Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས།
   
   
   
   
   
   
   
   


 
previousཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས།next

ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས།


KMC022_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས་བཞུགས་སོ། །


KMC022_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨ་མི་ཏ་བྷ་ཡ༔ ཞིང་སྒྲུབ་བསྙེན་པ་སོགས་ཀྱི་སྟ་གོན་རྒྱས་འབྲིང་བསྡུས་གསུམ་སོགས་ནི་ཟིན་བྲིས་ལྟར་ལ། རང་གཞན་གཤིན་དོན་སྟ་གོན་རྒྱས་འབྲིང་བསྡུས་གསུམ་ལ། རྒྱས་པ་ནི་ཞིང་བཀོད་ཞལ་ཐང་བཤམ་པའི་མདུན། མཆོད་སྟེགས་སྟེང་དུ་འབྲུའི་ཚོམ་བུ་འདབ་བརྒྱད་ཀྱི་དབུས་སུ་སྐུ་གཟུགས་བཞག །གཡས་སུ་རྣམ་རྒྱལ་བུམ་པ་རྫས་ལྡན་རྒྱན་འཛོམ། གཡོན་དུ་ལས་བུམ་མདུན་དུ་ཟླུམ་གཏོར་རྒྱན་ལྡན། དེའི་མདུན་སྨན་རག་གཏོར་གསུམ་དང་ཞིང་སྐྱོང་གཏོར་མ། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་འབུར་མའམ་ནི་ཙཀ་ལི། ཉེར་སྤྱོད་གོང་ནས་འཕྲེང་བཀྲམ་མམ་བཙུགས་པ་གང་བདེ་མཛེས་པར་བརྒྱན། དེ་མཐར་མཆོད་པ་སྣ་བདུན་བཤམ༔


KMC022_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༈ འབྲིང་པོ་ཟླུམ་གཏོར་རྩེ་ལ་འོད་དཔག་ཙཀ་ལི་བཙུག །བུམ་པ་གཉིས་དང་སྨན་རག་གཏོར་གསུམ་མཆོད་པ་སྣ་བདུན་བཤམ་པས་འཐུས། ༈ བསྡུས་པ་མདུན་བསྐྱེད་རྟེན་རིན་པོ་ཆེའི་སྣོད་འབྲུས་བཀང་སྟེ་རྡོ་རྗེ་བཞག །བུམ་པ་གཏོར་མ་གང་འཛོམ་བཤམ། ཐོག་མར་སྔོན་འགྲོ་ནི་ཅོག་རྡོག་བཤམ་ལ། རིན་ཆེན་སྣོད་དུ་སོགས་ནས་ཁཱ་ཧི་གསུམ་དང་གཙྪ་གཙྪ་ཅེས་ཕྱི་རོལ་དོར། ན་མོ་དཀོན་མཆོག་གསུམ་སོགས་འོད་དཔག་ལས་བྱང་ཚང་བར་བསྙེན་པའི་མཚམས་པར་འདོན་ནས། རང་ཉིད་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར། །ཞལ་གཅིག་ཕྱག་བཞི་དང་པོ་ཐལ་སྦྱར་དང་། །འོག་མས་ཤེལ་ཕྲེང་དང་ནི་


KMC022_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པད་དཀར་འཛིན། །ཐོར་ཚུགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །སྐུ་སྨད་པདྨའི་རང་ནུབ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་མདུན་དུ་བསྐྱེད་པ་ལྟ་བུ་ཡི། །འོད་དཔག་མེད་པ་གཙོ་འཁོར་གསུམ་པོ་དང་། །བདེ་ཆེན་ཞིང་བཀོད་ཡོངས་སུ་རྫོགས་པར་གསལ། །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །ཨ་མི་དྷེ་ཝའི་སྔགས་འཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ། །མཛོད་སྤུ་ནས་ཐོན་ནམ་མཁའ་ཁྱབ་པར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །རྒྱལ་བའི་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །འགྲོ་བ་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས། །བདེ་བ་ཅན་དུ་སྐྱེ་བའི་སྐལ་ལྡན་གྱུར། །ཡུལ་ཕྱོགས་ཕྱི་སྣོད་བདེ་ཆེན་ཞིང་དུ་གྱུར། །ནང་བཅུད་སེམས་ཅན་འོད་དཔག་མེད་པའི་སྐུ། །ཡབ་ཡུམ་སྲས་དང་སེམས་དཔའ་སེམས་མ་དང་། །སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་གྱུར། །


KMC022_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྒྲ་སྒྲོགས་པས་འཁོར་བ་དོང་ནས་སྤྲུགས། །གཟུགས་ཅན་གཟུགས་མེད་སེམས་ཅན་ཐམས་ཅད་ཀུན། །འོད་དཔག་མེད་པའི་གོ་འཕང་ཐོབ་པར་གྱུར། །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ བརྒྱའམ་ཅི་མང་བཟླས་སོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས། །ཧྲཱི༔ཡིག་དམར་པོ་བྱེ་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་མདུན་བསྐྱེད་ཞལ་དུ་བཞུགས། །ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ། །དེ་ལས་ཧྲཱིཿཡིག་དམར་པོའི་ཕྲེང་བ་བྱོན། །ལྟེ་བ་ནས་ཐོན་རང་གི་ལྟེ་བར་ཐིམ། །ཐུགས་ཀར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ལས། །བར་དུ་འཁོར་ཚེ་འོད་ཟེར་སྣ་ཚོགས་པ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འཕྲོས། །སངས་རྒྱས་འོད་དཔག་མེད་པའི་སྐུ་ལ་ཐིམ། །སྐུ་གསུང་ཐུགས་རྒྱུད་མཉེས་པའི་མཆོད་པར་གྱུར། །སྐུ་ལས་འོད་དཔག་མེད་པའི་སྐུ་ཆེ་ཕྲ། །གསུང་ལས་སྔགས་ཕྲེང་ཧྲཱིཿཡིག་


KMC022_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་དང་། །ཐུགས་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ། །ཁ་བ་བུ་ཡུག་འཚུབས་པ་ཞིན་དུ་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་གྱུར། །ཧྲཱིཿ བརྒྱ་རྩའམ་ཅི་མང་བཟླས་སོ། །དེ་ནས་བདག་མདུན་བུམ་པ་ལ། མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ། །ཟླ་སྟེང་ཧྲཱིཿདམར་གཟུངས་ཀྱིས་བསྐོར། །རང་གི་ཐུགས་ཀའི་སྔགས་ཕྲེང་འཕྲོས། །མདུན་བསྐྱེད་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །གཟུངས་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་སྣ་ཚོགས་སོགས་ནས་བུམ་པ་གང་བར་གྱུར། །གཟུངས་རིང་ཅི་མང་བཟླས། ལས་བུམ་ལ། ལས་བུམ་ནང་དུ་རྟ་མགྲིན་དམར། །ཐོད་དབྱུག་ཞགས་འཛིན་འདོར་ཐབས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཉེར་གཅིག་བདུན་སོགས་བཟླས་སོ། །དེ་ནས་བདེ་སྨོན་རྒྱས་པའམ། ཤེས་བྱ་མའམ། ཕྱོགས་དུས་རྒྱལ་བའམ། བཟང་སྤྱོད་དམ་ཐམས་ཅད་ཚང་ན་དང་། མ་ཚང་ན་འདོན་རེས་བྱ། དེ་ལྟ་བུའི་ཆོ་ག་བསྡུས་པ་ཚར་གཅིག་ལ་རུང་ཙམ་ལས།


KMC022_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་རྐྱང་ནི་རང་དོན་ཐུགས་དམ་ཡིན། གཞན་དོན་བདག་མདུན་བུམ་གསུམ་ཚང་མ་དང་། བདེ་སྨོན་རྣམས་མ་ཚར་ན་མི་རུང་། གཞུང་ཚེ་འགུགས་དང་སྔགས་སོགས་དོ་ནུབ་ཚར་གཅིག །བཤིན་དོན་ལ་མི་དགོས། དེ་ཡང་གསོན་པོའི་རིམ་གྲོ་ལ་ཚེ་ཆོག་བྱེད་ན་ཚེ་གཟུངས་དང་དབང་རྫས་དབང་ལྟར་ལས་བདེ་སྨོན་མ་ཐོན་ན་མི་དགོས་སོ། །ཞེས་གནས་མདོ་བདེ་ཆེན་གྱིས་མཛད་པའོ། །གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་གའི་ལྷན་ཐབས་ཕན་ཡོན་བསྔགས་པ་མཐའ་ཡས་པའི་གཟུངས་ཡང་། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི། བྱང་ཆོག་བསྡུས་པ་གཞུང་ལྟར་ཏེ། ཅུང་ཞིག་རྒྱས་པར་བྱ་འདོད་ན། །མདུན་བསྐྱེད་བུམ་བསྐྱེད་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿཡིག་དམར་པོའི་མཐར༔ གཟུངས་སྔགས་གཡས་སུ་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ཚེ་འདས་ཐོག་དྲངས་འགྲོ་ཀུན་གྱི༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན༔ བ་མོར་ཉི་ཟེར་ཕོག་ལྟར་དག༔ བུམ་ལྷའི་སྐུ་ལས་བདུད་རྩི་བབས༔ བུམ་པ་བདུད་རྩིས་གང་དམིགས་ཤིང་༔ མཐུན་མཚམས་བཟུངས་འདི་བདུན་ཉེར་གཅིག༔ བརྒྱ་རྩ་ལ་སོགས་ཅི་འགྲུབ་བཟླས༔ བྱེ་མ་ལ་ཡང་སྔགས་ན་ལེགས། ན་མོ་རཏྣ་


KMC022_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ༔ ཨ་མི་ཏ་བྷཱ་ཡ༔ ཏ་ཐཱ་ག་ཏཱ་ཡཿ ཨཱརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ༔ ཏ་དྱ་ཐཱ༔ ཨོཾ་ཨ་མི་ཏེ༔ ཨ་མི་ཏོདྦྷ་ཝེཿ ཨ་མི་ཏ་སཾ་བྷ་ཝེ༔ ཨ་མི་ཏ་བིཀྲཱནྟེ༔ ཨ་མི་ཏ་གཱ་མི་ནཱི༔ ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ༔ གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་། །བསྐལ་པ་འབུམ་དུ་བསགས་པ་ཡི། །ལས་ཀྱི་སྒྲིབ་པ་བྱང་བར་འགྱུར། །གཞན་ཡང་ཕན་ཡོན་དཔག་མེད་པ། །བཅོམ་ལྡན་ཐུབ་པའི་ཞལ་ནས་གསུངས། །འོད་དཔག་མེད་པའི་གཟུངས་འདི་ནི། །རྒྱུད་འབུམ་ནང་ན་བཞུགས་པ་ཡིན། །བྱ་བའི་རྒྱུད་དུ་གཏོགས་ལགས་ཀྱང་། །བྱ་རྒྱུད་བླ་མེད་ཉམས་ལེན་ལུགས། །འདི་ལ་སྦྱར་བས་འགལ་བ་མེད། །ཚེ་གཟུངས་བྱ་རྒྱུད་ཡིན་མོད་ཀྱང་། །བླ་མེད་ལུགས་ལ་སྦྱར་དང་མཚུངས། །ཞེས་པ་བདེ་ཆེན་ཞིང་སྒྲུབ་ཀྱི། །ལྷན་ཐབས་རཱ་ག་ཨ་སྱས་སྦྱར། །ལས་བུམ་ནི། ལས་བུམ་ནང་དུ་རྟ་མགྲིན་དམར༔ ཐོད་དབྱུག་ཞགས་འཛིན་དོར་སྟབས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་བདུད་རྩིས་གང་བར་གྱུར། །ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ བདུན་ནམ་ཉེར་གཅིག་བཟླས་སོ། །ཨཱརྒྷཾ་སོགས་ཀྱིས་མཆོད། ཧྲཱི༔ལས་བྱུང་


KMC022_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟ་མཆོག་སྐུ༔ ཉི་མའི་མདོག་མཚུངས་དགྲ་བགེགས་བསྲེགས༔ བདུད་བཞིའི་དཔུང་རྣམས་འཇོམས་མཛད་པ༔ དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད༔ ལས་བུམ་གྱི་ཁྲོ་བོས་གེགས་རྣམས་བཟློག་པའི་འཕྲིན་ལས་མཛོད་ཅིག །ཅེས་གནས་མདོ་སངས་རྒྱས་ཀྱིས་ལྷན་ཐབས་སུ་སྦྱར་བའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཞིང་སྒྲུབ་ཟིན་བྲིས་ཀྱི་ལྷན་ཐབས་ཉུང་བསྡུས།next