Nitartha Digital Library
Tibetan
 
previousབཀའ་བརྒྱུད་མགུར་མཚོའི་གོ་དོན་ཁོག་དབུབས་སྤྱི་ཆིངས་རྣམ་པར་བཤད་པ་སྐལ་བཟང་ཡིད་ཀྱི་ངལ་གསོ།next

བཀའ་བརྒྱུད་མགུར་མཚོའི་གོ་དོན་ཁོག་དབུབས་སྤྱི་ཆིངས་རྣམ་པར་བཤད་པ་སྐལ་བཟང་ཡིད་ཀྱི་ངལ་གསོ།


KMC018_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་མགུར་མཚོའི་གོ་དོན་ཁོག་དབུབས་སྤྱི་ཆིངས་རྣམ་པར་བཤད་པ་སྐལ་བཟང་ཡིད་ཀྱི་ངལ་གསོ་ཞེས་བྱ་བ་བཞུགས་སོ། །


KMC018_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་བཀྲ་ཤིས་བདེ་ལེགས་དང་ལྡན་པར་གྱུར་ཅིག །རྒྱལ་བ་ཀུན་གྱི་བློ་གྲོས་གཅིག་བསྡུས་པ། །མགོན་པོ་གསུང་གི་དབང་ཕྱུག་ཞིང་རྒྱ་མཚོར། །དབྱངས་ཀྱི་ཡན་ལག་འབྱམས་ཀླས་རྣམ་འགྱུར་གྱིས། །ཆོས་འཁོར་ཡོངས་འདོམས་བཀའ་བརྒྱུད་མཆོག་ལ་འདུད། །སྒྲུབ་ལ་བརྩོན་པའི་ཤུགས་དྲག་པས། །མངོན་པར་རྟོགས་པ་མཆོག་བརྙེས་ཏེ། །གྲུབ་པའི་དབང་ཕྱུག་ཀུན་གྱི་རྗེ། །བཞད་པ་རྡོ་རྗེ་ལ་ཕྱག་འཚལ། །དེ་ལ་གངས་ཅན་གྱི་ལྗོངས་ཆེན་པོ་འདིར་གང་ལ་


KMC018_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་གཞལ་མེད་ཁང་དུ་གདོན་མི་ཟ་བར་འཇུག་པ། རྡོ་རྗེ་ཐེག་པའི་གདམས་ངག་ཟབ་དགུ་ཐང་མར་བརྡལ་ནས་འདོམས་པར་མཛད་པས། སྙིང་པོའི་དོན་གྱི་བསྟན་པ་མ་དྲོས་པའི་མཚོ་ལྟར་རྒྱས་པའི་དཔལ་འཛིན་པ་ལ་མཚུངས་ཟླ་མ་མཆིས་པ་ནི། མངའ་བདག་མར་པའི་བཀའ་བརྒྱུད་རིན་པོ་ཆེ་ཞེས་འཇིག་རྟེན་གསུམ་དུ་སྙན་གྲགས་ཀྱི་རྔ་བོ་ཆེས་ཁྱབ་པ་འདི་ཉིད་ཡིན་ལ། དེ་ཡང་བཅོས་མའི་འཆིང་བ་ཐམས་ཅད་གླང་པོའི་ཁྱུ་


KMC018_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས་འདམ་བུའི་ཚལ་ལྟར་བརྫིས། སངས་རྒྱས་ཐམས་ཅད་འཚང་རྒྱ་བར་གང་ནས་བྱོན་པའི་ཤུལ་ལམ་ཆེན་པོ་མཛུབ་ཚུགས་སུ་བསྟན། སློབ་རིས་སུ་གཏོགས་སོ་ཅོག་ཐམས་ཅད་ཀྱང་ཆོས་བརྒྱད་ཀྱི་ཐལ་བ་རླུང་ལ་བསྐུར། རིའི་བུ་བྱས། ན་བུན་གྱི་གོས་གྱོན། ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། ལུས་འདུ་འཛི། ངག་བྲེ་མོ། སེམས་རྣམ་རྟོགས་ལས་དབེན་པའི་མཚམས་པོ་ཆེ་ལེགས་པར་བཅད་ནས། སྟན་ཐོག་གཅིག་ཏུ་སྤང་ལ་བེ་ཕུར་བཏབ་པ་ལྟར་སྡོད་ཚུགས། དེས་བླ་མས་བསྟན་པའི་གདམས་ངག་གི་བདུད་རྩི་སྙིང་ལ་བཞག་ནས་བརྒལ་དཀའ་སྲིད་པའི་ར་བ་ཐོག་པ་མེད་པར་བྲལ་ཏེ། ཟུང་འཇུག་རྡོ་རྗེའི་གོ་འཕང་ཞེས་བྱ་བའི་མིང་སྙན་པོ་ཅན་དེར་སོང་བ་ལ་རྩོད་པ་མེད་པས། གྲུབ་ཐོབ་གངྒཱའི་ཀླུང་གི་བྱེ་མ་སྙེད་སྔར་བྱོན། ཕྱིས་འབྱོན་པར་འགྱུར། ད་ལྟ་འབྱོན་བཞིན་པ་འདི་ཀ་ལ་གསལ། དེ་ལྟ་བས་ན་སྔོན་བྱོན་པ་གྲུབ་པའི་འཁོར་ལོས་


KMC018_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་དེ་དག་གིས་ཨེ་ཝཾ་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྡོམ་པ་མངོན་དུ་མཛད་པའི་ཉམས་སྐྱུགས། རྡོ་རྗེའི་མགུར་རྣམས་གྲུབ་པའི་སྐྱེ་བོ་གཅིག་ནས་གཅིག་དུ་བརྒྱུད་དེ་གསུང་རྒྱུན་མ་ཉམས་པར་འཕེལ་བའི་དབྱངས་ཀྱི་རྟ་ལས་དྲངས་ཏེ་ལེན་པ་འདིའི་ཁུངས་ཀྱང་། སྤྱིར་བསྟན་པའི་མངའ་བདག་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་ཟབ་རྒྱས་མཐའ་དག་ཀྱང་། གསུང་ཆོས་ཀྱི་དུང་གྲུབ་པའི་དཔལ་གྱི་མགུལ་ནས་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྙད་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཡ་གྱལ་གཅིག་དབྱངས་ཀྱིས་བསྙད་པའི་སྡེར་གྲགས་ཤིང་གྲུབ་པ་དང་། འདུལ་བའི་སྡེ་སྣོད་རྣམས་ལས་ཀྱང་། རྒྱུན་ཆགས་གསུམ་པ་དབྱངས་ཀྱི་ང་རོ་དང་བཅས་ཏེ་གདོན་པར་བྱའོ། །ཞེས་འབྱུང་ཞིང་། སངས་རྒྱས་ཕལ་པོ་ཆེའི་ཆོས་ཀྱི་རྣམ་གྲངས་རྒྱལ་སྲས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ལས། དེ་དག་


KMC018_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཞེས་གསུངས་པ་སོགས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དུ་མ་ནས་དཀོན་མཆོག་བསྟོད་པའི་སྒྲ་དབྱངས་དང་། དམ་པའི་ཆོས་ཀྱི་སྒོ་དུ་མ་དབྱངས་ཀྱི་ང་རོ་དང་སྙན་པའི་གདངས་ཀྱིས་འདོན་པ་དང་། གདོན་པ་དང་། ཉེ་བར་སྟོན་པ་དང་། ལུང་འབོགས་པ་དང་། ཁ་ཏོན་བགྱི་བར་གསུངས་ཤིང་། ཁྱད་པར་ཟབ་མོ་རྡོ་རྗེ་ཐེག་པའི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རབ་འབྱམས་རྣམས་ལས་ཚོགས་ཀྱི་འཁོར་ལོ་དང་དཔའ་བོ་དཔའ་མོའི་དགའ་སྟོན་གྱི་ཚེ་རྡོ་རྗེའི་གླུ་བླངས་པའི་རྣམ་བཞག་མཐའ་ཡས་པ་ཞིག་བྱུང་བ། དཔེས་མཚོན་ན། དགྱེས་རྡོར་རྩ་རྒྱུད་བརྟག་པ་ཕྱི་མའི་ལེའུ་བཞི་པར། རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མ་མོ་ཡིས། །གླུ་དང་གར་ནི་འདི་


KMC018_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། །ལེགས་པར་གླུ་བླངས་གར་ཡང་བྱ། །ཞེས་དང་། ཧེ་རུ་ཀ་འདུས་པའི་རྒྱུད་ལས། གླུ་དང་གར་དང་སྤྱོད་པ་ཀུན། །རྒྱལ་བའི་མཛད་པར་མ་གྱུར་མེད། །ཅེས་གསུངས་པ་སོགས་དཔག་ཏུ་མེད་དོ། །དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བས་ལུང་བསྟན་པའི་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་དང་། ཚོགས་ཀྱི་འཁོར་ལོའི་འདུ་བ་གཅིག་ཏུ་སྤྱོད་པའི་རྣལ་འབྱོར་ཕོ་མོ་བརྒྱད་ཅུ་རྩ་བཞི་སོགས་བསམ་གྱིས་མི་ཁྱབ་པ་དག་གི་དོ་ཧ་རྡོ་རྗེའི་མགུར་སྔོན་གྱི་ལོ་པཎ་སྐྱེས་མཆོག་བཀའ་འདྲིན་ཅན་རྣམས་ཀྱིས་བོད་དུ་བསྒྱུར་བ་ཇི་སྙེད་མངོན་སུམ་དུ་བཞུགས་པས་ཀྱང་ཤེས་ལ། ཁྱད་པར་བཀའ་བརྒྱུད་རིན་པོ་ཆེའི་རྟོགས་པ་རྡོ་རྗེའི་མགུར་འདི་དག་ནི་ཐོས་པ་ཙམ་གྱིས་དད་པའི་དྲན་པ་གསོ། ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད། ཉམས་ཀྱི་ངར་ལྷུང་། རྟོགས་པའི་དཔའ་བསྐྱེད། མདོར་ན་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ། མཁས་གྲུབ་བྱེ་བའི་དགོངས་


KMC018_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དོན། མཁའ་འགྲོ་འབུམ་སྡེའི་སྙིང་ཁྲག །ཐར་ལམ་གསལ་བའི་སྒྲོན་མེ། སྐལ་ལྡན་དབང་རྣོན་ཐོས་པའི་མོད་ལ་འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་ད་ལྟ་རང་འཚང་རྒྱ་ནུས་པ་ཤ་སྟག་ལགས་སོ། །དེ་ལྟ་བུའི་མགུར་གྱི་སྤྱི་ཆིངས་ལ་དོན་ལྔ་སྟེ། མགུར་ལེན་པའི་དགོས་པ། མགུར་བླངས་པའི་དུས། མགུར་ཇི་ལྟར་བླངས་པ། མགུར་ལེན་དུས་ཀྱི་བསམ་པ། མགུར་སྤྱི་དང་བྱེ་བྲག་གི་དོན་ནོ། །དེ་ལ་དང་པོ་མགུར་ལེན་པའི་དགོས་པ་ནི། ཕྱི་རོལ་གདོན་གྱི་བར་ཆད། འབྱུང་བ་ལུས་འཁྲུགས་ཀྱི་བར་ཆད། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་གསུམ་གྱི་གཡུལ་ལས་རྒྱལ་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་ཐམས་ཅད་ཀྱིས་མེལ་ཚེ་བྱེད་པས་དགེ་བའི་ཕྱོགས་མཐའ་དག་རྣམ་པར་འཕེལ་བར་འགྱུར། གནས་སྐབས་སུ་ཚེ་རིང་བ་དང་། ནད་མེད་པ་དང་། བསམ་པ་ཐམས་ཅད་འགྲུབ་པ་དང་། རལ་གྲི་ལ་སོགས་པའི་གྲུབ་པ་བརྒྱད་


KMC018_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ། སྣང་བ་དབང་དུ་འདུ། སྙན་པས་ཕྱོགས་བཅུར་ཁྱབ། ཕྲིན་ལས་འདོད་དགུར་བསྒྱུར། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་པདྨའི་མཚོ་ལ་ངང་པ་ལྟར་འདུ། ཞེན་ཆགས་མེད་ཀྱང་ལོངས་སྤྱོད་ཀྱི་ཆར་འབབ། ལམ་གོང་མ་གོང་མའི་ཡོན་ཏན་འབད་མེད་དུ་སྐྱེ་ཞིང་ཆོས་ཉིད་ཀྱི་དོན་རྟོགས། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པའོ། །གཉིས་པ་མགུར་བླངས་པའི་དུས་ནི། རྩ་བའམ་བརྒྱུད་པའི་བླ་མའི་དུས་ཆེན་དང་། རྒྱལ་བའི་དུས་ཆེན་བཞི་སོགས་དང་། དཀྱིལ་འཁོར་ཆེན་པོ་བསྒྲུབ་ཅིང་མཆོད་པ་ལ་འཇུག་ཅིང་དབང་བླངས་པའི་རྗེས་ཐོབ། དབང་བསྐུར་བ་དང་། རབ་ཏུ་གནས་པ་དང་། ཚོགས་ཀྱི་འཁོར་ལོ་དང་། ཐུན་མཚམས་དང་། སྐྱོ་བསེང་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པའི་དུས་ལ་སོགས་པར་ལེན་པའོ། །གསུམ་པ་མགུར་ཇི་ལྟར་བླངས་པའི་ཚུལ་ནི། ལུས་ངག་གི་རྣམ་


KMC018_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཡིན་ཏེ་ལུས་ཀྱི་ལས་སུ་བཀའ་བརྒྱུད་རིན་པོ་ཆེའི་རིགས་ཀྱི་དབང་རྟགས་སྒོམ་ཞྭ་བརྗིད་ཆགས་དང་། ཆོས་གོས་རྣམ་གསུམ་གྱོན། ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅས་ཏེ་ལེན། ངག་གི་ལས་སུ་བྱིན་རླབས་དོན་གྱི་བརྒྱུད་པའི་བླ་མ་གྲུབ་པའི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་གསུང་རྒྱུན་ཉམས་པ་མེད་པ། སློབ་དཔོན་མཁས་པ་དག་གི་ཞལ་ལས་ལེགས་པར་བསླབས་པ། འགལ་འཁྲུལ་ནོར་བའི་སྐྱོན་དང་བྲལ་བ། དད་འདུས་ཉན་པ་པོ་རྣམས་ཀྱང་སྣང་བ་ཆོས་སུ་བསྒྱུར་བ། བྱིན་རླབས་ཀྱི་ཟིལ་ཆེན་འབེབས་པ། ཉམས་རྟོགས་རྩོལ་མེད་དུ་སྐྱེ་བ། རྣ་བར་སྙན་ཅིང་ཡིད་ལ་འབབ་པར་ལེན་པའོ། །བཞི་པ་མགུར་ལེན་པའི་དུས་ཀྱི་བསམ་པ་ནི། ཡིད་ཀྱི་ལས་ཏེ། ཐོག་མར་དབང་གི་ཡེ་ཤེས་དྲན་པར་བྱས་ལ་ཅུང་ཟད་གཟེངས་བསྟོད་དེ་གསོལ་བ་བཏབ་པ་གཅིག་པུས་འཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་འབྱུང་བ་དང་། བཀའ་


KMC018_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཡིད་བཞིན་ནོར་བུ་ལ་མི་ཕྱེད་པའི་དད་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང་སྟེ་སྣང་བ་དང་མི་སྣང་བའི་སེམས་ཅན་ནམ་མཁའི་མཐའ་ཀླས་པ་དག་ལ་ཆོས་ཀྱི་སྦྱིན་པ་བཏང་བ་དང་། ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་གསུམ་དང་མ་བྲལ་ཞིང་། ཁྱད་པར་རིག་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་ལས་མ་གཡོས་པར་ལེན་པའོ། །ལྔ་པ་མགུར་སྤྱི་དང་བྱེ་བྲག་གི་དོན་ནི། ཡིད་ཆེས་མོས་གུས་བསྐྱེད་པ་ལོ་རྒྱུས་རྣམ་ཐར། ཐར་ལམ་སྣང་བར་བྱེད་པ་དྲང་དོན་རྒྱུ་འབྲས། རྣམ་མཁྱེན་འབྲས་བུའི་དངོས་རྒྱུད་ཀུན་རྫོབ་བྱང་སེམས། ཞུ་བདེ་ལྷན་སྐྱེས་ངོ་སྤྲོད་པ་བདེ་སྟོང་ཕྱག་ཆེན། རང་རིག་ལྷན་སྐྱེས་མཛུབ་ཚུགས་སུ་སྟོན་པ་གནས་ལུགས་ཕྱག་ཆེན་སོགས་མདོར་ན་རྒྱལ་བའི་གསུང་རབ་འོ་མའི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་མར་གྱི་སྙིང་པོ་ལྟ་བུ་ཤ་སྟག་ཡིན་པས། གོང་མའི་


KMC018_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཡིག་རྙིང་ཁུང་ཐུབ་སོར་བཞག་སྟེ། ངག་གི་ལམ་ནས་ལྷག་ཆད་མེད་པར་བསྒྲགས་པ་ཉིད་ལས་སུ་ཞིག་གིས་སྤོབས། གཞན་ཡང་སྔ་རབས་པའི་གསུང་སྒྲོས་ལ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས་ཆོས་ཉིད་གདོད་མའི་གནས་ལུགས་ཀྱི་མགུར་དུ་གསུངས། བདེ་མཆོག་འཁོར་ལོ་ཏཻ་ལོ་པས་ཟུང་འཇུག་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་དུ་གསུངས། རྡོ་རྗེ་སེམས་དཔའ་ནཱ་རོ་ཏ་པས་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཏུ་གསུངས། དགྱེས་མཛད་ལོ་ཙཱ་ཆེན་པོས་བསྲེ་འཕོ་མཚམས་སྦྱོར་གྱི་ཟབ་དོན་དུ་གསུངས། གསང་བ་འདུས་པ་མི་ལ་ཆེན་པོས་རླུང་སེམས་དབྱེར་མེད་ཀྱི་མན་ངག་ཏུ་གསུངས། གསུང་གི་རྡོ་རྗེ་སྒམ་པོ་པས་ཏིང་འཛིན་ཞི་མཆོག་གི་ལམ་སྲོལ་དུ་གསུངས། ལོག་པར་དད་སེལ་ཕག་མོ་གྲུབ་པ་དང་དྲུག་པ་སེང་གེ་རྒྱལ་མཆོག་དུས་གསུམ་མཁྱེན་པ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱིས་སྟོང་ཉིད་རྟེན་འབྲེལ་གྱི་ཆོས་ཚུལ་དང་། མོས་གུས་


KMC018_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་རོ་མཉམ། སྟོང་ཉིད་སྙིང་རྗེ་ཟུང་འཇུག །རྒྱུ་འབྲས་དབྱེར་མེད། མི་རྟག་ངེས་འབྱུང་ཞེན་ལོག །བླ་མ་རང་སེམས་དབྱེར་མེད། གེགས་སེལ་བོགས་འདོན་སོགས་ཀྱི་ཉམས་མགུར་ཅི་རིགས་པར་གསུངས། དེ་དག་ནི་གཙོ་ཆེ་བའམ་མཚོན་པ་ཙམ་སྟེ། རྗེ་བཙུན་ཆེན་པོ་མི་ལས་མགུར་ཆེན་ཁྲི་ཚོ་གཅིག་དང་དྲུག་སྟོང་གསུངས་པའི་ཁྲི་ཕྲག་གཅིག་པོ་མཁའ་འགྲོས་འོག་མིན་དུ་སྤྱན་དྲངས། སྟོང་ཚོ་དྲུག་ཕྱི་རབས་སློབ་བརྒྱུད་ཀྱི་དོན་དུ་བཞགས་སྐད་ན། དེ་དག་གི་ཚིག་དོན་གྱི་ཕ་མཐའ་སུ་ཞིག་གིས་འཛིན་པར་ནུས། དེ་ལས་མཉམ་མེད་དྭགས་པོའི་བཀའ་བརྒྱུད་པ་སོ་སོ་རང་རང་གི་དོན་བརྒྱུད་ཀྱི་ཕྱག་བཞེས་མགུར་ཆེན་གྱི་ཁྲིགས་ཀ་ཅི་རིགས་པར་བཞུགས་མོད། འདིར་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་པར་སྔོན་གྱི་ཕྱག་བཞེས་ཉམས་མེད་ཀྱི་ཁར། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས་ཅན་གྱིས་རྗེ་ཉིད་ཀྱི་གསུང་


KMC018_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་འགའ་ཞིག་གཙོ་བོར་བྱས་ནས་བཀའ་བརྒྱུད་གོང་མ་དག་གི་གསུང་མགུར་ཁ་ཤས་ཤིག་འགྲིགས་ཆགས་སུ་བཀོད་དེ་དབྱངས་ཚིག་ཐམས་ཅད་ལ་དག་ཐེར་དང་བཅས་རྒྱས་པར་སྤེལ་ཏེ། དེ་ལ་ས་བཅད་ཀྱང་དང་པོ་གསོལ་འདེབས་མཆོད་སྟོད་དང་བཅས་ནས་མགུར་གྱི་སྣ་འདྲེན། བར་དུ་ལོ་རྒྱུས་བྱུང་ཁུངས་དང་བཅས་ནས་མགུར་གྱི་ཁོག་དབུབས། ཚིག་བཅད་འབྲུ་གནོན་དང་བཅས་ནས་མགུར་གྱི་གསལ་བཏབ། དུས་ཚོད་གནས་སྐབས་དང་བསྟུན་ནས་མགུར་གྱི་མཚམས་སྦྱར། མཐར་ཚོགས་འཁོར་བཀྲ་ཤིས་སྨོན་ལམ་དང་བཅས་ནས་མགུར་གྱི་ཆོ་ག་བསྡུ་དགོས་ཞེས་གསུངས་པའི་ཕྱག་ལེན་ལྟར་རིམ་བཞིན་སྤེལ་བར་མོས་པ་ལགས་སོ། །ཞེས་པས་མཚམས་སྦྱར་བའམ། དེ་ལས་བསྡུས་པར་མོས་ན། ༈ ཨོཾ་སྭ་སྟི། རྒྱལ་བ་མཆོག་གི་སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་ལ། འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་བཀའ་བརྒྱུད་རིན་པོ་


KMC018_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཞེས་འཇིག་རྟེན་གསུམ་དུ་སྙན་པར་གྲགས་ཤིང་། ཆོས་ཐམས་ཅད་ཀྱི་རྩ་བ་ཟབ་མོ་ཕྱག་རྒྱ་ཆེན་པོའི་སྒོ་ནས་ལུས་འཇའ་ལུས་དང་། སེམས་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུའི་ཁྱུ་མཆོག་དེ་རྣམས་ཀྱིས། གདུལ་བྱ་སོ་སོའི་སྐལ་བ་དང་མཚམས་པར་ཐོས་གྲོལ་རྟོགས་ཚད་རྡོ་རྗེའི་གླུའི་རིམ་པ་འབྱམས་ཀླས་པ་ཞིག་གསུངས་པ་ལས། འདིར་མོས་གུས་ཀྱིས་གསོལ་བ་འདེབས་པ་དང་། རྣམ་པར་ཐར་པ་ལ་ངེས་ཤེས་བསྐྱེད་པ་དང་། འཁོར་བ་ལ་ཞེན་པ་བཟློག་པ་དང་། ཉམས་རྟོགས་ཀྱི་ཡོན་ཏན་ལ་བོགས་དབྱུང་བ་སོགས་ཀྱི་ཆེད་དུ་རགས་པ་ཙམ་བརྗོད་ན། ཞེས་གླེང་བསླངས་ཏེ། གསུང་མགུར་སོ་སོའི་གོང་བཤད་བརྗོད་དེ་དབྱངས་འཐེན་པར་བྱའོ། །མཐར་ཚོགས་འཁོར་གྱི་རིམ་པ་བཅས་ལེགས་པར་གྲུབ་ནས། བཀྲ་ཤིས་རྒྱས་པར་སྤེལ་ཞིང་། ཐེག་པ་ཆེན་པོའི་སྨོན་ལམ་གྱིས་མཐའ་རྒྱས་པར་བྱའོ། །འདི་ཡང་མང་ཐོས་དད་བརྩོན་དང་ལྡན་པ། །དབང་གསུམ་གནས་པ་བཀའ་བརྒྱུད་པ་རྣམས་དང་། །ཉམས་རྟོགས་བོགས་


KMC018_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་རྡོ་རྗེའི་མགུར་དབྱངས་ཀྱི། །གོ་དོན་ཁོག་དབུབས་ལེགས་པར་བཤད་པ་སྟེ། །འདི་བྲིས་དགེ་བས་འཇིག་རྟེན་ཁམས་རྣམས་སུ། །སྒྲུབ་བརྒྱུད་བསྟན་པས་འགྲོ་ཀུན་སྨིན་གྲོལ་ཤོག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཀའ་བརྒྱུད་མགུར་མཚོའི་གོ་དོན་ཁོག་དབུབས་སྤྱི་ཆིངས་རྣམ་པར་བཤད་པ་སྐལ་བཟང་ཡིད་ཀྱི་ངལ་གསོ།next