Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ།


 
previousགཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ།no next

གཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ།


KMC019_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཟབ་དོན་གཅོད་ཀྱི་མན་ངག་ལས། ཉམས་ཁྲིད་ཞག་བདུན་བཞུགས་སོ། ཆོས་ཉིད་སྤྲོས་བྲལ་ཕ་རོལ་ཕྱིན་པ་དང་། །དེ་དག་སྟོན་མཛད་རྒྱལ་ཡུལ་སྒྲོལ་མ་དང་། །ལམ་མཆོག་ཁྱད་འཕགས་མན་ངག་གཅོད་ཡུལ་དང་། །ཡེ་ཤེས་མཁའ་འགྲོ་མ་ཅིག་ཞབས་ལ་འདུད། །ཉམས་ཁྲིད་གདམས་པ་གུས་པས་བསྐུལ་བའི་ངོར། །ཡི་གེ་འབྲི་བ་གནང་བར་གསོལ་བ་འདེབས། །བྱིན་རླབས་ཐུགས་


KMC019_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཚིག་གི་དོན་རྟོགས་ནས། སྨོན་ལམ་དབང་གིས་འགྲོ་ཀུན་རྒྱལ་གྱུར་ཅིག །དེ་ལ་དང་པོ་དབང་དང་ངོ་སྤྲོད་ལེགས་པར་ཐོབ་པའི་གང་ཟག་དེས། དངོས་གཞི་ལམ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་གསུམ། སྤྱིའི་ཁྲིད་དུ་བཤད་པ། ཉམས་ཁྲིད་དུ་སྐྱོང་བ། ཞལ་གདམས་སུ་བསྟན་པའོ། །སྤྱིར་སྔར་བསྟན་ནས་འདིར་ཉམས་ཁྲིད་དེ། དེ་ལ་གཅོད་འདི་སྤྱིའི་ཤན་འབྱེད་ཡིན། རྟོགས་པའི་བོགས་འདོན་ཡིན། ལྷ་འདྲེ་དབང་སྡུད་ཡིན། དངོས་གྲུབ་རྣམ་གཉིས་འབྱུང་བ་ཡིན། སྐམ་ཐག་ཆུ་ནང་དུ་བཅད་པ་ཡིན་པས། སྙིང་ནས་རི་ཁྲོད་འགྲིམས་ཤིང་ཉམས་རྟོགས་རྒྱུད་ལ་སྐྱེ་བར་འདོད་ན། གཉན་ཁྲོད་མི་འགྲིམས་པ་དང་གཅོད་མི་བྱ་བའི་ཐབས་མེད། དེ་ལ་ཁྱད་པར་བཞི་དང་ལྡན་པས་འགྲོ་བ་བྱ་སྟེ། གང་དུ་འགྲོ་བ་གནས་ཀྱི་ཁྱད་པར། ནམ་འགྲོ་བ་དུས་ཀྱི་ཁྱད་པར། གང་འགྲོ་བ་གང་ཟག་གི་ཁྱད་པར། ཕྱིན་ནས་གང་ཉམས་སུ་ལེན་པ་གདམས་ངག་གི་


KMC019_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རོ། །དང་པོ་གཅོད་པའི་གནས་དུར་ཁྲོད་གནས་ཁང་ལ་སོགས་པ་འཇིགས་ཤིང་སྐྱི་གཡའ་བ་དང་། བྲེད་ཅིང་ཉམ་ང་བ། ཐེ་ཚོམ་དང་རྣམ་རྟོག་སྐྱེ་ནུས་པ་ཞིག་དགོས་ཏེ། དེ་མེད་ན་གཅོད་རྒྱུ་གང་ཡང་མེད་དོ། །དེ་ཡང་གནས་དེ་རུ་ཕྱིན་ནས་ལྷ་འདྲེ་ལ་དོ་མི་བཟློ། སྙད་མི་འཚོལ། དངོས་གྲུབ་དང་བྱིན་རླབས་ལ་མི་རེ་སྟེ། ཕྱི་འཇིགས་པའི་གནས་འདིར་འཇིགས་ཡུལ་ལྷ་འདྲེ་ལ་བརྟེན་ནས། ནང་འཇིགས་མཁན་གྱི་རྟོག་པ་རྩད་བཅད་པ་དེ་སྔར་སྤྱི་ཁྲིད་སྐབས་སུ་བཤད་ཟིན་ཏོ། །ནམ་འགྲོ་བ་དུས་ཀྱི་ཁྱད་པར་ནི། སྤྱིར་འཇིགས་ཤིང་སྐྲག་པ་དང་། ཉམ་ང་བག་ཚ་བྱུང་བའི་དུས་སུ་བྱེད། ཁྱད་པར་དུ་མཚན་མོ་ལྟ་བུ་ལ་ཟླ་གྲོགས་མེད་པར་གཅིག་པུར་འགྲོ་སྟེ། །ཟླ་བ་དང་ལག་ཆ་སོགས་གང་ལ་ཡང་སྙེམས་མེད་པའི་སེམས་ཐག་ཆོད་པར་བྱའོ། །གང་འགྲོ་བ་གང་ཟག་གི་ཁྱད་པར་ནི། དབང་གིས་སྣོད་རུང་དུ་བྱས་ལ། ངོ་སྤྲོད་ཀྱིས་ཅིར་


KMC019_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་སུ་ཐག་ཆོད་པ། གདམས་ངག་གིས་ཕྱི་ནང་གི་སྒྲོ་འདོགས་ཆོད་པ་འགྲོ་བར་བྱའོ། །དེ་ཡང་དང་པོ་གཅོད་ལ་འགྲོ་ནུས་བལྟ། བར་དུ་ཆོ་འཕྲུལ་བྱུང་ན་རོ་སྙོམས་བལྟ། ཐ་མར་སངས་རྒྱས་ཀྱི་ལམ་དུ་འགྲོ་མི་སོགས་ལེགས་པར་བལྟའོ། །དེས་ན་དང་པོ་ནི་གཅོད་ལ་འགྲོ་མི་ནུས་པ་ཐམས་ཅད་ཉམས་ལེན་གྱི་སྙིང་ཁམས་ཆུང་བས་ལན་པ་ཡིན་པས། སྙིང་ཁམས་བསྐྱེད་ནས་ཐོག་ཏུ་བཀལ་ན་མི་ནུས་པ་གང་ཡང་མེད་དེ། དཔེར་ན་རྨི་ལམ་དུ་ཆུ་དང་གཡང་ལ་སོགས་པའི་འཇིགས་སྣང་ཤར་བ་དང་འདྲ་སྟེ། སྣང་ཡང་བདེན་པར་འགྲུབ་པ་མེད་དོ། །གཉིས་པ་འཁོར་འདས་སེམས་སུ་མ་ཤེས་པས་ལན་པ་ཡིན་པས། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པའི་སེམས་བདེན་རྫུན་དང་བྲལ་ཙ་ན། གང་ལ་ཡང་འཇིགས་རྒྱུ་མེད་དོ། །དཔེར་ན་སྔར་འབག་མ་མཐོང་བའི་མི་ཞིག་འབག་ལ་འཇིགས་ཀྱང་། ཡང་ཡང་མཐོང་ན་མི་འཇིགས་པ་དང་འདྲའོ། །


KMC019_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གདམས་ངག་ཟབ་མོ་མ་ཐོབ་པས་ལན་པ་ཡིན་པས། གདམས་པ་ཟབ་མོ་ཐོབ་ནས་འཁོར་འདས་རིགས་དྲུག་གིས་བསྡུས་པའི་ཆོས་སྣ་ཚོགས་སུ་སྣང་ཡང་བདེན་པར་གྲུབ་པ་མེད་དོ། །དཔེར་ན་བོང་བུས་བརྡུངས་པ་དང་། རི་བོང་གིས་རྨུགས་པའི་ལོ་རྒྱུས་མེད་པ་བཞིན་ནོ། །བཞི་པ་སྙིང་རུས་མེད་པས་ལན་པ་ཡིན་པས། སྙིང་རུས་བསྐྱེད་ནས་ལུས་སྲོག་གཏོང་ནུས་ན་གང་ཡང་མི་ནུས་རྒྱུ་མེད་དེ། སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་ཆོས་ཚིག་རེའི་ཕྱིར་དུ་དཀའ་བ་སྤྱད་པ་ཡིན་ནོ། །བར་དུ་ཆོ་འཕྲུལ་རོ་སྙོམས་མི་སྙོམས་བལྟ་བ་ནི། བར་ཆད་དང་ཆོ་འཕྲུལ་བྱུང་ན་སེམས་ལ་འགྱོད་པ་སྐྱེའམ་མི་སྐྱེ་བལྟ། ན་ཚ་སྡུག་བསྔལ་བྱུང་ན་ལམ་དུ་ལོངས་སམ་མི་ལོངས་བལྟ། འགལ་རྐྱེན་དང་གདུག་རྩུབ་བྱུང་ན་རོ་སྙོམས་སམ་མི་སྙོམས་བལྟ་བའོ། །ཐ་མར་སངས་རྒྱས་ཀྱི་ལམ་དུ་འགྲོ་མི་འགྲོ་བལྟ་བ་ནི། ཡར་གོང་མའི་ཞབས་ཏོག་ཏུ་འགྲོ་འམ་མི་


KMC019_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བལྟ། མར་འོག་མའི་སྐྱོང་བྲན་དུ་འགྲོ་འམ་མི་འགྲོ་བལྟ། བར་དུ་རང་གི་ལྟ་བ་དང་རྟོགས་པའི་བོགས་ཐོན་ནམ་མི་ཐོན་བལྟ། སྟོང་ཉིད་སྙིང་རྗེའི་གྲོགས་སུ་འགྲོ་འམ་མི་འགྲོ་བ་ལྟ། དེ་རྣམས་དང་ལྡན་ན་གཅོད་ལ་འགྲོ། མི་ལྡན་ན་མི་འགྲོ །འགྲན་སེམས་དང་ཕོ་རུས་ཀྱི་སྒོ་ནས་མི་འགྲོ། ཁེ་གྲགས་དང་ལོ་འདོད་ཀྱི་ཕྱིར་མི་འགྲོ། རྙེད་པ་དང་བཀུར་སྟིའི་ཆེ་དུ་མི་འགྲོ། ཕོ་ཚོད་དང་རྒན་ཉམས་ལ་བརྟེན་ནས་མི་འགྲོ། འོ་ན་གང་གི་སྒོ་ནས་འགྲོ་ན། གཅོད་ཀྱི་གདམས་པ་ཚིག་གིས་མཐའ་ཆོད་པ། ཁྲིད་ཀྱི་ངོ་སྤྲོད་ཐོབ་པས་འཁོར་འདས་གཏན་ལ་ཕེབས་པ། སེམས་ཀྱི་དེ་ཉིད་མཐོང་བས་ཕྱི་ནང་གི་སྒྲོ་འདོགས་ཆོད་པ། ལུས་ཀྱི་བདག་འཛིན་ཐོངས་པས་འགལ་རྐྱེན་ལམ་དུ་ལོངས་པ་ཞིག་འགྲོ་བར་བྱའོ། །ཕྱིན་ནས་གང་ཉམས་སུ་བླང་བ་གདམས་པའི་ཁྱད་པར་ནི། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་པའི་དོན་ཉམས་ལེན་བདུད་ཀྱི་གཅོད་


KMC019_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། མལ་ས་གཉན་ས་རི་ཁྲོད། ལྟ་བ་ལྷ་མེད་འདྲེ་མེད། སྒོམ་པ་ཡེངས་མེད་སྒོམ་མེད། སྤྱོད་པ་རོ་སྙོམས་ཐོག་བརྫིས། རིམ་གྲོ་ཤ་ཁྱེར་ཁྲག་ཁྱེར། ཉམས་ལེན་ན་དགའ་ཤི་སྐྱིད། དམ་ཚིག་དགེ་མེད་སྡིག་མེད། འབྲས་བུ་གཉིས་མེད་ལྷུན་གྲུབ་སོགས་ལ་ཉམས་སུ་བླང་བར་བྱའོ། །དེ་ལ་ནུབ་དང་པོའི་ཉམས་ལེན་ནི། ལུས་པོ་སྦྱིན་པ་བཏང་བ། བདག་འཛིན་ཡུལ་ནས་འདོན་པ། ཕུང་པོ་གཟན་དུ་བསྐྱུར་བ་དང་གསུམ་ལས། དང་པོ་ལུས་སྦྱིན་བཏང་བ་ནི། རང་གི་ལུས་འདི་གཞོན་ཞིང་དར་ལ་བབ་པ། མཛེས་ཤིང་ཡིད་དུ་འོང་བ་ཞིག་ཏུ་གྱུར་བར་བསམ་ལ། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་དེ། དེ་མདུན་གྱི་ནམ་མཁར་བྱོན་ནས། གྲི་གུག་གིས་ལུས་ཀྱི་སྟོད་སྨད་མགོ་དང་ཡན་ལག་ཉིང་ལག་རྣམས་སོ་སོར་ཕྲལ་ཞིང་། ལྷུ་དང་དུམ་བུར་གཏུབས་ཏེ། ནང་ཁྲོལ་སྙིང་སོགས་ཕྱིར་བཏོན་ནས། མདུན་དུ་ཤའི་ཕུང་པོ་ཚངས་པའི་


KMC019_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་སླེབ་པ་ཙམ་སྤུང་། ཁྲག་ཕྱིའི་རྒྱ་མཚོ་ཙམ་བསྐྱིལ་ཏེ། དེ་རྗེ་བཙུན་མས་གང་ལ་གང་འདོད་དུ་བྱིན་གྱིས་བརླབ་ནས། རང་ལ་གནོད་པ་བྱེད་ཅིང་བར་ཆད་རྩོམ་པའི་ལྷ་འདྲེ་རྣམས་མདུན་དུ་བོས་པས། ནམ་མཁའི་ཁམས་གང་བ་ཙམ་དུ་བྱུང་བར་བསྒོམ་ཞིང་། དེ་རྣམས་ལ་བདག་གི་ལུས་འདིར་ཞེན་ཆགས་རྡུལ་རྩམ་ཡང་མེད་ཅིང་། དབང་ཆ་སྤུ་ཉག་མ་ཙམ་ཡང་མེད་པས། ལྷ་འདྲེ་རྣམས་རིངས་ན་གྲང་མོར་ཟོ། མི་རིངས་ན་ཚོས་ལ་ཟོ་བྱས་ཏེ། བློས་ལིང་གིས་བྱིན་ནས། ངག་ཏུ་ཡང་བརྗོད་པས། དེ་དག་དགྱེས་བཞིན་ཤ་ཁྲག་མ་ལུས་པ་ཧབ་དི་རི་རིར་ཟོས་པར་བསམ་ལ། སྟོས་མེད་ཀྱི་ངང་དུ་ཉོད་དེར་གློད། ཁྲེས་ཀྱིས་བོར་ལ་བཞག་སྟེ། ཉམ་ང་དང་འཇིགས་པ་བྱུང་རིམ་བཞིན་ལ་དེ་ལྟར་བྱ། དེ་ནས་སེམས་འདི་ནི་ཁྱེད་པས། ང་བདག་པོས་ཀྱང་མ་མཐོང་། ལུས་འདི་ནི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པར་བཏང་ནས་མེད། ད་ང་ལ་ནི་


KMC019_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ཁ་ཏ་དང་། གཉེར་ཁ་ཉ་ར་བདག་འཛིན་བྱ་དགོས་པ་མི་འདུག་སྙམ་པའི་ངང་ལ་བཞག་གོ །གཉིས་པ་བདག་འཛིན་ཡུལ་ནས་འདོན་པ་ནི། དེ་ལྟར་སྦྱིན་པར་བཏང་བའི་སྣང་ཙམ་གྱི་ལུས་འདི་འགྲོ་རུང་། སྡོད་རུང་། ཉལ་རུང་། བདག་པོ་མེད་པའི་ཁང་སྟོང་ངམ། དུར་ཁྲོད་དུ་བོར་བའི་མི་རོའམ། ལམ་ཁར་བོར་བའི་ས་རྡོ་བཞིན་དུ་སྣང་མེད། ཞེན་མེད། འཛིན་མེད། ལྟོས་མེད། བདག་མེད། དགོས་མེད། བདེན་མེད་ཀྱི་ངང་དུ་བཞག་གོ །གསུམ་པ་ཕུང་པོ་གཟན་དུ་བསྐྱུར་བ་ནི། ལུས་འདི་ལ་ན་ཚ་དང་གནོད་པ་བརྡུངས་བརྡེགས་སོགས་ཅི་བྱས་ཀྱང་འཛིན་པ་མེད། ལུས་འདི་ངའི་མིན། ང་ལ་མི་དབང་། ངས་བདག་ཏུ་མི་བཟུང་། ཁྱོད་རང་ལ་དབང་བ་ཡིན་པས། ཅི་དགའ་བར་ལོངས་སྤྱོད་ཅིག །དམྱལ་བར་བསྐྱུར་ནའང་བསྐྱུར་སྙམ་པ་བྱས་ལ། རེ་དོགས་གང་ཡང་མི་བྱའོ། །རྗེས་ལ་བདག་དང་ལྷ་འདྲེ་གཅོད་བྱེད་དང་གསུམ་ཡིད་ལ་


KMC019_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པར་སྟོང་པ་གསུམ་གྱི་ངང་ལ་གང་དགར་བཞག །དེ་ལྟར་བྱས་པས་ཚོགས་རྫོགས། སྒྲིབ་པ་དག །ལན་ཆགས་བྱང་། ལུས་ཀྱི་བདག་འཛིན་ཐོངས་ཏེ། སེམས་ཀྱི་དེ་ཉིད་རྟོགས་པར་འགྱུར་རོ། །ནུབ་གཉིས་པའི་ཉམས་ལེན་ནི། དང་པོ་གཅོད་པ་ལ་འགྲོ་ཙ་ན། ངོ་སྤྲོད་ལ་བརྟན་པ་ཐོབ་པ། ཉམས་ལེན་གྱིས་བློ་བསྐྱུར་ཆེ་བ། བདེ་སྡུག་ལ་ཐོག་བརྫིས་ནུས་པ་དང་གསུམ་ཚང་བ་ཞིག་དགོས་ཏེ། དང་པོ་ནི་སྔོན་འགྲོས་ངོ་སྤྲོད་ཀྱི་སེམས་ལེགས་པར་འཕྲོད་པར་བྱས་ལ། དོ་ནུབ་ཆོ་འཕྲུལ་དང་བར་གཅོད་ཅི་བྱུང་ཡང་སྐྱེ་མེད་སེམས་ཀྱི་ཆོ་འཕྲུལ་ཡིན། དེ་བས་འཁོར་འདས་རིགས་དྲུག་གིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་སེམས་ཀྱིཆོ་འཕྲུལ་ཡིན། དོན་ལ་བདེན་པར་གྲུབ་པ་གཅིག་ཀྱང་མེད་སྙམ་དུ་ཤེས་པར་བྱའོ། །གཉིས་པ་ནི་ཉམས་དང་རྟོགས་པའི་གདེང་བཟང་པོས་འགལ་རྐྱེན་དང་བར་ཆད་ཅི་བྱུང་ཡང་ཉམ་ང་བག་ཚ་མེད་པར་རྟོགས་པ་དང་


KMC019_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཤེས་ཀྱིས་བདེན་མེད་དུ་རྟོགས་པའི་ཆུ་ལ་རལ་གྲི་བརྒྱབ་པ་ལྟར་གོ་བར་བྱའོ། །གསུམ་པ་ནི་བདེ་སྡུག་ཅི་བྱུང་ཡང་འདི་དག་ཐམས་ཅད་ཀུན་རྫོབ་ཡིན། བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། སྒྱུ་མའི་དཔེ་བཅུ་དྲུག་དང་འདྲ་བ་ཡིན་སྙམ་དུ་ཤེས་པར་བྱས་ལ་འགྲོ་བར་བྱའོ། །སླེབ་ནས་ཉམས་ལེན་ནི། ཕྱི་འཇིགས་ཡུལ་གྱི་ལྷ་འདྲེ་རྩད་བཅད་པ། ནང་འཇིགས་མཁན་གྱི་རྣམ་རྟོག་རྩད་བཅད་པ། བར་འཇིགས་པའི་ངོ་བོ་རྩད་བཅད་པ་དང་གསུམ་ལས། དང་པོ་ནི་འཇིགས་ཡུལ་གྱི་ལྷ་འདྲེ་དེ་དང་པོ་གང་ནས་འོངས། བར་དུ་གར་གནས། ཐ་མར་གར་འགྲོ་བལྟ། ལྷ་འདྲེ་དེའི་དབྱིབས་གྲུ་བཞིའམ། ཟླུམ་པོ་སོགས་ཅི་འདྲ་འདུག་བལྟ། ཁ་དོག་དཀར་དམར་སོགས་ཅི་འདྲ་འདུག་བལྟ། མིག་གིས་ལྷ་འདྲེའི་གཟུགས་ལ་བལྟ། རྣ་བས་སྒྲ་ལ་ཉན། སྣས་དྲི་ལ་བསྣོམ། ངག་ཏུ་གཏམ་སྨྲ། ལག་ཏུ་འདྲེ་བཟུང་ལ་ཅི་འདྲ་འདུག་བལྟ། དེ་ལྟར་


KMC019_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པས་མ་རྙེད་པ་དང་སྟོང་པའི་ངང་དུ་བཞག་གོ །གཉིས་པ་འཇིགས་མཁན་གྱི་རྣམ་རྟོག་དེ་ཡ་གི་སྤྱི་བོའི་གཙུག་ནས་མ་གི་རྐང་པའི་མཐིལ་ཡན་ཆད་ཕྱི་ནང་གསང་གསུམ་གང་དུ་འདུག །འཇིགས་མཁན་དེའི་དབྱིབས་དང་ཁ་དོག་སོགས་ཅི་འདྲ་འདུག་ལྟས་པས། མ་རྙེད་པ་དང་སྟོང་པའི་ངང་ལ་བཞག་གོ །བར་འཇིགས་པའི་ངོ་བོ་རྩད་བཅད་པ་ནི། འཇིགས་པ་ཞེས་བྱ་བའི་ངོ་བོ་དེ་འདྲ་ཅི་འདྲ་ཞིག་འདུག །གནས་གང་ན་འདུག །དབྱིབས་དང་ཁ་དོག་ཅི་འདྲ་འདུག་ལྟ། དེ་ལྟར་བལྟས་པས་ཕྱི་ནས་འཇིགས་ཡུལ་མ་རྙེད། ནང་ནས་འཇིགས་མཁན་མ་རྙེད། བར་ན་འཇིགས་པའི་ངོ་བོ་མ་རྙེད་པ་དེ། ཡོད་ན་རྙེད་འོངས་པ་ལ། མེད་ནས་མ་རྙེད་པ་ཡིན་པས། དེའི་ངང་ལ་འབོལ་ལེར་བཞག་གོ །ནུབ་གསུམ་པའི་ཉམས་ལེན་ནི། དང་པོར་གཅོད་ལ་འགྲོ་ཙ་ན། ལྟ་བའི་རྦད་ཁམས་ཆེ་བ། སྒོམ་པའི་ཉམས་དང་ལྡན་པ། སྤྱོད་པའི་སྙིང་ཁམས་ཆེ་བ་དང་


KMC019_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ངང་ནས་འགྲོ་སྟེ། དེ་ལ་ལྟ་བའི་རྦད་ཁམས་ཆེ་བ་ནི། ཡར་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱང་དོན་དམ་པར་བདེན་པར་གྲུབ་པ་མེད། མར་དམྱལ་བའི་ཚེ་ཚད་དང་། ལུས་ཚ་གྲང་གི་སྡུག་བསྔལ་ཡང་དོན་དམ་པར་བདེན་པར་གྲུབ་པ་རྡུལ་ཙམ་ཡོད་མ་མྱོང་སྙམ་པ་བྱའོ། །སྒོམ་པའི་ཉམས་དང་ལྡན་པ་ནི། སྔར་ངོ་སྤྲོད་ཀྱི་སྐབས་སུ་ངོ་སྤྲད་པའི་ཉམས་ལེན་དང་མ་བྲལ་བར་བྱས་ལ། མཉམ་གཞག་ཏུ་ཆོས་ཐམས་ཅད་ནམ་དུ་ཡང་མེད་པ་སྟེ། སྣང་བ་ཙམ་ཡང་མེད་པ་ནམ་མཁའི་དཀྱིལ་ལྟ་བུ། རྗེས་ཐོབ་ཏུ་སྣང་བ་ཙམ་ཡོད་ཀྱང་། དེ་བདེན་པ་མེད་པ་རྨི་ལམ་སྒྱུ་མ་ལྟ་བུ་ཤེས་པར་བྱའོ། །སྤྱོད་པའི་སྙིང་ཁམས་ཆེ་བ་ནི། ན་ཚ་སྡུག་བསྔལ་འགལ་རྐྱེན་བར་ཆད་གདུག་རྩུབ་ལ་སོགས་ཅི་བྱུང་ཡང་ཉམ་ང་བག་ཚ་མེད་པ། ཐེ་ཚོམ་སོམ་ཉི་མེད་པ། སྤང་བླང་དགག་སྒྲུབ་མེད་པ། རེ་དོགས་ཚམ་ཚོམ་མེད་པར་ལུག་ཁྱུའི་ནང་དུ་སྤྱང་ཀི་རྒྱུག་པ་


KMC019_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནམ། རི་དྭགས་དབུས་སུ་སེང་གེ་མཆོངས་པ་བཞིན་ཉམ་ང་བག་ཚ་མེད་པར་འགྲོ་བ་ཡིན་ནོ། །སླེབ་ནས་ཚིག་གསུམ་པོ་འདི་ཉམས་སུ་ལེན་པར་བྱ་སྟེ། དེ་ལ་ལྷ་འདྲེ་ལ་བརྟེན་ནས་རྣམ་རྟོག་རྩད་བཅད་པ། འཇིག་པ་ལ་བརྟེན་ནས་བདག་འཛིན་རྩད་བཅད་པ། བར་ཆད་ལ་བརྟེན་ནས་འཁོར་འདས་རྩད་བཅད་པ་དང་གསུམ་ལས། དང་པོ་ལྷ་འདྲེ་ལ་བརྟེན་ནས་རྣམ་རྟོག་རྩད་བཅད་པ་ནི། འདི་ལྟར་སེམས་ཉིད་ད་ལྟ་ཡང་དངོས་པོ་ཡོད་མ་མྱོང། ཕྱིས་ཀྱང་དངོས་པོ་སྐྱེ་མི་སྲིད་པས། དེས་ན་སེམས་ཉིད་འདི་འདྲ་ནི་ཁྱོད་བས་ང་བདག་པོས་ཀྱང་མ་ཤེས་ན། འདྲེ་ཁྱོད་ཀྱིས་རྙེད་ན་ཚོལ་ཞིག་བྱས་ལ། འདྲེ་དེ་ནག་པོ་ཆེན་པོ། ཡོར་ནག་པོ་ཆེན་པོ། ཡོར་ཡོར་པོ། འཇིགས་སུ་རུང་བ། རྐང་ལག་མང་པོ། མཚོན་ཆ་སྣ་ཚོགས་ཐོགས་པ་ཞིག་བསྐྱེད་ལ། དེས་རང་ལ་གནོད་པ་སྣ་ཚོགས་སྐྱེལ་པར་བསྒོམ། སེམས་དངོས་མེད་ལ་ཕན་གནོད་འདུག་


KMC019_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གམ་མི་འདུག་བལྟ། སེམས་དངོས་མེད་དེ་དངོས་པོར་འགྱུར་རམ་མི་འགྱུར་བལྟ། ལྷ་འདྲེ་བདེན་པར་འདུག་གམ་མི་འདུག་བསྟ་བར་བྱའོ། །གཉིས་པ་འཇིགས་པ་ལ་བརྟེན་ནས་བདག་འཛིན་རྩད་བཅད་པ་ནི། འཇིགས་པ་བྱུང་ན་དེ་བས་ཀྱང་འཇིགས་ཤིང་། ཉམ་ཇེ་ང་དང་བག་ཇེ་ཚ་ལ་བཏང་། དེ་ལ་བརྟེན་ནས་འགྱུ་བྱེད་ཀྱི་ཤེས་པ་དངོས་མེད་འདི་རྙེད་དམ་མི་རྙེད་བལྟ། འཇིགས་པའི་མཁན་པོ་དང་འཇིགས་པའི་རྒྱུ་ཅི་འདྲ་ཞིག་འདུག་ལྟ་བར་བྱའོ། །གསུམ་པ་བར་ཆད་ལ་བརྟེན་ནས་འཁོར་འདས་རྩད་བཅད་པ་ནི། བར་ཆད་ཡོང་གི་དོགས་པ་དང་། མི་ཡོང་དུ་རེ་བ་དང་། བྱུང་བའི་བར་ཆད་དངོས་དང་བཅས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། དེ་བས་འཁོར་འདས་གཉིས་ཀྱང་སེམས་ཀྱིས་བྱས་པ་ཡིན། འཁོར་བར་འཁྱམས་ཀྱི་དོགས་དང། སངས་རྒྱས་ཐོབ་ཏུ་རེ་བ་ལ་སོགས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། འཁོར་འདས་


KMC019_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བར། བདེ་སྡུག་གཉིས་ཀྱི་བར། འཇིགས་མི་འཇིགས་གཉིས་ཀྱི་བར་ན་རེ་དོགས་ཀྱིས་རྟོག་འགྱུ་ཙམ་ལས་མེདཔས། དེ་གཏན་ལ་འབེབ་ཅི་ཐུབ་བྱ། གཉན་སར་ཉལ་དུ་འགྲོ་བ་དེ། འདྲེ་ཡོང་ནས་ཉལ་དུ་འགྲོ་བ་མིན། འདྲེ་ལ་དོ་བདེ་རུ་འགྲོ་བ་མིན། ཕྱི་འཇིགས་པའི་ཡུལ་ལ་བརྟེན་ནས། ནང་འཇིགས་མཁན་གྱི་རིག་པ་དེ་རྩད་བཅད་པ་ཡིན། སྙད་འདྲེ་ལ་བཏགས་ནས། ནང་འདྲེ་འཛིན་གྱི་ཤེས་པ་གཏན་ལ་འབེབ་པ་ཡིན་ནོ། །ནུབ་བཞི་པའི་ཉམས་ལེན་ནི། དང་པོ་གཅོད་ལ་འགྲོ་ཙ་ན། ཆེ་བ་གསུམ་དང་ལྡན་པས་འགྲོ་བ་བྱ་ཞེས། བྱིན་རླབས་ཀྱི་རྒྱབ་ཚན་ཆེ་བ། གདམས་པའི་ཆོས་རྒྱུས་ཆེ་བ། ལུས་སྲོག་གི་གཏོང་ཕོད་ཆེ་བ་དང་གསུམ་ལས། དང་པོ་བྱིན་རླབས་ཀྱི་རྒྱལ་མཚན་ཆེ་བ་ནི། སྤྱིར་བླ་མ་དཀོན་མཆོག་ལ་མོས་གུས་གདུང་བས་སྐྱབས་འོག་ཏུ་ཚུད་ཤིང་། བྱིན་རླབས་ཞུགས་པ་ཞིག་དགོས་ལ། ཁྱད་པར་དུ་གཅོད་ལ་འགྲོ་བའི་ཚེ།


KMC019_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ལྷ་འདྲེ་དང་བར་ཆད་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། འགལ་རྐྱེན་དང་བར་ཆད་བདེ་སྡུག་རོ་སྙོམས་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ན་ཚ་དང་སྡུག་བསྔལ་དགེ་སྦྱོར་གྱི་གྲོགས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་ནས། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས་པ་ཐམས་ཅད་མཎྜལ་དུ་བློས་ལིང་གི་འབུལ་ཏེ། དུས་དོ་ནུབ་ནས་ལུས་ངག་ཡིད་གསུམ་བདག་ལ་མི་དབང་ཞིང་། བླ་མ་དཀོན་མཆོག་ལ་འབུལ་བ་ཡིན་པས། མཐོར་གཏོང་། དམར་གཏོང་། གང་ན་ཅི་བྱེད་བླ་མ་དཀོན་མཆོག་རང་མཁྱེན་སྙམ་པ་བྱའོ། །གཉིས་པ་གདམས་པའི་ཆོས་རྒྱུས་ཆེ་བ་ནི། སྤྱིར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་དང་། བྱེ་བྲག་བདེ་སྡུག་ལམ་ཁྱེར་གྱི་གདམས་པ། ཁྱད་པར་དུ་ཟབ་མོ་གཅོད་ཀྱི་མན་ངག་སོགས་ལ་ཐོས་པ་ཆེ་བ། ཐོས་དོན་ཁོང་དུ་ཆུབ་ཅིང་རྒྱུད་ལ་གོམས་པར་བྱས་ནས།


KMC019_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་དང་གདུག་རྩུབ་ཅི་བྱུང་ཡང་ནང་རིག་པ་སེམས་ཀྱི་ཆོ་འཕྲུལ་ཡིན། ཕྱི་ནང་གང་དུའང་བདེན་པར་གྲུབ་པ་སྐད་ཅིག་ཀྱང་མེད་སྙམ་པ་བྱའོ། །གསུམ་པ་ལུས་སྲོག་གི་གཏོང་ཕོད་ཆེ་བ་ནི། གཅོད་ལ་ཕྱིན་ན་ན་ཚ་དང་བར་ཆད་སྡུག་བསྔལ་འཇིགས་སྐྲག་སོགས་མི་འབྱུང་ངམ་སྙམ་པའི་སྔོན་དུ་རྣམ་རྟོག་གི་དོགས་པ་མི་བྱ་བར། གཅོད་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་གསུངས་པ་ཡིིན། ཨ་མ་ཇོ་མོ་ལ་སོགས་པའི་གྲུབ་ཐོབ་ཐམས་ཅད་ཀྱང་ལམ་འདི་ལ་བརྟེན་ནས་རྟོགས་པ་འཁྲུངས་ཤིང་ཡོན་ཏན་སྐྱེས་པ་ཡིན། ཀུན་རྫོབ་ཏུ་ལུས་བཞི་འདུས་ཀྱི་ཕུང་པོ་འདི་སྐྱེས་ནས་འཆི་བ་ལས་མ་འདས་པས་ན། འཆི་བའི་མཚོན་ཐོགས་པའི་སྐྱེས་བུ་སྟོང་གིས་བསྲུངས་ཀྱང་མི་ཐུབ། དོན་དམ་པ་ལ་ནི་བདུད་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་ཡང་བར་གཅོད་དང་གནོད་པ་སྐྱེལ་མི་ནུས། ལུས་མི་གཙང་བའི་


KMC019_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ། རྣག་ཁྲག་གི་རྐྱལ་པ། ཆུ་སེར་གྱི་གོང་བུ། ངར་སྣབ་ཀྱི་སྡོང་པོ་འདིས་ཅི་བྱེད། འདྲེ་ཁྱོད་ལ་དགོས་ན་ད་ལྟ་ཉིད་དུ་ཁྱེར་ཅིག །སྤྱིར་འགྲོ་དྲུག་ཡོངས་ཀྱི་གླུད་དུ་བསྔོ། སྒོས་ལྷ་འདྲེ་ཁྱོད་ཀྱི་དོན་དུ་གཏོང་བ་ཡིན་པས། ལུས་འདིར་ཆགས་ཞེན་ཏིལ་འབྲུ་ཙམ་ཡང་མེད་སྙམ་པ་བྱ་སྟེ། སྙེམས་མེད་ཞེན་མེད་དུ་བསྐྱུར་ནས་འགྲོ་བར་བྱ། །སླེབ་ནས་ཉམས་ལེན་ནི། ལྟ་བ་སྟོང་ཉིད་དུ་ཐག་བཅད་པ། སྒོམ་པ་དྲན་མེད་ཀྱི་ངང་དུ་འཇོག་པ། སྤྱོད་པ་བདེ་སྡུག་ཐམས་ཅད་རོ་སྙོམས་པ་དང་གསུམ་ལས། དང་པོ་ལྟ་བ་ཞེས་བྱ་བ་ཡུལ་སྟོང་ཉིད་ལ་བལྟ། ལྟ་མཁན་སེམས་རིག་པ་དངོས་མེད་འདིས་བལྟ། ལྟ་ཡུལ་སྤྱིར་གང་ལའང་མི་དམིགས་པ་ལ། བློས་གང་དུའང་མི་འཛིན་པར་ཡུལ་ཅན་སྟོང་པའི་དབྱིངས་སུ་འཇོག་སྟེ། དེའི་ངང་ལ་ལྷ་འདྲེ་དང་བར་ཆད། གདུག་རྩུབ་དང་མཐོ་འཚམས་པ་སོགས་གང་བྱུང་ཡང་གནོད་པའི་འདྲེར་མི་བལྟ། མི་འཛིན།


KMC019_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྒོམ། ཕན་པའི་ཆོས་དང་གདམས་ངག །སྐྱོབ་པའི་ལྷ་དང་བླ་མ་སོགས་ལ་མི་བལྟ་བར། སྐྱེ་མེད་སྟོང་པ་དངོས་མེད་ཅི་ཡང་མ་གྲུབ་པའི་ངང་དུ་འཇོག་གོ །གཉིས་པ་སྒོམ་པ་དྲན་མེད་ཀྱི་ངང་དུ་འཇོག་པ་ནི། ཆོ་འཕྲུལ་ཅི་བྱུང་ཡང་འདྲེར་འཛིན་དང་འཇིགས་པའི་རྟོགས་པ་མི་བྱ། འགལ་རྐྱེན་དང་བར་ཆད་སོགས་མི་མཐུན་པ་ཅི་བྱུང་ཡང་། དེའི་རྗེས་སུ་མི་མནོ། མི་འགྱུ། མི་དྲན། མི་བསམ་པར་བརྗེད་དུ་བཅུག་སྟེ་རང་ཡལ་རང་གྲོལ་གྱི་ངང་དུ་བཞག །དེ་ལྟར་བྱས་ཀྱས་མ་ཕན་ན། དེའི་རྩད་བཅད་དེ་མཐར་ཐུག་རང་བཞིན་མེད་པའི་ངང་ལ་བཞག་གོ །གསུམ་པ་སྤྱོད་པ་བདེ་སྡུག་རོ་སྙོམས་པ་ནི། འཇིགས་ཤིང་ཡ་ང་བ་དང་། བྲེད་ཅིང་སྐྲག་པའི་ཉམ་ང་བག་ཚ་སོགས་བྱུང་ན། སྔར་ལས་བརྒྱ་འགྱུར་གྱི་འཇིགས་པ་ཆེ་བར་བསྒོམ་སྟེ། འཇིགས་པ་དང་གང་འཇིགས་པའི་ངོ་བོ་ལ་ཅེར་གྱིས་བལྟ་ལ། དེ་གང་ནས་བྱུང་། གང་ན་གནས། ཅི་འདྲ་འདུག་རྐྱང་


KMC019_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

དེད་བྱེད་ནས་རྩད་བཅད་དེ། མ་རྙེད་ན་དེའི་ངང་ལ་བཞག་པས་འཇིགས་པ་རང་གྲོལ་དུ་འགྲོའོ། །ནུབ་ལྔ་པའི་ཉམས་ལེན་ནི། དང་པོ་གཅོད་ལ་འགྲོ་ཙ་ན། ཉམས་དང་ལྡན་པས་འགྲོ་བར་བྱ་སྟེ། ཕྱིའི་གཅོད་ཡུལ་སྟོང་པར་ཤེས་པ། ནང་གི་གཅོད་མཁན་སྟོང་པར་རྟོགས་པ། བར་གྱི་གཅོད་ཚུལ་བདེན་མེད་དུ་གོ་བ་དང་གསུམ་ལས། དང་པོ་ཕྱིའི་གཅོད་ཡུལ་འདྲེ་དང་བཙན། བདུད་དང་གདོན་བགེགས། ཀླུ་དང་ས་བདག །ཕོ་གདོན་མོ་གདོན། རྒྱལ་པོ་དཀོར་བདག །དྲི་བོ་དྲི་མོ་ལ་སོགས་པ་ཐམས་ཅད་སྟོང་པར་ཤེས་པར་བྱ། གཞན་ཡང་ཐབ་དང་གཞོག །འཁོན་དང་ཡུག །གྲིབ་དང་མནོལ། མཛེ་དང་ཕོལ་སྐྲན། རྨུ་ཆུ་དང་གག་ལྷོག །རིམ་དང་རྒྱུ་གཟེར། ན་ཚ་དང་སྡུག་བསྔལ་སོགས་ལ་བརྟེན་ནས་གནས་སྐབས་ལུས་དང་སྲོག་ལ་བར་དུ་གཅོད་པ། མཐར་ཐུག་མཐོ་རིས་དང་ཐར་པའི་གེགས་བྱད་པ། འཕགས་པའི་ནོར་འཕྲོག་


KMC019_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དགེ་བ་ལ་བར་དུ་གཅོད་པ། བསམ་གཏན་དང་ཏིང་ངེ་འཛིན་གྱི་སྲོག་འཕྲོག་པ་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ནང་གཅོད་མཁན་གྱི་ལུས་ངག་ཡིད་གསུམ་དང།ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལས་དང་ཉོན་མོངས་པས་ཉེར་ལེན་བྱས་པའིབློ་དང་ཤེས་པ། གོ་ཆ་དང་གཉེན་པོ་ཐམས་ཅདགདོད་ནས་སྟོང་པར་ཤེས་པར་བྱའོ། །གསུམ་པ་བར་གྱི་གཅོད་ཚུལ་སྤྱིར་གྱི་བཀའ་མདོ་རྒྱུད། སྒོས་སུ་བླ་མ་བརྒྱུད་པའི་གསུང་བགྲོས། ཡང་སྒོས་རང་གིས་ཉམས་སུ་བླངས་པའི་ལྟ་སྒོམ་སྤྱོད་གསུམ་སོགས་ཐམས་ཅད་སྟོང་པར་རྟོགས་པར་བྱ། མདོར་ན་བར་དུ་གཅོད་པའི་གདོན་བགེགས། གཅོད་བྱའི་ཡུལ་གང་ཟག་བར་གཅོད་ཀྱི་ངོ་བོ། དེའི་གཉེན་པོ་གཅོད་བྱེད་ཀྱི་གདམས་པ་བཅས་པ་ཐམས་ཅད་སྟོང་ཉིད་དུ་ཤེས་པར་བྱས་ན། སྟོང་པ་ཉིད་ལ་སྟོང་པ་ཉིདཀྱིས་གླགས་མི་རྙེད། དངོས་པོ་མེད་པ་ལ་དངོས་པོ་མེད་པས་གླགས་མི་རྙེད།


KMC019_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མེད་པ་ལ་མཚན་མ་མེད་པས་གླགས་མི་རྙེད་པས། དེ་དག་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པས་སྟོང་པ་ཉིད་ཀྱི་ངང་ནས་འགྲོ་བར་བྱ། སླེབས་ནས་ཉམས་ལེན་ནི། ལྷ་འདྲེ་ལ་སྙིང་རྗེ་བསྒོམ་པ། འཇིགས་པ་ལ་སྟོང་ཉིད་བསྒོམ་པ། བདག་འཛིན་ལ་ཐོག་བརྫིས་བྱ་བ་དང་གསུམ་ལས། དང་པོ་ལྷ་འདྲེ་ལ་སྙིང་རྗེ་བསྒོམ་པ་ནི། གཉན་ས་དེའི་གཞི་བདག་གིས་གཙོ་བྱས་པའི་སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། སྒོས་སུ་བདག་ལ་བར་ཆད་རྩོམ་པའི་ལྷ་འདྲེ་རྣམས་ལ་ཚད་མེད་པའི་བྱམས་པ་དང་སྙིང་རྗེ་ཡང་ཡང་བསྒོམ་དགོས་ཏེ། འདི་དག་རྒྱུ་མ་རིག་པ་ལ་བརྟེན་ནས། རྐྱེན་ཞེ་སྡང་གདུག་རྩུབ་དང་མ་བྲལ་ནས། འབྲས་བུ་ངན་སོང་དང་ངན་འགྲོ་ཁོ་ནར་འཁྱམས་པ་དང་། བྱེད་པ་གཞན་ལ་གནོད་པ་བྱེད། ལས་སུ་སེམས་ཅན་ལ་འཚེ། འདོད་པ་བདེ་བ་འདོད། སྒྲུབ་པ་སྡུག་བསྔལ་འབའ་ཞིག་སྒྲུབ་


KMC019_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་རྣམས་སྙིང་རེ་རྗེ་སྙམ་པའི་ཁ་ཙམ་ཚིག་ཙམ་མ་ཡིན་པར། སྙིང་གི་དཀྱིལ། རུས་པའི་གཏིང་། རྐང་གི་ཁོང་ནས་དྲན་པར་བྱས་ཏེ། སེམས་ཅན་འདི་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་བརྒྱ་རྩ་རེ་བརྗོད་དེ། ཚིག་དོན་གཉིས་སུ་མེད་པའི་འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བདག་གི་ལུས་ངག་ཡིད་གསུམ་དགེ་ལ་བསྐུལ་ཞིང་། ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་པ་བྱ། གཉིས་པ་འཇིགས་པ་ལ་སྟོང་ཉིད་བསྒོམ་པ་ནི། སྤྱིར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ལ། བྱེ་བྲག་ཏུ་བར་དུ་གཅོད་པའི་བདུད་དང་འབྱུང་པོ་རྣམས་ཀྱང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད། དེ་བཞིན་དུ་རང་གི་སྣང་ངོར་ལའང་རབ་རིབ་གྱ་གྱུ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་རང་ཉིད་ལོག་རྟོག་འཁྲུལ་པའི་སྣང་བ་ཁོ་ན་ལས་བདེན་པར་གྲུབ་པ་


KMC019_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

མེད། ཡོད་ན་གང་ཡོད་མངོན་སུམ་དུ་གསལ་དགོས་པ་ལ། རྒྱུ་མ་གྲུབ་ཅིང་རྟོག་བཏགས་དཔྱད་བཟོས་ཁོ་ན་ཡིན་པས། དེ་ལྟར་ལེགས་པར་བརྟགས་ཤིང་དཔྱད་ན་དངོས་མེད་རང་ཡལ་དུ་འགྲོ་བས་ཤེས་པར་བྱའོ། །གསུམ་པ་བདག་འཛིན་ལ་ཐོག་བརྫིས་བྱ་བ་ནི། ཕྱིའི་ཞེན་ཡུལ་ནོར་ལོངས་སྤྱོད། བཟའ་ཚོ་ཉེ་འབྲེལ་ཐམས་ཅད་ལ་མ་ཆགས་པར་བྱ། ནང་གི་ཞོན་པ་ལྟ་སྒོམ་སྤྱོད་གསུམ། ཐོས་བསམ་བསྒོམ་གསུམ། ཉམས་དང་རྟོགས་པ། མངོན་ཤེས་དང་གྲུབ་རྟགས་ལ་སོགས་རང་གི་རྒྱུད་ལ་ཡོན་ཏན་ཅི་ཡོད་ཀྱང་། དེ་ལ་ང་དང་བདག་ཏུ་མི་བཟུང་། ཆགས་ཞེན་དང་རློམ་སེམས་མི་བྱ། བར་གྱི་ཞེན་པ་ལུས་དང་སྲོག །ཚེ་དང་དབུགས། སྟོབས་དང་གཟི་བརྗིད། བཀྲག་དང་མདངས། ཤ་དང་ཁྲག་ལ་སོགས་གང་གཅེས་པ་དེ་བདག་ཏུ་མི་འཛིན་པར་ངན་སྐྱུགས་བཞིན་དུ་བོར། ཕྱི་ས་བཞིན་དུ་དོར། ངར་སྣབ་བཞིན་དུ་བསྐྱུར་ལ།


KMC019_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགོས་པ་མེད་ཅིང་། ཞེན་ཆགས་རྡུལ་ཙམ་ཡང་མེད་པས། སུ་དགའ་བར་ཁྱེར་ཅིག་བྱས་ལ་བསྡད་དོ། །ནུབ་དྲུག་པའི་ཉམས་ལེན་ནི། དང་པོ་གཅོད་ལ་འགྲོ་བའི་དུས་སུ། སེང་གེ་ལྟར་ཉམ་ང་མེད་པར་འགྲོ་བ་དང་། སྟག་མོ་ལྟར་ངར་དང་བཅས་པར་འགྲོ་བ། རི་གཟར་གྱི་རྦབ་ལྟར་ཐོགས་རྡུག་མེད་པར་འགྲོ་བ་དང་གསུམ་ལས། དང་པོ་སེང་གེ་ལྟར་འགྲོ་བ་ནི། ཡ་གི་སྲིད་པའི་རྩེ་མོ་ནས། མ་གི་ན་རག་དམྱལ་བ་ཡན་ཆད་དགྲར་ལངས་ཀྱང་། རིག་པ་སེམས་ཀྱི་ཆོ་འཕྲུལ་ཡིན། བདེན་པར་གྲུབ་པ་སྐད་ཅིག་ཀྱང་མེད་སྙམ་པའི་ངང་ནས་ཉམ་ང་བག་ཚ་མེད་པར་འགྲོ་བར་བྱ། གཉིས་པ་སྟག་མོ་ལྟར་འགྲོ་བ་ནི། སྟོང་ཉིད་གོ་བའི་ཉམས་དང་ལྡན་ཞིང་། བདེན་མེད་ཤེས་པའི་བློ་དང་ལྡན་པའི་ངང་ནས་རིག་པ་ལ་ངར་འདོན། ཤེས་པ་ཧུར་ཕྱུང་། དབང་པོར་བཀྲག་བཏོན། སྤྱོད་པ་རྩུབ་སྟོན་ཅིང་། ཕཊཿབྱས་ལ་འགྲོ་བར་བྱ། གསུམ་པ་རི་གཟར་རྦབ་ལྟར་


KMC019_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ནི། ཉམ་ང་བག་ཚ་ཅི་བྱུང་ཡང་དེའི་ངང་དུ་མ་ཤོར་བའི་ཡིད་གཉིས་ཚམ་ཚོམ་མེད་པར་གླང་པོ་ཆེ་སྨྱོན་པའམ། ཐོག་བབ་པའམ། རི་གཟར་གྱི་རྦབ་ལྟར་ཐོགས་རྡུག་མེད་པར་འགྲོ་བར་བྱ། སླེབ་ནས་ཉམས་སུ་བླང་བ་ནི། ལྷ་འདྲེ་ཨར་ལ་མནན་པ། རྣམ་རྟོག་ཨར་ལ་གཏད་པ། བདག་འཛིན་ཡུལ་ནས་འདོན་པ་དང་གསུམ་ལས། དང་པོ་ལྷ་འདྲེ་ཨར་ལ་མནན་པ་ནི། གཉན་ཐོག་ཏུ་གཉན་དབབ་པ་ཡིན་པས། ཆུའམ། བྲག་གམ། ཤིང་ངམ། ལྷ་འདྲེ་གནས་པའི་རྟེན་གང་ཡིན་པ་དེའི་སྟེང་དུ་བསྡད་ན། དེས་ལྷ་འདྲེ་ཧར་ལ་ཐོན་ནས་འོང་བ་ཡིན། དཔེར་ན་སྒོ་ཁྱི་སྔར་མ་ཞིག་འཛིན་དུ་ཕྱིན་ན་བྲོས་ནས་འགྲོ་བ་དང་། ལར་ཡང་མན་ངག་ཟབ་མོའི་ཉམས་ལེན་ཅི་ཡང་མེད་པའི་སྐྱེ་བོ་ཕལ་པ་ཞིག་མཚན་མོ་གཉིད་དུ་ཉལ་ཙ་ན། ལྷ་འདྲེ་ཞིག་མི་དེ་ཉལ་བའི་ཁང་པའི་ནང་དུ་འོངས་པ་ཙམ་གྱིས་མི་དེ་ནི་ཤིན་ཏུ་འཇིགས་ཤིང་། ཤེས་པ་


KMC019_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

འཐིབ། གྲང་རྡུལ་འཐབ་པ་སོགས་འོངས་པས། དེ་ལྷ་འདྲེའི་ཟིལ་ཡིན། གཅོད་མཁན་ནི་ལྷ་འདྲེ་གནས་པའི་རྟེན་གང་ཡོད་པ་དེར་ཕྱིན་པ་དང་གདོན་བགེགས་རྣམས་ཀྱི་མཐུ་ནུས་གཟི་བརྗིད་སྟོར། རྫུ་འཕྲུལ་ཐམས་ཅད་ཞི་ནས་འགྲོ་བ་ཡིན། དཔེར་ན་དུག་སྦྲུལ་གྱི་ཚང་སྒོར་གླ་རྩི་བཞག་ན། སྦྲུལ་གྱི་དུག་ཞི་ཞིང་ནུས་པ་སྟོང་པ་དང་མཚུངས་སོ། །གཉིས་པ་རྣམ་རྟོག་ཨར་ལ་གཏད་པ་ནི། དང་པོ་གཉན་སར་འགྲོ་མི་ནུས། བར་དུ་ཉལ་མི་ནུས། ཐ་མར་རང་ལུས་སྟེར་མི་ནུས་པ་སོགས་བྱུང་ན། གང་མི་ནུས་པ་དེར་ཡ་ང་ན་ང་ཐོག་ཏུ་བཏང་། འཇིགས་ན་འཇིགས་ཐོག་ཏུ་འགྲོ། བྲེད་ན་བྲེད་ཐོག་ཏུ་ཉལ་ནས་བསྡད་ན་རིག་པའི་སྙེམས་ཐག་ཆོད། བདག་འཛིན་གྱི་སྒྲོག་ལས་གྲོལ། འཇིགས་པའི་རྫུན་ཕུག་རྡིབ། བྲེད་པ་དང་སྐྲག་པའི་ཚོར་བ་སྟོར་ནས་འགྲོ་སྟེ། དཔེར་ན་རྟ་བོང་ངམ། མཛོ་གཡག་འདྲ་ཞིག་ཟམ་པའམ། ལམ་འཕྲང་ཤིན་ཏུ་དོག་པོར་


KMC019_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོར་མི་ཉན་པ་དེ། དེར་ནན་དུ་ཕུལ་ནས་བཏང་ན། ཕྱིས་ཚམ་ཚོམ་མེད་པར་འགྲོ་བ་བཞིན་ནོ། །གསུམ་པ་བདག་འཛིན་ཡུལ་ནས་འདོན་པ་ནི། ཡ་ང་མཁན། བག་ཚ་མཁན་མི་ནུས་མཁན། མི་ཕོད་མཁན་སོགས་དེ་རྣམས་གང་ན་འདུག །ངོ་བོ་ཅི་འདྲ་འདུག་སོགས་ཞིབ་པར་བལྟས་ཏེ། རིག་པ་རྐྱང་དེད། རྒན་མོ་མཛུབ་ཚུགས་བྱས་ལ། དེའི་རྩད་ལེགས་པར་ཆོད་པར་བྱ། དེ་ལྟར་བྱས་པས་བདག་འཛིན་དེ་གཏད་མེད་དུ་ཡལ་ནས། བདེན་མེད་དུ་འགྲོ་བ་ཡིན་པས། དེའི་ངང་ལ་ཉལ་ནས་བསྡད་དོ། །ནུབ་བདུན་པའི་ཉམས་ལེན་ནི། དང་པོ་གཉན་ཁྲོད་དུ་འགྲོ་བའི་ཚེ། ཚུལ་བཞིའི་སྒོ་ནས་འགྲོ་བར་བྱ་སྟེ། དེ་ལ་ལུས་པོ་རོ་ཡི་ཚུལ་དུ་བྱ། གཉན་ས་དུར་ཁྲོད་ཀྱི་ཚུལ་དུ་བྱ། ལྷ་འདྲེ་ཅེ་སྤྱང་གི་ཚུལ་དུ་བྱ་ཞིང་། ཕུང་པོ་གོག་པོ་འདི་སུས་འདོད་པ་དེས་ཁྱེར་ཅིག་སྙམ་དུ་བསམ་ལ་འགྲོ་བར་བྱའོ། །སླེབ་ནས་ཉམས་ལེན་ནི། ལྟ་བ་བདག་


KMC019_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་པ། སྒོམ་པ་ཡིད་ལ་མི་བྱེད་པ། སྤྱོད་པ་བླང་དོར་མེད་པ། དམ་ཚིག་བསྲུང་མཚམས་མེད་པ། འབྲས་བུ་སྒྲུབ་ཏུ་མེད་པ་དང་ལྔ་ལས། དང་པོ་ལྟ་བ་ནི་རྟག་ཆད་མེད་པ། སྐྱེ་འགགས་མེད་པ། མཐའ་དབུས་མེད་པའི་ཕྱིར། ཕན་པའི་ལྷ་རུ་འཛིན་ཏེ་གསོལ་མཆོད་བྱ་བ་དང་། དངོས་གྲུབ་ལ་རེ་བའང་མི་བྱ། གནོད་པའི་འདྲེ་རུ་བཟུང་སྟེ་ཕྱིར་བསྐྲད་པ་དང་། འོངས་ཀྱི་དོགས་པ་ཡང་མི་བྱ་བར་བླང་དོར་རེ་དོགས་ཅི་ཡང་མེད་པའི་ངང་དུ་བཞག་གོ །གཉིས་པ་སྒོམ་པ་ནི་ཡེ་ནས་སྟོང་ཉིད་ཡིན་ལ། འཁོར་གསུམ་ཡེ་སྟོང་ཡེ་གྲོལ་ཡེ་དག་ཆེན་པོ་དེའི་ངང་དུ་བཅས་བཅོས་མེད་པར་བཞག་པ་ལས། གློ་བུར་དུ་ལྷ་འདྲེའི་གནོད་པ་དང་། བར་ཆད་འོངས་ཀྱི་དོགས་པ་སོགས་མི་བྱའོ། །གསུམ་པ་སྤྱོད་པ་ནི་དགེ་བཅུ་སྒྲུབ་ཏུ་མེད། སྡིག་པ་སྤང་དུ་མེད་པས། དགེ་སྡིག་བླང་དོར་གང་ཡང་མེད་པར་གཞི་མ་བཅོས་པའི་ངང་དུ་བཞག་གོ །བཞི་པ་དམ་ཚིག་ནི་ཉན་


KMC019_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་བསྲུང་སྡོམ། བྱང་སེམས་ཀྱི་བསླབ་བྱ། གསང་སྔགས་ཀྱི་དམ་ཚིག་སོགས་དགེ་སྡིག་དགག་སྒྲུབ་བསྲུང་མཚམས་དང་བྲལ་བ་སྟེ། ཐ་ན་གཅོད་བྱ་གཅོད་བྱེད་ཅོད་མཁན་དང་བཅས་པར་འཁོར་གསུམ་ཡོངས་དག་ཡིན། སེམས་ཉིད་ཆོས་སྐུ་ཡེ་ཤེས་ཡིན་པས། ཡེ་དག་ཡེ་གྲོལ་དེའི་ངང་ལ་བཅས་བཅོས་མེད་པར་བྱའོ། །ལྔ་པ་འབྲས་བུ་ནི་ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མར་དམྱལ་བར་ལྷུང་དུ་དོགས་པའང་བདེན་པར་མ་གྲུབ་པས། རེ་དོགས་སྤང་བླང་མེད། ལྷ་འདྲེ་དང་གདོན་བགེགས་ཀྱང་བདེན་པར་མ་གྲུབ་པས། ན་ཚ་འགལ་རྐྱེན་དང་བར་ཆད་བསྲུང་དུ་མེད། བསྒྲུབ་བྱའི་སེམས་ཅན་བདེན་པར་མ་གྲུབ་པས། །འགྲོ་བའི་དོན་ཡང་བྱ་རྒྱུ་མེད་པས་ན། དེ་ལྟར་རྟོགས་པའི་ངང་དུ་ཉལ་ལོ། །དེ་རྣམས་ཀུན་རྫོབ་རྫུན་ཕུག་རྡིབ་པའི་མན་ངག །རྣམ་རྟོག་རྩ་བར་གཅོད་པའི་ཉམས་ལེན། འཁོར་འདས་རུ་ཤན་འབྱེད་པའི་ཆོས་ཡིན་


KMC019_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཞག་བདུན་རིང་ཉམས་ཁྲིད་བྱེད་དེ་ཉམས་སུ་བླང་བར་བྱའོ། །སྤྱིར་གཅོད་བྱེད་པ་ལ་དཀའ་སླའི་བྱེ་བྲག་ཀྱང་། གཉན་ས་ནི་རོ་དང་དུར་ཁྲོད། ལྷ་ཁང་གོག་པོ་དང་། མི་མང་པོ་ཤི་བའི་ཤུལ་རྣམས་འཕྲལ་དུ་འཇིགས་པ་ལྟར་ལ་ཕུག་ཆུང་། འདྲིས་སླ། མཇུག་ཐུང་བ་ཡིན། གད་ཕུག །གྲོག་ཕུག །བྲག་ཕུག །ཐང་ཆེན་པོ་རྣམས་ལ་ནི་འཕྲལ་ཕུག་གཉིས་ཀར་མི་འཇིགས་པ་ཡིན། ཤིང་གཅིག །ཆུ་མིག །རྒྱ་མཚོ། ཕ་བོང་རྣམས་ལ་འཕྲལ་དུ་མི་འཇིགས་པ་ལྟར་ཡང་། མཇུག་ཏུ་བྱིང་ཆེ་ཞིང་འདྲིས་དཀའ་བ་ཡིན། ལྷ་འདྲེ་ནི་པེ་དཀར་དང་། རྒྱལ་པོ། དྲི་བོ་དྲི་མོ་རྣམས་ཀྱིས་ཤེས་པའི་འཚུབས་པ་དང་། རིག་པ་མཐོ་དམན་བྱེད་ཅིང་། འཕྲལ་དུ་གདུག་རྩུབ་ཆེ་ཡང་ལྷོངས་པ་སླ། བྱིང་ཆུང་། ནོན་པ་སླའོ། །དམ་སྲི། བསེན་མོ། མ་མོ་རྣམས་ཀྱིས་ཆགས་པ་ཆེ་ཞིང་། ཐིག་ལེ་འཕྲོག །འགྲོ་སྙིང་འདོད། སེམས་མི་གནས་པ་སོགས་འོངས་ཀྱང་ལྷོངས་པ་དང་ནོན་པ་


KMC019_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

སླ། ཕྱིར་འབྲང་འོངས། ཀླུ་བདུད། ཀླུ་གཉན། ས་བདག་རྣམས་ཀྱིས་གཉིད་ཆེ་ཞིང་། ཤེས་པ་ལྕི། རིག་པ་མི་གསལ། བྱིང་རྨུག་ཆེ། འཕྲལ་དུ་ཆོ་འཕྲུལ་ཆུང་། གདུག་རྩུབ་མི་སྟོན་པས་མི་འཇིགས་པ་ལྟར་ཡང་། ལྷོངས་པ་དང་ནོན་པ་དཀའ། བྱིང་ཆེ། མཇུག་ཏུ་ཞེ་གནག་པ་ཡིན། བཙན། ཐེའུ་རང་། ཡུལ་མ་སངས་རྣམས་ཀྱིས་ཟང་ཟིང་མང་ཞིང་། རྨི་ལམ་གཏད་མེད་མང་པོར་སྟོན། མིང་ནས་འབོད། ཤུགས་གླུ་འདེབས་པ། འོ་དོད་འབོད་པ། རྒྱུ་འགྲུལ་མང་བ་སོགས་འོངས་ཀྱང་གནོད་པ་དང་བྱིང་ཆུང་། ལྷོངས་དང་ནོན་སླ་བ་ཡིན་ནོ། །མ་ལྷོངས་པ་དང་མ་ནོན་པ་རྣམས་ལ་ཡུན་བསྲིང་བ་གལ་ཆེ། དེ་ལྟར་རོ་དང་འདྲེ་ལ་གཅོད་པ་བས། ན་ཚ་དང་སྡུག་བསྔལ་ལ་གཅོད་པ་དཀའ། དེ་བས་ཀྱང་ཆགས་སྡང་ཆོས་བརྒྱད་ལ་གཅོད་པ་དཀའ་བས། དེས་ན་ཕྱི་གཅོད་པ་བས་ནང་གཅོད་པས་བོགས་དང་ཡོན་ཏན་ཆེ་ཞིང་། དངོས་གྲུབ་མྱུར་བ་


KMC019_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རྒྱལ་ཡུམ་དྲི་མེད་ཕ་རོལ་ཕྱིན་པའི་ཡུམ། ཕྱིན་ཅི་མ་ལོག་ཡུམ་སྲས་གཉིས་ཀྱིས་མཁྱེན། དེ་ཉིད་ཇི་བཞིན་བླ་མས་ལེགས་པར་བཀོད། ཀུན་གྱིས་དོན་རྟོགས་སངས་རྒྱས་ཐོབ་པར་ཤོག །བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་གཅིག་ཏུ་བསྡུས་པ་གཉིས་སུ་མེད་པའི་ཡེ་ཤེས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། གྲུབ་ཐོབ་རྟོགས་ལྡན་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བའི་གནས། ཡུམ་སྲས་གཉིས་ཀྱིས་གདམས་པ་ཕྱིན་ཅི་མ་ལོག་པ་ཕ་རོལ་ཏུ་ཕྱིན་པ་མན་ངག་བདུད་ཀྱི་གཅོད་ཡུལ་ལས། ལག་ལེན་ཉམས་ཁྲིད་ཀྱི་སྐོར་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེས་སྦྱར་བའོ། །དགེའོ། །ཞུས་དག་གོ། ༈ །།སྭསྟི་བི་ཛ་ཡནྟུ། རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མའི་དོན། །ཟབ་ལམ་ཀུན་གྱི་མཆོག་གྱུར་ལབ་སྒྲོན་གྱི། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་གྲགས་པ། །རྒྱ་གཞུང་གསུམ་དང་ཤེར་ཕྱིན་དགོངས་པའི་གནད། །བཀའ་ཚོམས་གསུམ་དང་དམ་པའི་ཞལ་གདམས་རྣམས། །བསྟན་དང་འགྲོ་བའི་དཔལ་དུ་ཡོངས་སྨིན་པའི། །ལྷག་


KMC019_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དག་པས་བརྩམས་དང་པར་བཀོད་ཀྱང་། །རོ་མཉེ་དང་ནི་མ་གི་ཏ་བཞིན་དུ། །དུག་ཆུས་མྱོས་པའི་སྙིགས་དུས་འགྲོ་བ་ཕལ། །ལོག་ལྟའི་གཡང་སར་རྒྱུག་པ་རྒྱལ་བས་ཀྱང་། །ཚད་མེད་ཐུགས་རྗེས་རྣམ་གྲོལ་ལམ་འཇུག་དཀའ། །ཐུབ་མཆོག་དྲུང་དུ་དྲུག་སྡེ་ལེགས་སྐར་ལྟར། །ཆེར་སྙིགས་འགྲོ་བའི་ཤེས་རྒྱུད་ལོག་རྟོག་སྨག །སེལ་བ་ལྟ་ཞོག་ཕྲག་པ་དོག་པའི་རྒྱུར། །བསྐལ་ཆེན་དུ་མར་སེམས་ཅན་གཅིག་ཕྱིར་དུ། །མེ་ནང་བསྐལ་པ་རྒྱ་མཚོར་བཞུགས་པ་ལ། །མི་དགྱེས་མེད་ན་ལོག་སྒྲུབ་བཟོད་འོས་པས། །འགྲོ་ལ་ཕན་དང་བདེ་བའི་ཆེད་དུ་བསྐྲུན། །བདེ་བར་གཤེགས་པའི་བསྟན་པ་འཇིག་པའི་ཚེ། །ཚིགས་སུ་བཅད་པ་གཅིག་ཙམ་སྦྱིན་དང་བཟུང་། །ཡི་གེ་འབྲི་བའི་བསོད་ནམས་བདེ་གཤེགས་དང་། །མཚུངས་ཞེས་གསུངས་ཕྱིར་མ་ཕོད་འདུ་བྱས་བསྒྲུབས། །སྔོན་གོམས་ཐུགས་བསྐྱེད་བཟང་པོས་མདུན་བསུས་པའི། །མཆོད་སྦྱིན་སྒོ་འཕར་ཡངས་པའི་སྙིང་སྟོབས་ཅན། །དུ་མས་དངོས་རྫས་ཕུལ་བའི་རྣམ་གྲངས་ནི། །ཟུར་བཀོད་ལྟར་ལས་འདི་ན་མ་སྨོས་སོ། །འབྱོར་པའི་དཔུང་ཚོགས་དགེ་བའི་ཚེས་གསུམ་ཟླར། །སྟོང་དང་སྙིང་རྗེའི་བགྲང་བྱའི་ན་འཕར་ཏེ། །སྟོབས་བཅུ་མི་འཇིགས་བཞི་ཡི་ཉ་གང་བས། །ཁམས་གསུམ་མུན་པའི་དགྲ་ལས་རྒྱལ་ཕྱིར་བསྔོ། །ཚོགས་གཉིས་ཟབ་མོའི་ཆབ་ལ་རྐང་པས་འཐུང་། །ལམ་ལྔ་ས་


KMC019_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཁོ་ལག་ཡོངས་རྫོགས་རྩེར། །སྨིན་གྲོལ་ཟབ་ཡངས་འཛུམ་པའི་ཆུ་སྐྱེས་ལས། །སྐུ་གསུམ་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག །དེ་མ་གྱུར་གྱི་བར་དུ་ཟབ་པ་དང་། །རྒྱ་ཆེའི་སྣོད་གྱུར་སྲིད་མཚོ་ལས་བརྒལ་ཏེ། །མཐའ་ཀླས་བསྟན་དང་འགྲོ་བའི་དཔུང་དང་བླར། །མངོན་གྱུར་བདེ་གཤེགས་དགོངས་དོན་ལྷུན་གྲུབ་ཤོག །ཅེས་པའང་བཙུན་གཟུགས་རྨོངས་པ་དྷརྨཱ་སེང་གེས་སོ། །དགེའོ། །དགེའོ། །དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousགཅོད་ཀྱི་ཉམས་ཁྲིད་ཞག་བདུན་མ།no next