Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
གསང་ཐིག་ཕུར་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ།
   
   
   
   
   
   
   
   
   
   


 
previousགསང་ཐིག་ཕུར་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ།next

གསང་ཐིག་ཕུར་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ།


KMC023_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྐོར་གསུམ་ལས། །རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།


KMC023_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ན་མོ། །མ་རུངས་བདུད་སྡེ་འདུལ་ལ་ཆེས་དཔའ་ཞིང་། །སྒྲུབ་པོར་དངོས་གྲུབ་སྟེར་བར་འགྲན་ཟླ་མེད། །རིགས་འཛིན་ཡོངས་ཀྱི་ཐུགས་དམ་ལྷ་གཅིག་པུ། །དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་གསང་ཐིག་སྐོར་གསུམ་ལས་བར་ཆད་སེལ་བྱེད་རྡོ་རྗེ་ཕུར་པ་ཕྱག་རྒྱ་གཅིག་པའི་ཕྲིན་ལས་གོང་འོག་གིས་ཆིང་གིས་བཅིང་སྟེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན། དངོས། རྗེས་སོ། །དང་པོ་ལ་ལྔ་ལས། དང་པོ་ནི། གང་དུ་བསྒྲུབ་པའི་ཁང་པའི་བྱི་དོར་བྱས་ལ། དཔལ་ཆེན་པོའི་བྲིས་སྐུ་སོགས་ཀྱིས་མདུན་དུ་སྨན་གཏོར་རཀྟ་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་མ་ཚང་བར་མེད་པར་བདོག་གོ །རང་ཉིད་ཀྱང་བདེ་བའི་སྟན་ལ་ལུས་གནད་དང་ལྡན་པར་འདུག་སྟེ། ཀུན་


KMC023_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྡོར་སེམས་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་དབང་མོ། །པྲ་བྷ་ཧསྟི་ངྷ་ན་སཾསྐྲྀ་ཏ། །གསོལ་བ་འདེབས་སོ་བར་ཆད་གཡུལ་འཇོམས་ཤོག །དགའ་རབ་རྡོ་རྗེ་སློབ་དཔོན་ཧཱུྃ་ཀཱ་ར། །རྡོ་རྗེ་ཐོད་ཕྲེང་རྩལ་དང་བི་མ་ལ། །བལ་འབང་ཀ་ལཱ་སིདྡྷི་མཁར་ཆེན་བཟའ། གསོལ་བ་འདེབས་སོ་བར་ཆད་གཡུལ་འཇོམས་ཤོག །ཆོས་རྒྱལ་ཡབ་སྲས་མཆོག་གྱུར་བདེ་ཆེན་གླིང་། །རྩ་བ་ཡན་ལག་རྒྱུད་ལུང་མན་ངག་གི །བརྒྱུད་པའི་བླ་མ་རིམ་


KMC023_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བར་ཆད་གཡུལ་འཇོམས་ཤོག །ཐུན་མོང་ཐུན་མིན་སྔོན་འགྲོས་རྒྱུད་སྦྱངས་ཤིང་། །ལམ་གྱི་དངོས་པོ་ཡོངས་རྫོགས་ཉམས་བླང་བས། །གདོས་བཅས་ལུས་ལ་ཡེ་ཤེས་སྐུར་སྨིན་ཏེ། །བདུད་འཇོམས་དཔའ་བོའི་གོ་འཕང་མངོན་འགྱུར་ཤོག །ཅེས་གསོལ་བ་བཏབ་ཅིང་གནས་བདག་ལ་གཏོར་མ་སྤྱི་ལྟར་ཕུལ། གཉིས་པ་ཚོགས་བསགས་པ་ནི། དཔལ་ཆེན་རྡོ་རྗེ་ཕུང་བུའི་ལྷ་ཚོགས་སྐྱབས་ཡུལ་རྒྱ་མཚོས་བསྐོར་བ་རང་གི་སྙིང་གའི་འོད་ཀྱིས་སད་པར་བྱས་ཏེ། ན་མོཿ བླ་མ་དཀོན་མཆོག་གསུམ་རྣམས་དང་༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་དང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ན༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ ཞེས་སེམས་བསྐྱེད། མཆོད་འོས་རྣམས་ལ་མཆོད་འབུལ་ཕྱག་འཚལ་ཞིང་། །


KMC023_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་འགྱོད་བཤགས་དགེ་ལ་ཡི་རང་ངོ་། །ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་བཞུགས༔ དགེ་རྩ་རྣམས་མཁྱེན་རྗོགས་བྱང་ཐོབ་ཕྱིར་བསྔོ། །མཐའ་ཡས་སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། ཆགས་སྡང་དང་བྲལ་བཏང་སྙོམས་ལ་གནས་ཤོག །ཅེས་ཡན་ལག་བདུན་པ་དང་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྡུའོ། །གསུམ་པ་ནི། བགེགས་གཏོར། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡཛཿས་མགྲོན་དགུགས། ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི༔ ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དཔལ་ཆེན་ཁྲོ་རྒྱལ་ཁྲོ་ནས་སུ༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དྲག་སྔགས་གུལ་ཡུངས་རོལ་མོས་ཚ་རྔམས་ཀྱིས་བསྐྲད། རྗེས་འབྲེལ་དུ་མཚམས་བཅད་པ་ནི། ཧཱུྃ༔ དཔལ་ཆེན་སྤྲུལ་པས་ནམ་མཁའ་གང་༔


KMC023_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆ་སྣ་ལྔས་གུར་ཆེན་ཕུབ༔ མ་བཅོས་ཆོས་དབྱིང་ཀློང་ཡངས་ལས༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཨོཾ་བཛྲ་རཀྵ༔ ཞེས་སྲུང་འཁོར་བསྒོམ། བཞི་པ་བྱིན་དབབ་པ་ནི། ཧཱུྃ༔ མི་མངོན་དབྱིངས་ནས་བླ་མ་རིག་འཛིན་ཚོགས༔ འོག་མིན་ཞིང་ནས་བདེ་གཤེགས་ཞི་དང་ཁྲོ༔ མཁའ་སྤྱོད་གནས་ནས་ཌཱཀྐི་ཆོས་སྲུང་བཅས༔ མ་ལུས་འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ༔ ཛྙཱན་ཨ་ཝེ་ཤ་ཡ་ཨ་ཨཱཿ ལྔ་པ་མཆོད་རྫས་བྱིན་བརླབ་པ་ནི། རྃ་ཡྃ་ཁྃ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁྃཿ ཞེས་སྤྱིར་བརླབས་ནས་སྤྲོ་ན་སྨན་རཀ་གཏོར་གསུམ་གྱི་སྔགས་གསུམ་གསུམ་བརྗོད་པས་ཀྱང་བརླབ་བོ། །གཉིས་པ་དངོས་གཞི་ལ་ལྔ་ལས། དང་པོ་དམ་ཚིག་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ ཧཱུྃ་


KMC023_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང་༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ རང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང་༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང་༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་དཔུང་དང་༔ བར་པས་ཁ་ཊྭཱྃ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་


KMC023_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང་༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང་༔ རིན་པོ་ཆེ་ཡི་རྩེ་ཕྲན་དང་༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང་༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ གཡས་པས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང་༔ གཡོན་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་


KMC023_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་སུ་བྱིན་གྱིས་བརླབ༔ ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས༔ རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ ཡུམ་གྱི་མཁའ་གསང་པཱཾ་ཡིག་ལས༔ པདྨ་ཉི་མ་ཨཱཾ་གིས་མཚན༔ བདེ་བ་ཆེན་པོའི་དབྱིངས་སུ་རོལ༔ བ་སྤུ་རྡོ་རྗེ་ཕྱེད་པ་དང༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ་ཨོཾོཾ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ༔ ཞེས་དབང་བསྐུར་རྒྱས་གདབ་རྣམས་བྱ། གཉིས་བ་ཡེ་ཤེས་པ་སྤྱན་དྲངས་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔


KMC023_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ གསུམ་པ་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པ་དྱཾ་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་དྱ་ཤབྡ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་དྷརྨ་དྷ་ཏུ་པཱུ་ཛ་ཧོ༔ བཞི་པ་བསྟོད་པ་ནི། ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ལྔ་པ་བཟླས་པ་བྱ་བ་ནི། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སྙེམས་མ་གྲི་ཐོད་འཛིན་དང་འཁྲིལ༔ སྐྱིལ་ཀྲུང་བཞུགས་པའི་སྲོག་གི་གོར༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང་༔ རྡོ་རྗེ་


KMC023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའི་ལྟེ་བ་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ མཐའ་བསྐོར་འབྲུ་དགུ་རང་སྒྲར་བཅས༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅས་ཀྱིས༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་གཤེགས་བླ་མ་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་ཉམས་ཆགས་བསྐང་༔ མཁའ་འགྲོ་ཆོས་སྐྱོང་མཁོན་པ་སྦྱངས༔ དྲེགས་པ་ཐམས་ཅད་ལས་ལ་བཙུད༔ བདུད་དང་དམ་སྲི་ཐལ་བར་བརླག༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོགས་ཡེ་ཤེས་རོལ་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཞེས་རྩ་སྔགས་འབྲུ་བཅུ་


KMC023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཅི་ནུས་སུ་བཟླ། དེས་སྐྱོ་ན། རང་གི་སེམས་ཉིད་འདི་དག་ནི༔ རྡོ་རྗེ་གཞོན་ནུ་ཉིད་དུ་བལྟ༔ ཞེས་པ་ལྟར་ལྷ་བདག་རང་སེམས་དབྱེར་མེད་ཀྱི་སྲོག་བཟུང་སྟེ་རང་བབས་སུ་བཅས་བཅོས་མེད་པར་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བར་རྩམས་པ་ན། དབྱངས་གསལ། རྟེན་སྙིང་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། སྔར་ཀྱི་མཆོད་བསྟོད་དང་། ཡི་གེ་བརྒྱཔའང་བརྗོད་དོ། དེ་ནས་གཏེར་གཞུང་གི་གཏོར་འབུལ་དང་དབང་བླངས་བཅས་བྱ། །གསུམ་པ་རྗེས་ནི། ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ལྟར་མཐར་ཆགས་སུ་བཏང་བས་གྲུབ་བོ། །རང་བློར་དཔག་པའི་ཕྲིན་ལས་འདི། །རང་དང་རང་འདྲའི་བློ་རྟུལ་ལ། །ཤིན་ཏུ་སྨན་པ་ཉིད་ཡིན་ཅིང་། །དགེ་བས་ཧེ་རུ་ཀ་འགྲུབ་ཤོག །ཅེས་པ་འདིའང་ཀུན་བཟང་འགྱུར་མེད་ཚེ་དབང་གྲགས་པས་རང་ལོ་བཅུ་དགུ་བར། དབོ་ཟླའི་ཡར་ངོའི་ཚེས་བཅུ་བཞི་ལ་བྲིས་པ་དགེ་བར་གྱུར་ཅིག །ཤུདྷཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགསང་ཐིག་ཕུར་པ་ལ་གོང་འོག་གི་ཕྲིན་ལས་ཅུང་ཟད་ཀྱིས་བཅིང་པ་ཕྲིན་ལས་ཤིང་རྟ།next