Nitartha Digital Library
Tibetan
 
previousདཔེ་ཐོག་བྲོ་བརྡུང་གོ་སྐམ་གྱི་སྣང་ཚུལ་སོགས་གང་དྲན་ཡི་གེར་བཏབ་པ་དང་མཚངས་སྟོན་པའི་གླུ་ཆུང་ནམ་མཁའི་མེ་ཏོག་གཞོན་ནུའི་ལྡིང་ཁང་།no next

དཔེ་ཐོག་བྲོ་བརྡུང་གོ་སྐམ་གྱི་སྣང་ཚུལ་སོགས་གང་དྲན་ཡི་གེར་བཏབ་པ་དང་མཚངས་སྟོན་པའི་གླུ་ཆུང་ནམ་མཁའི་མེ་ཏོག་གཞོན་ནུའི་ལྡིང་ཁང་།


KMC018_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཐོག་བྲོ་བརྡུང་གོ་སྐམ་གྱི་སྣང་ཚུལ་སོགས་གང་དྲན་ཡི་གེར་བཏབ་པ་དང་མཚངས་སྟོན་པའི་གླུ་ཆུང་ནམ་མཁའི་མེ་ཏོག་གཞོན་ནུའི་ལྡིང་ཁང་ཞེས་བྱ་བ་བཞུགས་སོ། །


KMC018_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷཱ་ར་བྷྱཿ མི་འགྱུར་བདེ་སྟོང་ཕྱག་རྒྱ་ཆེན་པོའི་དབྱིངས། །སྲིད་ཞི་མཉམ་སྦྱོར་ཡེ་ཤེས་རྡོ་རྗེའི་གར། །དུ་མར་བསྒྱུར་བས་འགྲོ་རྒྱུད་སྨིན་གྲོལ་ཆེར། །འགོད་མཛད་རྡོ་རྗེ་ཅན་ཞབས་པདྨོར་འདུད། །དེ་ཡང་སྐལ་བཟང་རྣམ་འདྲེན་བཞི་པ་རྒྱལ་བ་ཉི་མའི་གཉེན་མཆོག་གི་དཔལ་གྱི་མགུར་ནས་སེང་གེའི་སྒྲ་ཆེན་པོས། མདོ་སྡེ་རྣམས་སུ་ལན་གཅིག་མ་ཡིན་པར་བསྔགས་པའི་དྲིལ་བསྒྲགས་ཤིང་། དཔའ་བོ་ཆེན་པོར་ལུང་བསྟན་པ། དུས་གསུམ་དུ་མ་བྱུང་། མི་འབྱུང་། འབྱུང་བར་མི་འགྱུར་བའི་སྐྱེས་བུ་ཁྱུ་མཆོག །མཁས་པའི་གཙོ་བོ། གྲུབ་པའི་ཡང་རྩེ། བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་བཀའ་བརྒྱུད་རྡོ་རྗེ་འཆང་གི་རྒྱལ་སྲིད་དམ་པར་དབང་འབྱོར་བའི་རྗེ་


KMC018_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཆེན་པོ། གང་གི་བཀའ་དྲིན་གྱི་མཐའ་གཞལ་དུ་མེད་ཅིང་། རྡོ་རྗེའི་མཚན་ནས་ཤིན་ཏུ་ཡང་བརྗོད་པར་དཀའ་བ་དེ་ཉིད་ཀྱིས་བརྩེ་བ་ཆེན་པོས་ཡུན་རིང་པོར་བསྐྱངས་པའི་འབངས། ངན་བུ་བདག་ལ་བཀའ་རྒྱུད་ཀྱི་བྲལ་མཐའ་ཟིན་པའི་ཡོན་ཏན་གྱི་དངོས་པོས་ཤིན་ཏུ་དབུལ་པོར་གྱུར་མོད་ཀྱང་། རང་གི་གོ་ཉམས་དང་བསྟན་པའི་རྟོགས་འབུལ་ཞུ་འཕྲིན་གྱི་གླུ་ཆུང་རྐང་དྲུག་གཞོན་ནུའི་ལྡིངས་དབྱངས་སུ་ཕུལ་བ་ནི། ན་མོ་གུ་རུ་གུ་ན་སཱ་ག་ར་ཡེ། གཞི་གདོད་མའི་སངས་རྒྱས་རྡོ་རྗེ་འཆང་། །གདངས་མ་འགག་སྙིང་རྗེ་ཆེན་པོའི་སྐུ། །སངས་རྒྱས་ལག་བཅངས་སུ་གཏོད་པའི་སྐུ་དྲིན་ཅན། །མི་


KMC018_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སྤྱི་གཙུག་རྒྱན་དུ་རོལ། །དུས་ལན་གཅིག་མི་ལུས་ཐོབ་པ་བདག །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུངས་ཏེ། །དལ་འབྱོར་དོན་ལྡན་དུ་མཛད་པའི་རྗེ་བཙུན་ཁྱེད། །འབྲལ་མེད་དུ་སྙིང་དབུས་ཐིག་ལེར་བཞུགས། །བུས་མོས་ཤིང་གདུང་བས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །བདག་ངར་འཛིན་འཁྲུལ་པའི་མུན་བསལ་ནས། །དོན་ཡང་དག་གནས་ལུགས་རྟོགས་པའི་གླུ། །ཚིག་ཅོལ་ཆུང་སྦྲང་བུའི་རྗེས་འགྲོ་ཅན། །ཕ་རྗེ་བཙུན་སྙན་ལ་གཟན་ལགས་ཀྱང་། །བུ་མི་བཟོད་གདུང་བས་གྱ་གྱུའི་ཚིག །གླུ་མཆོད་པར་འབུལ་ལོ་བརྩེ་བས་དགོངས། །སྤྱིར་དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས། །ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ། །འདི་ཐོབ་པ་ཕྱིན་ཅི་མ་ལོག་པའི། །བསོད་ནམས་ཀྱི་མཐུ་བཙན་ཡིན་པར་ཤེས། །དེ་ཐོབ་ཀྱང་རྟག་པ་མ་ཡིན་ཕྱིར། །དུས་འཆི་བ་ཟེར་བའི་བཟློག་


KMC018_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། །ཁོ་ནམ་འོང་ངེས་ཤེས་མ་རྙེད་པས། །འཆི་བ་དེ་བདག་ལ་ནམ་འོང་སྙམས། །ལས་རྒྱུ་འབྲས་བསླུ་མེད་སོ་སོར་སྨིན། །དཔེ་ས་བོན་བཏབ་པ་ཇི་བཞིན་ཏེ། །རང་གཞན་མགོ་བསྐོར་གྱི་བྱ་བ་འདིས། །དུས་ཐ་མའི་ཚེ་ན་ཅི་འདྲ་སྙམས། །ལར་མ་རིག་འཁོར་བའི་གྲོང་ཁྱེར་ཆེ། །མཐའ་མེད་དོས་དྲག་གི་སྡུག་བསྔལ་ཅན། །འདི་བསམ་ན་ཡིད་དབང་འཆོར་འདྲ་བའི། །འཇིགས་སྐྲག་གིས་གཟིར་ཏེ་ནམ་ཐར་སྙམས། །ལས་ངན་པའི་རླུང་གིས་བསྐྱོད་པའི་ལུས། །ལམ་ལོག་པའི་གཡང་ལས་བརྡེག་འཆོས་པས། །ད་འཁོར་བའི་འདམ་དུ་བྱིངས་དེར་གཟིགས། །རྗེ་དྲིན་ཅན་བླ་མ་རིན་པོ་ཆེས། །བདག་འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །ལས་ངན་པའི་འཕྲོ་ནས་བཟང་པོ་རྙེད། །ཕ་རྗེ་བཙུན་དོན་གྱི་སངས་རྒྱས་མཆོག །དཔལ་འཁོར་ལོ་སྡོམ་པའི་ངོ་བོར་མཇལ། །བདག་མི་ཤེས་ངར་འཛིན་གྱི་ཤུན་པ་བུད། །ཆགས་སྡང་གིས་འཆིང་


KMC018_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱ་མདུད་གྲོལ། །དུག་གསུམ་གྱིས་བསྐྱེད་པའི་ཉོན་མོངས་པ། །འདི་སྐྱེ་ཡུལ་སྐྱེ་བྱ་སྐྱེད་མཁན་གསུམ། །ཐམས་ཅད་རང་སེམས་ཀྱི་སྣང་ཆ་སྟེ། །དཔེ་མེ་ལོང་ནང་གི་གཟུགས་བརྙན་བཞིན། །རང་ཉིད་ཀྱི་ངོ་བོ་སྟོང་པས་ན། །རྒྱ་མཚོལ་ཆུ་རླབས་ཐིམ་པ་བཞིན། །བརྗོད་མེད་སྟོང་པའི་དབྱིངས་སུ་ཡལ། །ཕྱི་ཡུལ་སྣང་གཟུགས་སྒྲ་དྲི་རོ་རེག །སྣང་བ་ཀུན་སེམས་ཀྱི་ཆོ་འཕྲུལ་ལས། །དོན་ལོགས་སུ་གྲུབ་པ་མ་མཆིས་པ། །དཔེ་བྱིས་པས་མཁར་ལས་བྱས་པ་བཞིན། །མིང་མཚན་མར་འཛིན་མཁན་རང་གི་སེམས། །དེ་བདེན་མེད་རྟོགས་པའང་རང་གི་སེམས། །དོན་དེ་ཕྱིར་ལོགས་སུ་གྲུབ་པ་དང་། །གཟུགས་མཚན་མར་གནས་པ་མ་དམིགས་ཏེ། །རང་སེམས་ཀྱི་རིག་རྩལ་ཡིན་པར་རྟོགས། །ལར་འཁོར་བ་དང་མྱ་ངན་འདས་པ་ཞེས། །གནས་སོ་སོ་དང་བཟང་ངན་མི་གདའ་བར། །སེམས་ཆོས་སྐུའི་རིག་རྩལ་ཉིད་དུ་རྟོགས། །དོན་རང་བྱུང་སེམས་ཀྱི་


KMC018_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་དེ། །གཟུགས་དང་རྫས་སུ་མ་གྲུབ་ཅིང་། །དཔེ་ཡིས་མཚོན་པའང་ཡོངས་སུ་བྲལ། །སྟོང་ཞེས་མེད་པ་མ་ཡིན་ཏེ། །རང་བཞིན་གྱི་ནི་འོད་གསལ་བ། །ཀུན་ལ་ཁྱབ་པའི་ནམ་མཁའ་བཞིན། །ཡོད་ཅེས་དངོས་པོར་མ་གྲུབ་སྟེ། །ནམ་མཁའ་གཟུགས་སུ་ཇི་ལྟ་བར། །གྲུབ་པ་མེད་ལ་རབ་ཏུ་གསལ། །གསལ་བ་དེ་ལས་ཐམས་ཅད་སྐྱེས། །སྐྱེས་པའང་ལོགས་སུ་མ་གྲུབ་པར། །གསལ་བ་དེ་ཡི་ངོ་བོར་གྲོལ། །ནམ་མཁའ་ལ་ནི་སྤྲིན་ཇི་བཞིན། །ཀློང་ནས་ཤར་ཞིང་ཀློང་དུ་ཐིམ། །མདོར་ན་སྣང་སྲིད་རང་གི་སེམས་། །གསལ་བའི་ཆ་ལས་སྣང་བ་དང་། །ངོ་བོའི་ཆ་ལས་སྟོང་པ་སྟེ། །ལོགས་སུ་མཚན་མར་གྲུབ་པ་ཡི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་དང་འདྲེ་ཞེས་ཡོངས་མ་གྲུབ། །ཐམས་ཅད་རང་གི་སེམས་ཉིད་དེ། །དེ་ནི་རང་བྱུང་འོད་གསལ་བ། །སྐྱེ་འགགས་དམིགས་པ་ཀུན་ལས་འདས། །གང་དུ་གནས་དང་འགྲོ་


KMC018_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བྲལ། །བརྗོད་དུ་མེད་པའི་རང་གི་སེམས། །འདི་ལས་གཞན་པའི་རྡོ་རྗེ་འཆང་། །མ་གྲུབ་སེམས་ཉིད་འོད་གསལ་བ། །ཡིན་པར་རྟོགས་པའི་གདེངས་ཤིག་ཤར། །འདི་རྟོགས་པ་རྗེ་བཙུན་ཁྱེད་ཀྱི་དྲིན། །ད་བཀའ་དྲིན་དྲན་ནོ་རིན་པོ་ཆེ། །ལས་ངན་ཅན་བདག་ལ་ཐུགས་རྗེས་གཟིགས། །ཕ་རྗེ་བཙུན་དོན་གྱི་རྡོ་རྗེ་འཆང་། །དུས་ཡང་ཡང་དྲན་ཅིང་མོས་གུས་འབར། །ཡེངས་མེད་ཀྱི་གདུང་བས་གསོལ་བ་འདེབས། །ཕས་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །དེ་སྐད་རང་ཉམས་སུ་ཤར་བའི་གླུ། །ཕ་རྗེ་བཙུན་ཁྱེད་ཀྱི་སྙན་ལ་འབུལ། །དོན་འཁྲུལ་པའི་དྲི་མ་མཆིས་གྱུར་ན། །ཐུགས་བྱམས་པའི་བདུད་རྩིས་བཀྲུ་བར་གསོལ། །བུས་རྩེ་གཅིག་གདུང་བས་གསོལ་འདེབས་ན། །ཕས་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཅེས་སངས་རྒྱས་ཀརྨ་པའི་ཆོས་ཀྱི་ཕོ་བྲང་ཆེན་པོ་འོག་མིན་ཀརྨའི་གཙུག་ལག་ཁང་ནས། རྣམ་འགྱུར་ཞེས་པ་ལྕགས་ཁམས་འཛུམ་དྲུག་བཀྲ་བའི་ལོར་ཀུན་མཁྱེན་རྗེ་བཙུན་ཆོས་ཀྱི་རྒྱལ་


KMC018_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞབས་དྲུང་དུ་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བའོ།། ༈ །།རང་ལ་གྲོས་འདེབས་པ་དང་། བླ་མའི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་མོས་གུས་གདུང་དབྱངས་ཅེས་བྱ་བ། ཀྱེ་ལགས། སྐྱབས་སངས་རྒྱས་ཀུན་འདུས་རྗེ་བཙུན་ཁྱེད། །སྔོན་གྲངས་མེད་གོང་ནས་སངས་རྒྱས་ཀྱང་། །མར་འཁོར་བར་འཁྱམས་རྣམས་འདྲེན་པའི་ཕྱིར། །མི་གཟུགས་སུ་བྱོན་པའི་བཀའ་དྲིན་ཅན། །ཕ་བླ་མ་ཐུགས་རྗེའི་གཏེར་ཆེན་མཁྱེན། །རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །དུས་སྙིགས་མ་ལྔ་བདོའི་མར་གཤམ་འདིར། །ཚེ་ལོང་མེད་བར་སྣང་གློག་དང་མཚུངས་། །ནོར་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །གྲོགས་ད་ནང་མཛའ་ཡང་དོ་ནུབ་མཁོན། །འདི་ཀུན་ཀྱང་མདང་གི་རྨི་ལམ་འདྲ། །ལར་ཅིས་ཀྱང་མི་རྟག་འཕོ་ཞིང་འགྱུར། །ད་རྟག་འཛིན་གྱི་ཞེན་པ་སྐྱུར་ལ་ཐོང་། །ཕ་བླ་མ་མཁྱེན་ནོ་ཐུགས་རྗེས་གཟིགས། །སྒྲུབ་བརྒྱུད་ཀྱི་བསྟན་པའི་སྒོར་ཞུགས་ཤིང་། །ཆོས་སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཀྱང་། །རྒྱ་


KMC018_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཡི་འགྲམ་ན་ཡི་དྭགས་བཞིན། རིས་ཆད་གྱི་བློ་རྒྱུད་དྲེད་པོ་འདི། །ཅི་བྱས་ཀྱང་ཆོས་བརྒྱད་ཀྱི་དབང་དུ་ཐལ། །མི་ཕུང་བདག་བརླག་གི་ཆོས་སྤྱོད་མཁན། །ཕྱིས་གོས་བཟང་གིས་གཡོགས་དང་མཚུངས། །ད་རང་མཚང་འབྱིན་པའི་དུས་ལ་བབ། །རྗེ་བླ་མ་མཁྱེན་ནོ་ཐུགས་རྗེས་གཟིགས། །ལུས་ངུར་སྨྲིག་གྱོན་ཀྱང་ཐ་མལ་པ། །མིང་བྱང་སེམས་བཏགས་ཀྱང་ཆགས་སྡང་ཅན། །སྔགས་ཟབ་མོར་ཞུགས་ཀྱང་ལྟ་སྤྱོད་ལོག །ངེས་འབྱུང་གི་བློ་རྒྱུད་མ་ཐུལ་ཞིང་། །ལས་འབྲས་ལ་ཡིད་ཆེས་མ་རྙེད་པས། །དམ་སྡོམ་རྣམས་གོ་བའི་ཡུལ་དུ་ལུས། །དགྲ་འདུལ་དང་གཉེན་སྐྱོང་གསོག་འཇོག་སོགས། །དོན་མེད་ཀྱི་འདུ་འཛིས་བྲན་དུ་བཀོལ། །བདེ་གཤེགས་ཀྱི་བཀའ་དང་འགལ་བཞིན་དུ། །སངས་རྒྱས་ཀྱི་རྗེས་འཇུག་ཏུ་རློམ་སེམས་ཅན། །བདུད་ཉོན་མོངས་ཀྱི་ཁོལ་པོར་གྱུར་པ་ཡི། །ཕ་བཀའ་བརྒྱུད་ཀྱི་བུ་རུལ་དྲེད་པོ་བདག །ད་རང་ཚུལ་མཐོང་ཚེ་སྙིང་རླུང་


KMC018_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་། །ཕ་རྗེ་བཙུན་མཁྱེན་ནོ་ཐུགས་རྗེས་གཟིགས། །དུས་གསུམ་དུ་འབྱོན་དཀའི་རྗེ་བཙུན་མགོན། །བདག་དམུ་རྒོད་འདུལ་བའི་ཕྲིན་ལས་མཁན། །སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ཅན། །དྲིན་ཅན་དུ་མ་ཤེས་ཨ་རེ་འཁྲུལ། །ཆོས་གདམས་ངག་བརྡའ་དང་ཐབས་ཀྱིས་སྟོན། །དེ་མ་ཤེས་ཆོས་ཤིག་ལོག་ནས་བཙལ། །ཡང་དག་པའི་ཆོས་སྐལ་དེ་རུ་བཅུད། །ད་ཅི་མཛད་ལེགས་པར་མཐོང་རེ་རན། །སྒོ་གསུམ་འདི་བླ་མའི་ཕྱོགས་སུ་བཀལ། །བསྐལ་མང་གི་ཚོགས་རྫོགས་སྒྲིབ་ཀུན་འབྱོངས། །འདི་རང་དོན་དུ་འགྱུར་བ་མ་ཤེས་ཏེ། །རང་དོན་གྱི་དགེ་སྦྱོར་འབུངས་བློ་ཡིས། །དངོས་གྲུབ་ཀྱི་འབྲས་བུ་སད་ལ་བསྐུར། །རྒྱུད་ལོག་ལྟས་བཅིངས་པ་ངོ་རེ་གནོངས། །ད་ཅི་གསུང་ཚད་མར་བཟུངས་རེ་རན། །བདག་མི་བཟོད་གདུང་བས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །རྗེ་སངས་རྒྱས་སུ་


KMC018_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་མི་རུ་བཟུང་། །ཐབས་མཁས་ཀྱི་ཕྲིན་ལས་སྐྱོན་དུ་མཐོང་། དོན་ཆེན་གྱི་མཛད་པར་ལོག་ལྟ་སྐྱེས། །རང་ཁོང་ནས་རུལ་བ་མ་ཚོར་ཞིང་། །རི་མོ་ཡི་ནང་གི་མར་མེ་བཞིན། །བཅོས་མའི་དད་པ་ལ་རེ་བ་ཁྱོད། །ད་བཟོད་མེད་ཀྱི་མོས་གུས་ཤུགས་ཕྱུངས་ལ། །ལོག་ལྟ་ཡི་འདམ་ནས་ལ་འུར་ལོངས། །བཅོས་མིན་དད་པའི་རྩལ་ནུས་སྤྲུགས། །དག་སྣང་གི་སྨན་དཔྱད་བརྟེན་རེ་རན། །སྙིང་རུས་པའི་ཁུང་ནས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །དགྲ་འཆི་བདག་ཟེར་བའི་ཡེར་ཆེན་ཁོ། །དྲུང་འདི་ན་སླེབ་དུས་འགྱོད་པ་ཕྱིས། །ཆོས་པ་ཡི་མལ་ནས་ཐ་མལ་རོ། །མི་དྲག་ཞན་ཀུན་གྱིས་འཕྱ་ཞིང་ཁྲེལ། །རང་གཏད་མེད་འཁོར་བར་འཁྱམས་དུ་འབྱུང་། །འདི་བསམ་ཞིང་རིག་པའི་རྣོ་ངར་བསྐྱེད། །སྣང་སྲིད་ཀུན་བླ་མའི་རོལ་པར་ལྟོས། །རང་སེམས་འདི་རྗེ་ཡི་ཐུགས་དང་བསྲེས། །དབྱེར་མེད་ཀྱི་ངང་ནས་གསོལ་


KMC018_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ། །མོས་གུས་ཀྱི་གདུངས་དབྱངས་ལྷང་ལྷང་གིས། །སྐྱབས་བསླུ་མེད་ཐུགས་རྗེའི་རྒྱུད་བསྐུལ་ནས། །རང་སེམས་ཀྱི་ངོ་བོ་སྐྱོང་རེ་རན། །བདག་བཟོད་མེད་སྙིང་ནས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །གཉིས་འཛིན་གྱི་རྟོག་པས་མ་བསླད་ན། །སངས་རྒྱས་སུ་གྲགས་པའི་གཡེར་པོ་ཆེ། །སེམས་རང་གསལ་འདི་ལས་གུད་ན་མེད། །བློས་བྱས་ཀྱི་རྫུན་བསྒོམ་བོར་ལ་ཞོག །བྱར་མེད་ཀྱི་རང་ཞལ་ལྟ་རེ་རན། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །ལར་འཁོར་འདས་དང་བདེ་སྡུག་སྣང་ཆ་འདི། །ཐམས་ཅད་ཀུན་བླ་མ་རྗེ་ཡི་དྲིན། །བདེ་བ་དང་དགེ་བ་ཇི་སྙེད་པ། །མགོན་རྡོ་རྗེ་སེམས་དཔའི་ཕ་འབབས་ལགས། །དེ་མ་རྒན་ཡོངས་ལ་བགོ་བཤར་བྱོས། །ཚོགས་གཉིས་ཀྱི་རྟེན་འབྲེལ་རྒྱན་དུ་ཆེ། །དགའ་བྲོད་ཀྱི་འཛིན་པས་མ་བཅིངས་པར། །


KMC018_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་ཟུང་འཇུག་གི་ཉམས་ལེན་ངང་། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །ཕས་ཐུགས་རྗེ་གཟིགས་ལ་བྱིན་གྱི་རློབས། །སྡུག་བསྔལ་དང་མི་འདོད་ཇི་སྙེད་ཀུན། །རྗེ་བླ་མའི་ཐུགས་རྗེའི་ཕྲིན་ལས་ཏེ། །མ་འགྲོ་དྲུག་གི་སྡུག་བསྔལ་དང་དུ་ལོངས། །སྒྲིབ་སྦྱོང་གི་གདམས་ངག་ཡེ་ཤེས་མེ། །སྡུག་བསྔལ་གྱི་རང་བཞིན་མ་གྲུབ་པའི། །ཚོར་སྟོང་ཟུང་འཇུག་གི་ཉམས་ལེན་ངང་། །ཡིད་རྩེ་གཅིག་གདུངས་བས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །ལར་གང་ཤར་གྱི་འཁྲུལ་རྗེས་མི་འབྲེངས་པར། །སྣང་སྟོང་ཟུང་འཇུག་གི་ངང་ལ་ཞོགས། །གཞི་མེད་རྩ་བྲལ་གྱི་ངོ་བོར་ལྟོས། །བལྟ་བྱ་དང་ལྟ་བྱེེད་གཉིས་སྟོང་ཞིང་། །གཉིས་མེད་ཁ་སྦྱོར་གྱི་བར་ལག་ན། །ཡེ་གདོད་ཀྱི་གནས་ལུགས་ལྟད་མོ་ཆེ། །དོན་རང་རིག་བླ་མའི་རང་ཞལ་མཇལ། །བདེ་ཆེན་གྱི་རྒྱལ་ས་ཟིན་པར་ངེས། །དེའི་ཕྱིར་ན་དད་མེད་ཀྱི་སྙིང་སྲན་


KMC018_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཁྱོད་མ་ཡེངས་རྒྱུན་དུ་གསོལ་བ་ཐོབ། །དགོས་མེད་ཀྱི་བྱ་བ་བོར་ལ་ཐོངས། །ཕ་མཁྱེན་ནོ་དེ་དུས་གསུམ་མཁྱེན་པ་མཁྱེན། །ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་དང་། །ཉིན་མཚན་དུས་དྲུག་ཏུ་གདུངས་དབྱང་བཅས། །བུས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །ཕས་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །བཅོས་མིན་གྱི་མོས་གུས་འབར་བ་དང་། །རྟོགས་གྲོལ་དུས་མཉམ་གྱི་ཡེ་ཤེས་སྤོར། །འགྲོ་དོན་ལྷུན་གྲུབ་ཀྱི་རྟེན་འབྲེལ་བསྒྲིག །རྗེ་ཁྱེད་དང་དབྱེར་མེད་མཛད་དུ་གསོལ། །ཞེས་པའང་སྒྲུབ་བརྩོན་བླ་མ་ཀརྨ་རྒྱལ་དབང་ནས། བཀྲ་ཤིས་པའི་དར་དང་། རིན་ཆེན་གཉིས་པའི་སྣང་གསལ་གྱི་ཀོང་བུ་བཅས། བཅོས་མིན་གྱི་མོས་གུས་སྐྱེ་བའི་གསོལ་འདེབས་ཤིག་བྲིས་ཤིག་པར་བསྐུལ་བ་ན། གྲུབ་ཐོབ་གོང་མའི་གསུང་ལས་ལྷག་པའི་གསོལ་འདེབས་མ་མཆིས་ཤིང་། དམན་པ་བདག་ལྟ་བུས་སྦྱར་བ་ངལ་བ་ཙམ་ལས་སྙིང་པོས་དབེན་ཀྱང་། བསྐུལ་བ་པོའི་ངོ་མི་ལྔོག་ཙམ་དུ་རང་ཉིད་ལ་གྲོས་འདེབས་པ་དང་། སྐལ་མཉམ་གཞན་ལའང་རྒྱུད་འཆོས་ཤིང་། མོས་གུས་འཕེལ་བའི་


KMC018_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་གྱུར་ན་ཅི་མ་རུང་སྙམ་ནས། དུས་ཞབས་ཀྱི་སློབ་དཔོན་དུ་ཁས་འཆེ་བ་མཁའ་ཁྱབ་རྡོ་རྗེ་ཞེས་བྱ་བའི་སྙོམ་ལས་མཁན་དེས་གང་དྲན་ཡི་གེའི་ཕྲེང་བར་སྤེལ་བའོ། ༈ །རེ་ལྟོས་བླ་མ་ལས་མེད་པར་བློ་ཐག་ཆོད་ཅིང་སྙིགས་དུས་ཀྱི་སྤྱོད་འགྲོས་ལ་ཡིད་སྐྱོ་བའི་གདུང་ཤུགས་ཀྱིས་ཕྱུངས་པའི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་བླང་དོར་གསལ་བའི་ལེ་ལོང་ཞེས་བྱ་བ་ནི། རྗེ་བཀའ་དྲིན་མཉམ་མེད་བླ་མ་རྗེ། །དཔལ་རྡོ་རྗེ་འཆང་ཆེན་གཡེར་པོ་ཆེ། །ཡོངས་རྒྱལ་བའི་ཕྲིན་ལས་ཀརྨ་པ། །དཔལ་མཁའ་ཁྱབ་རྡོ་རྗེ་མ་ལགས་སམ། །བུ་མོས་པའི་བློ་ཡིས་འོ་དོད་འབོད། །ཕ་རྗེ་བཙུན་སྙན་གྱིས་གསན་ལགས་སམ། །མཐོ་སྲིད་རྩེ་ནས་བཟུང་དམྱལ་ཁམས་བར། །སྡུག་བསྔལ་གྱིས་མནར་བའི་འགྲོ་ཚོགས་ལ། །ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་སུ་གསོལ། །སྤྱིར་འཁོར་བའི་གནས་ལ་བདེ་བ་མེད། །དགོས་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས། །ལས་ནག་པོ་སྡིག་ལ་ངོམ་མེད་སྤྱོད། །བློ་མི་མཐུན་གཅིག་སེམས་གཅིག་ལ་སྡང་། །བྱམས་ཕ་མ་ཡིན་ཀྱང་དམར་བསད་བྱེད། །


KMC018_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངོ་ལྐོགས་མི་ཐུབ་རང་སྣང་མཐོ། །ཚེ་ཕྱི་མར་ཕན་པའི་ཤ་མར་ཅི། །འཕྲལ་བྱ་བའང་ཕུགས་འདུན་ཏིལ་ཙམ་མེད། །ཚུལ་གང་ལ་བསམས་ཀྱང་སྐྱོ་བ་སྐྱེས། །སྤྱིར་འཁོར་བའི་ཆོས་ལ་ཡིད་བརྟན་མེད། །དགོས་དེང་སང་ཚུལ་ལ་ཡིད་རེ་སྐྱོ། །ལུས་མི་རྟག་འབྱུང་བཞི་རྒུད་ཅིང་འགྲོ། །དགྲ་འཆི་བདག་ཞགས་པས་སྐེ་ལ་ཐེབས། །འཕྲལ་རྣམ་གཡེང་བྱ་བས་བློ་སྣ་ཁྲིད། །དུས་ལོ་ཟླ་ཞག་གིས་རྒྱབ་ནས་འཕུལ། །ལས་དཀར་ནག་བྱ་བས་མདུན་ནས་བསུས། །ད་ཅི་ལྟར་བྱས་ཀྱང་ཚེ་འདིས་གཡེང་། །བློ་ཆོས་སུ་མ་སོང་ཆོས་པའི་གསོབ། །མི་གཞན་གྱིས་སྐྱབས་གནས་མཆོག་ཏུ་རྩི། །དེ་སྐྱོབས་པའི་ནུས་པ་བདག་ལ་མེད། །གཤིན་གསོན་གྱི་དད་ཟས་བག་མེད་སྤྱོད། །འདུ་འགོད་ཀྱི་ཤོམ་རས་ཉིན་མཚན་འདའ། །ལས་བྱས་པ་དོན་ཡོད་གཅིག་ཀྱང་མེད། །ད་བསམ་བཞིན་རང་ལ་ཡི་མུག་སྐྱེ། །གཞོན་དབང་པོ་གསར་པའི་ལང་ཚོ་


KMC018_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །རྒས་མི་སྡུག་བ་མོའི་སད་ཀྱིས་བཅོམ། །ལུས་འདུ་བ་འཁྲུགས་པའི་ནད་ཀྱིས་མནར། །དུས་ཡུན་རིང་འདུག་བློའི་རྟག་འཛིན་མཁན། །མི་བདག་ལ་བླ་མས་ཐུགས་རྗེས་གཟིགས། །ཚུར་ཉོན་དང་རྒན་བུ་དཔལ་ལྡན་པ། །ད་བྱེད་ན་དགེ་བའི་བྱ་བ་གྱིས། །བློ་ཤམ་ན་ཕྱི་མའི་དོན་ལ་ཤོམས། །བཀའ་མདོ་རྒྱུད་རྒྱ་ཆེ་འབྱམས་ཀླས་པའི། །ཚུལ་ལེགས་པར་རྟོགས་པའི་ཡང་དག་ཆོས། །ལས་སྐལ་དམན་ཁྱོད་གྱི་སྤྱོད་ཡུལ་མིན། །བློ་ཕེར་ཡོངས་ལུགས་གཉིས་བསྟན་པའི་ཁུར། །ཁྱོད་འདྲ་བས་འགྲུབ་རྒྱུ་ག་ལ་ཡོད། །གནས་ངེས་མེད་དབེན་པའི་རི་ངོག་ཏུ། །བློ་གཏན་མེད་གུ་ཡངས་གྱིས་དང་ལེགས། །ནོར་འཛད་མེད་ཆོག་ཤེས་སྙིང་པོའི་དབྱིག །སྟོར་མེད་ཀྱི་བང་མཛོད་བཀང་དང་དགེ །དགྲ་དུག་ལྔ་ཡན་པར་མ་བཏར་ཞིག །ཕ་བླ་མས་གཙུག་ཏུ་རྒྱན་ན་མཛེས། །ལས་ཟིན་མེད་བྲེལ་དེས་མ་གཡེང་པར། །སོས་དལ་དུ་ཁྲིགས་སེ་བཞགས་ན་


KMC018_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །དབུ་ཕྱག་དང་རྫོགས་ཆེན་གྲགས་པ་དེ། །སྡུག་ཁྱོད་ཀྱིས་གནད་གསང་ག་ལ་རྟོགས། །སྡུག་ཨུ་ཚུག་མ་བྱེད་ཉལ་ན་འཐད། །བོད་གངས་ལྗོངས་སྐལ་དམན་འགྲོ་བའི་སྐྱབས། །ལྷ་ཐུགས་རྗེ་ཆེན་པོར་གསོལ་བ་ཐོབ། །གསུང་ཡིག་དྲུག་སྐུར་པའི་གླུ་ཆུང་ལོངས། །ལུས་ཐ་མལ་མ་བཞག་ལྷ་རུ་སྒོམས། །ཡིད་འགྱུ་དྲན་རང་གྲོལ་གཏད་མེད་ཐོང་། །མ་འགྲོ་ལ་བརྩེ་བའི་བྱང་སེམས་སྒོམས། །རང་གཞན་གྱི་མགོ་སྐོར་འཆད་སྤེལ་སྐྱུར། །མི་གཞན་གྱི་ངོ་སྲུང་མི་རེ་བར། །གོང་དཔོན་མེད་བྱེད་ན་མི་ལེགས་སམ། །འགུ་མེད་ཀྱི་སྐྱོང་དྲན་སེམས་ལས་ཆེ། །འོག་འཁོར་གཡོག་སྤང་ན་ལེགས་སམ་སྙམ། །ཚུལ་ཇི་ལྟར་བྱས་ཀྱང་བདེ་བ་མེད། །ད་གང་བྱུང་དེས་ཆོག་ཡིད་ལ་ཞོགས། །སྐྱབས་བསླུ་བ་མེད་པའི་དཀོན་མཆོག་མཆོག །ཡོངས་གཅིག་འདུས་དཔལ་ལྡན་བླ་མ་ལ། །ཕུག་འཕྲལ་གང་གཉིས་ཀྱི་བློ་གཏད་ཞུ། །སྤྲང་སྐྱིད་སྡུག་ཅི་བྱུང་བླ་


KMC018_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཁྱེན། །འབངས་བདག་ལ་རེ་ས་གཞན་ན་མེད། །ཕ་ཐུགས་རྗེས་གཟིགས་ཤིག་ཀརྨ་པ། །ཅེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་མཚན་ཀྱི་ཅོད་པཎ་འཆང་བ་ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་དུ་འབོད་པའི་སྙོམ་ལས་པས་གང་དྲན་ཐོལ་བྱུང་དུ་བྲིས་པའོ། །རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་མཆོག །དཔལ་ལྡན་བླ་མ་འབྲལ་མེད་སྙིང་དབུས་བསྙེན། །རྒྱལ་མཆོག་གང་གི་འབངས་མཐར་སྙེགས་པ་ཡི། །སྙོམ་ལས་ཆོས་གཟུགས་འདུ་ཤེས་གསུམ་པ་ལ། །བོང་བ་གསེར་གཟིགས་རྗེས་བརྩེས་རིགས་བདག་ཏུ། །བཞེས་པ་འདི་ཀོ་ཨེ་མ་སྔོན་སྨོན་མཐུ། །འབད་པ་མ་ཡིན་ལྷུན་འགྲུབ་རྟེན་འབྲེལ་རྨད། །གང་གི་བཀའ་བཟང་སྤྱི་གཙུག་རྒྱན་ཉིད་དུ། །བླངས་ནས་སེམས་དོན་རྟོགས་པའི་གླུ་ཆུང་འདི། །འཕགས་མཆོག་དགྱེས་པའི་རོལ་མོར་མཆོད་པ་འབུལ། །དང་པོར་མི་རྟག་སྡུག་བསྔལ་འདུས་བྱས་ཆོས། །སྙིང་པོ་མེད་པའི་བསམ་པ་ཁོང་ནས་ཤར། །བར་དུ་ཡང་དག་ལམ་དུ་རབ་ཞུགས་


KMC018_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཁོར་བ་སྤང་དང་མྱང་འདས་བླང་བྱར་གོ །ད་ལྟ་འཁོར་འདས་མཉམ་པའི་གདེང་ཞིག་རྙེད། །ཆོས་རྣམས་ཐམས་ཅད་ཡེ་ཤེས་ཆོས་སྐུའི་རྩལ། །རིག་དང་མ་རིག་སོ་མཚམས་སྐད་ཅིག་མ། །འཁྲུལ་གྲོལ་ཀུན་གྱི་རྩ་བ་རང་གི་སེམས། །ད་ལྟའི་ཤེས་པ་སྤང་བསྒྱུར་བཟོ་མ་བཅོས། །རང་བབས་རང་གནས་སྟོང་གསལ་མ་འགགས་པ། །ཕྱི་སྣང་མ་ལུས་ནང་དུ་འཛིན་སེམས་སྟོང་། །སྣང་དང་སྟོང་པ་གཉིས་སུ་དབྱེ་བ་བྲལ། །ཟུང་འཇུག་ཚིག་གིས་མི་མཚོན་བློ་ལས་འདས། །མཐའ་བྲལ་མིང་བརྒྱས་མཚོན་པའི་གནས་ལུགས་དོན། །བསྐྱེད་རྫོགས་མདོ་སྔགས་ཐབས་བརྒྱས་གཉེར་བྱ་ཡི། །སངས་རྒྱས་ད་ལྟའི་སེམས་ལས་མེད་པར་འཁུམས། །མགོན་ཁྱོད་ཡེ་གདོད་གོང་ནས་རྫོགས་སངས་རྒྱས། །ཉམས་ཐག་འགྲོ་བའི་དཔལ་དུ་མི་ཡི་ཟོལ། །རིམ་བགྲོད་ལམ་གྱི་ངལ་བར་མ་ལྟོས་ཀྱང་། །ཚུར་མཐོང་སྣང་ངོར་གདམས་ངག་རྣམ་


KMC018_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་དུ། །སྟོན་ཕྱིར་ཐུགས་དམ་རིམ་འཁྲུངས་ཚུལ་བསྟན་ཀྱང་། །རོ་གཅིག་ཆེན་པོ་སྒོམ་མེད་ཡར་ལྡན་ཉམས་། །ངེས་པར་གཟིགས་ལ་རྒན་བུ་ཡི་རངས་ཤིང་། །དད་གུས་སྤྲོ་བས་ཐལ་མོ་སྙིང་གར་ཟུམ། །ཉིན་མཚན་དུས་ཀུན་བཟོ་མེད་མོས་གུས་དང་། །ལུས་རྟེན་འདི་ཡིས་བསྟན་པའི་དོན་གྲུབ་སྙམ། །རྡོ་རྗེ་འཆང་དངོས་གང་གི་དགོངས་པའི་བཅུད། །ཕ་ནོར་བུ་ལ་ཕོག་པའི་ཉམས་བཟང་ལ། །བཀའ་བརྒྱུད་གསེར་གྱི་ཕྲེང་བའི་བཞུགས་གྲལ་དུ། །ར་གན་གསེར་དུ་བརྫུ་བའི་སེལ་མ་ཞུགས། །ཕྱོགས་དུས་རྒྱལ་བས་དབྱིངས་ནས་མཁྱེན་ནམ་སྙམ། །མཁའ་འགྲོ་ཆོས་སྐྱོངས་རྣམས་ཀྱི་སྤྱན་གྱིས་གཟིགས། །བདག་ཀྱང་སྒོམ་མེད་ཆོས་སྐུའི་རྒྱལ་ཐབས་ཆེར། །རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེའི་དང་། །དབྱེར་མེད་ཐུགས་ཡིད་འདྲེས་པར་ཐུགས་རྗེས་ཟུང་། །དགེ་བས་རྒྱལ་བསྟན་མཛེས་པའི་རྒྱན་དུ་ཤོག །ཅེས་པ་འདི་བཞིན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་བཅུ་དྲུག་


KMC018_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་བཅིངས་ཏེ་རང་གི་རྟོགས་ཚད་མཎྜལ་དུ་ཕུལ་ཞིང་མཆོག་གི་ཐུགས་དམ་ས་མཚམས་དང་གུས་འབངས་ཐ་ཤལ་པའང་། མགོན་པོ་མཆོག་གི་དགོངས་ཀློང་དང་དབྱེར་མེད་པའི་སྨོན་ཚིག་བཅས་བཅོམ་བསྒྱུར་མེད་པར་རྒྱལ་སྲས་འཇམ་མགོན་སྤྲུལ་སྐུར་འབོད་པས་ཤར་མར་བྲིས་ཏེ་ཕུལ་བ་དགྱེས་པའི་ཡེ་ཤེས་སྤྱན་གྱི་འབབས་སྟེགས་སུ་གྱུར་ཅིག། ༈ །།ན་མོ་གུ་རུ། སྐྱེས་བུ་ཆེན་པོའི་ཆེན་པོ། དམ་པའི་དམ་པར་གྱུར་ཅིང་གཟོད་ནས་དུས་གསུམ་རྒྱལ་བའི་ཡབ་ཉིད་དུ་གྱུར་ཅིང་མངོན་པར་སངས་རྒྱས་ཟིན་ནའང་། སྙིགས་མའི་རྨུ་རྒོད་གདུལ་དཀའ་བ་རྣམས་ཀྱི་དོན་དུ་མཆོག་གི་སྤྲུལ་པའི་སྐུ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བཞེངས་ཤིང་བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་ཁུར་དུ་བཞེས་ཏེ། ཆོས་དང་ཆོས་མ་ཡིན་པའི་དོན་མ་ལུས་པ་མཁྱེན་ཅིང་གཟིགས་པ་སོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཕུང་པོས་ལྕི་བའི་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་དམ་པ་མཚན་ནས་བརྗོད་པར་དཀའ་བ། དཔལ་ལྡན་རང་བྱུང་རིག་པའི་ཡེ་ཤེས་ལུང་རྟོགས་ཆོས་ཀྱི་ཉི་མ་ཕྲིན་ལས་དོན་ཀུན་གྲུབ་པའི་སྡེ་ཞེས་བྱ་བས་རྡོ་རྗེའི་མགུར་གསུངས་པ་ནི། དེ་ཡང་ངན་བུ་བདག་ལ་བཀའ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་དང་རྗེས་སུ་མཐུན་པའི་ཡོན་ཏན་ཆ་ཤས་ཙམ་ཡང་མ་མཐོང་མོད་འོན་ཀྱང་དཔལ་


KMC018_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་དམ་པའི་གདམས་ངག་གི་མཐུ་བཙན་པས་དེ་དག་ལ་ངེས་པ་ཅུང་ཟད་རེ་མི་རྙེད་པའི་ཐབས་དང་བྲལ་བའི་སྐབས་སུ་རྡོ་རྗེའི་གླུ་བླ་མ་དང་ཌཱ་ཀི་དགྱེས་པའི་སྙན་འགྱུར་འདི་ཕུལ་བའོ། །ན་མོ་གུ་རུ། ཕ་བླ་མ་རྩ་གསུམ་འདུས་པའི་སྐུ། །བདག་སྙིང་དབུས་ཙིཏྟའི་དབྱིངས་རོལ་ན། །དུས་འབྲལ་མེད་སྐུ་གསུམ་གྱི་ངོ་བོ་ལ། །དད་གསུམ་གྱི་མོས་གུས་སྐྱེས་ལགས་ཀྱང་། །རྟག་འཛིན་གྱི་འཁྲུལ་པའི་འཁོར་ལོ་འདིར། །འཁོར་གསུམ་གྱི་རྩ་བ་མ་ཆོད་གདའ། །རྒྱུ་དེར་བརྟེན་བདག་གཞན་འགྲོ་བ་རྣམས། །མ་རིག་གི་མུན་པ་ཆེན་པོར་འཐུམས། །དེ་སེལ་བའི་ཐབས་ཤིག་བླ་མས་རྩོལ། །དལ་འབྱོར་བཅོ་བརྒྱད་ཀྱི་རྟེན་བཟང་འདི། །ཆུ་བུར་བཞིན་མི་རྟག་ཆ་མེད་པར། །ཡིད་ཆེས་ཀྱང་རྨུ་རྒོད་ཇེ་ཆེར་གྱུར། །ཕ་བླ་མ་ཁྱེད་ཀྱི་ཐུགས་རྗེ་ཡིས། །བདག་སེམས་ཅན་མ་རིག་འཁྲུལ་པ་ཆོད། །ལས་རྒྱུ་འབྲས་བསླུ་མེད་མྱོང་འགྱུར་ཆོས། །དགེ་སྡིག་གི་བླང་དོར་སོ་སོར་སྨིན། །དེ་བསམ་ཞིང་ཕ་མ་སྙིང་རེ་རྗེ། །མ་རིག་གིས་


KMC018_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་འཛིན་ཐེར་གཟུགས་འདིར། །ངས་བྱས་དང་ཁོས་བྱས་འཆིང་བཞིན་དང་། །དཀར་ནག་གི་དབྱེ་འབྱེད་བཙོན་ར་ལ། །རང་བྱས་ཀུན་རང་ཐོག་སྨིན་པར་ངེས། །དེ་བསམ་ཞིང་མ་རྒན་སེམས་ཅན་རྣམས། །རྒྱུ་འབྲས་ཀྱི་དབྱེ་འབྱེད་གོ་མ་ལོག །དབེན་གསུམ་གྱིས་ཞིང་དུ་དལ་སྡོད་ནས། །ལུས་ངག་གི་དགེ་སྦྱོར་འབུང་བར་གྱིས། །དེ་བྱེད་ན་དཔལ་ལྡན་བླ་མ་ཡི། །ཐུགས་རྗེ་ལ་ཉེ་རིང་ཡོད་མ་ཡིན། །རྒྱུ་གཅིག་ལ་འབྲས་བུ་སོ་སོ་ཡི། །གནད་དོན་གཉིས་བདེན་པ་རྟོགས་དུས་སུ། །ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ངོ་། །དོན་དེ་ལས་འགྱུར་བ་ཡོད་མ་ཡིན། །རང་རིག་གི་མ་བཅོས་ལྷུན་རྫོགས་སུ། །རང་གསལ་གྱི་ཁམས་གསུམ་རྒྱ་དཀྲོལ་ཞིང་། །རང་བློ་ཡིས་མ་བསླད་གཉུག་མའི་གཤིས། །རང་བྱུང་གི་དབྱིངས་རོལ་བླ་མའི་སྐུ། །སྟོང་གསལ་གྱི་མཐའ་ལ་མ་ཞེན་པར། །སྐུ་བཞི་ཡི་ངོ་བོར་ལྷུན་གྲུབ་ནས། །བླ་མ་དང་རང་


KMC018_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དེ་ལ་ཟེར། །གནད་དེ་ཡང་མིང་དུ་བཏགས་ཙམ་ལས། །མཐའ་གཅིག་ཏུ་མཚོན་པའི་གོ་སྐབས་བྲལ། །དོན་དེ་ལས་གདུང་བའི་སེམས་བསྐྱེད་གྱིས། །མ་ཁམས་གསུམ་འཁོར་བ་དོངས་ནས་དཀྲུག །དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས། །ཐུགས་དམིགས་མེད་དམ་བཅའི་བདེན་མཐུ་ཡིས། །བློ་འདས་ཀྱི་ཆོས་སྐུའི་རྒྱལ་ས་འདི། །སྐད་ཅིག་གིས་མངོན་དུ་བྱེད་པ་དང་། །འགྲོ་བ་ཀུན་གནད་འདིར་སྒྲོལ་བར་ཤོག །ཞེས་དང་། ཡང་སྙིགས་མའི་སྐྱེ་བོ་མི་སྲུན་པའི་ལྟ་སྤྱོད་ལ་ཡིད་རབ་ཏུ་སྐྱོ་བ་དང་འབྲེལ་ཕ་གཅིག་བླ་མའི་ཐུགས་བསྐྱེད་རྗེས་སུ་བསྐུལ་པའི་གླུ་ཡིད་ཀྱི་གདུང་སེལ་ཞེས་བྱ་བ། ཨ་ཧོ། སྐྱབས་ཀུན་འདུས་ཆོས་སྐུ་རྡོ་རྗེ་འཆང་། །དོན་དབྱེར་མེད་དཔལ་ལྡན་བླ་མའི་སྐུ། །བདག་བཟོད་མེད་གདུང་བས་གླུ་དབྱངས་འདི། །སེམས་བཟོད་མེད་མོས་གུས་ཀྱི་ཤུགས་ལས་ཐལ། །གཤིས་ཡེ་བབས་གསལ་དྭངས་ཕྱེད་པ་འདི། །བབས་ཟང་ཐལ་ངང་དུ་མི་ཡན་པར། །བློ་འགྱུ་དྲན་གྱི་རྟོག་དཔྱོད་ཨ་རེ་


KMC018_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ། །འདི་བསམ་བཞིན་ཀརྨའི་བཀའ་བརྒྱུད་དྲན། །གཞི་རིག་སྟོང་རང་གནས་ཐོག་ཏུ་བཟློ། །དུས་ད་ལྟའི་ཐ་མལ་ཤེས་པ་འདི། །སྐྱེ་གྲོལ་ཡིད་ལ་མི་བྱེད་པར། །གདངས་འགགས་མེད་ཡུལ་ཕྱིར་མི་དཔྱོད་ཀྱང་། །འཁོར་འདས་ཀྱི་གནས་སྣང་གཅིག་ཆར་སྣང་། །ལམ་རྩོལ་མེད་ཕྱག་ཆེན་རྨད་དུ་བྱུང་། །གཞི་རང་གནས་ཀྱི་རིག་པ་རང་ཞལ་མཇལ། །འཁོར་འདས་ཀྱི་འགྲོས་ལ་རང་བྱན་ཚུད། །ཁམས་གསུམ་གྱི་འཁྲུལ་སྣང་དབྱིངས་སུ་དིབས། །སྐུ་གསུམ་རང་གནས་ཀྱི་ཐོག་ཏུ་ཕེབས། །ཡིད་ཕྱི་སྨོན་གྱི་འབྲས་བུ་གང་དུ་བྱེད། །འདི་བཀའ་བརྒྱུད་རྣམས་ཀྱི་ཁྱད་ཆོས་ལགས། །དེར་བསམ་ནས་གོང་མའི་གཤེགས་ཤུལ་སྙེགས། །མི་བདག་ལ་ལྟོས་པའི་རྗེས་འཇུག་རྣམས། །ཚེ་འདི་ལ་མ་ཞེན་ཕྱི་མར་སོམས། །ཕྱི་ངུར་སྨྲིག་མཚམས་སྤྲིན་རྒྱན་གྱིས་སྤྲས། །ནང་སྡོམ་གསུམ་གནང་བཀག་རི་བོང་རྭ། །ལམ་རིམ་གཉིས་འདི་མི་བསྒོམ་ཡིད་


KMC018_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རེ་སྐྱོ། །སང་འཆི་བའི་དུས་ལ་བབས་པའི་ཚེ། །བློ་ཕྱི་འགྱོད་མུན་པས་ནོན་ཉེན་ཡོད། །དོན་དེ་ཕྱིར་ཐོས་བསམ་བསྒོམ་པར་དྲིལ། །སྒྲུབ་བསྟན་གྱི་རྒྱལ་མཚན་སྲིད་རྩེར་སྒྲེངས། །དོན་གཉིས་ལྡན་སྟན་ཐོག་འདི་རུ་མཛོད། །དེ་འགྲུབ་པའི་མཐུན་རྐྱེན་བླ་མ་དང་། །དཔལ་མ་མགོན་ལྕམ་དྲལ་ཚོགས་བཅས་ཀྱིས། །དུས་འབྲལ་མེད་རེ་བ་འགྲུབ་པར་མཛོད། །ཞེས་པ་འདི་ནི་སྤྱིར་བཀའ་བརྒྱུད་ཀྱི་ལྟ་སྒོམ་ལ་ཡིད་ཆེས་ཀྱི་ངེས་པ་ཅུང་ཟད་རྙེད་པ་དང་། ཆོས་གཟུགས་ཆོས་བཞིན་མི་བྱེད་པ་རྣམས་ཀྱི་སྤྱོད་པ་ལའང་ཡིད་སྐྱོ་བས་རྒྱུ་བྱས། རིང་མོ་ཞིག་ནས་ངོས་ཀྱི་རྗེ་དབོན་དང་། སྒྲུབ་དཔོན་བདེ་ཆེན་སོགས་ཀྱིས་འདི་ལྟ་བུའི་མགུར་ཞིག་དགོས་ཞེས་ཡང་ཡང་བསྐུལ་མ་བྱུང་བ་མ་ཟད། དེང་སྐབས་བཀའ་བརྒྱུད་གོང་མ་རྣམས་ཀྱི་མགུ་མཚོའི་སྤར་བསྐྲུན་གསར་དུ་བཀོད་པའི་རྒྱུ་རྐྱེན་ཕུན་ཚོགས་སྐབས་སླར་ཡང་ཆོས་ཁྲིམས་བླ་མ་སྒྲུབ་བརྒྱུད་བསྟན་དར་ནས་ནན་བསྐུལ་གྱི་ངོ་མ་ལྡོག་ཙམ་དུ། དཔལ་ཀརྨ་པའི་སྐྱེས་རབས་འཛིན་པ་བཅུ་དྲུག་པས་གང་ཤར་ཐོལ་བྱུང་དུ་སྨྲས་པའོ། །མངྒ་ལཾ།། ༈ །།བྱང་སེམས་བཀྲ་ཤིས་འོད་ཟེར་གྱི་རེ་ལྟོས་བླ་མ་ལས་མེད་པར་ཁོ་ཐག་ཆོད་པའི་རང་མཚངས་


KMC018_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་གྱི་ཚུལ་དུ་གདུང་གླུ་བཞེངས་པ་ནི། བདག་བློའི་སྙིང་གི་པདྨ་འདབ་བརྒྱད་ཟེའུ་འབྲུ་ཡི་གདན་གྱི། །དྭངས་མ་ལྔ་འདུས་ཐིག་ལེ་ཐབས་ཤེས་ཉི་ཟླ་ཡི་དཀྱིལ་ན། །སྐྱབས་གསུམ་ཀུན་འདུས་ངོ་བོ་བཀའ་དྲིན་མཚུངས་མེད་ཀྱི་འདྲེན་མཆོག །རྩ་བའི་བླ་མ་གང་དེ་འབྲལ་མེད་རྟག་པ་རུ་བཞུགས་ཤིག །ཕ་གཅིག་སངས་རྒྱས་ཀུན་འདུས་ཐུགས་མཆོག་དམིགས་མེད་ཀྱི་སྙིང་རྗེས། །བདེན་གཉིས་དམ་ཆོས་ཀུན་འདུས་ཟབ་མོ་གསུང་གསང་གི་བདུད་རྩི། །རིག་གྲོལ་དགེ་འདུན་ཀུན་འདུས་ཞི་སྐུ་ངུར་སྨྲིག་གི་རོལ་པས། །དངོས་སུ་བདག་ལ་སྩོལ་མཛད་རྩ་བའི་བླ་མ་དེ་མཁྱེན་ནོ། །ཡོན་ཏན་བཀོད་པ་ཕུན་ཚོགས་རྣམ་དག་རབ་འབྱམས་ཀྱི་ཞིང་ན། །སྟོབས་བཅུའི་ཡོན་ཏན་མངའ་བའི་སངས་རྒྱས་དུ་མ་ཞིག་བཞུགས་ཤིང་། །ཆོ་འཕྲུལ་རྣམ་པ་མང་པོས་ཆོས་སྒོ་མཐའ་ཡས་ཞིག་སྟོན་ཀྱང་། །མ་དག་ལས་ཀྱི་སྒྲིབ་པས་བདག་གིས་མཐོང་ཐོས་ཙམ་མི་


KMC018_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །གྲངས་མེད་རྒྱལ་བས་སྤངས་པའི་མི་མཇེད་འཇིག་རྟེན་གྱི་གནས་འདིར། །རྣམ་ལྔ་སྙིགས་མའི་ཡང་སྙིགས་ཉེས་པ་བརྒྱ་ཕྲག་གི་གོང་བུར། །དམན་པ་བདག་ལ་བརྩེ་བའི་སྙིང་སྟོབས་རྨད་བྱུང་གི་དཔའ་བོ། །སངས་རྒྱས་སྟོང་ལས་ལྷག་པའི་འདྲེན་མཆོག་བླ་མ་དེ་དྲན་ནོ། །དེ་ཡི་སྐུ་གསུང་ཐུགས་ཀྱི་ཐུན་མོང་རྣམ་ཐར་ཙམ་གཞིག་ཅིང་། །རང་གི་ལུས་ངག་ཡིད་ཀྱི་བསམ་སྤྱོད་མ་རུངས་པར་བརྟགས་ན། །དད་དང་སྐྱོ་བའི་དབང་གིས་མཆི་མ་དབང་མེད་དུ་འཁྲུགས་ཤིང་། །དབྱེར་མེད་གཅིག་ཏུ་ཐིམ་སྙམ་སྐབས་རེར་རྟོགས་པ་ཞིག་འཆར་རུང་། །ཀུན་དཀྲིས་ཉོན་མོངས་བཙན་པོས་ཤོག་དྲིལ་རང་ལམ་གྱི་དཔེ་ལྟར། །དུག་གསུམ་རྐྱེན་གྱིས་བཀར་བས་དམན་པ་རང་ས་རུ་ལུས་ཤིང་། །མི་དྲན་དགུ་དྲན་བསམ་པས་མི་བྱེད་དགུ་བྱེད་དུ་སྤྱོད་འདི། །དྲིན་ཅན་བླ་མས་དགོངས་ཏེ་བདག་ལ་ཆད་པ་ཞིག་ཐོང་མཛོད། །རྒྱུ་དང་མི་རྒྱུའི་ས་བཞིན་ཡོན་


KMC018_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཐམས་ཅད་ཀྱི་རྨང་གཞི། །གནང་བཀག་ཚུལ་བཞིན་སྤྱོད་པའི་ཚུལ་ཁྲིམས་ཁོ་ན་ལ་རག་ན། །སྣ་གཅིག་སྲུང་བ་མེད་པར་ཆོས་གོས་ལྷུང་བཟེད་ཅིག་བཟུང་ནས། །དགེ་སྦྱོང་ཡིན་མདོག་ཁ་ལ་བཀའ་བཀྱོན་མི་མཛད་པ་འདི་ཅི། །ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་པའི་དབང་པོ་ལས་སྐྱེས་ཤིང་། །ཐུབ་མཆོག་ཟབ་རྒྱས་སྤྱོད་པའི་རྒྱལ་སྲས་སེམས་དཔའ་ལས་འཁྲུངས་ན། །རང་འདོད་ཁོང་ལ་བཅུག་ནས་གཞན་ཕན་བཤད་ཡམ་དུ་ལུས་པའི། །རྒྱུ་མེད་འབྲས་བུར་འདོད་ལ་ཕྱག་འབེབས་མི་གནང་བ་ཅིག་འདི་ཅི། །ཐབས་མང་དཀའ་བ་མེད་པར་གསང་སྔགས་དབང་རྣོན་གྱི་ཁྱད་ཆོས། །དམ་ཚིག་ངོ་ལྐོག་མེད་པར་རིམ་གཉིས་ཟབ་མོ་ལ་བརྩོན་ན། །ཚེ་གཅིག་བར་དོའམ་སྟེ་སྐྱེ་བ་བཅུ་དྲུག་ལས་མེ་འདའ། །རྡོ་རྗེ་འཆང་དངོས་འགྲུབ་རུང་ཉམས་ལེན་དྭངས་མ་ནི་མི་གདའ། །ཆོས་བརྒྱད་སྲོག་ལྟར་གཉེར་བའི་ཕྱི་ཚུལ་ངུར་སྨྲིག་ལ་བརྫུ་


KMC018_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རང་རྒྱུད་གྱོང་རུང་ལུས་བཞིན་བླ་མའི་མིང་སྙན་དུ་རློམ་པ། །གཟིག་ལྤགས་བཀབ་པའི་བོང་ལྟར་ཐ་མ་རང་ཕུང་ལས་མེད་ན། །ད་ལྟ་ཉིད་དུ་བླ་མས་གནས་དབྱུང་མི་མཛད་པ་འདི་ཅི། །དལ་འབྱོར་ཐོབ་དཀའ་ཤེས་ཀྱང་དེ་ལས་སྙིང་པོ་ནི་མི་ལེན། །མི་རྟག་འཆི་བ་ཤེས་ཀྱང་ནམ་འཆི་ཆ་མེད་ནི་མི་དྲན། །བདེ་སྡུག་སྔོན་ལས་ཤེས་ཀྱང་དགེ་སྡིག་བླང་དོར་ནི་མི་བྱེད། །འཁོར་བ་སྡུག་བསྔལ་ངེས་ཀྱང་ངེས་འབྱུང་བསམ་པ་ནི་མི་འདུག །ཀྱི་ཧུད་བདག་འདྲའི་ཟོག་པོ་བཟང་མདོག་ཕྱི་ཚུལ་ཅན་འདི་ཡིས། །སྐལ་མཉམ་བསླུ་རེས་འདུག་གོ་ཤེས་ལྡན་སྐྱེ་བོ་དག་མཁྱེན་ལ། །ཁ་བཤད་མཁས་མཁས་ཚིག་དང་སྤྱོད་ལམ་མཛེས་མཛེས་ལ་མ་གཟིགས། །མི་བདེན་ངོ་མ་ཐག་ཆོད་ནང་མགོ་ཕྱིར་བཙོང་གི་སྙིང་གཏམ། །ཀྱེ་མ་བདག་གི་མགོན་གཅིག་མཁྱེན་བརྩེ་ནུས་གསུམ་ཀྱི་བདག་ཉིད། །མཁྱེན་པར་ཆགས་ཐོགས་མེད་ན་བདག་བློ་ལྐོག་གྱུར་འདི་མཁྱེན་


KMC018_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །བརྩེ་བར་ཉེ་རིང་མེད་ན་སྐྱོན་ཅན་བཏང་སྙོམས་སུ་མ་བཞག །ནུས་པ་དྲག་པོ་ཡོད་ན་མྱུར་བར་རྒྱུད་ངན་འདི་བརླག་མཛོད། །འདི་མུས་ངན་ལམ་བཏང་ན་སེམས་དཔའ་ཆེན་པོ་ནི་མཆོག་གིས། །འགྲོ་ཀུན་ཐར་པར་དྲངས་ཀྱང་མ་རུངས་ཁོ་བོ་ཅག་གཅིག་པུར། །ཆེད་དུ་འོ་བརྒྱལ་མཛད་དགོས་གཏིང་ཟབ་དམྱལ་བ་ཡི་དོང་ནས། །གདོན་དཀའ་འབྱུང་ངེས་འདུག་གོ་ལ་འུར་ཐུགས་རྗེ་འདིར་མ་ཆུང་། །རེ་ས་ཁྱེད་ལས་མེད་ན་གདུང་ཡུལ་མི་འབོད་ནི་ཀ་མེད། །བདག་ནི་དབང་མེད་ལགས་ན་ཉམས་ལེན་རྩལ་ཤེད་ནི་མ་རྫོགས། །ཉོན་མོངས་དབང་བཙན་འདི་ནི་ཡུལ་ལྔར་ཞེན་སྤྱོད་ཀྱི་བཏུང་བས། །ལུས་སྟོབས་རབ་ཏུ་བརྟས་ཏེ་བདག་ཉིད་བྲན་གཡོག་ལ་བཀོལ་འདུག །འདུལ་སྐྱོང་ཉིད་ཀྱིས་མཛད་པའི་ལང་ཚོ་དར་བ་ཞིག་བྱུང་ཞིང་། །དཔའ་བོ་འཐབ་པའི་ལག་ཆ་ཤེས་རབ་རལ་གྲི་ཞིག་གནང་ན། །ཕོ་ངན་སྟོང་བཤད་མིན་པའི་ཁ་


KMC018_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལག་ལེན་དུ་ཐེབས་ངེས། །འདི་བྱས་སྣེ་གཅིག་ཡོད་པའི་དམ་བཅའ་ད་ལྟ་ནས་འབུལ་ལོ། །ཞེས་པ་འདི་ནི་རང་གི་བསམ་སྦྱོར་ལ་ཡིད་མ་ཆེས་པའི་སྨྱོ་གླུ་དུ་ཚབ་ཏུ་བནྡེ་མངྒ་ལར་སྨིས་བྲིས་པ་དགེ། ༈ མཁན་ཆེན་བླ་མ་རིན་པོ་ཆེས་སྙིགས་དུས་ཀྱི་སྤྱོད་པ་ལ་ཡིད་སྐྱོ་ཞིང་གོང་མའི་རྣམ་ཐར་ངོ་མཚར་བའི་མགུར་གླུ་བཞེངས་པ་ནི། ན་མོ་གུ་རུ། གནས་རང་སྣང་རྣམ་དག་གི་ཞིང་ཁམས་སུ། །ཕ་རང་རིག་དོན་གྱི་བླ་མ་ལ། །བདག་འཁོར་འདས་རོ་སྙོམས་སུ་གསོལ་བ་འདེབས། །དོན་འཁོར་བ་དོང་སྤྲུགས་སུ་བྱིན་གྱིས་རློབས། །རྗེ་གསང་ཆེན་རིགས་གཅིག་དང་པོའི་མགོན། །དཔལ་དྲུག་པ་རྡོ་རྗེ་འཆང་ཆེན་ནས། །ཕ་བཀའ་བརྒྱུད་ཀྱི་རྣམ་ཐར་དྲན་ཙ་ན། །ཡིད་ངན་རྟོག་གི་རྒྱུ་བ་རང་སར་འགག །མཚན་སྙན་པའི་བ་དན་སྲིད་གསུམ་ཁྱབ། །མགོན་བཀའ་བརྒྱུད་གོང་མའི་ཞེན་ལོག་གིས། །རྟེན་དལ་འབྱོར་ཉིན་མོའི་སྐར་མ་འདིའི། །གནས་ལུས་དང་ལོངས་སྤྱོད་འབྱོར་པ་ཀུན། །སང་འཆི་བ་སྲོག་དང་བྲལ་བའི་ཚེ། །དཔེ་རྨི་


KMC018_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སད་པའི་ནངས་མོ་ལྟར་། །ཀུན་སློག་རུལ་བཞིན་དུ་བོར་ནས་སུ། །རང་གཅིག་པུར་གཤིན་རྗེའི་གྲོང་ཡུལ་དུ། །འཇིགས་ཉམ་ཐག་གི་སྡུག་བསྔལ་འབྱུང་གཟིགས་ནས། །དཔེ་རི་དྭགས་དགྲ་ལ་འཇིགས་པ་ལྟར། །དོན་ཆོས་བརྒྱད་ཀྱི་ཐལ་བ་རླུང་ལ་བསྐུར། །ཚེ་འདི་ལ་ཞེན་པའི་གདོས་ཐག་བཅད། །དེ་ཨེ་མ་ངོ་མཚར་མི་ཆེ་འམ། །དུས་དེང་སང་སྙིགས་མའི་སྐྱེ་བོ་ཀུན། །ཚེ་འདིར་སྣང་གི་ཞེན་པ་མེ་ལྟར་འབར། །ཆོས་གང་བྱས་ཆོས་བརྒྱད་ཀྱི་ཐོབ་ཤོར་བཀྱེ། །འཆི་བ་མི་རྟག་དེ་མ་དྲན་ཡིད་རེ་སྐྱོ། །དུས་སྐད་ཅིག་བསགས་པའི་ལས་ངན་གྱིས། །འབྲས་མནར་མེད་དམྱལ་བའི་སྡུག་བསྔལ་སོགས། །ལོ་སྟོང་ཕྲག་དུ་མར་མྱང་གཟིགས་ནས། །དཔེ་དུག་དང་འདྲེས་པའི་ཁ་ཟས་ལྟར། །གནས་ཕུན་ཚོགས་སྲིད་པའི་བདེ་འབྱོར་དང་། །ལས་འདོད་ཡོན་ལ་ཞེན་པའི་གདོས་ཐག་བཅད། །དེ་ཨེ་མ་ངོ་མཚར༴ དུས་དེང་སང་བདག་འདྲའི་ལས་


KMC018_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ངན་རྣམས། །གྲོགས་འདོད་ཡོན་སྤུ་གྲིའི་སྦྲང་རྩིར་ཆགས། །སྡིག་མི་དགེའི་དུག་ཆུ་སྨན་ལྟར་འཐུངས། །ལས་རྒྱུ་འབྲས་འདི་མི་སྲུང་ཡིད་རེ་སྐྱོ། །སྤྱིར་རིགས་དྲུག་འཁོར་བའི་རྒྱ་མཚོ་རུ། །སྡུག་བསྔལ་བའི་རྦ་ཀློང་རབ་ཏུ་འཁྲུགས། །ལས་མཐའ་མེད་ཀྱི་ཉེས་ཆེན་འདི་གཟིགས་ནས། །དཔེ་བྱ་རྒོད་རྒྱ་ལས་ཤོར་བ་ལྟར། །གནས་འཁོར་བ་ལ་ཞེན་པའི་གདོས་ཐག་བཅད། །དེ་ཨེ་མ་ངོ་མཚར༴ དུས་དེང་སང་བདག་འདྲའི་ཟོལ་པོ་ཀུན། །གཞི་འཁོར་བ་ལ་ཞེན་པ་མ་ལོགས་པས། །ཆོས་བྱས་ཚད་སྡུག་བསྔལ་གྱི་འབྲས་བུ་ཅན། །དོན་བསམ་ཚད་ཆགས་སྡང་འཕེལ་བའི་རྒྱུ། །བློ་ངེས་འབྱུང་འདི་མ་གོམས་ཡིད་རེ་སྐྱོ། །རྗེ་བཀའ་བརྒྱུད་གོང་མའི་གཞན་ཕན་གྱིས། །མཐའ་ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། །དྲིན་ཕ་མར་མ་གྱུར་གཅིག་ཀྱང་མེད། །དེས་ཚབས་ཆེན་གྱི་སྡུག་བསྔལ་མྱོང་གཟིགས་ནས། །དཔེ་དགྲ་སྟབས་མཁས་པའི་དཔའ་བོ་ཡི། །བུ་


KMC018_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་སྡུག་གཡུལ་དུ་ལུས་པ་འདྲའི། །བྱམས་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ནས། །མ་འགྲོ་བ་ཡོངས་ཀྱི་གཏན་དོན་མཛད། །རང་ཞི་བདེར་ཞེན་པའི་གདོས་ཐག་བཅད། །འདི་ཞེན་ལོག་སྒོམ་གྱི་རྐང་པར་བཞེད། །དེ་ཨེ་མ་ངོ་མཚར༴ དུས་དེང་སང་ཚུལ་འཆོས་བདག་འདྲ་རྣམས། །གདོན་བདག་འཛིན་གྱི་མགོ་འཕང་དགུང་བས་མཐོ། །ཆོས་ཁ་བཤད་ཀྱི་ལྷག་བསམ་འཇའ་ལྟར་ཡལ། །དོན་རང་རྒྱུད་དུལ་བ་བོང་བུའི་རྭ། །ཕྱོགས་དགྲ་གཉེན་ཆགས་སྡང་གི་འཁྲུལ་འཁོར་གྱིས། །ཁེ་གསོག་འཇོག་བུན་སྐྱེད་ཀྱི་མགོ་བསྐོར་སོགས། །བྱམས་སྙིང་རྗེའི་དྲི་ཙམ་རིང་དུ་བརླག །ལམ་བྱང་སེམས་འདི་མ་གོམས་ཡིད་རེ་སྐྱོ། །ཕ་བཀའ་བརྒྱུད་གོང་མའི་དག་སྣང་གིས། །རྗེ་བླ་མ་སངས་རྒྱས་དངོས་སུ་བལྟ། །བཀའ་གང་སྩལ་སྲོག་ལ་ཐུག་ཀྱང་སྒྲུབ། །རེས་འབྱོར་རྒུད་ཀྱི་སྐྱིད་སྡུག་ཅི་བྱུང་ཡང་། །བློ་གཅིག་ཆོད་ཀྱི་འདུན་པ་ལིང་གིས་བཀལ། །ལམ་


KMC018_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་བླ་མའི་རྣལ་འབྱོར་གྱིས། །དག་སྣང་གི་རྟོག་པ་ལམ་དུ་ཁྱེར། །ཆོས་ཕྱག་རྒྱ་ཆེན་པོ་འབད་མེད་རྟོགས། །འདི་མོས་གུས་སྒོམ་གྱི་མགོ་བོར་བཞེད། །དེ་ཨེ་མ་ངོ་མཚར༴ དུས་དེང་སང་བདག་འདྲའི་དྲེད་པོ་རྣམས། །ཆོས་ཟབ་དགུ་སྟོན་པའི་བླ་མ་ཡང་། །མི་ཕལ་པ་སོ་སོའི་སྐྱེ་བོར་བཟུང་། །ལས་དང་པོའི་དད་མོས་ཚབ་ཚུབ་ཀྱང་། །བློ་རང་མཚངས་ཐེ་ཚོམ་གྱི་ལིང་ཐོག་གིས། །ཡིད་མོས་གུས་ཀྱི་མིག་བཟང་རིམ་གྱིས་འགྲིབ། །སྒོམ་ལོ་ཟླ་བཞིན་རང་རྒྱུད་ཕྱི་ཕྱིར་གྱོང་། །ལས་དམུ་རྒོད་ཀྱི་ངན་སྤྱོད་ཡི་རེ་སྐྱོ། །རྗེ་གྲུབ་ཐོབ་ཡོངས་ཀྱི་ཟབ་ལམ་གྱིས། །ཆོས་འཁོར་འདས་ལམ་གྱི་སྣང་ལུགས་ཀུན། །གཤིས་ཡེ་བབས་ཀྱི་ཀློང་དུ་ཡིན་ལུགས་གཅིག །གཞི་མཐའ་བྲལ་ལྟ་བའི་སྒྲོ་འདོགས་བཅད། །དེ་ཨེ་མ་ངོ་མཚར༴ ཆོས་གང་ཤར་མི་འགོག་ཐབས་ཀྱི་ལམ། །དོན་སྟོང་ཆེན་ཤེར་ཕྱིན་ཡུམ་གྱི་ཀློང་། །ལམ་ཟུང་འཇུག་མཉམ་ཉིད་ཆེན་པོར་གདལ། །དེ་


KMC018_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ༴ བཟང་སྟོང་གསལ་བདེ་ཆེན་ཉམས་ཀྱི་འགྱུར། །གདངས་འགག་མེད་ཀྱི་ཆགས་ཞེན་རས་སུ་བོར། །གཤིས་བྱར་མེད་ཀྱི་རོ་སྙོམས་ཐང་དུ་ལྷུང་། །དེ་ཨེ་མ༴ ངན་ཚོགས་དྲུག་འཁྲུལ་རྟོག་གི་ཡོ་ལང་སོགས། །རྩལ་སྣ་ཚོགས་རིག་སྟོང་ཆོས་སྐུའི་འོད། །ལ་གཞི་གནས་ཟང་ཐལ་གྱི་ཀློང་དུ་ཟློ། །དེ་ཨེ་མ༴ ཡིད་ཉོན་མོངས་དུག་ལྔའི་སྐྱེས་བུ་དེ། །ལམ་གཏུམ་མོ་འབར་འཛག་གི་རྟ་ལ་དྲངས། །བབས་བདེ་ཆེན་གྱི་ཐང་དུ་ཁ་ཡན་གློད། །དེ་ཨེ་མ༴ སེམས་སྣང་གསུམ་དཀར་དམར་རླུང་གི་མགྲོན། །གནད་སྦྱོང་བ་བཞི་ལྡན་གྱི་རྟ་ལ་དྲངས། །རྩ་དབུ་མའི་ཐང་དུ་ཁ་ཡན་གློད། །དེ་ཨེ་མ༴ བཙན་འཁྲུལ་སྣང་ལས་ཀྱི་རྒྱལ་པོ་དེ། །སྐབས་གཏི་མུག་གཉིད་ཀྱི་རྟ་ལ་དྲངས། །གཤིས་འོད་གསལ་གྱི་ཐང་ལ་ཁ་ཡན་གློད། །དེ་ཨེ་མ༴ ལར་སྣང་གྲགས་རྟོག་ཚོགས་ཀྱི་རོལ་པ་ཀུན། །ལམ་སྨིན་གྲོལ་མགྱོགས་པའི་རྟ་ལ་དྲངས། །ཞིང་སྣང་སྲིད་དག་


KMC018_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཆེན་པོར་གློད། །དེ་ཨེ་མ༴ ཡུལ་འཁོར་འདས་སེམས་ཀྱི་རོལ་པར་ཤར། །སེམས་དམིགས་གཏད་ཀྱི་མཚན་མ་དབྱིངས་སུ་ཡལ། །དབྱིངས་ཟུང་འཇུག་གི་ཀློང་དུ་རྒྱ་ཡན་འབྱམས། །སྒོམ་མི་སྒོམ་བྱ་རྩོལ་བློ་ལས་འདས། །ལམ་གོལ་ཤོར་དང་བྲལ་བའི་ཕྱག་རྒྱ་ཆེ། །འདི་ཡེངས་མེད་སྒོམ་གྱི་དངོས་གཞིར་མཛད། །དེ་ཨེ་མ༴ ཕ་བཀའ་བརྒྱུད་གོང་མའི་སྤྱོད་ལམ་དུ། །གནས་གཡའ་བྲག་གངས་ཀྱི་ལྡིང་གུར་འགྲིམ། །གོས་རེག་འཇམ་གཏུམ་མོའི་བདེ་དྲོད་སྦར། །ཚོགས་ཟག་མེད་ཏིང་འཛིན་གྱི་ཟས་ལ་རོལ། །དེ་ཨེ་མ༴ རྫུན་ཀུན་རྫོབ་སྒྱུ་མའི་གྲོང་ཁྱེར་དུ། །ཡིད་རེ་དོགས་བདུད་ཀྱི་ཆོ་འཕྲུལ་ལ། །རིག་པ་རོ་སྙོམས་ཀྱི་བརྟུལ་ཞུགས་སྤྱོད། །དེ་ཨེ་མ༴ ཕྱི་འགལ་རྐྱེན་ཐོག་བབས་ཀྱི་ལྷོང་ཚད་དང་། །ནང་འཇིགས་སྐྲག་ཉམ་ངའི་འཕྲང་ཆེན་ལ། །སེམས་འཇིགས་བྲལ་ཐོག་རྫིས་ཀྱི་བརྟུལ་ཞུགས་སྤྱོད། །དེ་ཨེ་མ༴ ཡུལ་འཁྲུལ་སྣང་རྨི་ལམ་གྱི་རྒྱལ་ཁམས་


KMC018_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །བློ་གཟའ་གཏད་དང་བྲལ་བའི་རྣལ་འབྱོར་གྱིས། །ཉམས་ཐུག་ཕྲད་ཀྱི་སྣང་བ་ལམ་དུ་ཁྱེར། །སྐྱོ་དགའ་བྲོད་སྙེམས་བྱེད་ཀྱི་ཁུ་འཕྲིགས་དང་། །བདག་མཆོག་འཛིན་གྱི་རློམ་སེམས་ཨར་ལ་གཏད། །འདི་དགག་སྒྲུབ་དང་བྲལ་བའི་སྤྱོད་པར་བཞེད། །དེ་ཨེ་མ༴ ནང་འཁྲུལ་པའི་མཚངས་ཆེན་དབྱིངས་སུ་དིབ། །སེམས་ཆོས་སྐུའི་རྒྱལ་ས་ཟིན་པའི་རྟགས། །ཕྱི་སྣང་སྲིད་འཁོར་འདས་རང་དབང་སྒྱུར། །གསུང་མདོ་རྒྱུད་མན་ངག་གི་མགུར་དབྱངས་འཐེན། །སྐུ་རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན། །དམའ་དལ་འབབ་ཀྱི་ཆུ་ལ་ཉ་ལྟར་འཕྱོ། །བར་སྲ་མཁྲེགས་ཀྱི་རི་བྲག་ཟང་ཐལ་སྤྱོད། །མཐོ་དགུང་སྔོན་གྱི་དབྱིངས་སུ་བྱ་ལྟར་སྡིང་། །ཡ་མཚན་གྱི་གྲུབ་རྟགས་བསམ་ལས་འདས། །དེ་ཨེ་མ༴ མཆོག་གསང་ཆེན་ཐེག་པའི་མྱུར་ལམ་གྱིས། །གཤིས་འོད་གསལ་ཆོས་སྐུའི་སྒྲིབ་གཡོག་བྲལ། །ཚེ་གཅིག་ལ་ཟུང་འཇུག་གི་གཏན་སྲིད་བཟུང་། །ཕྲིན་


KMC018_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་འགྲོ་ཁམས་ཡོངས་ལ་ཁྱབ། །བཀའ་བརྒྱུད་པ་ནོར་བུའི་ཕྲེང་ཚོམ་ལྟར། །འདི་སངས་རྒྱས་སེམས་ལས་རྙེད་པར་བཞེད། །དེ་ཨེ་མ་ངོ་མཚར་མི་ཆེའམ། །ཆོས་ཟབ་དགུའི་ཁྱད་ཆོས་དེ་ལྟར་ཡང་། །ཀྱེ་མ་ལ་བདག་འདྲའི་ལས་ངན་རྣམས། །ཉིན་འཁྲུལ་སྣང་ཐོབ་ཤོར་གྱི་བྱ་བས་བྲེལ། །མཚན་གཏི་མུག་རོ་ཉལ་གྱི་དབང་དུ་སོང་། །སང་ཧུར་ཐག་དབུགས་ཀྱིས་བསྟུང་བའི་ཚེ། །དོན་འདི་གྲུབ་ཀྱི་འཛིན་མཚམས་གཅིག་ཀྱང་མེད། །ལས་ངན་གྱི་རྣམ་སྨིན་རི་བས་ལྗི། །བློ་ཕྱི་འགྱོད་ཀྱི་མྱ་ངན་མེ་ལྟར་འབར། །ལམ་ཕྱག་ཆེན་འདི་མ་བསྒོམས་ཡིད་རེ་སྐྱོ། །ད་ཚེ་འདིའི་ལྷག་མ་ཅུང་ཟད་འདི། །གནས་ཉམས་དགའ་དབེན་པའི་རི་ཀླུང་དུ། །ཕ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། །བདག་སྙིང་པོའི་དོན་ལ་འདྲིལ་བར་ཤོག །ཅེས་པ་འདི་ནི་ཁྱུང་པོ་བ་མཁྱེན་རབ་ཕུན་ཚོགས་ཀྱི་ངོར་ཕྱོགས་མེད་ཀྱི་རྒྱལ་ཁམས་ཉུལ་བའི་དུས་སུ་བནྡེ་མངྒ་ལས་ཉམས་མཚར་གྱི་ཚུལ་དུ་སྨྲས་པ་དགེ། ༈ །།མཁོ་


KMC018_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousདཔེ་ཐོག་བྲོ་བརྡུང་གོ་སྐམ་གྱི་སྣང་ཚུལ་སོགས་གང་དྲན་ཡི་གེར་བཏབ་པ་དང་མཚངས་སྟོན་པའི་གླུ་ཆུང་ནམ་མཁའི་མེ་ཏོག་གཞོན་ནུའི་ལྡིང་ཁང་།no next