Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
རིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ།
   
   
   
   
   
   
   
   
   
   
   


 
previousརིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ།next

རིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ།


KMC019_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བརྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ཁ་བསྐང་བ་ནི། སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས། ཡུམ་ཆེན་མོས་བྱིན་གྱིས་རློབས། །འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སོགས་རིགས་འགྲེ། བྱ་རྒོད་ཕུང་པོའི་རི་བོ་ན། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་སེང༴ རྒྱ་གར་འཇག་མའི་སྤྱིལ་པོ་ན། །ཨཱརྱ་དེ་བ༴ ལ་སྟོད་དིང་རིའི་གླང་འཁོར་ན། །དམ་པ་སངས་རྒྱས་བྱིན་རླབས༴ ཟངས་རི་མཁར་དམར་དགོན་པ་ན། །མ་གཅིག་ལབ་སྒྲོན༴ གཉེན་ས་དུར་ཁྲོད་དགོན་པ་ན། །ཁམ་བུ་ཡ་ལེ༴ གཡུ་ལོ་བཀོད་པའི་ཞིང་ཁམས་ན། །ཛྙཱ་ན་ཛྭ་ལ༴ གནམ་མཚོ་དོ་ཡི་ཕོ་བྲང་ན། །གནམ་མཚོ་ཆེན་པོ༴


KMC019_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་མདོ་བོ་ལུང་གི་གནས་མཆོག་ན། །རང་བྱུང་རྡོ་རྗེ༴ རང་བྱུང་མཉམ་ཉིད་རོལ་པ་ན། །གཡུང་སྟོན་ཆེན་པོ༴ ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ན། །རོལ་པའི་རྡོ་རྗེ༴ གནས་ནང་རྒྱལ་བའི་རི་ཁྲོད་ན། །རི་ཁྲོད་དབང་ཕྱུག༴ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ན། །མཁའ་སྤྱོད་དབང་པོ༴ འཁོར་འདས་གཉིས་མེད་ཕོ་བྲང་ན། །དེ་བཞིན་གཤེགས་པ༴ སྟོང་ཉིད་ཟབ་མོའི་དཀྱིལ་འཁོར་ན། །རིན་ཆེན་བཟང་པོ༴ བདེ་སྟོང་དབྱེར་མེད་ཕོ་བྲང་ན། །མཐོང་བ་དོན་ལྡན༴ གར་བཞུགས་ཆོས་སྐུའི་ཕོ་བྲང་ན། །འཇམ་དཔལ་བཟང་པོ༴ ཁམས་གསུམ་ཡོངས་སྒྲོལ་ཕོ་བྲང་ན། །ཆོས་གྲགས་རྒྱ་མཚོ༴ གང་ཤར་ཆོས་དབྱིངས་ཕོ་བྲང་ན། །འཇམ་དཔལ་རྒྱ་མཚོ༴ ཕྱོགས་མེད་གཉན་ས་རི་ཁྲོད་ན། །ཆོས་ཀྱི་རྒྱ་མཚོ༴ ཕྱོགས་མེད་ཡངས་པའི་དཀྱིལ་འཁོར་ན། །ཡངས་པ་བློ་བདེ༴ འགྱུར་མེད་ཆོས་སྐུའི་ཕོ་བྲང་ན། །དཔག་བསམ་དབང་པོ༴ བསླབ་གསུམ་རིག་


KMC019_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལྡན་པ་ཡི། །ཕུན་ཚོགས་བསྟན་འཛིན༴ བསྐྱེད་རྫོགས་ཟུང་འཇུག་ལྡན་པ་ཡི། །བསྟན་འཛིན་དར་རྒྱས༴ རིག་གནས་ཀུན་ལ་མཁས་པ་ཡི། །རིན་ཆེན་དབང་པོ༴ རྣམ་ཐར་སྒོ་གསུམ་ལྡན་པ་ཡི། །ཆོས་ཀྱི་དབང་པོ༴ མི་ཤིགས་ཐིག་ལེའི་དཀྱིལ་འཁོར་ན། །ཆོས་ཀྱི་དོན་གྲུབ༴ དོན་དམ་ཆོས་དབྱིངས་ཕོ་བྲང་ན༴ ཆོས་ཀྱི་འབྱུང་གནས༴ །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་བ། །བདུད་འདུལ་རྡོ་རྗེ༴ ༈ བདེ་ཆེན་འགྱུར་མེད་གཞལ་ཡས་ན། །པདྨ་ཉིན་བྱེད་༴ སྣ་ཚོགས་སྒྱུ་འཕྲུལ་རོལ་རྩེ་མཁན། །གཙུག་ལག་ཆོས་རྒྱལ་༴ སྐྱེ་མེད་སྙིལ་གྲལ་རིགས་ཀུན་གཙོ། །ཐེག་མཆོག་རྡོ་རྗེ་༴ གསང་བདག་དཔའ་བོ་འཇིགས་བྲལ་མགོན། །ཡོན་ཏན་རྒྱ་མཚོ་༴ སྲིད་ཞིའི་ཕུན་ཚོགས་ཀུན་གྱི་གཏེར། །མཁའ་ཁྱབ་རྡོ་རྗེ་༴ པདྨའི་ལྗགས་ལྡན་འགྲོ་བའི་མགོན། །པདྨ་དབང་མཆོག་༴ བཻ་རོའི་རྣམ་འཕྲུལ་སྒྲུབ་བརྒྱུད་བསྟན། །འཇམ་མགོན་དཔལ་


KMC019_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་༴ སངས་རྒྱས་ཀུན་འདུས་ཀརྨ་པ། །རིག་པའི་རྡོ་རྗེ་༴ དག་སྣང་ཕྱོགས་མེད་རི་ཁྲོད་ན། །མཆེད་གྲོགས་ཆོས་མཛད༴ ཐུགས་རྗེ་རྒྱུན་ཆད་མེད་པ་ཡི༴ ཡི་དམ་ལྷ་ཚོགས༴ །ཕྲིན་ལས་མུ་མཐར་ཁྱབ་པ་ཡི། །དཔའ་བོ་མཁའ་འགྲོ༴ བར་ཆད་དགྲ་དཔུང་ཟློག་པ་ཡི། །ཆོས་སྐྱོང་སྲུང་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །མ་གཅིག་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་སོགས་མ་རྒན་སེམས་ཅན་རྣམས། །བདག་འཛིན་བློ་ཡིས་ཐོང་པ་དང་། །སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། །སྙེམ་དང་བྲལ་བར་བྱིན་གྱིས་རློབས། །ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་


KMC019_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ།next