Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས་གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་ཟིན་རབ་གསལ་མཐུ་སྟོབས་བཅུད་འབེབས།
   
   
   
   
   
   
   
   
   
   
   
   
   


 
previousཡེ་གསང་ཐུགས་གཏེར་ཟིན་བྲིས་ལས་གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་ཟིན་རབ་གསལ་མཐུ་སྟོབས་བཅུད་འབེབས།next

ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས་གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་ཟིན་རབ་གསལ་མཐུ་སྟོབས་བཅུད་འབེབས།


KMC021_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་གསང་ཐུགས་གཏེར་ཟིན་བྲིས་ལས། གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་ཟིན་རབ་གསལ་མཐུ་སྟོབས་བཅུད་འབེབས་ཞེས་བྱ་བ་བཞུགས་སོ། །


KMC021_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷཱ་ཡ། གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་རིམ་ཐོག་མར་ཧཱུྃ་གི་དོན་ནི། བཤགས་རྒྱུད་རྡོ་རྗེ་རྩེ་མོ་ལས། །ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྔངས་ཤིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་བསྟན་པར་བྱ། །ཞེས་གསུངས་པ་ལྟར་དང་། འདིར་གོང་འོག་བར་གསུམ་ཐམས་ཅད་དུ་ཧཱུྃ་གསུམ་རེ་འབྱུང་བ་ནི། དཔའ་བ་གསུམ་དང་ལྡན་པས་


KMC021_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་གསུམ་ཐོབ་པའི་ངར་གསུམ་དང་ལྡན་པའོ། །དཔའ་བ་གསུམ་ནི་སྐུ་འགྱུར་མེད་སྣང་སྟོང་དུ་དཔའ་བ། གསུང་འགགས་མེད་གྲགས་སྟོང་དུ་དཔའ་བ། ཐུགས་སྐྱེ་མེད་རིག་སྟོང་དུ་དཔའ་བ་སྟེ། ལུས་ངག་ཡིད་གསུམ་གདོད་ནས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པས་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་འཆར་བས། མཐའ་དང་བྲལ་བ་ལྟ་བའི་གདེང་། །བློ་ལས་འདས་པ་བསྒོམ་པའི་གདེང་། །མ་བཅོས་ཤུགས་འབྱུང་སྤྱོད་པའི་


KMC021_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་། །རིག་པ་མདུང་ལྟར་རྣོ་བ་ཡིས། །གཟུང་འཛིན་ཕྱི་ཡི་དགྲ་བགེགས་འབིགས། །རིག་པ་སགས་བརྡར་ངར་མ་ཡིས། །ང་བདག་ནང་གི་ཀུན་རྟོག་འདུལ། །རིག་པ་སྤུ་གྲི་འབར་བ་ཡིས། །ཆགས་སྡང་གསང་བའི་ཉོན་མོངས་གཅོད། །རང་རིག་རང་གསལ་ཡི་གེ་ཧཱུྃ། །འགྱུར་མེད་ཐུགས་ཀྱི་ངོ་བོར་ཤར། །ཅེས་སོ། །ལས་བྱང་གཞུང་གསལ་ལྟར་བདག་བསྐྱེད་དང་མདུན་བསྐྱེད་དྲག་པོ་རྩལ་གྱི་གཡས་སུ་གྲོ་ལོད་བསྒོམ། ཚིག་རྐང་དང་པོ་གཉིས་ཀྱིས་ཆོས་སྐུ་དེ་བཞིན་བསྟན་པ་ཡིན་ཏེ། གདོས་བཅས་ལུས་སྣང་རྟག་བརྟན་ཐེར་ཟུག་ཏུ་ཞེན་པ་སྤངས་ནས། སེམས་ཉིད་མ་བཅོས་ཆོས་དབྱིངས་ཁྱབ་གདལ་ཆེན་པོའི་ངང་ལས་ལྷར་གསལ་བ་སྟེ། གོང་བཤད་ཤོག་ཕྲན་ཚེ་སྒྲུབ་མཐའི་ཏིང་ངེ་འཛིན་དེ་ཁོ་ན་ཉིད་ཀྱི་ཀློང་ལས་བདག་བསྐྱེད་བསྒོམ་པ་ལས། བདག་བསྐྱེད་དྲག་པོ་རྩལ་གནས་འགྱུར་མེད་དེ་ཤོག་ཕྲན་མཐར་དམིགས་གཏད་མཚན་འཛིན་


KMC021_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་ཀློང་དུ་ཐིམ་ཟིན་པའི་ཕྱིར་རོ། །ངོ་བོ་དྲག་པོ་རྩལ་ལ་རྣམ་པ་གྲོ་ལོད་དུ་བསྒོམ་དགོས་ཏེ། ངོ་བོ་པད་འབྱུང་དྲག་པོ་རྩལ༔ རྣམ་པ་གང་འདོད་བསྐྱེད་རིམ་བསྒོམ༔ ཅེས་གསུངས་པའི་ཕྱིར་རོ། །རིག་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས༔ ཞེས་པ་རིག་པའི་རང་རྩལ་སེམས་ཀྱི་འཕྲོ་འདུ་ཨ་ཏིའི་དགོངས་པ་སྐད་ཅིག་དྲན་རྫོགས་ལས། རྒྱུའི་ཏིང་ངེ་འཛིན་ངང་བསྐྱེད་སྔགས་བརྗོད་པ་མེད་དེ། དབང་པོ་ཡང་རབ་ཀྱི་ལུགས་སོ། །ད་ལྟ་པད་རག་ཏུ་གྲགས་པ་འདི་ནི་མཆོང་དམར་པོ་ཡིན་ལ། རིན་པོ་ཆེ་པདྨ་རཱ་ག་དངོས་ནི་དམར་སྨུག་རྒྱ་སྐྱེགས་དྭངས་མའི་ཁུ་བ་ལྟ་བུའོ། །ཧཱུྃ་གི་སྒྲས་ཕོ་རྒྱུད་དབང་དུ་སྡུད་པ། ཕེཾ་གྱི་སྒྲས་མོ་རྒྱུད་དབང་དུ་སྡུད་པ། ཨཱཿརལླིའི་སྒྲ་རོལ་པའི་དོན་ལ་འཇུག་ཀྱང་ཞ་ལུ་ལོ་ཆེན་གྱིས་དགྲ་བོ་འཇོམས་པར་བསྒྱུར་འདུག །དོན་ནི་ཞལ་ནས་སྔགས་ཀྱི་བརྡ་སྐད་དེ་གསུམ་གྱིས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དབང་དུ་བསྡུད་


KMC021_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། སྲིད་པ་གསུམ་གྱི་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན་པའོ། །སྨིན་མ་ནི་རྫི་མའོ། །སྨིན་མ་སྨ་ར། ཨག་ཚོམ་དམར་སེར་བསྐལ་པ་འཇིགས་དུས་ཀྱི་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་ཉི་ཁྲི་ཆིག་སྟོང་གྱེན་དུ་འབར་བ་དང་ཐུར་དུ་བསྐྱོད་པ། གཙུག་ཏོར་གྱི་ཕྱི་ནས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པའི་རྩེར་རྡོ་རྗེ་ཕྱེད་པ་མཐིང་ཀས་བརྒྱན་པའི་ལྟེ་བར་རིགས་བདག་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་ཅན་བསྒོམ། སྐྲ་མཚམས་སུ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་རིན་པོ་ཆེའི་རྩེ་བྲན་ཅན། བར་མཚམས་རིན་པོ་ཆེའི་ཕྲེང་བས་སྦྲེལ་བ། སྦྲུལ་རྒྱལ་རིགས་དཀར་པོས་དབུ་སྐྲ་ཐོར་ཚུགས་བཅིང་པ། ཐོད་སྐམ་སྲོག་ཞུའི་ཟུར་ནས་རོ་རྐྱང་གི་རླུང་དག་པའི་བརྡར་སྙན་དར་སྔོ་དམར་གཉིས་འཕྱང་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ནམ་མཁའི་དབྱིངས་སུ་ཕྱར་བས་ས་དགུའི་རྟོག་པ་རྣམ་རྟོག འཇོམས་པའོ། །ཁམས་གསུམ་ས་དགུ་ནི། གཟུགས་མེད་སྐྱེ་


KMC021_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་མུ་བཞི། གཟུགས་ཁམས་ལ་བསམ་གཏན་བཞི་དང་བརྒྱད། འདོད་ཁམས་དང་དགུའོ། །རྩེ་མོར་ཡེ་ཤེས་ཀྱི་བྱ་ཁྱུང་མཐིང་ནག་གནམ་ལྕགས་ཀྱི་རྭ་དང་མཆུ་སྡེར་ཅན་རལ་གྲི་དང་སྤུ་གྲིའི་གཤོག་པ་ལྡིང་ཞིང་འཕྱོ་བ། །སྟེང་གི་ལྷ་གདོན་ནི་ཉི་མ་ལ་སོགས་པའི་གཟའ་བརྒྱད་དང་། སྨིན་དྲུག་ལ་སོགས་པའི་རྒྱུ་སྐར་ཉེར་བརྒྱད་རྗེས་འབྲང་དང་བཅས་པའི་གདོན་རྣམས་སོ། །གཡོན་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པས་ཁམས་གསུམ་དབྱིངས་སུ་སྒྲོལ་བ། རྒྱ་མདུད་གོང་མའི་སྟེང་དུ་གནམ་ལྕགས་ཀྱི་སྡིག་པ་ར་ཙ་མགོ་དགུ་རྭ་བཅོ་བརྒྱད་པ། དམ་ཚིག་ཉམས་པའི་སྲི་དང་། དམ་ཚིག་ལོག་པའི་རྒྱལ་འགོང་དྲེགས་བྱེད་ཐམས་ཅད་ཧབ་ཧབ་ཏུ་ཟ་བ། གདོན་ནི་སྨྱོ་བྱེད་བརྗེད་བྱེད་སྐེམ་བྱེད་གྲིབ་གདོན་ལ་སོགས་པ་དང་། བགེགས་ནི་འབྱུང་པོ་མི་མ་ཡིན། མཚན་མོ་རྒྱུ་བ་སྐྱེ་འགྲོ་སེམས་ཅན་ལ་གནོད་ཅིང་འཚེ་བའོ། །དེ་ཐམས་ཅད་ལ་


KMC021_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ་ཞིང་འདེབས་པ་ལྟ་ཅི། གནམ་ལྕགས་ཀྱི་ཕུར་བུ་དུག་གི་ངར་ལྡན་པ་དེ་གཟིར་ཞིང་ཚད་པ་ཙམ་གྱིས་གདོན་བགེགས་འབྱུང་པོ་ཐམས་ཅད་བརྒྱལ་ཞིང་སྔངས་བར་བྱེད་པའོ། །སྦྲུལ་རྒྱལ་རིགས་དཀར་ཁྲས་དབུ་བརྒྱན་པ་སྟེ་སྐྲ་ཆིངས། རྗེ་རིགས་སེར་ཁྲས་སྙན་རྒྱན་ཏེ་སྙན་ཆ་ལ་འཁྲིལ་བ། བྲམ་ཟེ་དམར་ཁྲས་མགུལ་ཆུ་སྟེ་མགུལ་རྒྱན་རིན་པོ་ཆེའི་ཕྲེང་བ་ལ་འཁྲིལ་བ། དམངས་རིགས་ནག་ཁྲས་དོ་ཤལ། ཐོད་ཕྲེང་དང་རིང་ཐུང་མཉམ་པ་སྐུ་ལ་གྱོན་པ། མཆན། གདོལ་བ་ལྗང་ཁྲས་ཕྱག་ཞབས་ཀྱི་གདུ་གུ་བྱས་པའོ། །རིན་པོ་ཆེའི་ཕྱག་ཞབས་ཀྱི་གདུ་གུ་འཁྲིལ་བ། མཆན། རུས་པའི་རྒྱན་དྲུག་ནི་སྦྱིན་བཏང་ལ་ཕར་ཕྱིན་དྲུག་དང་རིགས་དྲུག་གི་ངོ་བོ་སྟེ། འཁོར་ལོ་མི་བསྐྱོད་པ་དང་བསམ་གཏན། མགུལ་རྒྱན་རིན་འབྱུང་དང་སྦྱིན་པ། རྣ་ཆ་འོད་དཔག་མེད་དང་བཟོད་པ། གདུ་གུ་དྲུག་རྣམ་པར་སྣང་མཛད་དང་ཚུལ་ཁྲིམས། སྐ་རག་དོན་ཡོད་གྲུབ་པ་དང་བརྩོན་འགྲུས། ཐལ་བ་རྡོ་རྗེ་སེམས་


KMC021_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདིར་ནི། རུས་རྒྱན་དྲུག་དང་རིན་ཆེན་རྒྱན༔ ཅེས་པ་ལྟར་ཁྲོ་བོ་འཆོལ་པའི་ཆ་ལུགས་རུས་པ་དང་རིན་པོ་ཆེའི་རྒྱན་བརྒྱད་དགོས་པས་སྙན་རྒྱན་རུས་པའི་ཨ་ལོང་མི་འབྱུང་བས་ཐོད་སྐམ་གྱིས་དབུ་རྒྱན་བརྩི་བར་བཞེད་པ་དང་། །ཡང་ལ་ལས་ཐོད་སྐམ་ཐམས་ཅད་རྒྱན་དུ་བགྲངས་ནས། ཐོད་སྐམ་ལྔའི་ཁ་ནས་རུས་པའི་དྲྭ་བ་དང་དྲྭ་བ་ཕྱེད་པས་དཔྲལ་བའི་ཕྱེད་ཙམ་དུ་སླེབ་པ་དེ་བགྲང་བར་བཞེད། ཕྱག་ཞབས་ཀྱི་གདུ་གུ་རྣམས་རིན་པོ་ཆེ་ཡིན་ལ་རུས་པའི་ཕྲེང་བ་སུམ་གཤིབ་མདོ་ནོན་དང་བཅས་པས་མཁྲིག་མ་དཔུང་པ་ལོང་བུ་རྣམས་སུ་ཡོད་ཅེས་མཁས་པ་དག་གི་ཞལ་ལས་ཐོས། སྤྱི་གཙུག་ཏུ་རུས་པའི་འཁོར་ལོ་རྩིབས་སུམ་ཅུ་སོ་གཉིས་པ། ལྟེ་བ་ནས་གཙུག་ཏོར་རལ་པའི་ཐོར་ཚུག་གྱེན་དུ་ཐོན་པ། རྩིབས་ཀྱི་དྲྭ་མིག་རྣམས་ནས་དབུ་སྐྲ་གཟིང་ཞིང་འབར་བ་མགྲིན་པར་རུས་པའི་ཕྲེང་བ་དྲྭ་


KMC021_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བཅུ་དྲུག་པ་སྙིང་གའི་མདུན་རྒྱབ་ཏུ་རུས་པའི་འཁོར་ལོ་རྩིབས་བཞི་པ་ལ་སྦྲེལ་བའི་རུས་པའི་ཕྲེང་བའི་སེ་རལ་ཁ་གཉིས་གཤིབ་དང་བཞི་གཤིབ་གང་རུང་། སྐ་རགས་རུས་ཕྲེང་དྲྭམིག་དྲུག་ཅུ་རྩ་བཞི་པ། མགུལ་རྒྱན་དང་སྐེད་རྒྱན་ཕྱག་ཞབས་ཀྱི་རྒྱན་རྣམས་ལ་མདོ་ནོན་རུས་པའི་རྡོ་རྗེ་དང་། རུས་ཕྲེང་གི་དྲྭ་མིག་ནི་སྒོམ་ཐག་དྲྭ་བ་མ་ལྟ་བུ་ཡིན་ཅིང་། འཁོར་ལོ་མགྲིན་རྒྱན་སེ་རལ་ཁ་སྐ་རགས་རྣམས་ནི་འཁོར་ལོ་བཞིའི་རླུང་དག་པའི་བརྡ་དང་། ཡན་ལག་གི་རུས་རྒྱན་རྣམས་ཡན་ལག་གི་རླུང་རྣམ་པར་དག་པའི་བརྡ་ཡིན་པར་རྗེ་གཏེར་ཆེན་རིག་པ་འཛིན་པ་མཆོག་གི་ཞལ་སྔ་ནས་གསུངས་སོ། ༈ །ཞིང་ཆེན་ཏེ་མི་ལྤགས། གླང་ཆེན་ཀོ་རློན། སྟག་ཤམ་ན་བཟའ་ཆོས་གོས་རྣམ་གསུམ་ནི། སྣམ་སྦྱར་དམར་སེར། བླ་གོས་དམར་པོ། མཐང་ཤམ་དམར་སྨུག་ཀྱི་སྟེང་དུ་སྟག་ཤམ་ཀྱི་སྨད་དཀྲིས་གསོལ་བ། ཐོད་པ་སྐམ་རློན་གྱི་དོ་ཤལ་ལ། སྒྲུབ་ཐབས་འགའ་


KMC021_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རེར་འདུ་བྱེད་ལྔ་བཅུ་རྩ་གཅིག་གི་རྣམ་རྟོག་དེ་ཐོལ་སྐྱེས་རྦད་ཆོད་དུ་བཅད་མ་ཐག་པ་མཚོན་པའི་མགོ་རློན་བཅད་མ་ཐག་པ་ཁྲག་དང་བཅས་པའི་ཕྲེང་བར་བཤད་པ་དང་། ལ་ལར་འདུ་བྱེད་དེ་འདས་མ་འོངས་ད་ལྟའི་དུས་གསུམ་དག་པའི་བརྡར་ཐོད་པ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བ་གསུམ་དུ་བཤད་པའང་འབྱུང་ལ། འདིར་ནི་ཐོད་པ་སྐམ་རྙིང་རློན་གསུམ་སྦྲེལ་བའི་ཕྲེང་བ་སྟེ། སྐམ་པོ་རྣམས་ཁ་ནས་བརྒྱུས་པ་དང་། རློན་རྙིང་རྣམས་མིག་དང་། རྣ་བ། སྣ། སྐྲ་རྣམས་ནས་བརྒྱུས་པ། ཕྲེང་ཐག་མིའི་རྒྱུ་མ་ལས་བྱས་པ་སྟེ། འདི་དག་གར་གྱི་ཉམས་དགུའི་ནང་ཚན་མི་སྡུག་པ་སྐྱུགས་བྲོ་ནས་ཆས། བྱུགས་པའི་རྩི་གསུམ་འཆང་བ་དཔའ་བའི་ཆས། ཐུགས་རྒྱུད་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་སྙིང་རྗེའི་ཉམས། ཆོས་གོས་རྣམ་གསུམ་གསོལ་བ་ཆོས་ཀྱི་སྒེག་པའི་ཆས། བ་སྤུའི་བུ་ག་ནས་རྡོ་རྗེའི་ཐོག་དང་སེར་བ་འབེབས་པ་འཇིགས་སུ་རུང་


KMC021_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆས། དཔེར་ན་ལྕགས་སྲེག་གི་ཟི་རའམ། ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པ། སྐར་མདའ་ལྟར་རྒྱུག་པ། མཚོན་ཆ་སྣ་ཚོགས་བུ་ཡུག་ལྟར་འཚུབས་ཤིང་ཁྲོ་ཆུང་གྲངས་མེད་འོད་ཟེར་ལྟར་འཕྲོ་བས་བདུད་བགེགས་ཚར་གཅོད་པ་དྲག་ཤུལ་གྱི་ཆས། ཞི་བའི་ཆས་རིན་པོ་ཆེའི་རྒྱན་བརྒྱད། ཧེ་རུ་ཀའི་ཆས་རུས་རྒྱན་དྲུག །ཁྲོ་བོའི་ཆས་དུར་ཁྲོད་ཆས་བརྒྱད། དགེ་སློང་གི་ཆོས་གོས་རྣམ་གསུམ་གསོལ་བ་ནི་ཁྲོ་བོ་འཆོལ་པ་ཞེས་སྨྱོན་པ་ལྟ་བུ། ཕྱི་ཡོ་བྱད་ཆས་གོས་ལས་བྱུང་བའི་རྒོད་བྲོོ་བའི་ཉམས་སམ་བཞད་གད་ཀྱི་ཉམས། ཐུགས་ལ་ཉོན་མོངས་པའི་རྩུབ་རེག་དང་བྲལ་བ་ཞི་བའི་ཉམས་ངོ་མཚར་བའམ་རྨད་དུ་བྱུང་བའི་ཉམས་ནི་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ལ་ངོམ་པ་སྟེ་རྔམ་པའོ། །གཏེར་ཆེན་བདུད་འདུལ་རྡོ་རྗེའི་གྲོ་ལོད་ལ། སྙན་ལ་དུང་ལོང་བཏགས་པ་བྱ་བྲལ་རྣལ་འབྱོར་


KMC021_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆས་དང་། ཕོད་ཁ་མཐིང་ནག་གྱོན་པ་སྔགས་པའི་ཆས་དང་། དབུ་སྐྲ་ཝ་མིག་གཡས་སུ་འཁྱིལ་བ་ཞེས་ཅོ་ཏོ་ལི་ཏོག་ཏུ་གྲགས་པ། དེང་སང་འགྱུར་མགོ་མ་བཅོས་གནས་ལུགས་ཀྱི་ཆས་དང་། བདུད་ཀྱིས་སྐུ་ལ་མེ་བཏང་བས་མེའི་དུད་པས་སྐུ་མདོག་གྲོ་བོར་གྱུར་པས་གྲོ་ལོད་དུ་གྲགས་པ་སོགས་བཞད་གད་ཐེག་པ་མང་པོ་ཡོད་པའང་འཕྲོས་དོན། འདིའི་གར་གྱི་ཉམས་དགུ་གྲོ་ལོད་ཀྱི་ཁྱད་ཆོས་ཡིན་གྱི་ཁྲོ་བོ་གཞན་དང་མི་མཚུངས། གཞན་ཡང་བཀའ་བརྒྱད་སོགས་བཞེད་ཚུལ་མི་འདྲ་བ་མང་ཡང་ཡི་གེ་མང་དུ་དོགས་པས་མ་བྲིས་པའོ། །གར་སྟབས་ཞེས་པ་དུས་འཁོར་འགྲེལ་ཆེན་ལས། གཡས་བསྐུམ་གཡོན་བརྐྱངས་སུ་བྱས་པ་ནི་རྡོ་རྗེ་གར་གྱི་དོན་དུའོ། །ཞེས་གསུངས་པ་ལྟར་གཡས་བསྐུམ་གཡོན་བརྐྱངས་ཀྱིས་འདོར་སྟབས་སོ། །ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་། ཉི་མའི་དཀྱིལ་འཁོར་དམར་སེར་གྱི་དབུས་སུ་ཡེ་


KMC021_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའི་ངོ་བོ་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་གི་མཐར་ཨོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་སོགས་སྤྱན་འདྲེན་ཞི་བསྙེན་ཞལ་ངོ་ཕྱི་ལ་བསྟན་པ་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་བདག་མདུན་གྲོ་ལོད་ཀྱི་གནས་གསུམ་གྱི་འབྲུ་གསུམ་དང་། ཁྱད་པར་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུ་དག་པའི་ཞིང་དང་ལྷོ་ནུབ་རྔ་ཡབ་གླིང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བར་དམིགས་ལ་སྤྱན་འདྲེན་གྱི་སྔགས་དང་བཅས་དད་མོས་གདུང་བའི་ཤུགས་བསྐྱེད་ལ། ཧོཿགསུམ་སྒྱུ་འཕྲུལ་ལྟར་ན། ཧ་མཚན་མ་མེད་པ་དང་། ཨོ་འཇིགས་པར་བྱེད་བའི་དོན་དུ་བཤད་ཀྱང་། འདིར་ནི་ངོ་མཚར་དོན་ཏོ། །དགོངས་གསོལ་སྔོན་དུ་འགྲོ་བས། ཆོས་དབྱིངས་སྐྱེ་མེད་ཀྱི་ཀློང་ཡངས་ཏེ་ཆོས་སྐུའི་ཞིང་ནས་སྐུ་གསུམ་ཡེ་རྫོགས་ཀྱི་ཁྲོ་རྒྱལ། ལོངས་སྐུ་


KMC021_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ཞིང་ནས་དུག་ལྔ་རྣམ་དག་གི་ཁྲོ་རྒྱལ། འགྲོ་འདུལ་སྤྲུལ་སྐུའི་ཞིང་ནས་སྤྲུལ་པའི་ཁྲོ་རྒྱལ་སྤྱན་འདྲེན་པ་སྟེ། གཞན་གོ་བར་སླ་ལ། དུག་ལྔའི་གཏུམ་རྔམ་ནི། མ་དག་པའི་དུག་ལྔ་རང་རྒྱུད་པ་མིན་ཏེ། མ་སྤངས་གནས་དག་གི་དོན་གྱིས་སྒྱུ་མའི་འབྲས་བུ་ལ་བཏགས་པའོ། །དེ་བཞིན་དུ་འབྱུང་བ་ལྔ་ཡེ་ནས་ཡུམ་ལྔ་རྣམ་དག་ཀྱང་རྣམ་པ་ཆོ་འཕྲུལ་དང་བཅས་ཏེ་བྱོན་པའོ། །ངེས་པའི་དོན་ལ་དུག་ལྔ་ཡེ་ནས་དག་པ་སྟེ་མེད་ཀྱང་། རྣམ་པ་ཁྲོ་བོའི་དཀྱིལ་འཁོར། རིག་པའི་རང་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས་གཟི་བྱིན་འཇིགས་དུས་ཀྱི་མེ་ལྟར་འབར་ཞིང་། དུད་སྤྲིན་རླུང་ནག་མུན་པ་ལྟར་འཁྲིགས་ཤིང་འོད་དང་འོད་ཟེར་ཉི་མ་ལྟར་འབར་ཞིང་འཁྲུགས་པ་ཐུགས་ཞི་བ་ཆེན་པོ་ལས་མ་གཡོས་ཀྱང་ཁྲོས་པའི་སྣང་ཚུལ་ལས་རྡོ་རྗེའི་ཆོས་བདུན་ལྡན་གྱིས་ཐོག་དང་སེར་བ་འཁྲུགས་པ་དང་། སྤྲུལ་པའི་ཕོ་ཉ་བྱ་ཁྱུང་དང་ལྕགས་སྡིག་གིས་དམ་ལ་


KMC021_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པའི་སྡེ་བརྒྱད་གདུག་པ་ཅན་དང་དམ་སྲི་དམ་ལོག་རྣམས་ཧབ་ཧབ་ཟ་ཞིང་ཧུབ་ཧུབ་ཏུ་རྔུབས་པ། ཕྱག་མཚན་རྡོ་རྗེ་ཕུར་བུས་དུག་གསུམ་དབྱིངས་སུ་བསྒྲལ་བ་སྟེ། མདོར་ན་ཞི་བས་མི་ཐུལ་བ་རྣམས་དྲག་པོས་བསྒྲལ་ཏེ་དུག་གསུམ་སྐུ་གསུམ་དུ་གྲོལ་ནས་འཁོར་བ་དོང་སྤྲུག་གི་ཕྲིན་ལས་མཛད་པ་སྔོན་གྱི་ཐུགས་དམ་བཅས་པ་དེ་ལས་མ་འདའ་ཞེས་པའོ། །སྔགས་དོན་གོང་འོག་གཉིས་བསྙེན་དམིགས་སྐབས་སུ་འཆད་དོ། །དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་དེ་དག་མདུན་གྱི་དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམ་མོ། །དེ་ནས་དམ་ཡེ་དབྱེར་མེད་བདག་མདུན་རང་རང་ལས་མཆོད་པའི་ལྷ་དང་ལྷ་མོ་སྤྲུལ་ནས་ཕྱག་འཚལ་བ། བཞུགས་གསོལ་མཆོད་པ་བསྐང་བཤགས།་བསྟོད་པ་རྣམས་བྱའོ། །བླ་མ་དྲག་པོ་གྲོ་ལོད་རྩལ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་སངས་རྒྱས་པའི་ཕྱིར་རོ། །ལུས་ཀྱི་སྒོ་ནས་ཕྱག་འཚལ་བ།


KMC021_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་སྒོ་ནས་ཕྱག་འཚལ་བའི་བརྗོད་ཚིག །ཡིད་ཀྱི་སྒོ་ནས་མི་ཕྱེད་པའི་དད་པ་དང་གདུང་ཤུགས་བསྐྱེད་པའོ། །པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཐབས་ཤེས་ཟུང་འཇུག་གི་ཉི་ཟླ་གཉིས་ལས་ཁྲོ་བོ་ལ་ཉི་མ་སྟེང་དུ་གནས་པའོ། །རོ་ལ་རྣམ་ཤེས་མེད་པ་ནི་བདག་མེད་པའི་བརྡའོ། །དཔེ་ལ་ལར་ཞིང་ཆེན་ཁྲིར་འདུག །ཡོངས་དགེའི་ཕྱག་བྲིས་སུ་ཞིང་བསྣོལ་ཡིན་འདུག །ཆོས་ཀྱི་བདག་མེད་དང་གང་ཟག་གི་བདག་མེད་གཉིས་མཚོན་པའི་ཕྱིར་རོ་བསྣོལ་བའི་གདན་མཁས་པ་ལ་ལས། ཞིང་ཆེན་རོ་གཉིས་བསྣོལ་བ་དང་། ཞིང་རྐྱང་ངམ་ཞིང་ཆུང་རོ་གཅིག་ལ་ངོས་འཛིན་གནང་འདུག་ཀྱང་། དེ་ལྟར་མ་ངེས་ཏེ། བཀའ་བརྒྱད་ལས། ཞིང་ཆེན་ཞིང་ཆུང་བཀྲམ་པའི་ཁྲི་གསུངས་འདུག་པ་དང་། ཞིང་ཆེན་གྱི་གཡང་གཞི་གསུངས་པ་མི་ལྤགས་གཉིས་གཉིས་བྲིས་པའི་ཐང་སྐུ་འབུར་སྐུ་


KMC021_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ཐུབ་མ་མཐོང་བ་སོགས་མི་འཐད་དོ། །ཞིང་ཆེན་ནི་རུ་དྲ་ལྟ་བུའི་གཙོ་བོ་མི་དགེ་ངན་སོང་གི་ལས་ཀྱི་སྟོབས་དང་ལྡན་ཞིང་འཁོར་འདས་ཐམས་ཅད་གཉིས་སུ་སྨྲ་བའི་དུག་གསུམ་རུ་དྲ་ཐར་པ་ནག་པོའོ།། སྟོབས་ལྡན་བསྒྲལ་བ་དང་། དེའི་འཁོར་བསྒྲལ་བ་ལ་ཞིང་ཕྲན་ནམ་ཞིང་ཆུང་ཞེས་བྱ་ལ། ཞིང་རྐྱང་ནི་རོ་རྐྱང་པ་གཅིག་དང་། ཞིང་བསྣོལ་ནི་གཉིས་སོ། །འཁོར་གསུམ་དམིགས་མཐའ་དང་བྲལ་བའི་ངང་ལ་བཞུགས་སུ་གསོལ་བའོ། །ཕྱི་མཆོད་སྣང་བ་རྒྱན་གྱི་མཎྜལ་འབུལ་བ་ནི། ལུས་སྣང་བའི་སྲིད་པ་འདོད་ཁམས། ངག་ཕྱེད་སྣང་གི་སྲིད་པ་གཟུགས་ཁམས། ཡིད་མི་སྣང་བའི་སྲིད་པ་གཟུགས་མེད་ཁམས་གསུམ་མཎྜལ་དུ་བཀོད་ནས། རིགས་དྲུག་གི་གནས་སུ་རྒྱུ་ཞིང་འཁོར་བའི་འཁོར་ལོ་རྟེན་འབྲེལ་བཅུ་གཉིས་བར་མེད་དུ་འཁོར་བས་ལེགས་པར་བརྒྱན་པ་འདི་འབུལ་ལོ། །ཐུགས་སྙིང་རྗེ་ཆེན་པོས་བརྩེ་བར་དགོངས་ཏེ་བཞེས་ལ། སྲིད་པའི་འཁོར་ལོ་ལོག་པའི་ལམ་གྱི་དྲྭ་བ་


KMC021_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཅད་ནས་ཡེ་སྟོང་ཀློང་ཡངས་ཆེན་པོར་བཞེས་སུ་གསོལ་ཅིག་པའོ། །ནང་མཆོད་འདོད་ཡོན་རྣམ་ལྔ་སྣང་སྲིད་གཞིར་བཞེངས་སུ་འབུལ་བ་ནི། ཕྱི་སྣོད་མཁའ་དབྱིངས་ཁྱབ་གདལ་ཡངས་པའི་སྣོད་དུ། ནང་བཅུད་སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པའི་བཀོད་པ་འབྱམས་ཀླས་སུ་གསལ་བ་ལ། རྒྱུའི་གཟུགས་འབྱུང་བ་བཞི། འབྲས་བུའི་གཟུགས་དབང་པོ་ལྔ། རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་སེམས་ཀྱི་བསམ་པ་བཅས་པ་དང་། དེ་བཞིན་དུ་ཚོར་བ་ཉམས་མྱོང་བྱ་བའི་བདག་ཉིད་ཅན་བདེ་སྡུག་བར་མ་གསུམ་དང་། འདུ་ཤེས་ཡུལ་ལ་མཚན་མར་འཛིན་པ་རྒྱ་ཆེ་ཆུང་ཚད་མེད་པ་གསུམ་དང་། འདུ་བྱེད་མངོན་པར་འདུ་བྱེད་པ་སེམས་ལས་བྱུང་བ་ཡུལ་རྣམ་པར་རིག་པའི་བདག་ཉིད་ཅན་གྱི་རྣམ་ཤེས་ཚོགས་བརྒྱད་འདི་དག་མཆོད་པར་འབུལ་བའི་ཚུལ་ནི། ཡུལ་དང་ཡུལ་ཅན་ཐམས་ཅད་བདེན་མེད་སྒྱུ་མར་


KMC021_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་བའི་སྟོང་པའི་ངང་ལས་གཟུགས་སྣང་ཐམས་ཅད་གཟུགས་རྡོ་རྗེ་མ། དེ་བཞིན་དུ་སྒྲ། དྲི། རོ། རེག །ཆོས་དྲུག །ཁམས་གང་སྣང་ཐམས་ཅད་ཀྱང་ཆོས་དབྱིངས་རྡོ་རྗེ་མར་ཤར་བས་དབང་པོ་དྲུག་གི་ཡུལ་དུ་དགྱེས་བསྐྱེད་ཀྱི་མཆོད་པ་ཕུལ་བ་དེ་དོན་དམ་ཆོས་དབྱིངས་སྐྱེ་བ་མེད་པའི་དབྱིངས་སུ་བཞེས་ཤིག་ཅེས་སོ། །གསང་མཆོད་སྨན་རག་གཏོར་གསུམ་ལ་ཡང་། ཕྱིའི་གསང་མཆོད་བདུད་རྩི་སྨན། ནང་གི་གསང་མཆོད་ཆགས་མེད་རཀྟ། གསང་བའི་གསང་མཆོད་དམ་རྫས་བ་ལིང་རྣམས། ཤ་ལྔ་བདུད་རྩི་ལྔའི་དངོས་པོ་རྣམ་པར་དག་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་དུག་གསུམ་རྣམ་དག་གི་མཆོད་པ། གཏི་མུག་མི་རྟོག་ཆོས་སྐུ། འདོད་ཆགས་བདེ་ཆེན་ལོངས་སྐུ། ཞེ་སྡང་གསལ་སྟོང་སྤྲུལ་སྐུར་མ་སྤངས་གནས་སུ་དག་པའོ། །ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཆོད་ཡུལ་གྱི་ལྷ། མཆོད་རྫས་ཀྱི་དངོས་པོ། མཆོད་པ་འབུལ་མཁན་གྱི་རྣལ་འབྱོར་


KMC021_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དོན་ལ་བདེན་པར་གྲུབ་པ་མེད་ཀྱང་། སྐྱེ་མེད་ཆོས་སྐུའི་རྩལ་ལས། འགགས་མེད་འཇའ་ལྟར་ཤར་བ་ལྟ་བུར་དེ་ཉིད་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་ཏེ་ཨེ་མ་ཧོཿཞེས་ངོ་མཚར་བ་སྟེ། དེ་ལྟར་མཆོད་པ་འབུལ་མཁན་གྱི་ངོ་བོ་ལ་མཉམ་པར་བཞག་པའོ། །བསྐང་བ་ནི། དོན་དམ་ཆོས་དབྱིངས་དེ་བཞིན་ཉིད་ལ་ཡུལ་དང་ཡུལ་ཅན་སྤང་བྱའི་སྐྱོན་དང་དྲི་མ་སྤོང་བྱེད་ཀྱི་གཉེན་པོ་མ་གྲུབ་པ་ལ་རྣལ་འབྱོར་རང་གིས་རྟོག་ཚོགས་ཡེ་ཤེས་ལྔའི་རང་བཞིན་ནམ་རང་མདངས་སུ་མ་ཤེས་པར་དུག་ལྔ་རང་རྒྱུད་དུ་བཟུང་བ་བཤགས་ཤིང་། གཉིས་སུ་མེད་པར་རྟོགས་པའི་དབྱིངས་སུ་ཐུགས་དམ་བསྐང་བའོ། །གནོང་འགྱོད་དྲག་པོས་མཐོལ་བཤགས་ནི་གཞུང་དོན་ཤིན་ཏུ་གསལ་བ་གྱེར་བསྒོམ་བྱ། བསྟོད་པ་ནི། དང་པོས་སྐུ་གསུམ་དབྱེར་མེད་དུ་བསྟོད། གཉིས་པས་ཕྱི་ནང་གསང་གསུམ་ལ་བསྟོད། གསུམ་པས་དཀོན་མཆོག་ཀུན་འདུས་ལ་


KMC021_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། བཞི་པས་སྤྲུལ་པ་བསམ་ཡས་ལ་བསྟོད། ལྔ་པས་ཕྲིན་ལས་དྲག་པོས་དགྲ་བགེགས་ཚར་གཅོད་ལ་བསྟོད་ཅིང་མཐའི་ཚིག་རྐང་གསུམ་གྱིས་འདོད་དོན་གསོལ་བ་གདབ་པའོ། །དུས་མིན་འཆི་བ་ནི་ཚེ་མ་ཟད་པར་རྐྱེན་གྱིས་བར་དུ་གཅོད་པའོ། །འཇིགས་པ་བརྒྱད་ནི། ནད། ༡ མུ་གེ ༢ མེ། ༣ ཆུ། ༤ དུག ༥ དམག ༦ མཚོན། ༧ རྒྱལ་པོའི་ཆད་པའི་༨ འཇིགས་པའོ། །མཐར་མཆོད་ལྷ་རྣམས་བདག་མདུན་སོ་སོར་བསྟིམ་མོ། །བསྙེན་དམིགས་གོང་དུ་སེམས་དཔའ་སུམ་བརྩེགས་ཀྱི་སྐབས་སུ་བཤད་ལྟར་སླར་ཡང་གསལ་བཏབ་ལ་བཟླའོ། །ལས་གཞུང་ཟིན་བྲིས་དམིགས་ཐུན་ཕྲན་བུ་ལས། དེ་ནས་ཛབ་དབྱངས་སྔགས་ཀྱི་དམིགས་རིམ་ནི༔ རང་ཉིད་གྲོ་ལོད་གསལ་བའི་ཐུགས་ཀའི་དབུས༔ པད་ཉིའི་དབུས་སུ་ཧཱུྃ་རྡོ་རྗེ་མི་གསལ་བ་ཅུང་ཟད་གབ་སྦས། མཆན། ཡིག་མཐིང་ནག་འབར༔ ཨརྩིག་ཡིག་འབྲུ་གཡས་བསྐོར་འོད་ཟེར་འཕྲོས༔ འཕགས་པ་


KMC021_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་མཆོད་སེམས་ཅན་སྒྲིབ་སྦྱངས་ནས༔ སངས་རྒྱས་བྱང་སེམས་ཁྲོ་བོའི་སྐུར་གྱུར་ནས༔ གསུང་ནི་དབྱངས་གསལ་ཐུགས་ནི་ཕྱག་མཚན་ཚོགས༔ ཆར་བཞིན་བབ་ནས་རང་ལྷར་གསལ་ལ་བསྟིམ་མོ༔ རང་ཉིད་གྲོ་ལོད་ལྷར་གསལ་ང་རྒྱལ་དང་༔ སྔགས་ཕྲེང་རང་སྒྲས་འོད་ཟེར་ཚྭ་ཚྭ་འཕྲོས༔ སྣོད་བཅུད་སྣང་སྲིད་བསྲེགས་བཅོམ་གྲོ་ལོད་གྱུར༔ ཨརྩིག་རམ་འདེགས་སྔགས་བཟླས་སྣོད་བཅུད་འགེངས༔ གཟུགས་ཅན་གཟུགས་མེད་གདོན་བགེགས་འབྱུང་པོའི་ཚོགས༔ ལ་ལ་མེས་བསྲེག་ཐལ་བ་རླུང་གིས་གཏོར༔ ལ་ལའི་སྙིང་བཏོན་དམ་གནས་མནའ་བསྐྱལ་བསམ༔ མ་ཡེངས་ངང་དུ་རྩེ་གཅིག་བཟླས་པ་བྱ༔ ཅེས་གསུངས། ཡང་བསྙེན་ཡིག་ཉུང་ངུ་གཏེར་སྨྱོན་ཞལ་གསུངས་ལས། དེ་ནས་ཡི་དམ་བསྙེན་ཐེམ་ནས། །དང་པོ་སྤྱན་འདྲེན་སྔགས་རིང་བཟླ། །གཉིས་པ་པདྨ་ཧེ་རུ་ཀཿ །བསྙེན་སྔགས་ཨརྩིག་ནེརྩིག་ཡིན། །ལས་བྱང་གཏོར་མ་


KMC021_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བའི་སྐབས། །བདག་མདུན་རྡོ་རྗེ་གྲོ་ལོད་ལ། འཁོར་དུ་སྣང་སྲིད་སྡེ་བརྒྱད་བསྐྱེད། ཤིན་ཏུ་གཉེན་པས་གཟབ་པར་བྱ། དེ་ནི་ཡི་དམ་བསྙེན་ཐེམ་ཡིན། །ཅེས་སོ། །པདྨ་ཉིན་བྱེད་ཀྱི་ཟིན་བྲིས་སུ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་གི་ཁ་དོག་མི་གསལ་བ་དང་། ལ་ལར་དམར་ནག་ཏུ་བཤད་ཀྱང་། དམིགས་ཐུན་ཕྲན་བུ་ཞལ་གསུང་ལས་མཐིང་ནག་ཏུ་བཤད་པ་ལྟར་རོ། །ཤྲཱི་ཧེ་རུ་ཀའི་སྔགས་ཕྲེང་པདྨ་རཱ་ག་ལྟར་དམར་བ་གཡས་སུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས། བདག་བསྐྱེད་ཀྱི་ཞལ་ནས་ཐོན་མདུན་བསྐྱེད་ཀྱི་གྲོ་ལོད་ཀྱི་ཞལ་དུ་ཞུགས། ཐུགས་དམ་གྱི་རྒྱུད་བསྐུལ། འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་བྱང་སེམས་རྣམས་དང་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནས་པདྨ་དྲག་པོ་རྩལ་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་


KMC021_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཧཱུྃ་ཡིག་དང་ཨཱ་ལི་ཀཱ་ལི། ཐུགས་ཕྱག་མཚན་དང་རྡོ་རྗེ་དང་ཕུར་པ་ཆར་བབ་པ་ལྟར་བྱོན་ནས་བདག་མདུན་ལ་ཐིམ་པར་དམིགས་ལ་སྤྱན་འདྲེན་སྔགས་ཚན་གོང་འོག་བརྒྱའམ་ཉེར་གཅིག་བཟླ། སྔགས་དོན་ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས། ཤྲཱི་ཧེ་རུ་ཀ་དཔལ་ཁྲག་འཐུང་། མ་ཧཱ་ཆེན་པོ། གུ་རུ་པདྨ་སཾ་བྷ་ཝ་བླ་མ་པདྨ་འབྱུང་གནས། བཛྲ་ཀྲོ་དྷ་རཱ་ཛ་ཁྲོ་བོའི་རྒྱལ་པོ། ས་པ་རི་ཝཱ་ར་འཁོར་དང་བཅས་པ། ཙིཏྟ་བཛྲ་ས་མ་ཡ་ཛཿཛཿརྡོ་རྗེ་ཐུགས་ཀྱི་དམ་ཚིག་ལས་མ་འདའ་བར་བྱོན་ཅིག་པའོ། །ཕེཾ་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཐུགས་ཀྱི་སྔགས་སོ། །ལན་གཉིས་ནི་ཡེ་ཤེས་དང་འཇིག་རྟེན། ཧཱུྃ་ནི་ཚར་གཅོད་པ་སྟེ། ལན་གཉིས་ནི་གཟུང་བ་དང་འཛིན་པ་ཚར་གཅོད་པའོ། །སྤྱན་འདྲེན་འོག་མའི་སྔགས་གཞན་འདྲ་བ་ལ་པདྨ་ཧེ་རུ་ཀ་ཀྲོོ་དྷ་རཱ་ཛ་པདྨ་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ཞེས་དང་། ས་པ་རི་ཝཱ་ར་མི་འབྱུང་ངོ་། །


KMC021_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པའི་དངོས་གཞི་ལ་ཤྲཱི་ཧེ་རུ་ཀ་བཟླ་བ་གྲུབ་ཐོབ་རྟ་མགྲིན་མགོན་པོ་དང་། འབོལ་ཡག་གཏེར་སྟོན་རིག་འཛིན་རྣམ་རྒྱལ་རྡོ་རྗེའི་ཞལ་རྒྱུན་ཡིན་པར་བླ་མ་དམ་པ་ཀརྨ་རི་རྒྱལ་གྱི་ཞལ་སྔ་ནས་གསུངས། དེ་ཡང་གྲུབ་དབང་ཆགས་མེད་ཞབས་ཀྱིས་ཐོད་ཕྲེང་རྩལ་ལ་རབ་བྱེ་བ། འབྲིང་བདུན་འབུམ། ཐ་མ་སུམ་འབུམ་མ་ཐོན་བར་དུ་ཨརྩིག་མི་འདོན་པ་མན་ངག་ཡིན། དེ་མ་ཤེས་ན་སློང་དང་བར་ཆད་ཆེན་པོ་འོང་གསུངས་པ་དང་གནད་གཅིག་པར་གོ་ཞིང་། བསྙེན་སྒྲུབ་ཆེར་མེད་པའི་རིགས་ལ་ལེགས་པར་མངོན། ད་ལྟ་འོག་མིན་ཀརྨའི་གདན་སར་གཏེར་ཆེན་ཞལ་ལུང་ཨརྩིག་བསྙེན་པའི་དངོས་གཞི་བྱེད་པའོ། །དྲག་བསྙེན་སྐབས་སྔགས་ཕྲེང་ཨརྩིག་མཐིང་ག་ཞལ་ཕྱི་ལ་བསྟན་པ་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་ལས་འོད་ཟེར་ཚ་ལ་རྩུབ་པ་མེ་སྟག་དང་སྐར་མདའ་གློོག་འོད་ལྟ་བུར་འཕྲོས། གཟུགས་ཅན་གཟུགས་མེད་དགྲ་བགེགས་འབྱུང་པོ་


KMC021_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཟིལ་གྱིས་མནན་དབང་དུ་བསྡུས་དམ་ལ་བཞག །སྲོག་སྙིང་ཕུལ་མནའ་བསྐྱལ་ཞིང་ཅི་བགྱིས་བྱེད་པར་གྱུར། བསྟན་པ་ལ་ཐོ་འཚམས་ཤིང་དམ་ལ་མི་གནས་པ་ཐམས་ཅད་མེས་བསྲེགས་ཐལ་བ་རླུང་གིས་གཏོར་བར་དམིགས་ལ་དྲག་སྔགས་བཟླའོ། །སྔགས་དོན་ཀློང་གསལ་ཡེ་ཤེས་རབ་འབར་གྱི་དྲག་སྔགས། མཁས་དབང་བཻ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཀྱིས་ཕབ་པ་ཡོད་པ་དང་། རང་རེས་མཆོག་གླིང་གཏེར་གསར་གུར་དྲག་གི་སྔགས་དོན་དྲིས་ལེན་བསྡུས་པ་ཡོད་པས་དེ་དང་མཚུངས་སོ། །ཞི་རྒྱས་དབང་དྲག་གི་ལས་བཞིའི་དུས་གནད་ཀྱིས་སྔགས་ཕྲེང་ཁ་དོག་བསྒྱུར་བ་སོགས་དྲག་པོ་རྩལ་གྱི་སྐབས་དང་འདྲ། སྡེ་བརྒྱད་ཤམ་བུ་བསྙེན་སྒྲུབ་རྒྱུན་ཁྱེར་དང་ཟློག་སྒྲུབ་སྐབས་ཀྱི་ཨུ་པ་དེ་ཤ་ཞལ་ལས་ཤེས་སོ། །གཏོར་འབུལ་སྐབས་བདག་མདུན་གྲོ་ལོད་ལ་སྡེ་བརྒྱད་ཀྱིས་བསྐོར་བར་སྒོམ་དགོས་ཏེ། གཏེར་སྨྱོན་ཞལ་གསུང་དྲག་


KMC021_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བསྙེན་ཐེམ་ལས་གསུངས་པ་ཉིད་དོ། །གཏེར་ཆེན་དང་ཆོས་བདག་ཀརྨ་འགྱུར་མེད་ཟུང་གི་ཞལ་སློབ་དཔལ་བྲོ་སྔགས་འཆང་གུར་དྲག་གིས་ཟློག་པའི་ཙཀླིར་སྡེ་བརྒྱད་སྐུ་མདོག་ཕྱག་མཚན་སྡེ་བཅུའི་གསོལ་ཀ་ལྟར་བྲིས་འདུག་གོ །སྡེ་བཅུའི་གསོལ་ཀ་ལ་རྟེན་འབྲེལ་མ་འགྲིགས་ནས་ཡོངས་དགེ་གཏེར་སྨྱོན་གྱིས་དཔེ་ཆའི་མཐའ་རྩིད་སྐུད་ཀྱིས་དྲུབ་ནས་འཕང་བཏང་བ་ཡིན་ནོ་ཞེས་ཁམས་སྨྱོན་ཀརྨ་ཐེག་མཆོག་བསྟན་གསལ་གྱི་ཞལ་སྔ་ནས་གསུངས་ཅེས་བླ་མ་ཀརྨ་རི་རྒྱལ་གྱིས་བདག་ལ་གསུངས། ལར་སྡེ་བརྒྱད་ལ་ཕྱི་ནང་གསང་བ་གབ་སྦས་མཆོག་དང་སྤྲུལ་པ་སོགས་དབྱེ་ཚུལ་མང་ཡང་། རྒྱུད་སྡེ་ལས་གསུངས་པའི་སྡེ་བརྒྱད་ནི། ལྷ། ཀླུ། གནོད་སྦྱིན། དྲི་ཟ། ལྷ་མ་ཡིན། ནམ་མཁའ་ལྡིང་། མིའམ་ཅི། ལྟོ་འཕྱེ་ཆེན་པོ་དང་བརྒྱད་དོ། །བོད་ཡུལ་དུ་གྲགས་པ་ནི། དཀར་པོ་ལྷའི་སྡེ། དམར་པོ་བཙན་གྱི་སྡེ། ནག་པོ་བདུད་ཀྱི་སྡེ། ཁྲ་བོ་གཟའི་སྡེ།


KMC021_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་པོ་དམུའི་སྡེ། ཤ་ཟ་སྲིན་པོའི་སྡེ། དཀོར་བདག་རྒྱལ་པོའི་སྡེ། ནད་བདག་མ་མོའི་སྡེ་དང་བརྒྱད་དུ་བཞེད་པ་དང་། གཟའ་སྡེ་བརྒྱད་ཐམས་ཅད་ཀྱི་གཙོ་བོར་བཞག་ནས་མི་འདྲེན་པ་སོགས་རྣམ་གྲངས་མང་ཡང་། འདིར་གཞུང་གསལ་ལྟར། ལྷ། ༡ གཤིན་རྗེ། ༢ བདུད། ༣ བཙན། ༤ གཟའ། ༥ རྒྱལ་པོ། ༦ མ་མོ། ༧ ཀླུ། ༨ ས་བདག ༩ །ཐེའུ་རང་། ༡༠ དང་བཅུ། ཀླུ་དང་ས་བདག་གཅིག་ཏུ་བརྩི་ཞིང་བཙན་དང་ཐེའུ་རང་གཅིག་ཏུ་རྩིས་པས་སྡེ་བརྒྱད་དོ། །གྲོ་ལོད་དྲག་པོའི་ལྷ་ཚོགས་ལ་ཐུགས་དམ་གནད་བསྐུལ་གྱིས་ཕྲིན་ལས་བཅོལ་ཞིང་གཏོར་མ་འབུལ། ཡང་འཁོར་ཁྲོ་བོ། ཁྲོ་མོ། ཕོ་ཉ་ཆོས་སྲུང་། མ་མོ་བདུན། སྲིང་མོ་བཞི། སྡེ་དཔོན་སུམ་ཅུ། བརྟན་མ་བཅུ་གཉིས། སྡེ་བརྒྱད་བྲན་འཁོར་དང་བཅས་པ་ལ་གཏོར་མ་གསེར་སྐྱེམས་དགྲ་ཕྱོགས་སུ་འབུལ་ལོ། །སྔགས་དོན་ནི་སྡེ་བརྒྱད་འཇིག་རྟེན་མགོན་པོ་བསྟན་སྲུང་རྒྱ་མཚོ་


KMC021_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལས་མ་འདའ་གཏོར་མ་བཞེས་ཤིག་བཞེས་ཤིག་སྔགས་དོན་ཕྱི་མ་དོན་འགྱུར་ལ། སྡེ་བརྒྱད་དམ་ལ་མ་འདའ་སྲུང་ཤིག་སྲུང་ཤིག་ཅེས་པའོ། །ཚིག་འགྱུར་ས་མ་ཡ་ཡལ་གམ། ཧ་ན་ཧ་ན་སྣུན་སྣུན། རཀྴ་རཀྴ་སྲུངས་སྲུངས། ཧཱུྃ་ཡེ་ཤེས་ལྷའི་ཐུགས་སྲོག་གིས་དྲངས་ཤིང་བསྐུལ་བའོ། ༈ །གོང་གི་ཚིག་དོན་ཕོ་ཉ་ནི་སྤྲུལ་པའི་ཕོ་ཉ་སྤྱི་ལ་འཇུག་མོད། བཀའ་བརྒྱད་དུ་ཕོ་ཉ་དྲུག་ཅུ་རྩ་བཞིར་ཡང་གསུངས། ཆོས་སྐྱོང་བ་ནི་དཀར་ཕྱོགས་སྐྱོང་བ་སྤྱིའོ། །ཞིང་སྐྱོང་ནི་དུར་ཁྲོད་ཆེན་པོ་བརྒྱད་དུ་གནས་པ། དྲེགས་པའི་སྡེ་དཔོན་སུམ་ཅུ་ནི། །དབང་ཕྱུག་ཨུ་མ་གཤིན་རྗེ་གསོད་བྱེད་ནག །སྲིད་རྒྱལ་རལ་གཅིག་རྐོས་རྗེ་རེ་མ་ཏི། །བེ་ཧར་ཚངས་པ་སྐུ་ལྷ་རཱ་ཧུ་ལ། །གློག་ཕྲེང་ཁྲག་མིག་མེ་དབལ་མོན་མོ་ནག །མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་ཆེ། །ནག་པོ་བཀྲག་མེད་ཀཱ་ལ་ཡཀྵ་དང་། །ཤམ་པོ་ཐོག་གི་བུ་ཡུག་གུ་རུམ་ཙེ། །བྲག་བཙན་གནམ་ཐེལ་ཡམ་ཤུད་བི་ན་ཡ། །


KMC021_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མོ་མགྱོགས་བྱེད་ཀླུ་བདུད་ཡཀྴ་ནག །སྡེ་དཔོན་སུམ་ཅུ་ཞེས་གསུངས་པ་ལྟར་རོ། །སྐུ་མདོག་ཕྱག་མཚན་ནི་ཡི་གེ་མང་དུ་དོགས་པས་མ་བྲིས་ལ་ཤེས་པར་འདོད་ན་བཀའ་བརྒྱད་ལ་བལྟའོ། །མ་མོ་བདུན་གསར་མ་ལྟར་ན། །ཚངས་མ་དབང་མོ་གཞོན་ནུ་མ། །ལྷ་ཆེན་མ་དང་རྟོག་འདོད་མ། །རྒན་བྱེད་མ་དང་སྣ་ཆེན་མ། །ཞེས་འདོད་ཀྱང་། སྔ་འགྱུར་ལྟར་ན་བཀའ་བརྒྱད་སྤྱི་བསྐུལ་དུ། ཀུན་བཟང་ཀུན་དྲག་གྲགས་སྙན་ཡེ་ཤེས་མཆོག །འོད་གསལ་གཡུ་སྒྲོན་གསལ་འཕྲོ་ཆེན་མོ་བདུན། །ཅེས་སོ། །སྲིང་མོ་བཞི་ནི། རྒྱལ་ཆེན་བཞིའི་སྲིང་མོ་བཞི་སྟེ། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། །ནག་མོ་སྡེར་ཅན་གནོད་སྦྱིན་སྲིང་། །ཞེས་སོ། བརྟན་མ་བཅུ་གཉིས་ཡོངས་གྲགས་མངའ་བདག་ཉང་དང་། གུ་རུ་ཆོས་དབང་དང་། བྱང་གཏེར་སོགས་ལས་འབྱུང་བ་ལྟར་རོ། །


KMC021_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདག་སྤྲུལ་སྐུ་ཀརྨ་འགྱུར་མེད་ཀྱི་ཐུགས་དམ་རྟེན་གྱི་ཞལ་ཐང་ཕྱག་བྲིས་སུ། གྲོ་ལོད་ལ་དམག་དཔོན་རུ་འདྲེན་སྡེ་བདུན་གྱིས་བསྐོར་བ་བྲིས་འདུག་པའི་སྐུ་མདོག་ཕྱག་མཚན་ནི་ཡས་ཟོར་དང་མཚུངས་ཏེ། མ་མོའི་སྡེ་དཔོན་རང་བྱུང་རྒྱལ་མོ་མཐིང་ནག་དྲེལ་རྟ་ལ་ཞོན་པ་དར་བེར་ནག་པོ་ཅན་ཕྱག་གཡས་ན་མདུང་དང་། གཡོན་ན་གནམ་ལྕགས་འཁོར་ལོ། མགོན་པོའི་སྡེ་དཔོན་ལེགས་ལྡན་དམར་སྨུག་གཡས་བིང་དང་། གཡོན་ལྕགས་པར་དར་བེར་གསོལ་ཞིང་རྟ་ནག་ལ་ཞོན་པ། གཤིན་རྗེའི་སྡེ་དཔོན་ཡ་མ་རཱ་ཛ་མཐིང་ནག་ཆུ་སྲིན་གྱི་གདོང་པ་ཅན་སྟག་ཤམ་དང་ཞིང་ལྤགས་གསོལ་བ། གཡས་ཁྲོམ་ཤིང་དང་ཞགས་པ་གཡོན་མདུང་ཐུང་ཆུ་གླང་ལ་ཞོན་པ། གཟའི་སྡེ་དཔོན་རཱ་ཧུ་ལ་དམར་པོ་དབུ་དགུ་རྩ་ཞལ་གཡས་དཀར་གཡོན་སྔོ་དབུས་དམར། དེའི་སྟེང་གཡས་དཀར་གཡོན་དམར་དབུས་མཐིང་། དེ་སྟེང་གཡས་དཀར་གཡོན་ལྗང་དབུས་དམར་


KMC021_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྩ་བའི་ཞལ་གསུམ་ཨམ་ཙིག་སྡོམ་པ། ཕྱག་གཉིས་མདའ་གཞུ་འགེངས་པ། མཆན་གཡས་ན་མདུང་དར་ཕྱར་བ། སྦྲུལ་མཇུག་ལྗང་སྐྱ་འཁྱིལ་ཞིང་འབྲུག་ལ་ཞོན་པ། གནོད་སྦྱིན་གྱི་སྡེ་དཔོན་བྱ་རོག་གདོང་ཅན་མཐིང་ནག་བྱ་གདོང་གྲི་ཐོད་འཛིན་ཅིང་གཤོག་པ་གཡོབ་པ། ཞབས་གཉིས་ས་གའི་བཞུགས་སྟངས་རླུང་དམར་འཚུབ་མའི་ནང་དུ་གནས་པ། རུ་ཏྲའི་སྡེ་དཔོན་སྲོག་བདུད་ནག་པོ་ཞལ་གཅིག་ཕྱག་བཞི་བེར་ནག་པོ་དང་སག་ལྷྭམ་གསོལ་བ། ཕྱག་བཞིའི་དཔུང་པ་ལག་ངར་ལག་རྒྱབ་རྣམས་སུ་མིག་གིས་མཚན་པ། ཕྱག་དང་པོ་གཉིས་ཁ་ཊྭཱྃ་ག་དང་ལྕགས་པར་འོག་མ་གཉིས་མདའ་གཞུ་འཛིན་ཅིང་རྟ་ནག་ལ་ཞོན་པ། ཀླུའི་སྡེ་དཔོན་བཛྲ་རཱ་ཛ་མཐིང་ནག་རལ་པ་དམར་སེར་དང་སྦྲུལ་མགོའི་གདེང་ཀ་བདུན་ལྡན། གཡས་སྦྲུལ་ཞགས་དང་། གཡོན་ནད་རྐྱལ་ཐོགས་པ་གླང་ཆེན་ལ་ཞོན་པའོ། །འདི་ཡང་དོན་ལ་སྡེ་བརྒྱད་ཡིན་ཏེ།


KMC021_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྡེ་དཔོན་ལྷ་དང་། སྲོག་སྡུད་བདུད་དང་། བཙན་ཀླུ་རུ་བསྡུས་པའོ། །སྡེ་བརྒྱད་ཀྱི་སྲོག་ཡིག་ཀྱང་། ༼ཨཿ༽ ལྷ། ༼ཡཿ༽ གཤིན་རྗེ། ༼མཿ༽ མ་མོ། ༼དུཿ༽ བདུད། ༼རུཿ༽ གིང་གི་རྒྱལ་པོ། ༼ཤཿ༽ བཙན། ༼ནཿ༽ ཀླུ་རུ་འདོད་པ་དང་། ཡང་མི་འདྲ་བ་རུཿབཙན། དུཿརྒྱལ་པོ། ཤཿགནོད་སྦྱིན་དུ་འདོད་པའི་ལུགས་སྲོལ་གཉིས་པའོ། ༈ །ཟློག་པ་ཁྲོ་རྒྱལ་འབར་བ་ལ། ཕྱིའི་ཟློག་པ། ཡེ་ཤེས་ཀྱི་ལྷ་ཚོགས་ཐུགས་ཞི་བ་ཆེན་པོར་གནས་ཀྱང་རྣམ་པ་ཁྲོ་གཏུམ་མེ་ལྟར་འབར་བའི་སྐུར་བཞེངས་ནས། དུག་གསུམ་ཡེ་ནས་དག་ཀྱང་རྣམ་པ་དུག་གསུམ་འབར་བའི་གཏོར་ཟོར་མཚོན་ཆའི་ཕུང་པོས་དམ་སྲི་མཐའ་དམག་ལྟས་ངན་བཟློག་པའོ། །གཉིས་པ་ནང་གི་ཟློག་པ། ཐུགས་སྙིང་རྗེ་ཆེན་པོ་ལས་མ་གཡོས་པའི་རྩལ་གྱིས་གཏུམ་རྔམས་མེ་ལྟར་འབར་བས་རྡོ་རྗེའི་ཆོས་བདུན་ལྡན་གྱི་ཐོག་དང་། སེར་བ་དྲག་པོས་བྱད་མ་དགྲ་བགེགས་བསྟན་བཤིག་རྣམས་མི་


KMC021_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་དབྱིངས་སུ་བསྒྲལ། དེ་དག་གི་ལྷ་སྲུང་ཡང་རང་གཤེད་རང་ལ་ཕབ་པའོ། །གསུམ་པ་གསང་བའི་ཟློག་པ་ཐུགས་ཏིང་ངེ་འཛིན་ཨ་ཏི་ཡེ་དག་ཁྱབ་གདལ་ཆེན་པོའི་ནུས་པའི་རྩལ་གྱིས། ནད་གདོན་འཕྲལ་རྐྱེན་སྔོན་ལས་སོགས་མི་རུང་མི་འདོད་པའི་ཉེར་འཚེ་ཐམས་ཅད་དམིགས་མེད་བློ་འདས་ཀྱི་ངང་དུ་ཟློག་པའོ། །སྔགས་ཚན་ནི་བྷྱོ་ཟློག་མང་ཉུང་དཔལ་སྤུངས་སྤར་མ་དང་གཏེར་སྨྱོན་ཕྱག་བྲིས་ཅུང་འདྲ་མིན་ཡོད་དེ། ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་སྤར་མ་ལ་ཡོད་ཀྱང་ཧཱུྃ་ཧཱུྃ་ཕཊ་ཕཊ་བྷྱོ་བྷྱོ་ཟློག་ཅིག༔ ཞེས་པ་ལས་ཕྱག་བྲིས་མི་འགྱུར་རྡོ་རྗེའི་ཕྱག་བྲིས། འཁྲུལ་མེད་དུ་མི་འདུག་པས་ཆོས་སྤྱན་ལྡན་པས་དཔྱད་པར་ཞུ། འདི་མཐར་དམར་གཏོར་ཐེབས་ཕྱོགས་སམ་དགྲ་ཕྱོགས་སུ་ཕུལ་ལ་ནད་མཚོན་དུག་གི་ཕུང་པོར་དམིགས་པས་དགྲ་བགེགས་བརླག་པར་བསམ། གནམ་ས་སྟེང་འོག་བསྒྱུར་བའི་


KMC021_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སོགས་གལ་ཆེ་སྐབས་དང་། རྨིས་ལྟས་ཆོ་འཕྲུལ་ངན་པ་བྱུང་ན་མ་གཏོགས་དུས་རྒྱུན་དུ་བྱ་མི་དགོས་སོ།། །།ཨྠྀིཿ གུ་ཧྱདྶདྨངྻ༔ ༔ ༔ ༔ ༔ ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཡེ་གསང་ཐུགས་གཏེར་ཟིན་བྲིས་ལས་གསང་སྒྲུབ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་རྩལ་གྱི་དམིགས་ཟིན་རབ་གསལ་མཐུ་སྟོབས་བཅུད་འབེབས།next