Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
བསུར་མཆོད་འདོན་ཡོན་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསུར་མཆོད་འདོན་ཡོན་སྤྲིན་ཕུང་།next

བསུར་མཆོད་འདོན་ཡོན་སྤྲིན་ཕུང་།


KMC022_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བསུར་མཆོད་འདོན་ཡོན་སྤྲིན་ཕུང་བཞུགས་སོ། །


KMC022_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སེམས་བྱ། རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ། །ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས། །བ་སྤུའི་བུ་ག་ཐམས་ཅད་ནས། །གཏན་པ་མེད་པའི་མཆོད་སྦྱིན་སྤྲོ། །རཾ་ཡཾ་ཁཾ། །མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། །བྷྲཱུཾ་ལས་རང་མཐུན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་གསུར་མཆོད་ནི། །འདོད་ཡོན་ནམ་མཁའི་མཐའ་མཉམ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་


KMC022_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་སོགས། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །རྡོ་རྗེ་དྲི་ཡི་མཆོད་སྤྲིན་འབུལ། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །རང་བྱུང་ཡེ་ཤེས་མངོན་གྱུར་ཤོག །མ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །གཙང་རིགས་དཔལ་མགོན་བདུན་ཅུ་ལྔ། །དགྲ་བླ་ཝེར་མ་ཟོ་དོར་གཉན། །དྲི་ཟའི་རྒྱལ་པོ་རབ་དགའ་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །དགྱེས་མཆོད་སྒྱུ་འཕྲུལ་དྲྭ་བར་


KMC022_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ས་དང་ལམ་གྱི་བར་ཆད་ཞི། །ཆོས་མཐུན་འབྱོར་པ་རྒྱས་པར་ཤོག །སྡེ་བརྒྱད་འབྱུང་པོ་མཐུ་བོ་ཆེ། །ཚེ་རྐུ་སྲོག་འཕྲོགས་ནད་མུག་དལ། །དུས་འཁྲུགས་གློ་བུར་ཡེ་འདྲོོགས་དང་། །བུ་ལོན་ཤ་འཁོན་བདག་པོ་སོགས། །གདོན་བགེགས་ལན་ཆགས་མགྲོན་རྣམས་ལ། །ཚེ་སྲོག་ནོར་གྱི་གླུད་དུ་བསྔོ། །བུ་ལོན་བྱང་ཞིང་ལན་ཆགས་འཁོར། །བྱང་ཆུབ་སེམས་དང་ལྡན་པར་ཤོག །སྐྱེ་བཞི་རྒྱུད་ལྔའི་འཁོར་བ་པ། །ཁྱད་པར་གཏད་མེད་ཡིད་ཀྱི་ལུས། །སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །མི་ལྡོག་བར་དོའི་འགྲོ་བ་སོགས། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །འདོད་ཡོན་ནམ་མཁའ་མཛོད་དུ་བསྔོ། །འཁྲུལ་སྣང་སངས་ཤིང་ཡེ་ཤེས་རྒྱས། ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། །ཆོས་ཉིད་ནུས་པའི་མཐུས། །གསུར་མཆོད་མི་


KMC022_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་གཏེར་དུ་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། ཨོཾ་མ་ཎི་པདྨེ་ཧཱུྃ། ལན་གྲངས། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་པྲ་ཏ་སུ་རུ་ཕུ་པ་ཡེ་སྭཱ་ཧཱ། ལན་གསུམ། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་སོགས་བརྗོད། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར༴ །རིགས་དྲུག་འདོད་པ་ཚིམ་གྱུར༴ །ལན་ཆགས་བུ་ལོན་འཁོར་གྱུར༴ །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཐམས་ཅད་ནམ་མཁའ་མཛོད་སོགས། ཁ་ཟས་བསྟབས་སོགས། བདག་གི་བསམ་པའི་སོགས། ཆོས་རྣམས་ཐམས་སོགས། སྡིག་པ་ཅི་ཡང་སོགས།


KMC022_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་གང་སོགས། སྦྱིན་པ་རྒྱ་སོགས། མི་གཙང་ལུས་སོགས། བསོད་ནམས་འདི་སོགས། འཇམ་དཔལ་དཔའ་སོགས། སངས་རྒྱས་སྐུ་སོགས་བརྗོད་པར་བྱའོ། །དེའང་ཕྱེ་མར་ལ་སྨན་སྤོས་འབྲུ་སྣ་རིན་ཆེན་དར་ཟབ་ཇ་ཆང་འོ་ཕུད་གང་འཛོམ་གཙང་མ་བསྲེས་པའི་དཀར་བསུར་སྔ་དགོངས་ནམ་འདོད་བཏང་བས་ཚོགས་རྫོགས་ཤིང་འཕྲལ་དུ་ཅི་འདོད་ཀྱི་དངོས་གྲུབ་ཐོབ་པ་དང་། ཤ་ཁྲག་ཚིལ་བུ་བསྲེས་པའི་དམར་གསུར་འབྱུང་པོ་ལ་ཆེད་དུ་དམིགས་ཏེ་དགོངས་མོར་བསྔོས་ན་རང་གཞན་འཆི་བ་བསླུ་བའི་མཆོག་ཏུ་འགྱུར་ཞིང་། བར་དོ་ཁོ་ན་ལ་དམིགས་ན་དམ་རྫས་མྱང་གྲོལ་གྱི་རིགས་བསྲེས་ཏེ་བཏང་བས་ཕན་ཡོན་དཔག་མེད་འབྱུང་བར་གསུངས་སོ། །ཞེས་པའང་གཡུ་ཐོག་རྣམ་རྒྱལ་དགོན་གྱི་བླ་གྲྭ་དམ་པ་འགའ་ཡི་ཐུགས་བཞེད་ལྟར་ཡོན་ཏན་རྒྱ་མཚོས་བྲིས་པ་འགྲོ་ཕན་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབསུར་མཆོད་འདོན་ཡོན་སྤྲིན་ཕུང་།next