི་བར་དུ་གསང་བའི་གནད་བཞིའོ། །དེ་ལྟར་ཟབ་ལམ་ནཱ་རོ་ཆོས་དྲུག་ཅེས་པ་རྩ་བའི་ཆོས་བཞི་དང་ཡན་


KMC016_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་ཆོས་གཉིས་དང་དྲུག་ཡིན་ལ་དེ་དག་བརྩོན་འགྲུས་དང་ལྡན་པས་ཉམས་སུ་བླངས་ན་ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་རླུང་བྱང་ཆུབ་ཀྱི་སེམས་བརྟན་པས་སད་པའི་གནས་སྐབས་དག་སྟེ་སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སུ་བྱང་ཆུབ་ཅིང་ལུས་ལ་མཚན་དཔེས་སྤྲས་པ་རྡོ་རྗེའི་སྐུ་རྡོ་རྗེ་མངོན་དུ་འགྱུར་བ་དང་། དེ་བཞིན་དུ་སྙིང་ག་ཆོས་ཀྱི་འཁོར་ལོར་བརྟན་པས་གཉིད་འཐུག་གི་གནས་སྐབས་ལྷན་ཅིག་སྐྱེས་པའི་མ་རིག་པ་དག་སྟེ། ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་བྱང་ཆུབ་ཅིང་ཆོས་ཀྱི་སྐུ་ཐུགས་རྡོ་རྗེ་ཐོབ་པ་དང་། མགྲིན་པར་བརྟན་པས་རྨི་ལམ་གྱི་གནས་སྐབས་དག་སྟེ། དྲུག་པ་ཡིད་ཀྱི་རྣམ་ཤེས་སོ་སོར་རྟོག་པའི་ཡེ་ཤེས་བྱང་ཆུབ་ཅིང་གསུང་གི་རྡོ་རྗེ་མངོན་དུ་བྱེད་པ་དང་། སྤྱི་བོར་བརྟན་པས་ཆགས་པའི་གནས་སྐབས་ཤིན་ཏུ་ཕྲ་ཞིང་ཕྲ་བ་འཕོ་བའི་བག་ཆགས་དག་སྟེ་བདུན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བྱང་ཆུབ་ཅིང་བདེ་བ་ཆེན་པོའི་སྐུ་ཐོབ་པར་འགྱུར་བ་སྟེ། ཧེ་བཛྲ་ལས། གང་ཕྱིར་སྤྲུལ་པ་གནས་


KMC016_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །ཞེས་གསུངས་པ་ལྟར་རོ། །ཆོས་དྲུག་གི་གསོལ་འདེབས་ལ་འགྲེལ་པ་འདི་ལྟར་དགོས་ཞེས་མཚར་སྒང་བང་རིའི་རྟོགས་ལྡན་ཀརྨ་རྣམ་གྲོལ་བཟང་པོས་བསྐུལ་ངོར། དྭགས་བརྒྱུད་མཁན་མིང་པ་འདུལ་འཛིན་ཞྭ་ལྗང་ཅན་གྱིས་བྲིས་པ་བརྒྱུད་ལྡན་བླ་མའི་བྱིན་རླབས་སྣོད་ལྡན་སློབ་མའི་རྒྱུད་ལ་འཇུག་པའི་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཆོས་དྲུག་གསོལ་འདེབས་ཀྱི་འགྲེལ་པ་གཏུམ་མོ་བདེ་བ་ཆེན་པོའི་ཐིག་ལེ།next