Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
གཏོར་མའི་བསྲུང་འཁོར།
   
   
   
   
   
   
   
   
   
   
   
   
   


 
previousགཏོར་མའི་བསྲུང་འཁོར།next

གཏོར་མའི་བསྲུང་འཁོར།


KMC019_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་བསྲུང་འཁོར་བཞུགས་སོ། །མཆོད་བསྟོད་བསྡུས་པ་གཅིག་བྱའོ། །ལྷག་ཆད་བསྐང་ཞིང་ཁ་བསྐང་བྱའོ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་བརྟེན་པའི་གཏོར་མ་སྒྲུབ་པའི་དམ་རྫས་འདི་ལ་བརྟེན་པར་བཞུགས་མཛོད་ལ། །བླ་མ་ཡི་དམ་མཁའ་འགྲོ་ནོར་ལྷ་དང་བཅས་པ་ཐམས་ཅད་བཞུག་མཛོད་ལ་གཏོར་མ་རང་གི་བཞུགས་གནས་གཞལ་ཡས་ཁང་དུ་བྱིན་གྱིས་རླབས་ལ། བརྟེན་བཞུགས་བྱས་ཀྱང་རུང་། དེ་མིན་ན་བླ་མ་གཏོར་མའི་སྟོད་བླ་མ་བསྐྱེད། བར་དུ་ཡི་དམ་སྨད་དུ་ཆོས་སྐྱོང་བསྐྱེད་པ་བྱེད་པའང་སྣང་ངོ་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྱི་རོལ་དགྲ་བགེགས་ཐམས་ཅད་བསྒྲལ་བའི་ཕྱིར། །འདི་ནི་གནས་ཡིན་ཕོ་བྲང་གཞལ་ཡས་ཁང་། །འདིར་བཞུགས་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད། ཛཿཧཱུྃ་བཾ་ཧོཿ འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོད་ཟེར་འཕྲོས་པ་ནི། རང་ཡི་དམ་ལྷ་ཡི་ཐུགས་ཀ་ནས་མདུན་གྱི་མགོན་པོའི་ཐུགས་ཀར་སྤྲོ་བ་ཡིན། དཔལ་མགོན་པོའི་སྐུ་གསུང་


KMC019_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་ཕོག་མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཐུགས་ཀར་ཨཱཿལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཧཱུྃ་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་ཛ་ཧཱུྃ་བཾ་ཧོ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་མགོན་པོའི་སྤྱི་གཙུག་ཏུ་བབ་དབུ་མའི་ལམ་བརྒྱུད་མགོན་པོ་ཐུགས་ཀར་བདུད་རྩིའི་དངས་མ་སྐྱོགས་ཆེན་པོ་བཞིའི་གང་བ་དང་བཅས་པར་བདུད་རྩི་བཀུག་ནས་བསྟིམ། འདི་ནི་བདུད་རྩི་ཁ་གསོ་བའི་མན་ངག་ཡིག་ཆུང་ངོ་། །ཡེ་ཤེས་པའི་ཆོས་སྐྱོང་ཐམས་ཅད་ཀྱིས་གཟི་བརྗིད་འདི་ལ་ཆགས་པའི་ཚུལ་གྱིས་མགོན་པོ་དང་གཉིས་སུ་མེད་པར་དམིགས། ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་ཆོས་སྐྱོང་རྣམས་ཀྱང་སྲོག་གི་སྙིང་པོ་ཨོཾ་ཨཱཿཧཱུྃ་དང་ཡི་གེ་ཏྲི་ལ་སོགས་པ་ནུས་པ་གང་ཡོད་ཐམས་ཅད་གདུགས་ཀྱི་རྩིབས་ཏོག་ལ་འདུས་པ་ལྟར་དུ་ཞི་བའི་ཚུལ་དུ་ཡོད་པར་བསྒོམ། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །བསྒྲུབ་པ་བྱེད་པའི་


KMC019_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ། །བུ་བཞིན་སྐྱོང་བ་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་གནས་འདི་སྲུངས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡེ་དྷརྨ་སོགས་བརྗོད། ཐོད་པ་བདུད་རྩིའི་བཀང་ལ། ཨཱཿ ལས་ཟླ་བའི་ཁ་ཆོད་ལས་ཀྱི་མགོན་པོ་བྱ་རོག་གི་གདོང་པ་ཅན་གྲི་གུག་དང་ཐོད་ཁྲག་འཛིན་པ་སྤྲུལ་པའི་མགྱོགས་བྱེད་བྱ་རོག་ལ་ཆིབས་པ། ཀ་པཱ་ལ་ཙཀྲ་བྷྲུཾ། ཨ་ལས་བྷནྡྷའི་གུར་ཁང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཞིས་འཛེར་བ། སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ། དེ་རྒྱབ་ཉི་ཟླ་གའུ་ཁ་སྦྱོར་གྱི་གུར་ཁང་། སྣ་ཚོགས་རྡོ་རྗེའི་གུར་ཁང་། ཧཱུྃ་ཧཱུྃ་གི་དྲ་གུར། ཨོཾ་ལས་འཁོར་ལོ་དཀར་པོའི་གུར་ཁང་། ཧཱུྃ་ལས་རྡོ་རྗེ་སྔོན་པོའི་གུར་ཁང་། ཏྲཱཾ་ལས་རིན་པོ་ཆེ་སེར་པོའི་གུར་ཁང་། ཧྲཱིཿལས་པདྨ་དམར་པོའི་གུར་ཁང་། ཨཱཿལས་རྒྱ་གྲམ་ལྗང་གུའི་གུར་ཁང་། མི་གཡོ་བ་དཀར་པོ་རལ་གྲི་དང་སྡིགས་མཛུབ་མཛད་པའི་གུར་ཁང། རྟ་མགྲིན་དམར་པོ་པདྨ་དང་སྡིགས་མཛུབ་མཛད་པའི་གུར་ཁང་། ཕྱག་ན་


KMC019_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད་པའི་གུར་ཁང་། དེ་རྒྱབ་མེ་ཡི་ཁྲོ་བོ་ཁྲོ་མོ་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པའི་གུར་ཁང་། དེ་རྒྱབ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དམར་ནག་གཡོན་ངོས་སུ་ཀྱི་ལི་ལི་འབར་བའི་གུར་ཁང་དུ་གྱུར། བཛྲ་རཀྵ་རཀྵ་ཧཱུྃ་བྷྲུཾ། དེ་རྒྱབ་གུར་ཁང་དབྱེ་བའི་སྔགས་ནི། ཡཾ་རཾ་ཀེཾ་ཀཾ་ཀ་པཱ་ལ་ཙཀྲ་བྷྲུཾ་ཤག་ཕྱེས་ཤག་ཕྱེས་ཨུ་ཏིཥྛ་ཨུ་ཏིཥྛ་སསྦྷ་རཾ་སྭཱ་ཧཱ། ཅེས་པས་གཏོར་མའི་གུར་ཁང་ཐམས་ཅད་བདག་པོས་ལྡེ་མིག་གིས་སྒོ་ཕྱེས་པ་བཞིན་དུ་ཕྱེས་ནས་སོང་བར་དམིགས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱང་མདུན་གྱི་ནམ་མཁའ་ལ་བཏེགས་པར་དམིགས། ཡེ་ཤེས་པ་དང་ལས་ལས་གྲུབ་པའི་ཆོས་སྐྱོང་རྣམས་ཀྱང་མདུན་དུ་འཁོད་པར་དམིགས། དེའི་ངང་ལས་གཏོར་མའི་སྤེལ་སྦྱང་དང་ཕྲིན་ལས་ལ་འཇུག་པར་བྱའོ། །མ་ཏིརཏྣ་མཛད་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགཏོར་མའི་བསྲུང་འཁོར།next