Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
ཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ།
   
   
   
   
   
   


 
previousཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ།next

ཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ།


KMC023_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ་དགྲ་བགེགས་ཚར་གཅོད་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །ན་མོ་བཛྲ་ཀུ་མ་ར་ཡ། དབང་ཐོབ་དམ་ལྡན་རྣལ་འབྱོར་པས། །ཕུར་སྲུང་དམ་ཅན་རྒྱ་མཚོ་ལ། །གཏོར་འབུལ་ཕྲིན་ལས་གཉེར་གཏད་ན། །དམར་གཏོར་ཐེབ་ཀྱུ་བཅུ་གཉིས་ཅན། །བདུད་རྩི་དང་ནི་རཀྟས་བྲན། །ཇ་ཆང་སྐྱེམས་ཕུད་གང་འབྱོར་བཤམས། །ཧཱུྃ་བྷྱོཿ བདག་ཉིད་རྩ་བའི་དཀྱིལ་འཁོར་དཔལ་ཆེན་པོ། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་སྐུ་ལ་རྫོགས། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཕྱག་གི་འདྲིལ། །རྣམ་གསུམ་དཀྱིལ་འཁོར་ཡེ་རྫོགས་རོལ་པ་ལས། །ཕྲིན་ལས་མགོན་པོ་ཡབ་ཡུམ་ཕྲ་མན་ཚོགས། །ཤྭ་ན་མ་བཞི་བདག་ཉིད་ཆེན་མོ་བཞི། །ས་བདག་མ་བཞི་དུང་གི་སྐྱེས་བུ་བཞི། །ལྕགས་ཀྱི་སྐྱེས་བུ་བསྭེ་ཡི་སྐྱེས་བུ་བཞི། །ཤན་པ་བཞི་དང་སྒྲོལ་བའི་གིང་ཆེན་བཞི། །ཤེལ་གིང་བཞི་དང་དགེ་བསྙེན་ཉི་ཤུ་གཅིག །ཕུར་པའི་ལྷ་མོ་དབུ་བརྒྱ་མ་མོ་བཞི། །དྲེགས་པའི་བུ་མོ་བཞི་དང་མོན་མོ་བཞི། །འོག་གི་ཕོ་ཉ་འབྱུང་པོ་དཔའ་བོ་བཞི། །


KMC023_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་སྤྲུལ་པའི་ཕོ་ཉ་ཁྱི་མོ་བརྒྱད། །ཤེལ་བསྭེ་ལྕགས་ཟངས་དུང་གི་གདོང་དགུ་ལྔ། །གནམ་ཁྱི་བསྭེ་ཁྱི་ཁྱུང་ཁྱི་སྟག་ཁྱི་བཞི། །ལྕགས་ཀྱི་སྤྱང་མོ་དུང་གི་ཁྱི་མོ་བརྒྱད། །གསེར་གྱི་འཕར་བ་ཟང་ཀྱི་ཝ་མོ་བརྒྱད། །སྟག་སྦྲུལ་བྱི་ལ་ཁྱུང་གི་ཁྲ་ཆེན་བརྒྱད། །སྤྲུལ་པ་ཡང་སྤྲུལ་ཕྲ་མན་ཕོ་ཉའི་ཚོགས། །རེ་རེ་ལ་ཡང་བརྒྱ་སྟོང་ཁྲི་དང་འབུམ། །ལ་ལ་མི་ལུས་མགོ་བརྙན་སྣ་ཚོགས་ཅན། །ལ་ལ་གཤོག་པ་ལྡིང་ཞིང་མཁའ་ལ་རྒྱུ། །ལ་ལ་གཅན་གཟན་མཆེ་ཅན་ཤ་ལ་རྔམས། །ལ་ལ་ལྕགས་ཀྱི་ལྡེར་ཅན་ས་ལ་རྒྱུག །ལ་ལ་ཉི་ཟླ་མུན་པའི་ཟེར་ལ་རྒྱུ། །སྲིན་པོ་སྲིན་མོའི་ཚོགས་ཀྱི་འོ་དོད་འབོད། །ཤ་ཟ་ཨ་ཙར་མོན་པའི་ཆོ་འཕྲུལ་གཏོང་། སྟག་གཟིག་གཅན་གཟན་སྣ་ཚོགས་ངར་སྒྲ་འདོན། །ཝ་སྤྱང་འཕར་ཁྱི་མང་པོས་ཟ་དུ་བྱེད། །ཁྱུང་ཆེན་ལྕགས་ཀྱི་བྱེ་ཁྲས་རྐན་སྒྲ་རྡེབས། །རོ་ལངས་ཀེང་རུས་དུ་མས་བྲོ་གར་འཁྲབ། །ངེས་པའི་དོན་ལ་ཡེ་ཤེས་པ་ཡིན་ཀྱང་། །རྣམ་པ་


KMC023_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དྲེགས་པའི་སྐུར་བཞེངས་ནས། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་གཙོ། །དཔལ་གྱི་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །སྡེ་བརྒྱད་ཁེང་ལོག་མ་མོའི་ཆོ་འཕྲུལ་ཟློག །སྡང་བའི་དགྲ་སོད་གནོད་བྱེད་བགེགས་དཔུང་ཆོམས། །བསྟན་འཛིན་སྐྱེས་བུ་དམ་པའི་སྐུ་ཚེ་བསྲིང་། །གཙུག་ལག་ཆོས་འཁོར་དབེན་གནས་འདུས་སྡེ་སྐྱོངས། །ནད་མུག་འཁྲུག་རྩོད་མཐའ་ཡི་དམག་དཔུང་ཟློག །གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། །ལས་བཞིའི་ཕྲིན་ལས་གང་དང་གང་བཅོལ་བའི། །ཐོག་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཁཱ་ཧི། ཞེས་པ་འདི་ལྟར་བྲིས་ཞེས་ངེས་དོན་སྙིང་པོའི་མཛོད་འཛིན་བླ་ན་མེད་པ་བསྟན་འཛིན་གྲགས་པས་བསྐུལ་ཀྱང་རིང་མོ་འབྲི་རྒྱུ་མ་བྱུང་བར་ལུས་པས་རབ་ཚེས་ལྕགས་ཡོས་ལོར་ཕུར་པའི་བསྙེན་སྒྲུབ་སྐབས་སུ། ཀརྨ་རཏྣས་བྲིས་པ་སྲུང་མ་མངོན་སུམ་རྒྱུ་བའི་དགེ་


KMC023_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་བཅས་ལྷན་ཅིག་གྲུབ་པའང་དོན་དང་ལྡན་པར་གྱུར་ཅིག །བི་ཛ་ཡནྟུ།། །། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཕུར་སྲུང་ཤྭ་ན་མུ་ཁའི་གསོལ་མཆོད་བསྡུས་པ།next