Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་བསྒྲུབ་ལས་གསུམ་གྱི་ཚུལ་དེ་ཉིད་གསལ་བར་བྱེད་བའི་རྒྱུན་གསལ་ནོར་བུའི་འོད་ལྡན།


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་བསྒྲུབ་ལས་གསུམ་གྱི་ཚུལ་དེ་ཉིད་གསལ་བར་བྱེད་བའི་རྒྱུན་གསལ་ནོར་བུའི་འོད་ལྡན།no next

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་བསྒྲུབ་ལས་གསུམ་གྱི་ཚུལ་དེ་ཉིད་གསལ་བར་བྱེད་བའི་རྒྱུན་གསལ་ནོར་བུའི་འོད་ལྡན།


KMC020_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་བསྒྲུབ་ལས་གསུམ་གྱི་ཚུལ་དེ་ཉིད་གསལ་བར་བྱེད་བའི་རྒྱུན་གསལ་ནོར་བུའི་འོད་ལྡན་ཞེས་བྱ་བ་བཞུགས་སོ།། །།


KMC020_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀ་ར་ཡེ། །ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་ཀློང་། །རྩལ་སྣང་མ་འགགས་ཆ་ལས་ཧེ་རུ་ཀ །འབར་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །རང་རིག་དབྱེར་མེད་ངོ་བོར་ཕྱག་འཚལ་འདུད། །ཅེས་ཆེད་དུ་བརྗོད་པ་སྔོན་དུ་བཏང་ནས། འདིར་ཨོ་རྒྱན་རྡོ་རྗེའི་བཀའ་ལས་བྱུང་བའི་ཟབ་ཆོས་བླ་མ་དྲག་པོའི་སྐོར་གྱི་དམིགས་རིམ་གསུང་རྒྱུན་བསྒྲིགས་ཆག་གོ་བདེར་ཟིན་ཐོར་བཀོད་པ་ལ་རྩ་གསུམ་ལྷའི་བཀའ་ཡི་གནང་བ་ཐོབ་པར་བྱིན་གྱིས་བརླབས་ཏུ་


KMC020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དེ་ལ་དང་པོ། བཅའ་བཤམས་འདོན་བསྒྲིགས་ཀྱི་རིམ་པ་ཟིན་བྲིས་ཟུར་གསལ་ལྟར་ལ། བསྙེན་བསྒྲུབ་དང་། བཟློག་པ་མདོས་ཆེན་རྣམས་ཀྱི་བཅའ་འདོན་དང་། དམིགས་པའི་འཕྲུལ་བཅས་སོ་སོའི་དབྱེ་བ་ངེས་པར་བྱས་ལ། དེ་ཡང་བདག་མདུན་ཐམས་ཅད་ལས་བྱང་དང་མཐུན་པའི་ལྷའི་དཀྱིལ་འཁོར་གསལ་བ་དང་། བླ་མ་སྤྱི་བོར་བསྒོམ་ཞིང་དམ་ཚིག་ལ་གནས་པ་དང་། རང་ལུས་ཡི་དམ་དུ་གསལ་བས་སྣང་སྲིད་ཐམས་ཅད་ལྷར་ཤེས་པ་དང་།


KMC020_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གྲོགས་སུ་བསྟེན་ཅིང་བཀའ་རྒྱུད་ཀྱི་བསྟན་པ་སྤེལ་བ་དང་། སེམས་ཅན་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་རྫོགས་ཟབ་མོའི་སྒྲུབ་པ་ལ་བརྩོན་འགྲུས་ཐང་ལྷོད་མེད་པར། ལྟ་བསྒོམ་སྤྱོད་པ་ལ་གནས་ན། མཆོག་ཐུན་དངོས་གྲུབ་ཐོབ་པར་ངེས་སོ། །དེའང་འདོན་པ་དལ་བྲེལ་རན་པ། གདངས་དབྱངས་གསུང་རྒྱུན་དང་ལྡན་པ། ཚིག་གི་དོན་ལ་སྦྱར་བས་བསྐྱེད་རིམ་གསལ་བ། དེ་དག་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ཏིང་ངེ་འཛིན་དང་ལྡན་པས། རོལ་ཆ་སོགས་ཀྱང་སྐད་འཐོན་པ་ཁུང་དང་འབྲེལ་པ་དལ་བྲེལ་རན་པ་བྱིན་ཆག་པར་བྱས་ལ། ཐོག་མར་རང་ཉིད་པདྨ་བཛྲ་གསལ་བས་སྔོན་གཏོར་བྱིན་རླབས། གནས་བདག་ལ་གཏོར་མ་གསེར་སྐྱེམས་དང་། བགེགས་ལ་གླུད་གཏོར་བསྔོ། ཧཱུྃ༔ བཀའ་རྒྱུད་བླ་མའི་སོགས་རྩ་གསུམ་བདེན་པའི་བྱིན་བརླབ་མཐུ་སྟོབས་ཀྱི་གཉིས་འཛིན་འཁྲུལ་པའི་ཆ་ལས་བྱུང་བའི་གནོད་བྱེད་


KMC020_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་རྣམས་སྐྲད། སྟོང་ཉིད་ལྟ་བའི་གདེངས་དང་ལྡན་པའི་ངང་ནས་མཚམས་བཅད་པ་དང་། རང་ཉིད་ལྷའི་སྐུ་ལས་ཁྲོ་བོ་དང་ཁྲོ་མོ། ཐིག་ལེ་ཐིག་ཕྲན། རྡོ་རྗེ་མེ་རིའི་གུར་ཁང་དང་བཅས་སྣང་སྲིད་ལྷར་གསལ་གྱི་བསྲུང་འཁོར་བསྒོམ། དེ་ནས་མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་ལྷ་ཚོགས་གསལ་བའི་དྲུང་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ཡན་ལག་བདུན་འབུལ་མཐར། སྐྱབས་ཡུལ་རྣམས་རང་ལ་བསྟིམ་ཞིང་། སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག་ནས་རང་རིག་གསལ་སྟོང་འཛིན་མེད་ཀྱི་ངོ་བོ་སྐྱོང་བར་བྱའོ། །དེ་ནས་བྱིན་འབེབས་པའི་སྐབས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྣམས་མདུན་གྱི་ནམ་མཁར་སྤྲིན་གཏིབ་པ་ལྟར་བྱོན་ནས། སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་བྱོན་ནས་གསང་གསུམ་རྡོ་རྗེའི་བྱིན་རླབས་དངོས་གྲུབ་རྣམས་རང་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པ་དང་། སྨན་རག་གཏོར་


KMC020_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་མཚོན་པའི་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབ། དེ་ནས་ཕྱི་བསྒྲུབ་ཀུན་བཟང་གི་ལས་བྱང་སྟོན་ལ། སྣང་སྲིད་ཐམས་ཅད་ལྷའི་རོལ་པར་གསལ་བའི་ངང་ནས། བདག་བསྐྱེད་སྟོང་རག་ཀུན་བཟང་ཡབ་ཡུམ་གྱི་རྩ་འཁོར་གནས་ལྷ་རྣམས་གསལ་བཏབ། ཡེ་ཤེས་སྤྱན་དྲངས། དམ་ཡེ་དབྱེར་མེད་ལ་མཆོད་བསྟོད་བྱ། བསྙེན་དམིགས་ནི། དབུ་མའི་ནང་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་སུ་མི་བསྐྱོད་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་མཐར་བོ་དྷི་ཙིཏྟའི་སྔགས་འཕྲེང་མཐིང་ཀ་གཡས་བསྐོར་གྱི་འོད་ཟེར་སྤྲོ་བསྡུའི་རྒྱལ་བའི་བྱིན་བརླབས་དངོས་གྲུབ་ཐོབ་པར་མོས་ལ་ཁྱེར་སོ་གསུམ་ལྡན་གྱི་ངང་ནས་དང་པོ་སྤྱན་འདྲེན་སྔགས་དང་། དེ་ནས་རྒྱུན་བསྙེན་བཅས་བཟླའོ། །དེ་ནས་རིགས་ལྔ་སོ་སོའི་གནས་འགྱུར་གྱི་བསྒོམ་པའི་ས་བོན་སྔགས་འཁོར་བསྐྱེད་བཟླས་རྣམས་བྱའོ། །དེ་ནས་ནང་བསྒྲུབ་བླ་


KMC020_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལས་བྱང་གི་གཞི་རྫོགས་རིམ་བསྒོམ་པ། ཡང་དག་དོན་སོགས་ཏིང་འཛིན་རྣམ་པ་གསུམ་དང་། ལམ་བསྐྱེད་པའི་རིམ་པ། མཁའ་དབྱིངས་ཡེ་ཤེས་སོགས་བདག་མདུན་རྣམས་གསལ་གདབ་ལ་གནས་གསུམ་འབྲུ་གསུམ་ཐུགས་ཀར་ས་བོན་སྔགས་འཁོར་དང་བཅས་སྐུ་གསུམ་བླ་མ་ཐོ་བརྩེགས་དེའི་འཁོར་དུ་མཁའ་འགྲོ་སྡེ་ལྔ་བསྐྱེད་ལ་བདག་མདུན་ཐུགས་ཀའི་ཧཱུྃ་ལས་ཛཿཡིག་དང་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་སྐུ་གསུམ་བླ་མ་ལ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བསྐོར་བ་མདུན་གྱི་ནམ་མཁར་བཀྲ་གསལ་ལམ་མེར་བྱོན་པར་དམིགས་ལ། སྤྱན་འདྲེན་སྔོན་སྐལ་མ་ལེན་གསུམ་དང་། གདན་འབུལ། ཕྱག་འཚལ། ཕྱི་ནང་གསང་མཆོད། བསྐང་བཤགས། བསྟོད་པ་བཅས། དེ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འབྲུ་


KMC020_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཕྲོས་བདག་མདུན་དམ་ཚིག་པར་ཐིམ་པས་དབང་བཞི་ཐོབ། སྐུ་བཞི་མངོན་དུ་གྱུར་ནས་ལྷ་ཚོགས་རྣམས་ཀྱང་དབྱེར་མེད་ཆུ་ལ་ཆུ་བཞག་ལྟར་མོས་ལ། བདག་མདུན་ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར་སྔགས་ཕྲེང་མཐིང་ག་གཡས་སུ་འཁོར་བའི་རང་སྒྲ་དང་འོད་ཟེར་གྱི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་མཆོད་ཅིང་དགྱེས། ཐུགས་དམ་གྱི་རྒྱུད་བསྐུལ་བར་དམིགས་ནས། དང་པོ་སྤྱན་འདྲེན་གྱི་སྔགས་བཟླས་ལ། སྐུ་གསུང་ཐུགས་ཀྱི་ངོ་བོ། སྐུ་དང་། ཡིག་འབྲུ་ཕྱག་མཚན་རྣམས་ཆར་བབ་བཞིན་རང་ལ་ཐིམ་པས་གསང་བ་གསུམ་གྱི་བྱིན་བརླབས་ཐོབ་པར་བསྒོམ། དེ་ནས་རྒྱུན་བསྙེན་བཟླས་ལ། ཡང་འོད་ཟེར་འཕྲོས་ཕྱི་སྣོད་ལྷའི་གཞལ་ཡས་དང་། ནང་བཅུད་འགྲོ་བ་རིགས་དྲུག་གཟུགས་ཅན་གཟུགས་མེད་


KMC020_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་ལྷ་སྲིན་རྣམས་ཀྱང་ལྷའི་རོལ་པར་བསྒྱུར་ནས་སྔགས་ཀྱི་སྒྲ་གདངས་ཀྱིས་འཇིག་རྟེན་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་གཡོ་ཞིང་། དེ་རྣམས་ཀྱི་སྡིག་སྒྲིབ་བྱང་། གདུག་སེམས་ཞི། མཐུ་སྟོབས་གཟི་བརྗིད་ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་རྣམས་མཚོ་ལ་ཆར་བབས་པ་ལྟར་རང་ལ་ཐིམ་པར་མོས་ལ་སྔགས་བཟླའོ། །དེ་ནས་ཤོག་ཕྲན་ཚེ་སྒྲུབ་རང་ཉིད་པད་འབྱུང་ཡུམ་ཅན་གསལ་བའི་དྲན་རྫོགས་ཀྱི་འོད་ཟེར་སྤྲོ་བསྡུ་དང་བསྙེན་དམིགས་རྣམས་གཞུང་གསལ་ལྟར་སྔགས་བཟླ། མཐར་དམིགས་གཏད་མཚན་བྲལ་བློ་འདས། རང་ཉིད་བླ་མ་དྲག་པོ་བསྐྱེད་པ་དང་། མདུན་བསྐྱེད་ཞི་བའི་གཡས་སུ་གུ་རུ་དྲག་པོ་བདག་མདུན་མཉམ་རྫོགས་སུ་གསལ་གདབ་པའི་འཁོར་དུ་སྡེ་བརྒྱད་ཀྱིས་བསྐོར་བར་བསྐྱེད་ལ། གཙོ་བོའི་གནས་གསུམ་འབྲུ་གསུམ་དང་། ཁྱད་པར་ཐུགས་ཀའི་ཧཱུྃ་འོད་ཀྱིས་བསྐུལ་བའི་ཟངས་མདོག་དཔལ་གྱི་


KMC020_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་ནས་ཡེ་ཤེས་པ་སྤྱན་དྲངས་ནས། དམ་ཡེ་དབྱེར་མེད་དུ་གྱུར་པའི་ངང་ནས་མཆོད་བསྟོད་སོགས་བྱ། བདག་མདུན་ཐུགས་ཀར་པད་ཉིའི་སྟེང་དུ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གི་མཐར་ཨ་རྩིག་མཐིང་ཀ་གཡས་སུ་འཁོར་བའི་འོད་ཟེར་གྱི་རྩ་གསུམ་ལྷ་ཚོགས་ཡེ་ཤེས་ཀྱི་ཁྲོ་རྒྱལ་རྣམས་མཆོད་ཅིང་དགྱེས་པ་བསྐྱེད། འགྲོ་བའི་སྒྲིབ་པ་སྦྱངས་པར་མོས་ལ་དང་པོ་སྤྱན་འདྲེན་སྔགས་ཤྲཱི་ཧེ་རུ་ཀ་སོགས་བཟླ་བཞིན། དྲག་པོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་སྐུ་དང་། ཡིག་འབྲུ་ཕྱག་མཚན་རྣམས་རང་ལ་ཐིམ་པས་སྟོབས་བཅུའི་ནུས་རྩལ་ཐོབ་པར་དམིགས། ཡང་སྔགས་ཕྲེང་གི་རང་སྒྲ་དང་འོད་ཟེར་ལས་བསྐལ་པའི་མེ་ཡི་ཚྭ་ཚྭ་འཕྲོས་སྣང་སྲིད་ཐམས་ཅད་དྲག་པོའི་སྐུར་བསྒྱུར་ནས། གཟུགས་ཅན་གཟུགས་མེད་ཀྱི་དགྲ་བགེགས་ཐམས་ཅད་མེ་ཡི་བསྲེགས་ཅིང་། ལ་ལ་བརྒྱལ། ལ་ལས་སྙིང་བཏོན་པ་སོགས་ཉམས་ཐག་པའི་ངང་ནས་དབང་མེད་དུ་བཀའ་


KMC020_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམ་ལ་གནས་མོས་རྒྱུན་བསྙེན་ཨ་རྩིག་བཟླ། དེ་ནས་ཕྲིན་ལས་བཞི་བསྒྲུབ་དམིགས་པ། སྔ་དྲོ་ལྷ་དང་སྔགས་ཕྲེང་དཀར་པོའི་འོད་ཀྱི་འཕྲོ་འདུའི་རང་དང་དམིགས་བྱའི་ནད་གདོན་བར་ཆད་ཐམས་ཅད་ཞི་ནས་འཆི་མེད་རིག་འཛིན་ཐོབ་པར་བསྒོམ་པ་དང་། ཉིན་དགུང་ལྷ་སྔགས་སེར་པོའི་སྤྲོ་བསྡུའི་ཚེ་བསོད་དཔལ་འབྱོར་རྒྱས་པར་དམིགས། དགོང་ཀ་ལྷ་སྔགས་དམར་པོའི་འཕྲོ་འདུའི་སྣང་སྲིད་དབང་དུ་བསྡུད་པར་མོས། སྲོད་ལ་ལྷ་སྔགས་མཐིང་ནག་གི་ཚ་ཟེར་གྱི་གནོད་བྱེད་བྱད་ཕུར་ཐམས་ཅད་བསྲེགས་ཅིང་ཐལ་བར་བརླག་པར་བསམ་ལ་སྔགས་བཟླའོ། །དེ་ནས་སྔགས་ཤམ་འདོག་སྐབས་དྲག་སྔགས་སྒྲ་འོད་རྔམས་ཟེར་གྱི་སྤྲོ་བསྡུའི་སྡེ་བརྒྱད་རྣམས་ལ་ཕོག་པས་དམ་ཚིག་རྗེས་སུ་དྲན་ནས་སྲོག་གི་སྙིང་པོ་ཕུལ་དཀའ་ཉན་བྲན་དུ་ཁོལ་ནས་ཕྲིན་ལས་ཆེད་དུ་བསྒྲུབ་པར་དམིགས་ལ་སྔགས་ཤམ་ཅན་བཟླའོ། །དེ་ནས་དགོངས་གསོལ་


KMC020_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་དྲག་པོའི་ལྷ་ཚོགས་ཐུགས་དམ་གནད་བསྐུལ་གྱི་ཕྲིན་ལས་བཅོལ་ཆེད་དུ་གཏོར་འབུལ་དང་། ཡང་འཁོར་རྣམས་ཀྱི་བསྐུལ་གཏོར་མ་གསེར་སྐྱེམས་དགྲ་ཕྱོགས་འབུལ། ཕྱི་ནང་གསང་གསུམ་བཟློག་པའི་མཐར་ཡང་དམར་གཏོར་འབུལ་ལ། དར་ནག་ལན་དགུ་རྡེབ། འབྱུང་ལྔ་སྟེང་འོག་བསྒྱུར་བས་དགྲ་བོ་ཐལ་བར་བརླག་པར་དམིགས་ལ་སྟོང་ཉིད་ངང་དུ་བཞག །དེ་ནས་མཁའ་འགྲོའི་བསྐྱེད་རིམ། སྟོང་པའི་རང་མདངས་ཀྱི་རྩལ་དེ་ཉིད་ལས་ཡེ་ཤེས་ལྔའི་འོད་ཟེར་གུར་ཁྱིམ་དབུས་སུ་བདག་བསྐྱེད་གནས་འགྱུར་གྱི་མཚོ་རྒྱལ་མ་དང་། མདུན་བསྐྱེད་བླ་མའི་གཡོན་དུ་མཁའ་འགྲོ་བསྐྱེད་པའི་གནས་ལྷ་རྣམས་དང་བཅས་གསལ་བཏབ་པའི་གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་འོད་ཀྱི་བསྐུལ་བའི་རང་འདྲ་ཡེ་ཤེས་པ་རྣམས་ཨོ་རྒྱན་མཁའ་སྤྱོད་གནས་ནས་སྤྱན་དྲངས་བདག་མདུན་ལ་ཐིམ་པར་དམིགས་ལ། དེ་ནས་ཕྱི་རིམ་འཁོར་ཚོགས་


KMC020_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བསྐྱེད་ལ་ཐུགས་སྲོག་གི་འོད་ཟེར་འཕྲོ་འདུའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་སྤྱན་འདྲེན་བསྐྱེད་བསྟིམ་དང་། གདན་འབུལ། མཆོད་བསྐང་བཤགས་པ་བསྟོད་པ་བཅས། བསྙེན་དམིགས་གཞུང་ལྟར་གནས་ལྷ་ལྔའི་བྱིན་བརླབས་ཐུགས་རྒྱུད་རིམ་བསྐུལ་ནས། སྙིང་ཁའི་གུ་རུའི་ཐུགས་ཀར་ཧཱུྃ་མཐར་མཁའ་འགྲོའི་བསྙེན་སྔགས་གཡོན་བསྐོར་དུ་དམིགས་ལ་འཕགས་མཆོད་འགྲོ་བའི་སྒྲིབ་སྦྱོང་སྣོད་བཅུད་དག་པ་གསུམ་ལྡན་ངང་ནས་སྔགས་བཟླའོ། །མཐར་སྔགས་ཕྲེང་རང་སྒྲ་དང་བཅས་གནས་ལྷ་རྣམས་བསྡུ་རིམ་གཞུང་ལྟར་མཐར་མི་རྟོགས་པའི་ངང་དུ་བཞག་ལ། ཟུང་འཇུག་གི་ལྷ་སྐུར་ལྡང་ནས་ཚོགས་ལས་བམ་བསྒྲལ་གྱི་ཐ་ཚིག་བརྗོད་ཅིང་བསྲུང་མ་རྣམས་ལ་བཀའ་བསྒོ། དགུག་གཞུག་ལེན་གསུམ། རང་ལྷའི་ང་རྒྱལ་ལྡན་བཞིན་བམ་བསྒྲལ་ནས། སྐྱེ་མེད་ངང་དུ་བསྟིམ་པ་སོགས་བྱ། ཞལ་བསྟབ་ཆ་ལྔ་དང་གཙང་


KMC020_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བཅས་དྲུག་བཤམ་ལ་རིམ་པར་བསྟབ། རྣལ་འབྱོར་པ་རྣམས་གསལ་བ་གསུམ་ལྡན་གྱི་ཚོགས་ལ་རོལ། སྤྱང་ཞོན་མར་ལྷག་གཏོར་བཏང་ལ་གཙང་གནས་སུ་སྐྱལ་ཕྲིན་བཅོལ་དྲག་ཏུ་བྱའོ། །དེ་ནས་ཡང་གསང་ལས་མགོན་སྒྲུབ་པ་རང་ཉིད་གསང་བདག་གསལ་བའི་སྤྱི་བོར་པད་འབྱུང་བསྐྱེད་ལ། རང་གི་ཐུགས་ཀར་སྔགས་ཕྲེང་དམིགས་པ་གཞུང་ལྟར་བཟླས་པ་དང་། བསྡུ་རིམ་ཟུང་འཇུག་གི་སྐུར་ལྡང་བའི། མདུན་བསྐྱེད་བླ་མའི་དྲུང་དུ་ལས་གཞུང་ལྟར་བདུད་མགོན་ཏྲཀྴད་ལ་ཡུམ་བཞི་བདུད་ཕོ་བརྒྱད་རུ་འདྲེན་བདུན་སོགས་འཁོར་དང་ཡང་འཁོར་མང་པོའི་བསྐོར་བར་བསྐྱེད་ལ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་དང་། མདུན་བསྐྱེད་ཀྱི་གནས་གསུམ་འབྲུ་གསུམ་དང་། ཁྱད་པར་ཐུགས་ཀའི་ཧཱུྃ་ཧ་ཁོག་ནང་དུཿཡི་གེ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་རང་རང་གི་གནས་ཡུལ་རྣམས་ནས་མགོན་པོ་འཁོར་


KMC020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྤྱན་དྲངས་ཏེ་དམ་ཡེ་གཉིས་མེད་གྱུར་པ་ལ་ཕྱག་འཚལ་གདན་འབུལ་དང་། དམ་བཞག་སྐབས་དམིགས་པ་གཞུང་ལྟར་གྱི་ཁྱབ་ཞིང་མཆོད་བསྟོད་དང་བཅས་མགོན་པོའི་ཐུགས་ཀར་པད་ཉིའི་གདན་ལ་ཧཱུྃ་ཧ་ཁོག་ནང་དུཿཡི་གེ་དེའི་མཐར་རྩ་སྔགས་དང་སྤྱི་དྲིལ་སྔགས་བཅས་དེ་རྣམས་མཐིང་ནག་འོད་ཀྱི་གཟི་མདངས་ལྡན་པ་གཡས་སུ་འཁོར་ཞིང་། ཡུམ་བཞིའི་ཐུགས་ཀར་མ་འཁོར་རྣམས་ལ་དུཿཡིག་རེ་བཅས་ཐམས་ཅད་ཁ་དོག་ནག་པོ་འོད་དང་ལྡན་པ་དེ་རྣམས་ལས་འོད་ཟེར་འཕྲོས་རང་འདྲའི་གཙོ་འཁོར་དཔག་ཏུ་མེད་པ་སྤྱན་དྲངས་མདུན་བསྐྱེད་ལ་ཐིམ་པར་དམིགས་ལ་སྤྱན་འདྲེན་གྱི་སྔགས་བཟླ། དེ་ནས་རང་ཡི་དམ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྔོན་པོ་སྤོས་རིང་གི་དུད་པ་ལྟར་ཞལ་ནས་ཐོན། མདུན་བསྐྱེད་གཙོ་འཁོར་གྱི་ཞལ་དུ་ཞུགས། སྔགས་འཁོར་ལ་ཕོག་མཆོད་པས་མཉེས། སླར་ཡང་སྔགས་ཕྲེང་འཕྲོས།


KMC020_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས་ཐོན་རང་གི་ཞལ་དུ་ཞུགས་ཐུགས་ཀར་ཐིམ་པས། དཔལ་མགོན་པོ་དང་དབྱེར་མེད་པའི་མཐུ་སྟོབས་དང་ལྡན་པར་མོས་པ་དང་། ཡང་བདག་མདུན་བར་སྔགས་ཕྲེང་དེ་ཉིད་མགལ་མེ་ལྟར་འཁོར་བཞིན་པའི་འོད་ཀྱི་མདུན་བསྐྱེད་གཙོ་འཁོར་གྱི་ཐུགས་རྒྱུད་བསྐུལ་བས་སྤྲུལ་པ་ཡང་སྤྲུལ་གྲངས་མེད་འཕྲོས་ནས་དགྲ་བགེགས་བྱད་མ་ཐམས་ཅད་ཚར་བཅད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་དམིགས་ལ་རྩ་སྔགས་དང་སྤྱི་དྲིལ་བཟླའོ། །རྩུབ་ཉམས་བྱུང་ན་མཐར་དམ་བཞག་གི་སྔགས་དམིགས་གཞུང་ལྟར་བཅས་བཟླས་ལ། གཏོར་འབུལ་དང་ཕྲིན་ལས་བཅོལ། རྩ་གསུམ་ལྷ་ཚོགས་ལ་བསྐང་རྫས་དང་དངོས་འབྱོར་གྱི་ལོངས་སྤྱོད་དང་། ཡིད་སྤྲུལ་མཆོད་སྤྲིན་རབ་འབྱམས་རྒྱ་མཚོ་བློ་ཡི་བླངས་སྟེ་ཚིག་དོན་ལྟར་དམིགས་ནས་འབུལ། དེ་ནས་ནོར་བསྒྲུབ་ལ། རང་ཉིད་པད་འབྱུང་གསལ་བའི། མདུན་བསྐྱེད་བླ་མའི་དྲུང་དུ་ཛམ་ལྷ་ཡབ་


KMC020_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རིགས་བདག་བཅས་གསལ་གདབ་ལ། ཐུགས་ཀར་རིན་པོ་ཆེའི་ལྟེ་བར་བྷྲུྃ་ཡིག་མཐར་སྔགས་ཕྲེང་གསེར་མདོག་གཡས་སུ་འཁོར་བའི་འོད་ཀྱིས་བསྐུལ་བའི་ལྕང་ལོ་ཅན་ཛམ་ལྷ་འཁོར་བཅས་སྤྱན་དྲངས་མདུན་བསྐྱེད་ལ་བསྟིམ་ཞིང་། བདག་དང་མདུན་གྱི་འོད་ཟེར་འཕྲོ་འདུའི་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་ཆར་བཞིན་བབས་ནས་བདག་མདུན་ལ་ཐིམ་པར་དམིགས་ནས་སྔགས་བཟླའོ། །མཐར་མཆོད་བསྟོད་བྱ། དེ་ནས་ཟབ་གནད་ཡང་གསང་སྙན་རྒྱུད་ཟངས་སྦུག་མའི་བསྐྱེད་རྫོགས་ཀྱི་རིམ་པ་ལ། ལྷ་བསྐྱེད། སྔགས་བཟླ། རྫོགས་ཆེན་ལ་ཕབ་པ་སྟེ། དང་པོ་ཐ་མལ་གྱི་ཞེན་འཛིན་རྣམས་སྟོང་ཉིད་ཀྱི་ངང་དུ་སྦྱང་ནས་རང་མདངས་མ་འགགས་རིག་པའི་རང་རྩལ་ལས་སྣང་སྟོང་སྒྱུ་མ་ལྟ་བུའི་ཕྱི་སྟོང་ར་རང་ཉིད་རྡོ་རྗེ་གྲོ་ལོད་དང་། མཁའ་འགྲོ་སེང་གདོང་འཁྲིལ་སྦྱོར་ཅན་དུ་བསྒོམ་པའི། རིགས་བདག་དང་ཕྱག་མཚན་གྱི་


KMC020_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལྷ་རྣམས་གསལ་གདབ། རྩ་གསུམ་འཁོར་ལོ་ལྔའི་གནས་ལྷ་རྣམས་ཀྱང་བསྐྱེད་ལ། དང་པོ་ཐུགས་ཀའི་གུ་རུ་ཡབ་ཡུམ་གྱི་ས་བོན་ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར་བར་དམིགས་ལ། དེ་ལས་འོད་འཕྲོས་རྒྱལ་བ་མཆོད། འགྲོ་བའི་སྒྲིབ་པ་སྦྱང་། ཚུར་འདུས་རང་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་ཐོབ་པར་མོས་ལ་སྔགས་བཟླའོ། །དེ་ནས་དུང་ཁང་གི་སྣང་མཐའ་ཡབ་ཡུམ་གྱི་ས་བོན་ཧྲཱིཿདང་སྔགས་འཁོར་ལས་འོད་ཟེར་སྤྲོ་བསྡུ་སོགས་ཀྱང་གོང་བཞིན་བྱས་ལ་སྔགས་བཟླ། མགྲིན་འཁོར་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་སོགས་གཞན་རྣམས་ལའང་དེ་ནི་རིགས་འགྲེས་དམིགས་པས་ཁྱབ། དེ་ནས་རིམ་པས། ཕྱི་སྣོད་དང་། ནང་བཅུད། འཁོར་འདས་སྣང་སྲིད། འགྲོ་བ་རིགས་དྲུག་རྣམས་ཡེ་ཤེས་ལྷའི་རོལ་པར་བསྒྱུར་ནས་སྔགས་བཟླའོ། །དེ་ནས་ཚིག་དོན་ལྟར། གང་ཤར་ཐམས་ཅད་བློ་ལས་འཛིན་མེད་ལྷན་སྐྱེས་ཀུན་ཏུ་བཟང་པོའི་


KMC020_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དུ་ཤར་གྲོལ་དུས་མཉམ་གྱི་ཉམས་ལེན་སྐྱོང་ལ། དྲག་དམིགས་ཀྱི་སྐབས་ལྷ་ཚོགས་རྣམས་ལྷག་པར་ཁྲོས་རྔམ་ཟིལ་དང་ལྡན་པར་བསྐྱེད་ལ། སྔར་ལྟར་ཐུགས་ཀའི་གུ་རུའི་ས་བོན་མཐར་དྲག་སྔགས་གཉིས་ཀྱི་བསྐོར་བ་དེའི་རང་སྒྲ་དང་ཟེར་གྱིས་གཟུགས་ཅན་གཟུགས་མེད་ཐམས་ཅད་རང་ལ་བསྟིམ་ནས། དྲག་པོ་ཆེན་པོའི་མཐུ་རྩལ་ནུས་སྟོབས་ཐམས་ཅད་རྫོགས་པར་མོས་ལ་སྔགས་བཟླ། གནས་ལྷ་རྣམས་ཀྱང་ཁྲོ་བོར་གནས་འགྱུར་གྱི་སོ་སོ་སྔགས་འཁོར་དང་སྤྲོ་བསྡུ་སོགས་གོང་ལྟར་བྱས་ལ་སྔགས་བཟླའོ། །མཐར་ཕྱག་མཚན་རྣམས་སྤྲོས་ནས། གནོད་བྱེད་ཐམས་ཅད་ཚར་བཅད་རྗེས་འཛིན་གྱི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་དམིགས། དེ་ནས་ཟབ་ཆོས་ཐམས་ཅད་ཀྱི་རྣོ་མཚོན་ཡས་ཟོར་ཆེན་མོ་སྲིད་གསུམ་བརླག་བྱེད་ཀྱི་དམིགས་པའི་བསྒྱུར་ཁ་རྣམས་ནི་གཞུང་ཉིད་དུ་གསལ་བ་དེས་ཁྱབ་པར་གདའ། འདིའི་སྐབས་ཞི་


KMC020_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་གི་ལས་བྱང་བསྙེན་སྔགས་རྣམས་ཀྱི་མཐར་སྔགས་ཤམ་འདོགས་སྐབས། ལག་གཡས་ཟླ་བ། གཡོན་ཉི་མའི་མཐིལ་དུ་གནོད་བྱེད་བཀུག་ཐལ་མོ་བརྡབ་པས་རྗེས་མེད་སོང་བར་མོས་མཐར་མི་དམིགས་པའི་ངང་དུ་བཞག་པ་སོགས་རིགས་འགྲེ་བྱའོ། །དེ་ནས་སྲིད་གསུམ་གཏིང་བཟློག་སྐབས་མདུན་བསྐྱེད་འབྱུང་བ་རིམ་བརྩེགས་སྟེང་དུ། དྲག་པོའི་ལྷ་ཚོགས་རྣམས་ཚིག་དོན་ཇི་ལྟར་བསྐྱེད་ལ། སྦས་གསང་གི་ཁྲོ་ཚོགས་རྣམས་བཞེངས་བསྐུལ་དང་། མངའ་གསོལ་སྐབས་སྨན་རཀ་གཏོར་མཆོད་སྦྲེང་བ་དང་། བསྒྲལ་ལས་སྐབས། བདག་མདུན་གྱི་བར་ལྕགས་ཁང་ནང་དགྲ་བགེགས་འགུགས་བསྟིམ་དྲག་ཏུ་བྱ་ཞིང་། ཕུར་བསྐྱེད་གནས་ལྷ་དང་བཅས་དམིགས་ནས། ལྷ་དབྱེ་ཞིང་ཕུར་པས་བསྒྲལ་ལ། དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་བསྒྱུར་ནས་ཞལ་བསྟབ་འབུལ། དྲག་པོའི་ལས་བསྐུལ་བཏོན། བཟློག་པའི་ཕྲིན་བཅོལ་སྐབས་གཏོར་འབུལ་རྣམས་དང་


KMC020_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཀྴད་དགྲ་ཆོས་གཏོར་རྦད་ཀྱི་དྲག་བསྐུལ་བཅས་བྱ། རིགས་ལྔའི་སྟོང་བཟློག་ནི། དེ་ཁོ་ན་ཉིད་ཀྱི་བཟློག་པ་ཟབ་མོ་སྟེ་སྟོང་ཉིད་ལྟ་བའི་གདེངས་དང་ལྡན་པའི་ངང་ནས་བྱའོ། །དེ་ནས་ཚེ་སྒྲུབ་འཆི་མེད་བཙན་རྫོང་སྐབས་རང་ལྷར་གསལ་བའི་རིགས་བདག་དང་། གནས་ལྷ་ཚེ་དཔག་རིགས་ལྔ་ཡབ་ཡུམ་བཅས་བསྐྱེད་བསྟིམ་གཞུང་ལྟར་དང་། བསྙེན་པའི་སྐབས་ཐུགས་སྲོག་འོད་ཟེར་སྤྲོ་བསྡུའི་རང་གི་བླ་ཚེ་ཡར་བ་འཐོར་བ་སོགས་དང་། འབྱུང་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། རྒྱལ་བའི་བྱིན་བརླབས་རྣམས་བསྡུས་ནས་རང་ལ་ཐིམ་པར་བསྒོམ་ཞིང་སྔགས་བཟླའོ། །མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱས་ལྷག་ཆད་བསྐངས། ཡེ་ཤེས་ལྷ་ཚོགས་སོགས་བཏོན་འདིར་མཆོད་བསྟོད་བཤགས་པ་དོན་ཚང་བ་ཉིད་དོ། །དེ་ནས་ལུས་སྣང་ལྷ་སྐུ་སོགས་བསྡུ་རིམ་དང་དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་ལ། སླར་ཟུང་འཇུག་གི་སྐུར་


KMC020_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་ནས། ཀུན་བཟང་ནང་གི་བཀྲ་ཤིས་བརྗོད་ཅིང་རྒྱུན་སྤྱོད་བྱའོ། །དེ་ནས་གཏོར་རྒྱག་སྐབས་འདོན་ཆ་རྣམས་ཉིན་ལྟར་ལ། གཏིང་བཟློག་གི་ཕྲིན་བཅོལ་ཐོན་འཕྲལ་རྩ་བ་གསུམ་དང་། དཀར་ཕྱོགས་སྐྱོང་བ་རྣམས་ལ་ལམ་སེལ་གྱི་ཆེད་དུ་རིན་ཆེན་གསེར་སྐྱེམས་འབུལ་ནས་མདོས་དང་ཟོར་གྱི་ལམ་ཕྱེས་པར་མོས་པ་དང་། བསྐང་བའི་ཐ་ཚིག་བརྗོད་ལ་བསྐངས་རྫས་གཏོར་མ་སྣང་སྲིད་ཀྱི་འདོད་ཡོན་ནམ་མཁའ་མཛོད་བཞིན་འབུལ་བས་གང་བཅོལ་ཕྲིན་ལས་མཛད་པར་དམིགས། ཡས་ཟོར་སྐབས་མདོས་ཀྱི་སྒོ་དབྱེ་དང་། དེ་མིན་ཡི་དམ་ཆོས་སྐྱོང་བསྐུལ་གྱི་སྐབས་བཟློག་གཏོར་གཉིས་བསྐུལ་ཙམ་གྱི་མཐུས་པས། འབོད་དོ་བསྐུལ་ལོ་ཏྲཀྴད་ཞལ་ཆེམ་ལས་འགྱེད་དང་། བསྐུལ་ལོ་རྦད་དོ་ཞེས་ཡི་དམ་བསྐུལ་བཅས་བཏོན་མཐར། མདོས་ཟོར་རྣམས་རིམ་བཞིན་བཏེགས་ལ། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཞུགས་པ་ལ།


KMC020_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་གྱུར་པ་ལ་དམིགས་ཏེ་ཕུལ་བས་དགྱེས་པར་རོལ་ཞིང་རྣམ་འབྱོར་པའི་མགོན་སྐྱབས་དཔུང་གཉེན་གདོང་གྲོགས་ལྷག་པར་མཛད་པའི་མཐུ་རྩལ་ནུས་པ་ཐོགས་མེད་དུ་བསྟན་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ལྷག་མ་ནད་མཚོན་དུག་རླང་མེ་དཔུང་། དྲེགས་པ་སྡེ་བརྒྱད་ལ་སོགས་པ་མི་བསུན་པའི་དམག་ཚོགས་དུ་གྱུར་ཅིང་སྟེང་འོག་བར་གསུམ་ནས་སྤྲིན་ཆེན་རླུང་གི་བསྐྱོད་བཞིན་སྔོན་དུ་ལས་མགོན་འཁོར་བཅས་དང་། དེ་ནས་གུ་རུ་དྲག་པོ་ཁྲོ་ཆེན་རྡོ་རྗེ་གཏུམ་པོའི་ལྷ་ཚོགས་ཐམས་ཅད་མངོན་སྤྱོད་ཀྱི་ལས་ལ་མྱུར་མགྱོགས་བཟོད་དཀའི་གཟི་བྱིན་འབར་བ་དང་ལྡན་པས་ཁམས་གསུམ་གཡོ་བ་དང་བཅས་ཏེ་དགྲ་ཡུལ་ཆས་པར་དམིགས་ལ་རྣལ་འབྱོར་པ་རྣམས་ལྷའི་ང་རྒྱལ་ལ་གནས་བཞིན་དྲག་སྔགས་བཟླ་ཞིང་སེར་ཕྲེང་རྔམས་བརྗིད་དང་བཅས་ཕྱི་རོལ་གོམ་པའམ་ཡང་ན་འདོམ་ཉེར་ལྔའི་བར་དཔག་ནས་ཟོར་


KMC020_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་རྣམས་བཀོད། རྩ་གསུམ་ལྷ་ཚོགས་ནམ་མཁར་བཞུགས་པ་རྣམས་ཀྱི་སྤྱན་སྔར་བདེན་པ་བརྡར་བ་ལན་གསུམ་གྱི་ལིངྒ་ལ་དགུག་གཞུག་བྱས་ལ། དེ་ནས་གསེར་སྐྱེམས་མཆོད་ཅིང་ཡེ་ཤེས་ལྷ་ཚོགས་རྣམས་ཀྱི་གཟུ་སྤང་མཛད་ནས་ལེགས་ཉེས་ཀྱི་སྟོང་འཛིན། དམ་ཚིག་གི་རྗེས་གཅོད་པའི་ཕྱིར་ཁོང་ནས་ཡུས་པའི་གདུང་བ་དྲག་པོའི་ང་རོ་དང་བཅས་ཏེ་སློབ་དཔོན་གྱི་བཞེས་འབོད། དེ་ནས་དྲག་པོའི་ལྷ་ཚོགས་རྣམས་མངོན་སྤྱོད་ཀྱི་ལས་ལ་དགོངས་པའི་ཁྲོས་འཁྲུགས་རྔམ་པའི་སྐུར་བཞེངས་པ་དང་བཅས་ཕྲིན་ལས་མཛད་པར་མོས་ལ། རང་ལྷའི་ང་རྒྱལ་བཅས། བཟློག་པ་རྐྱང་པའི་སྐབས་རང་བཟོ་མངོན་སྤྱོད་ཟོར་ལས་དགོས་ཞིང་། དེ་མིན་མདོས་ཆེན་དང་བཟློག་པ་འབྲེལ་སྐབས་ཡས་ཟོར་ནང་ལྟར་ཟོར་འཕེན་ནས། རྦད་སྔགས་འདོན་བཞིན་པས་རིམ་གྱི་ལིངྒ་ལ་བརྡེག །དེ་ནས་ལས་མགོན་རྦད་བསྐུལ་མ་ཧཱ་ཀཱ་ལ་སོགས་ཀྱི་མཐར་མདོས་


KMC020_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་། བཟློག་གཏོར་འཕང་། ཡི་དམ་དྲག་བསྐུལ་རྡོ་རྗེ་དྲེགས་འཇོམས་སོགས་དང་། ཁྲོ་རྒྱལ་འབར་བཟློག་མཐར་དྲག་པོའི་བཟློག་གཏོར་བརྡེག་ལ་བསྐལ་པའི་མེ་ལྟར་འབར་བའི་ཀློང་ནས་ནད་མཚོན་དུག་གི་སྤྲིན་དཔུང་གཏིབ་བཞིན་པའི་ངང་ནས་འབྱུང་བ་ལྔའི་དཀྱིལ་འཁོར་ཡང་སྟེང་འོག་བསྒྱུར་ཅིང་དྲེགས་བྱེད་ཀྱི་དམག་ཚོགས་རྣམས་ཀྱི་གང་ལ་དམིགས་པའི་དགྲ་བོ་ས་གཞི་ཡུལ་མཁར་དང་བཅས་མིང་རུས་རྗེས་ཤུལ་ཙམ་ཡང་མེད་པར་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་དམིགས། དེ་ནས་རིགས་ལྔའི་སྟོང་བཟློག་འདོན་ཞིང་། བསྒྲལ་བྱ་བསྒྲལ་བྱེད་ཐམས་ཅད་དམིགས་མེད་སྟོང་ཆེན་ཀུན་བཟང་ཀློང་དུ་མཉམ་པར་བཞག །དེ་ནས་རང་ལྷར་གསལ་བའི་སྐུ་ལས་ཁྲོ་བོ་ཁྲོ་མོ། རྡོ་རྗེ་མཚོན་ཆ་མེ་རིའི་རྭ་གུར་གྱི་བསྲུང་འཁོར་བསྒོམ་ལ། ཕྱི་མིག་མི་ལྟ་བར་ཐོ་བརྩུགས་ནས་ཕྱི་ལམ་བཅད། གདོན་བགེགས་རྣམས་བསྐལ་པའི་བར་


KMC020_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་ལྡང་བར་གཏོར་བྲོ་བརྡུང་ལ་མནན། སྣོད་ཁ་གྱེན་དུ་བསྟན་ནས་མེ་ཏོག་འཐོར། སྒྲུབ་ཁང་ནང་དུ་ཕྱིན་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བསྟན་དགྲ་བསྒྲལ་ནས། བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་རྩེར་བསྒྲེངས་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པའི་ཐུགས་དགྱེས་པའི་འཛུམ་ཞལ་གྱི་མདངས་བསྟན། གསུང་དགྱེས་པའི་གད་མོའི་དབྱངས་སྒྲོག །སྐུ་དགྱེས་པའི་གར་དགུའི་རོལ་སྟབས་དང་བཅས་སྔར་བཞིན་རྟེན་ལ་བཞུགས་པའི་དྲུང་དུ་རྒྱལ་དབྱངས་གྱེར་ཞིང་མེ་ཏོག་འཐོར་ལ། དགྲ་སོད་ཕྱེ་མར་ཕུལ། སྐབས་འདིར་སྤྲོ་ན་ལས་བཞིའི་མེ་ཧོམ་ཤུག་པ་སོགས་སྐབས་དང་བསྟུན། ཚེ་འགུགས་དང་དངོས་གྲུབ་རྫས་རོལ། ལྷག་ཆད་ཁ་བསྐང་། ཡེ་ཤེས་ལྷ་ཚོགས་སོགས་དང་། དངོས་གྲུབ་དབང་བླང་གི་དམིགས་པ་བླ་མ་ཞི་བ་ལྟར་འདོན་བསྒོམ་དང་། རྟེན་གཏོར་གྱི་བྱིན་རླབས་ཞུ་ཞིང་། རྟེན་དང་གཏོར་མའི་ལྷ་


KMC020_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སོགས། མདུན་བསྐྱེད་དཀྱིལ་འཁོར་པ་རང་ལ་བསྟིམ། ལུས་ལྷ་སྐུ་སོགས་རྫོགས་རིམ་ཀ་དག་སྤྲོ་བྲལ་གྱི་ངང་དུ་བཞག་ལ། སླར་ཡང་ཟུང་འཇུག་གི་སྐུར་ལྡང་ནས། བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་ལ་བསྔོ་བ་སྨོན་ལམ་སོགས་བྱ་ཞིང་རྒྱུན་སྤྱོད་ལ་འཇུག་ནས། གཏང་རག་ཏུ་ལྷ་བསངས་བཏང་བ་སོགས་བྱའོ། སྨྲས་པ། དེ་ལྟར་ཡང་གསང་ཐུགས་ཏིག་ཟབ་མོ་ཡི། །སྙིང་པོ་ཡང་སྙིང་བླ་མེད་བསྐྱེད་རྫོགས་ལམ། །གསལ་བྱེད་གནད་ཀྱི་མན་ངག་བཀའ་རྒྱ་ཅན། །གཏེར་ཆེན་མཆོག་དང་ཆོས་བདག་རྒྱུད་བཅས་ཀྱི། །ཞལ་གདམས་གསུང་རྒྱུན་ཀུན་གྱི་བཅུད་བསྡུས་པ། །འཁྲུལ་མེད་ཕྱོགས་གཅིག་བཀོད་པའི་དགེ་གང་དེས། །བསྟན་པ་མི་ནུབ་རྒྱལ་མཚན་བསྒྲེང་བ་དང་། །བསྟན་འཛིན་ཕྲིན་ལས་རྒྱས་པའི་དཔལ་ཐོབ་ཅིང་། །གསང་སྔགས་སྦ་འོས་གསལ་བྱས་ནོངས་པའི་ཚོགས། །དག་ཚང་གསོལ་ཞིང་དུས་བབ་ཟབ་ཆོས་ཀྱི། །འགྲོ་དོན་


KMC020_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་མཁའ་ཁྱབ་ལུས་ཅན་རྣམས། །ཀུན་ཏུ་བཟང་པོའི་ས་ལ་རེག་གྱུར་ཅིག །ཅེས་པའང་གུ་རུ་པདྨའི་མཚན་གྱི་བྱིན་རླབས་ཙམ་ཐོབ་པ་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀོད་པ་སྟེ། སྐལ་ལྡན་རྣམས་ལ་སྤེལ་ཞིང་དམ་མེད་ལོག་ལྟ་ཅན་གསང་རྒྱ་དགོས་པ་སྟེ། སྲུང་མ་རྣམས་ཀྱི་མེལ་ཚེ་མ་ཡེལ་ཅིག། །།ས་མ་ཡརཀྵ། མངྒ་ལཾ། ཛ་ཡནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་བསྒྲུབ་ལས་གསུམ་གྱི་ཚུལ་དེ་ཉིད་གསལ་བར་བྱེད་བའི་རྒྱུན་གསལ་ནོར་བུའི་འོད་ལྡན།no next