Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དྲག་པོའི་རྩང་གྱེར་བཟློག་ཐབས།
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དྲག་པོའི་རྩང་གྱེར་བཟློག་ཐབས།next

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དྲག་པོའི་རྩང་གྱེར་བཟློག་ཐབས།


KMC020_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས། དྲག་པོའི་རྩང་གྱེར་བཟློག་ཐབས་བཞུགས།


KMC020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །སྤྲུལ་པའི་ཕོ་ཉ་ལས་ལ་མངགས་པའི་ཕྱིར། །སྤྲུལ་པའི་ཕྱག་རྒྱ་རྟགས་ཀྱི་ཕྱག་མཚན་ཤར། །དམ་ཉམས་དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །གདུག་པའི་རྩང་ཕུར་ཕྱག་རྟགས་ཉིད་དང་ལྡན། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་སུ་སླེབ། །མར་གྱི་རྩེ་མོ་ངན་སོང་གསུམ་ལ་གཟིར། །སྐེད་པ་རྒྱ་མདུད་ཆོས་ཉིད་འབྱུང་བའི་གནས། །ནང་པ་ཆོས་ཀྱི་བྱད་ཁ་དགྲ་ལ་ཟློག །ཡར་གྱི་རྩེ་མོ་ལྷག་མཐོང་ཡུལ་


KMC020_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག །མར་གྱི་རྩེ་མོ་རྒྱུ་དྲུག་སྙིང་པོ་བསྒྲལ། །སྐེད་པ་རྒྱ་མདུད་ཁམས་གསུམ་སྟོང་གསུམ་མཉམ། །སྟོང་གསུམ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་ཟློག །ཡར་གྱི་རྩེ་ལ་གདུག་རྩུབ་མེ་ལྟར་འབར། །མར་གྱི་རྩེ་ལ་གདུག་པའི་འོད་ཟེར་འཕྲོ། །སྐེད་པ་རྒྱ་མདུད་མཚོན་ཆའི་གུར་ཁང་ཕུབ། །མཚོན་ཆ་འཁྲུག་པའི་ལྟས་ངན་དགྲ་ལ་ཟློག །ཡར་གྱི་རྩེ་ལ་རཾ་གྱི་ཁ་འཕང་འཕྲོ། །མར་གྱི་རྩེ་ལ་ཛཿཡི་བུ་ཡུག་འཚུབས། །སྐེད་པ་རྒྱ་མདུད་དམུ་ཡི་ཕོ་བྲང་བཅས། །དམུ་བདུད་ཁྲོས་པའི་ལྟས་ངན་དགྲ་ལ་ཟློག །


KMC020_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་གྱི་རྩེ་ལ་ཁྲག་གི་བྱ་རྒོད་ལྡིང་། །མར་གྱི་རྩེ་ལ་དུག་གི་ཆུ་བོ་ཁོལ། །སྐེད་པའི་དཀྱིལ་ན་ཟངས་ཀྱི་བྱ་རོག་འགྱིང་། །འདབ་ཆགས་ཡོངས་ཀྱི་ལྟས་ངན་དགྲ་ལ་ཟློག །ཡར་གྱི་རྩེ་ལ་ཁྲག་གི་སྦྲང་བུ་གྲགས། །མར་གྱི་རྩེ་ལ་ལྕགས་ཀྱི་སྦྲང་མ་གྲགས། །སྐེད་པའི་དཀྱིལ་ན་གཡུ་ཡི་ཁུ་བྱུག་གྲགས། །འབུ་སྲིན་གདུག་པའི་ཐན་ལྟས་དགྲ་ལ་ཟློག །ཡར་གྱི་རྩེ་ལ་ལྷ་སྲིན་དམར་ནག་འཁྲུགས། །མར་གྱི་རྩེ་ལ་རྒྱ་གྲོག་དམར་ནག་རྒྱུག །སྐེད་པའི་དཀྱིལ་ན་གསེར་གྱི་སྦལ་བ་འཁུན། །ཆུ་གནས་རྣམས་ཀྱི་ཐན་སྣ་དགྲ་ལ་ཟློག །ཡར་གྱི་རྩེ་ལ་ཁྲག་གི་ཐིག་པ་འཛག །མར་གྱི་རྩེ་ལ་ལྕགས་ཀྱི་འུག་པ་གྲགས། །སྐེད་པའི་དཀྱིལ་ན་ཟངས་ཀྱི་ཝ་མོ་བརྒྱལ། །ཝ་དང་འུག་པའི་ལྟས་ངན་དགྲ་ལ་ཟློག །ཡར་གྱི་རྩེ་ལ་ཟངས་ཀྱི་འཕར་བ་རྒྱུག །མར་གྱི་རྩེ་ལ་ལྕགས་ཀྱི་སྤྱང་མོ་རྔམ། །སྐེད་པའི་དཀྱིལ་ན་ཟངས་ཀྱི་ཁྱི་མོ་ཟུག །སྡེར་ཆགས་ཡོངས་ཀྱི་ལྟས་ངན་དེ་ལ་ཟློག །ཡར་གྱི་རྩེ་ལ་བདུད་བྱ་ཀང་ཀ་ལྡིང་། །མར་གྱི་རྩེ་


KMC020_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོམ་དང་དྲེད་མོང་འཐབ། །སྐེད་པའི་དཀྱིལ་ན་སྟག་དང་སེང་གེ་འཐབ། །ཐན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག །ཁྲོ་རྒྱལ་སྤྲུལ་པའི་ཕོ་ཉ་དེ་རྣམས་ཀྱང་། །ཆེ་ཆུང་ཚད་ནི་རྒྱ་གྲོག་དམར་ནག་ཙམ། །གདུག་པའི་བརྟུལ་ཞུགས་ཆོ་འཕྲུལ་སྣ་ཚོགས་ཀྱིས། །རི་རབ་རྣམས་ཀྱང་ཚོགས་པོར་འཕེན། །འཇིགས་པའི་སྒྲ་སྐད་སྣ་ཚོགས་ཀྱིས། །ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན། །མྱུར་མགྱོགས་དྲག་པོས་དབང་དུ་སྡུད། །ཡང་སྤྲུལ་མངགས་གཞུགས་དཀྱིལ་འཁོར་གང་། །འབར་བའི་ཡང་སྤྲུལ་མཐའ་དང་མཉམ། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་མཐའ་དང་མཉམ། །སྤྲུལ་པ་ཀུན་འབྱུང་གདུག་པའི་རྩང་ཕུར་རྣམས། །གྲུ་གསུམ་གླིང་བཞི་དྲག་པོའི་དཀྱིལ་འཁོར་དུ། །ཆོས་ཉིད་དྲ་བ་ཡེ་ཤེས་མིག་མང་རིས། །འཁོར་བའི་དྲ་བ་སྐྲ་ཤད་འཛིངས་པ་འདྲ། །ཉོན་མོངས་དྲ་བ་སེམས་ཅན་བཅིངས་པའི་རྒྱུ། །ཤེས་རབ་དྲ་བ་མ་རིག་འགྱེད་པའི་སྒོ། །སྤྲུལ་པའི་དྲ་བ་ཅི་ཡང་སྒྱུར་བའི་ཐབས། །གདུག་


KMC020_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲ་བ་སེམས་ཅན་འཛུད་པའི་སྣོད། །སྤྲུལ་པའི་ཕོ་ཉ་མྱུར་མགྱོགས་རྒྱུག་པའི་སྲང་། །དམ་ཉམས་དགྲ་བགེགས་ཤོར་བའི་དུས་མཐའ་མེད། །གདུག་རྩུབ་སྤྲུལ་བའི་དྲ་བ་མིག་རེ་མང་། །གདུག་པའི་དགྲ་བགེགས་སྲོག་རྩ་གཅོད་པར་བྱེད། །དམ་ཉམས་དགྲ་བོའི་སྲོག་ལ་གཅོད་ཅིང་འཐབ། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །གདུག་རྩུབ་དབལ་དྲག་ལྡན་པའི་རྩང་ཕུར་བཞུགས། །དམ་ཉམས་དགྲ་བོའི་སྙིང་ལ་ཀཱི་ལ་ཡ། །ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད། །བྷྱོ་ཛཿཛཿ དམ་ཉམས་དགྲ་བོ་འདུལ་བའི་ཕྱིར། །ཁྲོ་རྒྱལ་འབར་བའི་ལྷ་ཚོགས་དང་། །ལས་མགོན་ཏྲཀྴད་ལྷ་ཚོགས་རྣམས། །དྲག་པོ་སྟོབས་ཀྱི་རྩང་ཕུར་བཞེངས། །ཧཱུྃ༑ རྡོ་རྗེ་དྲེགས་འཇོམས་ཕུར་པའི་ལྷ་ཚོགས་དང་། །དྲག་པོ་སྟོབས་ཀྱི་རྩང་ཕུར་བཞེངས། །ཧཱུྃ༑ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །དམ་ཉམས་དགྲ་བོ་འདུལ་བའི་ཕྱིར། །མཐིང་ནག་དབང་གྱི་གདན་སྟེང་དུ། །དབལ་དྲག་ལྡན་པའི་རྩང་ཕུར་


KMC020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། །རྡོ་རྗེ་དྲེགས་འཇོམས་ལྷ་ཚོགས་ཀཱི་ལ་ཡ། །ཡེ་ཤེས་ཕུར་པའི་ལྷ་ཚོགས་ཀཱི་ལ་ཡ། །ལས་ཀྱི་མགོན་པོའི་ལྷ་ཚོགས་ཀཱི་ལ་ཡ། །རྫས་ཀྱི་ཕུར་པ་ཀཱི་ལ་ཡ། །མགོ་བོ་རྒྱ་མདུད་མངའ་ཡང་གསོལ། །ཡེ་ཤེས་ཐིག་ལེ་མངའ་ཡང་གསོལ། །རྩ་བརྒྱད་འབར་བའི་མངའ་ཡང་གསོལ། །ཕྱག་རྒྱ་སྦྱོར་བས་མངའ་ཡང་གསོལ། །སྐེད་པ་རྒྱ་མདུད་མངའ་གསོལ་ལ། །རིགས་གཞི་ཕྱག་རྒྱས་མངའ་ཡང་གསོལ། །གྲུ་གསུམ་འབར་བས་མངའ་གསོལ་ལོ། །ཛཿགསུམ་འབར་བས་མངའ་གསོལ་ལ། །ངོས་གསུམ་འབར་བས་མངའ་གསོལ་ལོ། །པདྨ་རཀྟས་མངའ་གསོལ་ལོ། །ཟུར་གསུམ་འབར་བས་མངའ་གསོལ་ལོ། །སྣ་ཚོགས་ཛཿཡིས་མངའ་གསོལ་ལོ། །རཀྟ་ཁྲག་གིས་ངར་བླུད་ནས། །སྲིན་པོའི་ཐོད་པ་འདི་ལ་བརྡར། །ཕུར་པའི་དབལ་ལ་སྲ་སྙི་མེད། །ཡུངས་ཀར་མདའ་ལ་ཉེ་རིང་མེད། །དམིགས་པའི་འབེན་ལ་ཆེ་ཆུང་མེད། །མ་མོའི་ཐུན་ལ་ཉེ་རིང་མེད། །ཡུངས་ཀར་རྦབ་ལ་གྱེན་མཐུར་


KMC020_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཕོ་ཉའི་ལས་ལ་དཀའ་སླ་མེད། །སྡང་དགྲ་གནོད་བྱེད་བྱད་མ་རྡུལ་དུ་རློག །མི་མཐུན་རྐྱེན་དང་བར་ཆད་ཟློག །དགྲ་དང་བགེགས་ལ་རྩང་ཕུར་བྷྱོ། །བྱ་བྱེད་མུ་སྟེགས་སྙིང་ལ་རྩང་ཕུར་བྷྱོ། །བྱད་མ་ལྷ་སྲུང་སྙིང་ལ་རྩང་ཕུར་བྷྱོ། །ཁྲོ་རྒྱལ་འབར་བའི་ལྷ་ཚོགས་དང་། །ལས་ཀྱི་མགོན་པོའི་ལྷ་ཚོགས་ཀྱིས། །གནོད་བྱེད་ཐམས་ཅད་བཟློག་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ས་མ་ཡ། །ཛཿཛཿབྷྱོ་བྷྱོ་ཟློག་ཟློག །རྩང་གྱེར་རྫོགས་སོ། །ངག་གིས་བཛྲ་གྱིས་བསྐུལ་བའི་ངོར། །རིག་འཛིན་མི་འགྱུར་རྡོ་རྗེ་བྲིས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དྲག་པོའི་རྩང་གྱེར་བཟློག་ཐབས།next