Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
རྡོ་རྗེ་གྲོ་ལོད་ཀྱི་གསང་བའི་སྒྲུབ་པ་མགོན་པོ་ཏྲཀྴད།
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརྡོ་རྗེ་གྲོ་ལོད་ཀྱི་གསང་བའི་སྒྲུབ་པ་མགོན་པོ་ཏྲཀྴད།next

རྡོ་རྗེ་གྲོ་ལོད་ཀྱི་གསང་བའི་སྒྲུབ་པ་མགོན་པོ་ཏྲཀྴད།


KMC020_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཚན་བརྒྱད་པ་རྡོ་རྗེ་གྲོ་ལོད་ཀྱི་གསང་བའི་སྒྲུབ་པ་མགོན་པོ་ཏྲཀྴད་བཞུགས་སོ༔


KMC020_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨཱོཾ༽ ༔པདྨ་བཛྲ་ན་མ་ཡེ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ ཕྲིན་ལས་མགོན་པོའི་སྒྲུབ་ཐབས་བསྟན༔ དེ་ཡང་ཕྱི་ནང་གསང་གསུམ་གྱི༔ སྒྲུབ་ཐབས་རྒྱས་པར་བསྟན་པར་བྱ༔ ༼ཝ༽ ༔ཕྱི་ལྟར་གཏོར་མར་བསྟེན་པའི་ཐབས༔ རང་མདུན་ཨེ་ཡི་དཀྱིལ་འཁོར་དབུས༔ འབྲུ་ནག་དཔལ་བཤོས་ཟུར་གསུམ་རྣོ༔ མེ་ཕྲེང་མདུང་དང་བདུད་ཞགས་དང༔ རྡོ་རྗེའི་ལྕགས་ཀྱུ་སྙིང་གིས་བརྒྱན༔ དེ་ཕྱིར་དཔལ་བཤོས་ཟུར་གསུམ་རྣོ༔ ཡུམ་བཞིའི་གཏོར་མ་ལྕགས་ཀྱུས་བརྒྱན༔ དེ་ཕྱིར་དཔལ་བཤོས་ཟུར་གསུམ་བརྒྱད༔ བདུད་མགོན་བརྒྱད་ལ་དགྲ་སྟྭ་དང་༔ སྙིང་དང་ཞགས་པ་ལྕགས་ཀྱུས་བརྒྱན༔ དེ་ཕྱིར་བཟའ་བཅའ་རི་ལྟར་སྤུང་༔ དེ་ནི་ཕྱི་ཡི་བསྟེན་རྫས་


KMC020_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ ༼ཞ༽ ༔བྱ་ནག་ཁྱི་ནག་ལུག་ནག་གི༔ སྙིང་གསུམ་རྩ་སྦུབས་རྩ་སྔགས་བཅུག༔ དཀར་དམར་མཐིང་གསུམ་དར་དུ་དྲིལ༔ མདུང་དར་བདུད་ཞགས་ལྕགས་ཀྱུ་རྣམས༔ དེ་ནི་ནང་གི་བསྟེན་རྫས་སོ༔ ༼ཟ༽ ༔གསང་བའི་གནད་ནི་དམ་ཚིག་སྟེ༔ མོས་གུས་བསྐྱེད་ཅིང་དམ་ཚིག་བཟུང་༔ ངོ་བོ་རྩ་བའི་བླ་མ་དང་༔ དབྱེར་མེད་བདག་མདུན་བསྒོམ་པ་ན༔ ཏིང་འཛིན་གསལ་ཞིང་བརྩོན་འགྲུས་ལྡན༔ ཐེ་ཚོམ་སོམ་ཉི་མི་རུང་ངོ་༔ དེ་ནི་གསང་བའི་སྒྲུབ་པ་ཡིན༔ ཉམས་དང་རྨི་ལམ་དངོས་ཀྱང་འོང་༔ དྲག་པོའི་སྐུ་འབག་མཐོང་བ་དང་༔ མཚོན་ཆའི་ཁང་པར་ཕྱིན་པ་དང་༔ གླང་པོ་ཆེ་དང་ཁྱེའུ་ཆུང་༔ རྟ་ནག་ཞོན་དང་རླུང་ནག་འཚུབས༔ དར་ནག་མ་རལ་གོ་བགོས་དང་༔ ལག་


KMC020_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཚོན་ཆ་ཐོགས་པ་དང་༔ མི་ནག་ཁྱི་ནག་བྱ་ནག་སོགས༔ འོད་དང་ཐོག་ཟེར་འདྲེས་པ་རྣམས༔ འདི་ཉིད་འགྲུབ་པའི་ཕྱི་རྟགས་ཡིན༔ ནང་རྟགས་ཕྱག་མཚན་བླ་མ་སོགས༔ གསང་རྟགས་དངོས་སུ་ཞལ་སྟོན་ཅིང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འབྱུང་བཞི་རང་དབང་སྒྱུར་བ་དང་༔ མདོར་ན་འཇིག་རྟེན་ཕུང་བ་དང་༔ གསོ་བ་ལ་སོགས་དབང་ཐོབ་འགྱུར༔ དེ་ནས་འབོད་པའི་སྔགས་བསྟན་པ༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨཱོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཛཿཧཱུྃ༔ ཛཿཧཱུྃ༔ ཛཿཧཱུྃ༔ ཕེཾ་ཕེཾ་ཕེཾ༔ དེ་ཡི་རྩ་སྔགས་བསྟན་པར་བྱ༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཡིག་འབྲུ་དགུ་མ་བསྙེན་སྔགས་སོ༔ དེ་ནས་གཙོ་འཁོར་སྤྱི་དྲིལ་བསྟན༔ ཨཱོཾ་མ་ཧཱ་ཀཱ་ལ་སུ་ཏྲི་མ་དུ་ཛཿ ཡིག་འབྲུ་བཅུ་གཅིག་སྤྱི་སྔགས་སོ༔ དེ་ནས་དམ་བཞག་སྲོག་སྔགས་བསྟན༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ཏྲཀྴད་དུ་ས་མ་ཡ་རཀྵ༔ དམ་ལ་གནས་པའི་སྲོག་སྔགས་ཡིན༔ འཁུ་ལྡོག་བྱུང་ན་འདི་ཡང་བཟླ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དེ་ནས་རྦད་སྔགས་དྲག་པོ་བསྟན༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སུ་ཏྲི་མ་དུ༔ དགྲ་བོའི་སྲོག་རྩ་ལ་རྦད༔ སྙིང་ཁྲག་ལྗིབ་ལྗིབ༔ ཁྲག་རྩལ་རྦད༔ དུམ་བུར་གཏུབ་གཏུབ༔


KMC020_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་རུས་ཕུང་ཁམས་རྡུལ་དུ་རློག་རློག༔ ཧཱུྃ་རྦད༔ དུ་རྦད༔ མ་རྦད༔ ༔ ཡ་རྦད༔ ཏྲི་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་མཱ་ར་ཕཊ༔ རྦད་རྦད༔ མྱོགས་མྱོགས༔ ཡཾ་ཡཾ༔ ཟློག་ཟློག༔ དྲག་སྔགས་བདུན་ཅུ་རྩ་བཞི་པ༔ རྦད་སྔགས་བསད་སྔགས་ཐོག་ལྟར་མྱུར༔ བསྟན་དགྲ་འཇོམས་པའི་གཤེད་མ་ཡིན༔ ཆོས་སྐྱོང་གི་སྲོག་གནད་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨཾ༽ ༔ཨཱོཾ་ཨཱཿཧཱུྃ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་གསང་བདག་རྡོ་རྗེ་འཛིན༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་བསྒྲད་མཆེ་གཙིགས་སྤྱན་གསུམ་དམར༔ གཡས་གཡོན་རྡོ་རྗེ་སྡིགས་མཛུབ་ཞགས༔ ཞབས་གཉིས་འདོར་སྟབས་ཁྲོ་ཆས་རྫོགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྤྱི་བོར་པདྨ་བཛྲ་དཀར༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་སྤྲས༔ པད་ཞྭ་རྒོད་ལྡེམ་ཉི་ཟླས་བརྒྱན༔ རྡོ་རྗེ་ཐོད་པ་ཁ་ཊྲཱཾ་བསྣམས༔ སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར༔ འཇའ་འོད་མེ་


KMC020_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཀློང་དུ་གསལ༔ རང་གི་ཐུགས་ཀར་པད་ཟླའི་དབུས༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐིང་ནག་ཐ་མར་སྔགས་ཀྱིས་བསྐོར༔ སྣང་སྲིད་འཁོར་འདས་སྣོད་བཅུད་ཀྱི༔ མཐུ་སྟོབས་བསོད་ནམས་ཚེ་དཔལ་འབྱོར༔ སྙན་གྲགས་དབང་ཐང་རང་ལ་བསྟིམ༔ འཆི་མེད་ཆོས་སྐུ་མངོན་གྱུར་ཤོག༔ ཨཱོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨཱ་ཡུཿཔུ་ཎྱ་ཛྙཱ་ན་སིདྡྷི་ཛཿ མ་ཡེངས་ངང་དུ་འཛབ་འདི་བཟླས༔ སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས༔ སྔགས་ཀྱི་སྒྲ་ཡིས་སྲིད་གསུམ་འདར༔ སྣང་སྲིད་འཁོར་འདས་དབང་དུ་འདུས༔ ཡིད་ནི་གདོས་བཅས་ལུས་སྣང་བོར༔ ཡེ་སྟོང་ཁྱབ་གདལ་རིག་རྩལ་རྟོགས༔ བླ་མ་ཡི་དམ་འགྲུབ་གྱུར་ཅིག༔ སརྦ་སིདྡྷི་ཕ་ལ་ཧོ༔ ཚེ་དང་བསོད་ནམས་སྐྱེད་པའི་སྒྲུབ་ཐབས་གོང་ནོན་གྱི་ཤོག་དྲིལ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ ༼ཨཱཿ༽ བརྡའ་ཡིག ༼འ༽ ༔ཨཱོཾ་ཨཱཿཧཱུྃ༔ ཨཱོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ༔


KMC020_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་ཉིད་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོར་གསལ་བའི་མདུན་དུ༔ སྐད་ཅིག་གིས་ཁཾ་ལས་རྡོ་རྗེའི་བྲག་རི་ལྷུན་ཆགས་པའི་སྟེང་དུ༔ ཡཾ་ལས་ལས་ཀྱི་རླུང་ནག་དྲག་ཏུ་འཚུབས་པའི་ཀློང་ཆེན་པོ༔ རི་རབ་ཡང་བསྐྱོད་པར་ནུས་པའི་དྲག་པོའི་ཤུགས་དང་ལྡན་པ༔ མེ་དུད་ཟེར་གསུམ་འཁྲུགས་ཤིང༔ ཐོག་སེར་དྲག་ཏུ་འབེབས་པའི་དབུས་སུ༔ པཾ་ལས་པདྨ༔ རཾ་ལས་ཉི་མ༔ ནྲྀ་ལས་དགྲ་བགེགས་བསྣོལ་བའི་གདན་གྱི་སྟེང་དུ༔ ཏི་ལས་བདུད་རྟ་བྲ་ནག་རྟིང་དཀར་དཔའ་རྩལ་ཤུགས་དང་ལྡན་ཞིང་༔ མྱུར་མགྱོགས་ཀྱིས་སྟོང་གསུམ་སྐོར་བ༔ གཡུ་མཐུར་གསེར་སྲབ་མཛེས་ཤིང་རྔམ་པ༔ མགུལ་རྒྱན་དྲིལ་བུ་སིལ་སིལ་འཁྲོལ་བ༔ ཞིང་ཆེན་སྟག་ལྤགས་གདན་དུ་བསྟད་པ༔ གོང་སྨད་གློ་ནན་སྦྲུལ་ལས་བྱས་པའི་བསེ་སྒ་དམར་པོ་འོད་ཟེར་འབར་བ༔ གཡས་གཡོན་གཉིས་སུ་གླང་ཆེན་རོལ་


KMC020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྲིད་པ༔ དེའི་སྟེང་དུ་ས་བོན་གྱི་ཡི་གེ་ཏི་དང་ཕཊ་དང་དུ་ལས་བྱུང་བའི་དཔལ་མ་ཧཱ་ཀཱ་ལ་ཏྲཀྴད་བདུད་ཀྱི་མགོན་པོ༔ ནག་པོ་ཐོད་པའི་ཕྲེང་བ་ཅན༔ དགྲ་བགེགས་ཀྱི་གཤེད་པོ༔ དམ་ཉམས་ཀྱི་སྙིང་འབྱིན༔ བསྟན་དགྲའི་སྲོག་གཅོད༔ དུག་གི་སྤུ་གྲི༔ ཤན་པ་ཆེན་པོ༔ ཁམས་གསུམ་ཟ་བྱེད༔ དྲེགས་པའི་གཙོ་བ་ནི༔ སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་གནག་པ༔ ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་དམར་ལ་ཟླུམ་པ་ཉི་མ་ལྟར་བརྗིད་པ༔ ཞལ་གདངས་ཤིང་དུག་གི་རླངས་པ་སྤྲིན་ལྟར་གཡོ་བའི་ཀློང་དུ་ལྗགས་དམར་གློག་ལྟར་འཁྱུག་པ༔ མཆེ་བ་ཟླ་ཚེས་ལྟར་རྣོ་བ་ཁྲག་གིས་གོས་པ༔ སྨིན་མ་དང་སྨ་ར་ཨག་ཚོམ་མེ་ལྟར་འབར་བ༔ རལ་པ་དམར་ནག་གྱེན་མཐུར་བསྐྱོད་པ་ལ༔ ཐོད་སྐམ་ལྔ་ཡིས་སྐྲ་མཚམས་བཅིངས་པ༔ དབུ་གཙུག་དོན་ཡོད་གྲུབ་པས་བརྒྱན་པ༔ གསེར་གྱི་རྣ་ཆ་མཛེས་ཤིང་འཁྱིལ་པ༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱངས་


KMC020_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ཡན་ལག་གི་ལྷུ་ཚིགས་ཐམས་ཅད་རིན་པོ་ཆེའི་གདུབ་བུས་བརྒྱན་པ༔ སྐུ་ལ་བདུད་བེར་ནག་པོ་གསོལ་བ༔ གསེར་གྱི་རྡོ་རྗེའི་སྐ་རགས་བཅིངས་པ༔ སྟག་དོང་གཟིག་ཤུབས་དཔའ་ཆས་རྫོགས་པ༔ བདུད་ཀྱི་ཁྲམ་ཤིང་སྐེད་ལ་བཅུག་པ༔ ཕྱག་གཡས་དུང་དར་དང་བདུད་ཞགས་སྲིད་རྩེར་ཕྱར་བ༔ ཕྱག་གཡོན་རྡོ་རྗེའི་ལྕགས་ཀྱུ་དང་དགྲ་སྙིང་འཛིན་པ༔ ཞབས་གཉིས་སག་ལྷྭམ་གསོལ་ཞིང་བརྐྱང་བསྐུམ་གྱིས་གནས་པ༔ བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་བདུད་དམག་ཆར་ལྟར་འབེབས་པ༔ དཔའ་རྩལ་སྟོབས་དང་ལྡན་ཞིང་སྐད་ཅིག་གཅིག་ལ་སྲིད་གསུམ་ཉུལ་བ༔ སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་བརྩོན་པའོ༔ སྲིན་མོ་དུང་སྐྱོང་དགྲ་སྙིང་འདྲེན་མས་རྟ་མཐུར་ནས་ཁྲིད་ཅིང་ལྕགས་ཀྱུ་དང་དགྲ་སྙིང་འཛིན་པ༔ དེའི་འཁོར་དུ་སྦྱོར་ཡུམ༔ སྒྲོལ་ཡུམ༔ གསང་ཡུམ་རྣམས་ཀྱིས་ཀྱང་ལྕགས་ཀྱུ་དང་ནད་རྐྱལ་དགྲ་སྙིང་འཛིན་པ༔ རླུང་


KMC020_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་༔ མེ་བདུད་དང་༔ ཆུ་བདུད་དང་༔ ས་བདུད་དང་༔ ཉི་བདུད་དང་༔ ཟླ་བདུད་དང་༔ སྐར་བདུད་དང་༔ འདྲེ་བདུད་དེ་བདུད་ཀྱི་དབང་པོ་བརྒྱད་ཀྱང་ནམ་མཁའི་མདོག་ཅན༔ ཁྲག་ལྟ་བུའི་མིག་དང་རལ་པ་འབར་བ༔ དར་ནག་གི་བེར་དང་མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ ཕྱག་གཡས་པ་རྣམས་ཀྱིས་དགྲ་སྟྭ་དང་༔ གཡོན་པ་རྣམས་ཀྱིས་དགྲ་སྙིང་དང་ལྕགས་ཀྱུ་འཛིན་པ༔ རྒྱན་ཆ་ལུགས་ཞོན་པ་རྣམས་གཙོ་བོ་ལྟ་བུའོ༔ དེ་རྣམས་ཀྱི་འཁོར་དུ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི་ཚོགས༔ བདུད་དམག་ས་ཡ་དྲུག་འབུམ་རླུང་ལྟར་འཚུབས་པ༔ གཤིན་རྗེ་ས་ཡ་དྲུག་འབུམ་སྤྲིན་ལྟར་གཡོ་བ༔ མ་མོ་ས་ཡ་དྲུག་འབུམ་མེ་ལྟར་འབར་བ༔ བདུད་བྱ་ས་ཡ་དྲུག་འབུམ་གློག་ལྟར་འཁྱུག་པ༔ ཁྱི་ནག་དོམ་བུ་དྲུག་འབུམ་རྦབ་ལྟར་འདྲིལ་བ༔ ལས་མཁན་སྲོག་བདག་དྲུག་འབུམ་ཆུ་ལྟར་ཁོལ་བའོ༔ དེ་ལྟར་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ༔


KMC020_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་དུ་ལས་འོད་ཟེར་འཕྲོས་པས༔ དཔལ་མ་ཧཱ་ཀཱ་ལ་བདུད་རྒྱལ་ཏྲཀྴད་འཁོར་དང་བཅས་པ་མཐོ་སྲིད་རྩེ་མན་ཆད༔ དམའ་དམྱལ་ཁམས་ཡན་ཆད་གང་དུ་གནས་ཤིང་༔ གང་དུ་བཞུགས་ཀྱང་དམ་ཚིག་དབང་གིས་བདག་ཉིད་དཔལ་རྡོ་རྗེ་གཏུམ་པོའི་མདུན་དུ་སྐད་ཅིག་གིས་ལྷགས་པར་གྱུར༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨཱོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཛཿཧཱུྃ༔ ཛཿཧཱུྃ༔ ཛཿཧཱུྃ༔ ཕེཾ་ཕེཾ་ཕེཾ༔ ༼ཡ༽ རྔ་རྡུང་སྤོས་སྲེག་དར་ནག་གཡབ༔ རང་ཉིད་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་སྤྱན་འདྲེན་པ་ནི༔ ཧཱུྃ༑ བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག༔ བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༑ བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག༔ ཞི་ཁྲོ་རབ་འབྱམས་སྐུ་བསྐྱོད་འཚལ༔ དཔའ་བོ་དཔའ་མོའི་འཁོར་གྱིས་བསྐོར༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔


KMC020_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༑ བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག༔ མ་མགོན་ལྕམ་དྲལ་སྐུ་བསྐྱོད་འཚལ༔ བསྟན་སྲུང་རྒྱ་མཚོའི་འཁོར་གྱིས་བསྐོར༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༑ བཞེངས་ཤིག་བསྟན་སྲུང་རྣམས་བཞེངས་ཤིག༔ བདུད་མགོན་ཏྲཀྴད་སྐུ་བསྐྱོད་འཚལ༔ ལས་བྱེད་ཤན་པའི་འཁོར་གྱིས་བསྐོར༔ དགྲ་བགེགས་བསྒྲལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༑ བསྐུལ་ལོ་འབོད་དོ་ཏྲཀྴད་བདུད༔ ནག་པོ་ཐོད་ཕྲེང་འཁོར་བཅས་རྣམས༔ མུན་པའི་ཀློང་ནས་འདིར་གཤེགས་ཤིག༔ དམ་ལ་མ་འདའ་ད་ཚུལ་བྱོན་༔ ནག་པོ་རྒྱ་དང་བོད་ཡུལ་དབུས༔ ཁ་རག་མགོ་དགུའི་བདུད་མཚོ་ནས༔ བདུད་མགོན་ཏྲཀྴད་གནས་འདིར་བྱོན༔ བདུད་དམག་ས་ཡ་གནས་འདིར་བྱོན༔ མ་མོ་ས་ཡ་གནས་འདིར་བྱོན༔ གཤིན་རྗེ་ས་ཡ་གནས་འདིར་བྱོན༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཚོགས༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ རྒྱ་མཚོའི་གླིང་དང་དུར་ཁྲོད་


KMC020_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད༔ སྲིད་གསུམ་གནས་ཡུལ་གར་བཞུགས་ཀྱང་༔ མ་ཐོག་མྱུར་དུ་གནས་འདིར་བྱོན༔ དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་ས་མ་ཛཿ རང་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས༔ ཁམས་གསུམ་སྲིད་གསུམ་ཀུན་གང་ནས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ༼ར༽ ༔གུས་པས་ཕྱག་འཚལ་གདན་མཆོག་འབུལ༔ མཉེས་ཤིང་དགའ་མགུར་ལྡན་པར་བསམ༔ ཧཱུྃ༑ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཚུལ༔ གང་ལ་གང་འདུལ་སྐུར་སྟོན་པའི༔ སྐུ་གསུམ་ཡེ་རྫོགས་བླ་མ་ལ༔ དད་མོས་གདུང་བས་གུས་ཕྱག་འཚལ༔ ཧཱུྃ༑ ཞི་དང་ཁྲོ་བོའི་སྐུར་བསྟན་ཀྱང་༔ ཀུན་བཟང་ཀློང་དུ་ངོ་བོ་གཅིག༔ ཡི་དམ་དཔའ་བོ་མཁའ་འགྲོ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཧཱུྃ༑ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་སྐུར་བཞེངས་བསྟན་དགྲ་བསྒྲལ༔ ཡེ་ཤེས་ཆོས་སྐྱོང་སྲུང་མ་ལ༔ ལུས་ངག་ཡིད་གསུམ་


KMC020_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཕྱག་འཚལ༔ ཉི་ཟླ་པདྨ་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་འདུས་མ་བྱས༔ ཕྱི་ནང་གསང་གསུམ་མཆོད་པ་བཞེས༔ དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད༔ ཧཱུྃ༑ འཇིག་རྟེན་ལ་གནས་གདུག་པ་འདུལ༔ གཏུམ་པོ་མཐུ་ཆེན་དགྲ་བོའི་གཤེད༔ ཏྲཀྴད་ནག་པོ་ཐོད་ཕྲེང་ཅན༔ བསྟན་སྲུང་རྒྱལ་པོ་ལ་ཕྱག་འཚལ༔ དམ་སྲི་འདུལ་བའི་མཐུ་བོ་ཆེ༔ འདྲེ་གདོན་དལ་ཡམས་ཟློག་མཛད་ཅིང་༔ ཕྱི་ནང་རྦད་གཏོང་ཐལ་བར་རླག༔ དུག་གི་སྤུ་གྲི་ལ་ཕྱག་འཚལ༔ སངས་རྒྱས་བསྟན་པའི་བྱ་ར་བ༔ བདུད་རྒྱལ་ཏྲཀྴད་མགོན་པོར་གྲགས༔ བསྟན་འཛིན་ཀུན་གྱི་སྟོང་གྲོགས་མཛད༔ ཕྲིན་ལས་མྱུར་འགྲུབ་ལ་ཕྱག་འཚལ༔ ཧཱུྃ༑ དགྲ་བགེགས་བསྒྲལ་བའི་བཾ་རོ་དང་༔ དམ་ཉམས་འོག་རྟ་བྲན་གཡོག་བཅས༔ ཁེངས་ལོག་ཉེར་འཚེ་བསྟན་བཤིག་རྣམས༔ ཁྲི་རུ་བརྩིགས་ཤིང་གདན་དུ་འབུལ༔ དམ་ཚིག་དབང་གིས་བཞུགས་ནས་ཀྱང་༔ བསྟན་དགྲ་དམ་


KMC020_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མ་ཤོར་ཅིག༔ མ་ཧཱ་ཀཱ་ལ་ཏིཥྛ་ལྷན༔ སླར་ཡང་དམ་ལས་མི་འདའ་ཕྱིར༔ མགོ་བོར་ཡེ་ཤེས་རྡོ་རྗེ་བཞག༔ ལྗགས་ལ་དམ་ཚིག་བདུད་རྩི་འཐོར༔ རང་སེམས་ཧཱུྃ་གི་འཕྲོ་འདུ་ལས༔ བསྟན་སྲུང་འཁོར་བཅས་ཐུགས་སྲོག་བླངས༔ རང་སེམས་ཧཱུྃ་ལ་ཚུར་བསྡུས་པས༔ ཐུགས་ཡིད་གཅིག་ཏུ་འདྲེས་པར་བསམ༔ ༼ལ༽ ཧཱུྃ། འདས་དང་མ་བྱོན་དུས་གསུམ་གྱི༔ རྒྱལ་བའི་ཕྲིན་ལས་སྒྲུབ་པ་པོ༔ དམ་བཞག་དབང་བསྐུར་རྒྱས་བཏབ་པའི༔ བདུད་མགོན་ཏྲཀྴད་དམ་ལ་འདུས༔ ཕྱི་རབས་སྒྲུབ་པའི་རིགས་འཛིན་རྣམས༔ བུ་བཞིན་སྐྱོང་བར་ཞལ་བཞེས་ཤིང་༔ བཀའ་བཞིན་སྒྲུབ་པར་དམ་བཅས་པའི༔ བདུད་མགོན་ཏྲཀྴད་དམ་ལ་འདུས༔ དཀོན་མཆོག་དབུ་འཕང་བསྟོད་པ་དང་༔ བླ་མའི་སྐུ་དགྲ་འདུལ་བ་དང་༔ རྗེས་འཇུག་བུ་སློབ་སྐྱོང་བ་དང་༔ དཀོར་དང་རྟེན་མཆོད་སྲུང་བ་ནི༔ སྔོན་ཚེ་དམ་བཅས་ཁས་བླངས་བཞིན༔ སྲོག་སྙིང་དམ་ལས་མ་འདའ་བར༔ ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་སྒྲུབས༔ མ་གཡེལ་མ་


KMC020_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་གཞུང་མ་ངན༔ འབོད་དུས་བདུད་མགོན་སྙན་མ་སྲ༔ བསྟེན་དུས་ཏྲཀྴད་གཞུང་མ་ངན༔ སྒྲུབ་དུས་ཏྲཀྴད་རྒྱང་མ་རིང་༔ རྦད་དུས་བདུད་རྒྱལ་རྩལ་མ་ཞན༔ གཡབ་པོ་བདུད་རྒྱལ་ཕྲག་མ་དོག༔ དམ་ཚིག་གཉན་པོ་དྲན་མཛོད་ལ༔ ལུས་དང་གྲིབ་མ་འགྲོགས་བཞིན་དུ༔ མི་འབྲལ་ཐུགས་ཡིད་གཅིག་ཏུ་བསྲེ༔ ཕ་རོལ་འཇིགས་པའི་དམག་དཔུང་དང་༔ ཇག་རྐུན་གློ་བུར་སྡང་བའི་དགྲ༔ སྐད་ཅིག་ཉིད་ལ་སྲོག་དང་ཕྲོལ༔ ཤན་པ་བདུད་རྒྱལ་དམ་ལ་འདུས༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ༼ཤ༽ ༔ཕྱི་ནང་གསང་གསུམ་མཆོད་པས་མཆོད༔ ཧཱུྃ༑ བདུད་མགོན་ཏྲཀྴད་འཁོར་བཅས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས༔ བདུད་མགོན་འཁོར་དང་བཅས་ལ་འབུལ༔ ཧཱུྃ༑ བདུད་མགོན་ཏྲཀྴད་འཁོར་བཅས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དམ་


KMC020_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྨན་མཚོ་ཨ་མྲྀ་ཏ༔ དམ་ཉམས་སྙིང་ཁྲག་མཚོ་ལྟར་བསྐྱིལ༔ བ་ལིཾ་ཟུར་གསུམ་དམར་གྱིས་བརྒྱན༔ འདི་དག་ནང་གི་མཆོད་པར་འབུལ༔ ཧཱུྃ༑ བདུད་མགོན་ཏྲཀྴད་འཁོར་བཅས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ བསྟེན་རྫས་བསྐང་རྫས་སྒྲུབ་རྫས་དང་༔ འབྲུ་སྣ་སྨན་སྣ་རིན་ཆེན་ལྔ༔ ཤ་སྣ་སྙིང་སྣ་ཁྲག་སྣའི་ཚོགས༔ དངོས་འབྱོར་ཡིད་སྤྲུལ་བསམ་ལས་འདས༔ འདི་དག་གསང་བའི་མཆོད་པར་འབུལ༔ ཧཱུྃ༑ བདུད་མགོན་ཏྲཀྴད་འཁོར་བཅས་ལ༔ ཡང་གསང་མཆོད་པ་འབུལ་བ་ནི༔ བདེ་དང་དགའ་དང་རོལ་རྩེད་དང་༔ ཆགས་བྲལ་ཟུང་འཇུག་ཨེ་ཝཾ་ཀློང་༔ ཆགས་མེད་སྐྱོན་བྲལ་བདེ་སྟོང་ཉམས༔ དབྱིངས་རིག་གསལ་བ་མ་བཅོས་ངང་༔ གང་ཤར་ཤར་གྲོལ་ངོས་འཛིན་བྲལ༔ མཆོད་བྱ་མཆོད་བྱེད་མེད་པར་འབུལ༔ མ་ཧཱ་ཀཱ་ལ་པཱུ་ཛ་ཧོཿ ༼ས༽ ༔རྟགས་ཀྱི་ཆ་ལུགས་མཐུན་པས་བསྟོད༔ ཧཱུྃ༑


KMC020_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཀྴད་བདུད་ཀྱི་མགོན་པོ་ནི༔ ནག་པོ་ཐོད་ཕྲེང་དྲེགས་པའི་རྒྱལ༔ གཏུམ་པོ་མཐུ་ཆེན་འཇིགས་རུང་གཟུགས༔ དགྲ་གཤེད་བདུད་རྒྱལ་ཁྱོད་ལ་བསྟོད༔ ཧཱུྃ༑ མངོན་ཤེས་རྫུ་འཕྲུལ་བྱིན་རླབས་ཅན༔ མྱུར་མགྱོགས་རྩལ་ལྡན་སྲིད་གསུམ་གཡོ༔ བསྟན་དགྲ་སྒོས་དགྲ་ཟས་སུ་ཟ༔ དགྲ་སྙིང་དམར་འདྲེན་ཁྱོད་ལ་བསྟོད༔ ཧཱུྃ༑ སངས་རྒྱས་བསྟན་དང་བསྟན་འཛིན་ལ༔ གནོད་བྱེད་ཉེར་འཚེ་ཕྲ་རགས་བཅས༔ མྱུར་དུ་སྒྲོལ་བྱེད་དམ་ཚིག་ཅན༔ ཤན་པ་ནག་པོར་ཕྱག་འཚལ་བསྟོད༔ ཧཱུྃ༑ སྟོང་གསུམ་སྐོར་ཞིང་བསྟན་པ་སྲུང་༔ ཉིན་གྱི་བྱ་རས་དགྲ་བགེགས་འདུལ༔ མཚན་གྱི་མེལ་ཚེས་གདོན་བགེགས་བསྒྲལ༔ དམ་སྲི་འདུལ་མཛད་ཁྱོད་ལ་བསྟོད༔ ཧཱུྃ༑ དུས་དྲུག་སྒྲུབ་པའི་ཚོགས་ཁང་འགྲིམ༔ ལུས་དང་གྲིབ་མ་འགྲོགས་བཞིན་དུ༔ སྒྲུབ་པའི་རྣལ་འབྱོར་མིག་ལྟར་གཅེས༔ རིག་འཛིན་སྲོག་ཤིང་ཁྱོད་ལ་བསྟོད༔ ཧཱུྃ༑ འབྲལ་མེད་བུ་གཅིག་མ་བཞིན་དུ༔ སྲུང་དང་སྐྱོབ་


KMC020_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཝ་བར་མཛད༔ དཔུང་དང་རྒྱབ་རྟེན་སྟོང་འགྲོགས་མཁན༔ ཐུགས་རྗེས་རྟག་གཟིགས་ཁྱོད་ལ་བསྟོད༔ ཧཱུྃ༑ མི་འདའ་ཐུགས་རྗེས་རྩེ་གཅིག་གིས༔ གློ་བུར་སྡང་བའི་དགྲ་བགེགས་རྣམས༔ སྐད་ཅིག་གཅིག་ལ་སྲོག་གཅོད་མཁན༔ བཀའ་ཡི་གཏོར་ལེན་ཁྱོད་ལ་བསྟོད༔ ཧཱུྃ༑ བསྟོད་བྱ་བསྟོད་བྱེད་བསམ་པའི་ཡུལ༔ བརྗོད་བྱ་བརྗོད་བྱེད་ཚིག་ལས་འདས༔ འཁོར་འདས་གཉིས་མེད་དྲན་རིག་ཀློང་༔ སྐྱེ་འཆི་བྲལ་བའི་ངང་དུ་བསྟོད༔ མ་ཧཱ་ཀཱ་ལ་ན་མོ་ཡེ༔ ༼ཧ༽ ༔གཏོར་མ་ལེགས་བྱིན་ཕྲིན་ལས་བཅོལ༔ ཧཱུྃ༑ འཁོར་འདས་རང་གྲོལ་གཏོར་གཞོང་དུ༔ མཉམ་ཉིད་འཛིན་མེད་གཏོར་མ་མཛེས༔ ཆགས་མེད་སྐྱོན་བྲལ་བདེ་སྟོང་བརྒྱན༔ སྣང་བ་དཀར་དམར་གཏོར་འདབ་ལྡན༔ སྣང་མེད་ཆེན་པོའི་བདུད་རྩིས་བྲན༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་འཁྲིགས༔ སྨན་སྤོས་ངད་པ་ཆི་ལི་ལི༔ ཤ་ཆེན་ལྔ་ནི་རི་ལྟར་སྤུངས༔ བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ༔


KMC020_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་ཨཱརྒྷཾ་ཆུ་ལྟར་འབྲུབ༔ འཇའ་འོད་རླངས་པ་ཡ་ལ་ལ༔ བདུད་མགོན་ཏྲཀྴད་ཁྱོད་ལ་འབུལ༔ འཁོར་དང་བཅས་པས་བཞེས་སུ་གསོལ༔ ཨཱོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ༔ ཏྲཀྴད་སུ་ཏྲི་ཡ་མ་དུ་ཛ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ བ་ལིཾ་ཏ་པཱུ་ཛ་ཧོཿ ཨཱོཾ་ཨཱ་ཀ་རོ་མུ་ཁཾ་སོགས༔ ཁྱོད་ལ་གཏོར་མ་ཕུལ་བའི་མཐུས༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ རྒྱུན་མི་ཆད་པར་སྩལ་དུ་གསོལ༔ ནོར་དང་རིགས་རྒྱུད་འཕེལ་བ་དང་༔ མི་དང་རྟ་རྣམས་དཔའ་ལ་མགྱོགས༔ མཐུ་དང་རྫུ་འཕྲུལ་ཆེ་བར་མཛོད༔ རྣལ་འབྱོར་བདག་ལ་ཚེ་བྱེད་པའི༔ འདྲེ་གདོན་དགྲ་བགེགས་རྡུལ་དུ་རློག༔ ཇག་ཀུན་གློ་བུར་སྡང་བའི་དགྲ༔ སྐད་ཅིག་གཅིག་ལ་དོན་སྙིང་ལོངས༔ མིང་མེད་སྲོག་དང་བྲལ་བར་གྱིས༔ རྡོ་རྗེ་འཛིན་པས་བཀའ་བསྒོས་ལྟར༔ དམ་ཚིག་སྲུངས་ལ་ཕྲིན་ལས་སྒྲུབས༔ མ་གཡེལ་མ་འདའ་ས་མ་ཡ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ས་མ་ཡ་ཧ་ན་ཧ་ན་


KMC020_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ༔ འདི་ཉིད་མང་དུ་བཟླས་གྱུར་ན༔ དུས་ཀུན་དམ་ལ་གནས་པའོ༔ ༼ཨ༽ ༔ཐུགས་དམ་བསྐང་བའི་ཆོ་ག་ནི༔ བསྐང་གཏོར་རི་རབ་གླིང་བཞིའི་ཚུལ༔ སྐྱེ་འགྲོ་ལྷ་མིའི་བཀོད་པས་བརྒྱན༔ དེ་སྟེང་དཔལ་བཤོས་ཟུར་གསུམ་དགུ༔ དེ་ཕྱིར་མ་གཤིན་གཏོར་མས་བསྐོར༔ སྟེང་དུ་མཐིང་ནག་དར་གདུགས་ཕུབ༔ དེ་སྟེང་བླ་མ་སྐུ་གསུམ་དང་༔ མཁའ་འགྲོ་སྡེ་ལྔའི་སྐུ་གཟུགས་བཤམ༔ དེ་སྟེང་དར་དམར་གུར་གདུགས་ཕུབ༔ དེ་སྟེང་རྒྱལ་བ་རིགས་ལྔ་དང་༔ རིགས་གསུམ་མགོན་པོའི་སྐུ་བཟུགས་བཤམ༔ དེ་སྟེང་དར་དམར་གུར་གདུགས་ཕུབ༔ རྩེ་མོར་རིན་ཆེན་རྟོག་གིས་སྤྲས༔ ཐ་མར་གཟུགས་འགྲོས་སྣ་ཚོགས་དང་༔ བཀྲིས་རྫས་རྟགས་རྒྱལ་སྲིད་བདུན༔ གཞན་ཡང་མཆོད་རྫས་དཔག་མེད་བཤམ༔ ཐ་མར་དྲག་པོའི་རྩང་གིས་བརྒྱན༔ བསྐྱེད་རྫོགས་ལྡན་པས་འདི་སྐད་དོ༔ ཧཱུྃ༑ སྟོང་གསལ་མཁའ་དབྱིངས་སྣོད་ཡངས་པར༔ དངོས་འབྱོར་ཡིད་སྤྲུལ་བསྐང་རྫས་རྣམས༔ རྒྱུ་ནི་ཐབས་ཤེས་ཟུང་འཇུག་ལ༔ རྐྱེན་ནི་མ་འགགས་འདོད་དགུའི་གཏེར༔ འབྱུང་བཞི་རི་རབ་གླིང་བཞིར་བཅས༔ གླིང་གཡོག་ཉི་ཟླ་མཚོ་བདུན་དང་༔ ལྷ་མི་སྐྱེ་འགྲོའི་བཀོད་པར་གསལ༔ བཀྲ་ཤིས་


KMC020_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལྡན་བྱིན་ཆགས་གྱུར༔ བསྐང་རྫས་མཆོད་རྫས་བསྒྲུབ་རྫས་རྣམས༔ བཀྲ་ཤིས་རྫས་རྟགས་ལྷ་མོར་གྱུར༔ སྨན་གཏོར་རཀྟ་དུར་ཁྲོད་ཆས༔ འདོད་དགུའི་སྤྲིན་བཏིབས་ཆར་འབེབས་གྱུར༔ ཨཱོཾ་ཨཱཿཧཱུྃ་ཨེ་ཝྃ་རྃ་བྃ་ལྃ་བྷྲཱུྃ༔ ཧཱུྃ༑ སྐྱེ་འགགས་གནས་གསུམ་བྲལ་བའི་ཀློང་༔ ཀུན་བཟང་ཁྱབ་གདལ་ཕོ་བྲང་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ཐུགས་དམ་བསྐང་ངོ་བྱིན་གྱིས་རློབས༔ ཧཱུྃ༑ སྣང་སྟོང་སྒྱུ་མའི་རོལ་རྩེད་ལས༔ ཐབས་ཤེས་དབྱེར་མེད་ཕོ་བྲང་ནས༔ ཡི་དམ་ཞི་ཁྲོ་རབ་འབྱམས་རྣམས༔ ཐུགས་དམ་བསྐང་ངོ་ལམ་སྣ་དྲོངས༔ ཧཱུྃ༑ གསང་བའི་རིག་འཛིན་བྱེ་བ་འབུམ༔ རང་སེམས་དབང་ཐོབ་གཞན་སེམས་གྲོལ༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐང་ངོ་བར་ཆད་སོལ༔ ཧཱུྃ༑ དུག་ལྔ་རྣམ་དག་ཧེ་རུ་ཀ༔ མ་རུངས་འདུལ་ཕྱིར་དྲག་པོའི་སྐུ༔ མ་མགོན་ལྕམ་དྲལ་སྲུང་མའི་ཚོགས༔ ཐུགས་དམ་བསྐང་ངོ་རྐྱེན་ངན་ཟློག༔ ཧཱུྃ༑


KMC020_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་རྣམ་དག་སྐུ་གསུམ་ཀློང་༔ རིག་རྩལ་ཕྲིན་ལས་གཏུམ་པོའི་སྐུ༔ མ་ཧཱ་ཀཱ་ལ་ཏྲཀྴད་བདུད༔ ཐུགས་དམ་བསྐང་ངོ་དགྲ་བགེགས་སྒྲོལ༔ ཧཱུྃ༑ ནག་པོ་ཐོད་ཕྲེང་དགྲ་བགེགས་གཤེད༔ དམ་ཉམས་བསྟན་དགྲ་འཇོམས་བྱེད་པ༔ དུག་གི་སྤུ་གྲི་དྲེགས་པའི་གཙོ༔ ཐུགས་དམ་བསྐང་ངོ་ཕྲིན་ལས་སྒྲུབས༔ ཤན་པ་བདུད་རྒྱལ་སྲོག་གི་བདག༔ ཁམས་གསུམ་ཟ་བྱེད་འཇིག་རྟེན་མགོན༔ དགྲ་སྙིང་དམར་འདྲེན་རྫུ་འཕྲུལ་ཅན༔ ཐུགས་དམ་བསྐང་ངོ་དགྲ་སྲོག་ཆོད༔ བྷྱོ༔ མ་མོའི་ཚོགས་དང་བདུད་མགོན་བརྒྱད༔ གཤིན་རྗེ་སྲོག་བདག་བདུད་དམག་འབུམ༔ སྡེ་བརྒྱད་བྱ་ནག་ཁྱི་ནག་འབུམ༔ ཐུགས་དམ་བསྐང་ངོ་དགྲ་དབུགས་སྡུས༔ ཐུགས་དམ་བསྐང་ངོ་ཕྲིན་ལས་སྒྲུབས༔ ཐུགས་དམ་བསྐང་ངོ་དགྲ་བགེགས་སྒྲོལ༔ ཐུགས་དམ་བསྐང་ངོ་རྦོད་གཏོང་ཟློག༔ ཐུགས་དམ་བསྐང་ངོ་བྱད་མ་སོད༔ ཐུགས་དམ་བསྐང་ངོ་བྱིན་རླབས་


KMC020_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ ཕྱི་སྣོད་འཇིག་རྟེན་དབང་དུ་སྡུས༔ ཁམས་གསུམ་བདག་གི་བྲན་དུ་བཀོལ༔ སྣང་བཅུད་སེམས་ཅན་གྲོགས་སུ་ཁུག༔ འདོད་དགུ་ཆར་ལྟར་འབེབས་པར་མཛོད༔ ལ་ཆུ་འཕྲང་ལ་བདེ་བར་སྐྱོལ༔ གསང་བ་རིག་འཛིན་ཚེ་སྲོག་སྲིངས༔ བཅོལ་བའི་ལས་ལ་དམ་མ་གཡེལ༔ སྔོན་ཚེ་དུས་གསུམ་སངས་རྒྱས་བཀའ༔ བར་དུ་གསང་བའི་བདག་པོའི་ལུང་༔ རིག་འཛིན་པདྨ་བདག་གི་དམ༔ སྲུངས་ཤིང་ཕྲིན་ལས་མྱུར་དུ་སྒྲུབས༔ དམ་ཚིག་ཆེན་པོའི་གཉེར་གཏད་དོ༔ བསྐང་གཏོར་བཏེགས་ལ་ཕུད་ཀྱིས་བྲན༔ ཏིང་འཛིན་དང་ལྡན་འབུལ་བར་བྱ༔ ཧཱུྃ༑ བསྐུལ་ལོ་ཐུགས་དམ་གནད་ནས་སྐུལ༔ དགོངས་ཤིག་དུས་གསུམ་བདེ་གཤེགས་ཚོགས༔ བདེ་བ་ཆེན་པོའི་ཀློང་ནས་བཞེངས༔ མཉམ་པ་ཉིད་ཀྱི་ངང་དུ་བཞུགས༔ བརྩེ་བ་ཆེན་པོས་བདག་ལ་དགོངས༔ ཐུགས་རྗེས་འགྲོ་དྲུག་ལམ་སྣ་དྲོངས༔ ནུས་པས་ནད་གདོན་བར་ཆད་སོལ༔ ལས་བཞིའི་ཕྲིན་ལས་དུས་ལ་བབ༔


KMC020_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༑ བསྐང་རྫས་གཏོར་ཆེན་འབར་བ་འདི༔ འབྲུ་བཅུད་སྨན་སྤོས་རིན་ཆེན་ལས༔ ཐབས་ཤེས་དབྱེར་མེད་ངང་དུ་གྲུབ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ སྣང་བའི་ཡུལ་དུ་དང་རེ་སྤྲོ༔ རི་རབ་ལས་ཀྱང་འཕང་རེ་མཐོ༔ འཛིན་པའི་སེམས་ལ་མཛེས་ཤིང་སྡུག༔ ཉི་ཟླ་ལས་ཀྱང་བཀྲག་མདངས་གསལ༔ བདེ་བའི་ངང་དུ་ལྷུན་གྱིས་གྲུབ༔ རྒྱ་མཚོ་ལས་ཀྱང་གཏིང་རེ་ཟབ༔ གསལ་འཚེར་ཡེ་ཤེས་ལྔ་ཡི་འོད༔ སྤྲིན་ཕུང་ལས་ཀྱང་གཏིབས་རེ་ཆེ༔ དུག་གསུམ་རྣམ་དག་གསང་བའི་འབྲུ༔ སྐུ་གསུམ་ཡི་གེས་བྱིན་གྱིས་བརླབས༔ ཕར་ཕྱིན་དྲུག་གི་རྒྱས་བཏབ་ནས༔ མ་རིག་མུན་སེལ་མར་མེས་བསྐོར༔ བག་ཆགས་དྲི་མ་དག་པའི་ཕྱིར༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས༔ ཐབས་ཤེས་ཟུང་དུ་འཇུག་པའི་ཕྱིར༔ དམ་ཚིག་བདུད་རྩིར་བྱིན་གྱིས་བརླབས༔ ཧཱུྃ༑ ཆགས་མེད་རང་གྲོལ་གཏོར་ཆེན་འདི༔ བཀའ་བརྒྱུད་བླ་མའི་ཚོགས་


KMC020_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ འཇའ་ལུས་འཁའ་སྤྱོད་དངོས་གྲུབ་སྩོལ༔ ཧཱུྃ༑ ཞེན་མེད་སྤྲོས་བྲལ་གཏོར་ཆེན་འདི༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ དུག་ལྔ་རང་གྲོལ་དངོས་གྲུབ་སྩོལ༔ ཧཱུྃ༑ འཛིན་མེད་ཀ་དག་གཏོར་ཆེན་འདི༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ སྐུ་གསུམ་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཧཱུྃ༑ རིག་རྩལ་སྒྱུ་འཕྲུལ་གཏོར་ཆེན་འདི༔ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས༔ འདི་ཡི་སྐབས་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ཙཀླི་སོགས་རང་གིས་བླང་འོས་རྣམས་བླང་མཆན། ཧཱུྃ༑ སྟོང་གསུམ་འཇིག་རྟེན་བཀོད་པ་འདི༔ བདུད་རྒྱལ་ཏྲཀྴད་ཁྱོད་ལ་འབུལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ༑ དུར་ཁྲོད་བཀོད་པ་འཇིགས་སུ་


KMC020_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རུང་༔ ནག་པོ་ཐོད་ཕྲེང་ཁྱོད་ལ་འབུལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ བསྟན་པ་སྲུངས་ལ་ཕྲིན་ལས་སྒྲུབས༔ ཧཱུྃ༑ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ནག་པོ་བཀྲག་མེད་ཁྱོད་ལ་འབུལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ བསྟན་དགྲ་མྱུར་སྒྲོལ་ཕྲིན་ལས་སྒྲུབས༔ ཧཱུྃ༑ གདུག་པའི་དགྲ་བགེགས་འཁོར་དང་བཅས༔ ཤན་པ་ལག་དམར་ཁྱོད་ལ་འབུལ༔ མཆོད་དོ་འབུལ་ལོ་དགྱེས་པར་བཞེས༔ སྐད་ཅིག་ཉིད་ལ་སྲོག་རྩ་ཆོད༔ ཧཱུྃ་བྷྱོ༔ ལས་ངན་བསྟན་བཤིག་རུ་དྲ་རྣམས༔ མ་མོ་རྣམས་ལ་གཉེར་དུ་གཏད༔ མིང་ཡང་མེད་པར་རྡུལ་དུ་རློག༔ ཁྲག་ནད་རྒྱུ་གཟེར་དགྲ་ལ་ཕོབ༔ ལས་ངན་སྒོས་དགྲ་འཁོར་དང་བཅས༔ བདུད་མགོན་བརྒྱད་ལ་གཉེར་དུ་གཏད༔ ཧུར་ཐུམ་སྙིང་གཟེར་དགྲ་ལ་ཕོབ༔ དམ་ཉམས་དགྲ་བོ་ལས་ངན་འདི༔ གཞན་ཡང་མ་གཤིན་གདུག་པའི་ཚོགས༔ ལས་བྱེད་རྣམས་ལ་རྫོངས་སུ་


KMC020_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས༔ རྗེས་ཤུལ་ཙམ་ཡང་མེད་པར་གྱིས༔ ཨཱོཾ་མ་ཧཱ་ཀ་ལཱ་ཏྲཀྴད་ཛཿ ཨཱོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ༔ དགྲ་བོའི་སྲོག་རྩ་ལ་རྦད༔ སྙིང་ཁྲག་ལྗིབ་ལྗིབ༔ ཁྲག་རྩ་ལ་རྦད༔ དུམ་བུར་གཏུབ་གཏུབ༔ ཤ་རུས་ཕུང་ཁམས་རྡུལ་དུ་རློག་རློག༔ ཧཱུྃ་རྦད༔ དུ་རྦད༔ མ་རྦད༔ ཡ་རྦད༔ ཏྲི་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་བྱད་མ་མཱ་ར་ཡ་ཕཊ༔ རྦད་རྦད༔ མྱོགས་མྱོགས༔ ཡཾ་ཡཾ༔ ཟློག་ཟློག༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྩ་སྔགས་སྤྱི་དྲིལ་དྲག་སྔགས་བདུན་བཅུ་པ་དམ་བཞག་རྣམས་བརྗོད་ལ༔ གཏོར་མ་དགྲ་ཕྱོགས་སུ་སམ་ཡང་ན་གཙང་སར་བསྐྱལ་ལོ༔ འདི་ནི་དགྲ་གཤེད་དུག་གི་སྤུ་གྲི་སྟེ༔ གཏེར་ཁ་གཞན་དུའང་འདི་ཉིད་མང་དུ་མེད༔ སྲིད་གསུམ་འཁོར་འདས་བདག་པོ་ཏྲཀྴད་བདུད༔ པདྨའི་རིག་རྩལ་སྟོབས་ལས་གྲུབ་པའོ༔ ཙིཏྟ་བཛྲ་ས་མ་ཡ༔ ཐུགས་རྒྱ་བརྡ་ཐིམ༔ ཐིལ་ནག་མཆན་ བླ་མ་སྐུ་གསུམ་སྐུ་ལྔའི་ལས་མཐའ་ཡོངས་སུ་རྫོགས་པར་བྱའོ༔ ལེའུ་ཉི་ཤུ་པའོ༔ ཨྠྀི༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ ཨྠྀི༔ ༈ མཁོ་


KMC020_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྡོ་རྗེ་གྲོ་ལོད་ཀྱི་གསང་བའི་སྒྲུབ་པ་མགོན་པོ་ཏྲཀྴད།next