Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
རྡོ་རྗེ་གྲོ་ལོད་ཀྱི་ནོར་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ།
  
  
  
  
  
  
  
  
  
 
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརྡོ་རྗེ་གྲོ་ལོད་ཀྱི་ནོར་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ།next

རྡོ་རྗེ་གྲོ་ལོད་ཀྱི་ནོར་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ།


KMC020_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས༔ གསང་རྒྱ་སྦས་རྒྱའི་ནོར་སྒྲུབ་མཆོག༔ ཡིད་བཞིན་ནོར་བུ་བསམ་འཕེལ་བཞུགས༔ སུས་ཀྱང་བཅོས་བསླད་མ་བསྲེ་ཞིག༔


KMC020_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ཡེ་ན་མ༔ པདྨ་འབྱུང་གནས་བདག་ནི་འགྲོ་ལ་ཐུགས་བརྩེར་ལྡན༔ བྱམས་དང་སྙིང་རྗེས་ཆགས་པས་བདེ་བ་ཆེན་པོའི་དབྱིངས༔ གཞན་ཕན་ལས་ཀྱི་ཁ་ཚར་མན་ངག་ཤོག་ཕྲན་འདི༔ མཚོ་རྒྱལ་ཁྱོད་ལ་གཏད་དོ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་དུས་ངན་སྙིགས་མ་ལྔ་བདོའི་དུས༔ སྒྲུབ་པའི་བུ་སློབ་ལོངས་སྤྱོད་འཕེལ་བ་དང་༔ སྐྱེ་ནས་སྐྱེ་བར་དབུལ་ཕོངས་སྡུག་བསྔལ་ཞི༔ དེ་ཡང་གསང་བ་ཡང་གསང་གསང་སྔགས་ལྷ༔ འཕགས་པ་ཛཾ་ལ་བསྒྲུབ་པའི་གནད་འདི་ནི༔ ཐུན་མོང་མ་ཡིན་ཡིད་བཞིན་ནོར་བུ་ལྟར་༔ གང་འདོད་དངོས་གྲུབ་འདི་ལས་འབྱུང་བར་འགྱུར༔ དེ་ཡང་ལག་ལེན་རྣམ་པ་བདུན་དུ་བསྟན༔ སྒྲུབ་དཀྱིལ་བདག་མདུན་


KMC020_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་ལག་ལེན་གསུམ༔ ཕྲིན་ལས་བྱིན་རླབས་གཏོར་འབུལ་ལས་སྦྱོར་དབང་སྡུད་བཞི༔ དེ་ལྟར་མན་ངག་རྣམ་པ་བདུན་པོ་འདི༔ བུ་སློབ་སྐྱོང་ཕྱིར་མཚོ་རྒྱལ་ཁྱོད་ལ་གཏད༔ གཏེར་རྒྱ་༔ གཉན་རྒྱ༔ སྦས་རྒྱ༔ གབ་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ཐུགས་རྒྱ༔ བརྡའ་ཐིམ༔ གུ་རུ་མ་ཎི་རཏྣ་སཱ་ངྷ་ན་མ༔ ཡིད་འོང་གནས་སུ་མཎྜལ་གྲུ་བཞིའི་སྟེང་༔ ཟ་འོག་སེར་པོའི་སྟེང་དུ་གུར་གུམ་གྱིས༔ པདྨ་འདབ་བརྒྱད་ལྟེ་བར་རིན་ཆེན་འབར༔ སྟེང་དུ་དཔལ་གཏོར་ནོར་བུ་སུམ་གརྩེགས་བཞག༔ སྐུ་འབག་བརྗིད་ལྡན་སྦོམ་ཐུང་གསུས་འཕྱང་བཤམ༔ དེ་ཡི་མཐའ་མར་སྒྲུབ་རྫས་མཆོད་པ་ནི༔ ཕྱི་ཡི་དཀར་གསུམ་ཞོ་དང་འོ་མ་སྦྲང་༔ ནང་གི་མངར་གསུམ་ཞག་ཚིལ་རྐང་མར་ཤ༔ གཞན་


KMC020_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉེར་སྤྱོད་ལྔ་སོགས་རབ་རྒྱས་བཤམས༔ སྐྱབས་སེམས་ཡན་ལག་བདུན་སོགས་གཞུང་དུ་གསལ༔ མཆོད་རྫས་བྱིན་རླབས་ལན་གསུམ་གསལ་བར་བསྐྱེད༔ མ་ཡེངས་ངང་དུ་བསྐྱེད་རིམས་གསལ་བའི་ངང་༔ ཨཱོཾ་ཨཱཿཧཱུྃ༔ རང་ཉིད་སྐད་ཅིག་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ དཀར་དམར་མདངས་ལྡན་སྤྱན་གསུམ་ལྟ་སྟངས་གྱེན་དུ་གཟིགས༔ པད་ཞྭ་སྒྲོ་དར་ཕོད་ཀ་ཆོས་གོས་ལྷུབ་པར་གསོལ༔ རྡོ་རྗེ་ཐོད་པ་ཡིད་བཞིན་ནོར་བུས་བཀང་བ་བསྣམས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་མེད་འཁྲིལ་སྟབས་འཁྱུད༔ རྡོར་སྐྱིལ་ཟླ་ཉི་པདྨའི་ཁྲི་སྟེང་གསལ་བར་བསྐྱེད༔ དེ་ནི་བདག་བསྐྱེད་བླ་མའི་བསྐྱེད་རིམ་མོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ མདུན་བསྐྱེད་ཡི་དམ་བསྐྱེད་བཟླས་ནི༔ རང་ཉིད་བླ་མ་ཡབ་ཡུམ་མདུན་གྱི་དཀྱིལ་འཁོར་དབུས༔ པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཛཾ་དང་བྷྲཱུྃ་ཡིག་ལས༔ ཨཱརྻ་ཛཾ་བྷ་ལ་ནི་བཙོ་མ་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་རལ་པ་ཐོར་ཚུགས་བཅིངས༔ ཕྱག་གཡས་དཔག་བསམ་ཤིང་ཐོག་ལོ་འདབ་


KMC020_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བསྣམས༔ གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན་ཅིང་ཞབས་གཉིས་ཕྱེད་སྐྱིལ་བཞུགས༔ ཡུམ་ཆེན་ལྷ་མོ་ནོར་རྒྱུན་མ་ནི་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་གཡས་པས་འབྲས་ཆེན་སྙེ་མ་བསྣམས༔ གཡོན་པས་ནེའུ་ལེ་འཛིན་ཅིང་ཡབ་ལ་དབྱེར་མེད་འཁྱུད༔ ཡབ་ཡུམ་སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བཀླུབས༔ དེ་ཡི་སྤྱི་བོར་བཅོམ་ལྡན་རིན་འབྱུང་ཡབ་ཡུམ་ནི༔ སེར་གསལ་འཁྲིལ་སྦྱོར་ལོངས་སྐུའི་ཆ་ལུགས་རྫོགས་པར་གསལ༔ དེ་ལྟར་མདུན་དུ་ཡི་དམ་བསྒོམ༔ ཐུགས་ཀར་སྔགས་འཁོར་བསྒོམ་པ་ནི༔ རིན་ཆེན་འབར་བའི་ལྟེ་བར་ཧཱུྃ༔ ཐ་མར་རིགས་སྔགས་འཁོར་བར་བསམ༔ ཨཱོཾ་ཛཾ་ལུཾ་བྷྲཱུྃ་སྭཱ་ཧཱ༔ ཨཱོཾ་དེ་ཝཱི་རཏྣ་བྷྲཱུྃ༔ སརྦ་སིདྡྷི་ཕ་ལ་བྷྲཱུྃ༔ གཟུངས་འདི་ཡབ་ཡུམ་སྲོག་སྔགས་སོ༔ གྲངས་ནི་འབུམ་ཕྲག་བཞི་བཟླས་ན༔ རྣམ་ཐོས་བུ་དང་ལོངས་སྤྱོད་མཉམ༔ སྔོན་གྱི་རྐུ་འཕྲོག་བཅོམ་པ་ཡི༔ རྣམ་སྨིན་བྱང་ཞིང་དངོས་གྲུབ་ཐོབ༔ སྐྱེ་ནས་སྐྱེ་བར་དབུལ་ཕོངས་ཀྱི༔ སྡུག་བསྔལ་ཀུན་ལས་ཐར་བར་འགྱུར༔ གང་ཞིག་གཟུངས་


KMC020_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐོས་པ་དང་༔ ཛཾ་ལ་ཡིད་ལ་དྲན་པས་ཀྱང་༔ སངས་རྒྱས་ཐོབ་པར་ཐེ་ཚོམ་མེད༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ དེ་ནས་གཏོར་མ་འབུལ་བ་ནི༔ མཆོད་པ་བྱིན་རླབས་གཞུང་དུ་གསལ༔ ཧཱུྃ༑ ཆོས་དབྱིངས་ཁྱབ་གདལ་དཀྱིལ་འཁོར་ནས༔ པད་འབྱུང་ཡབ་ཡུམ་འདིར་གཤེགས་ཤིག༔ ཡོན་ཏན་བཀོད་པའི་ཞིང་ཁམས་ནས༔ རིན་འབྱུང་ཡབ་ཡུམ་འདིར་གཤེགས་ཤིག༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ནོར་བདག་ཡབ་ཡུམ་འདིར་གཤེགས་ཤིག༔ ཕྱག་མཚལ་སྐྱབས་མཆི་གསོལ་བ་འདེབས༔ འབར་བའི་གདན་འདིར་བཞུགས་སུ་གསོལ༔ འདིར་བཤམས་ཕྱི་ནང་གསང་བ་ཡི༔ མཆོད་རྫས་འདི་རྣམས་དགྱེས་པར་རོལ༔ དངོས་གྲུབ་དམ་པ་བདག་ལ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨཱོཾ་ཛཾ་ལུཾ་བྷྲཱུྃ་སྭཱ་ཧཱ༔ ཨཱོཾ་དེ་ཝཱི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨི་དམ་བ་ལིཾ་པཱུ་ཛ་ཁཱ་ཧི༔ བཛྲ་ཨཱརྒྷཾ་པུཥྤེ་དྷཱུ་པེ་དཱི་པཾ་གྷནྡྷེ་ནཻ་ཝི་དྱ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༑ རྒྱལ་བ་རབ་འབྱམས་རྒྱ་མཚོའི་སྐུ་གསུང་


KMC020_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས༔ ཡོན་ཏན་ཕྲིན་ལས་མི་ཟད་ནམ་མཁའི་མཛོད༔ དབང་བསྒྱུར་ཨཱརྻ་ཛམྦྷ་ལ་ལ་བསྟོད༔ ཁྱོད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྦྱིན་པའི་ཕ་རོལ་ཕྱིན་པའི་སྟོབས་ལས་གྲུབ༔ འགྲོ་ཀུན་དབུལ་ཕོངས་འཇིགས་ལས་སྐྱོབ་པ་ཡི༔ ནོར་བདག་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ལས་ལ་སྦྱོར་བའི་གདམས་པ་ནི༔ དར་སེར་ཟ་འོག་ཤོག་བུ་ལ་སོགས་པའི༔ ལྷ་རྫས་ལོགས་སུ་གསེར་དངུལ་མཚལ་གྱིས་བྲིས༔ སྔགས་མགོ་ཕྱིར་བསྟན་ཐ་མར་སྤེལ་ཚིག་སྦྱར༔ ཁམས་གསུམ་སྲིད་གསུམ་ཟས་ནོར་བ་ཤཱཾ་ཀུ་ཤ་ཨཾ་ཀུ་ཤ་ཛཿ ཞེས་པ་འདི་སངས་རྒྱས་པདྨ་འབྱུང་གནས་ཀྱི་གཟུངས་མ་མཁར་ཆེན་མཚོ་རྒྱལ་བདག་ལ་ནོར་ཕྱུགས་དང་ཟས་གོས་ཀྱིས་དབུལ་ཕོངས་སུ་མ་གྱུར་ཏེ༔ དད་ལྡན་སློབ་མ་ཐམས་ཅད་ལ༔ ཟས་ནོར་དངོས་གྲུབ་འབེབས་པའི་ཕྱིར༔ ཨོ་རྒྱན་རྗེ་ལ་ཡང་ཡང་ཞུས༔ གསང་བའི་ཞལ་གདམས་སྙན་བརྒྱུད་འདི༔ བཀའ་དྲིན་སྙིང་རྗེས་གནང་བའོ༔ འདི་ཡི་འཁོར་ལོ་དྲི་ལྡན་དེ༔ ཆོས་འཁོར་གཉན་པོའི་རྨིང་དུ་སྦ༔ ཁམས་གསུམ་དབང་དུ་འདུས་པར་འགྱུར༔ མི་ལག་མ་ཤོར་སྙིང་རུས་བརྩོན༔ མ་འོངས་སུམ་ཅུ་ཁ་རལ་དུས༔ མཛའ་


KMC020_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་རྒྱལ་སྲས་མུ་ཁྲི་ཡི༔ ལོངས་སྤྱོད་འཕེལ་བའི་ནོར་བུར་ཤོག༔ ས་མ་ཡ༔ ཐུགས་རྒྱ༔ བརྡའ་ཐིམ༔ གསང་རྒྱ༔ གཉན་རྒྱ་༔ སྦས་རྒྱ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ སརྦ་མངྒ་ལཾ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྡོ་རྗེ་གྲོ་ལོད་ཀྱི་ནོར་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ།next