Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
རྩང་བཟློག་དམ་སྲི་ཚར་གཅོད།
   
   
   
   


 
previousརྩང་བཟློག་དམ་སྲི་ཚར་གཅོད།next

རྩང་བཟློག་དམ་སྲི་ཚར་གཅོད།


KMC023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྩང་བཟློག་དམ་སྲི་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །གཏོར་ཟློག་ལ་ཐུན་བརྟེག་ཅིང་ཁྲག་གི་ཨརྒྷྃ་བསྒྲེང་ཞིང་སྤྲུལ་པའི་ཕོ་ཉ་ལས་ལ་བསྐུལ་བ་ནི། ཧཱུྃ་བྷྱོཿ སྔོན་བྱུང་སྲིད་པའི་དང་པོ་ལ། །རྩང་བྱུང་སྲིན་པོའི་ཡུལ་དུ་བྱུང་། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི། །ཕྱག་བརྙན་སྤྲུལ་པའི་ཕོ་ཉར་ཤར། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དྲག་པོ་རྩང་གི་ལས་སྦྱོར་མཛད། །བཀའ་སྡོད་ཕོ་ཉ་བཞུགས་པའི་གནས། །བྱད་ཟོར་རྦོད་གཏོང་བཟློག་པའི་རྫས། །ཉམས་པ་བདུན་ལྡན་གསོད་པའི་མཚོན། །ཕོ་ཉ་ལས་མཁན་རྒྱུ་བའི་སྲང་། །སྲིན་མོའི་འགྲོས་དང་འཚུབས་མ་རིས། །བསྣོལ་བའི་དྲྭ་བ་རེ་རེ་ལ། །སྡེ་བརྒྱད་འབུམ་སྡེའི་དམག་དཔུང་འཚུབས། །མེ་དཔུང་འབར་བ་འུ་རུ་རུ། །ཁྲག་གི་ཆར་པ་སི་ལི་ལི། །མཚོན་ཆའི་བུ་ཡུག་ཆི་ལི་ལི། །ཤན་པའི་འོ་དོད་ལྷངས་སེ་ལྷང་། །གཅན་གཟན་ངར་སྐད་ཁྲ་ལ་ལ། །སྤྲུལ་པའི་རྣམ་འགྱུར་བསམ་མི་ཁྱབ། །དྲག་པོ་རྩང་གི་ལས་སྦྱོར་འདིས། །སྲིད་གསུམ་ལྷ་འདྲེའི་ཁེང་


KMC023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཟློག །ལྷ་སྲུང་འཁྲུགས་པའི་ཆོ་འཕྲུལ་ཟློག །དམ་ཚིག་ཉམས་པའི་སྲི་ཀེག་ཟློག །རྒྱལ་འགོང་འདྲེ་ཡི་ཆོ་འཕྲུལ་ཟློག །རྣམ་རྟོག་སློང་བའི་ལྟས་ངན་ཟློག །བསམ་པ་ངན་པའི་ལས་སྦྱོར་ཟློག །སྦྱོར་བ་རྩུབ་པའི་དགྲ་གྱོད་ཟློག །མདོར་ན་མི་མཐུན་གནོད་པའི་རྐྱེན། །ཐམས་ཅད་དམིགས་མེད་དབྱིངས་སུ་ཟློག །བྷྱོ་བྷྱོ་བཟློག་བཟློག་ས་མ་ཡ། །ཟློག་གཞུང་གང་ཡིན་གྱི་སྔགས་དང་ཐལ་བརྡེབ་བྱའོ། །ཡང་དགོན་བླ་བྲང་དུ་ཞབས་བརྟེན་སྒྲུབ་པའི་སྐབས་སུ་མཁན་པོ་འདུལ་བ་འཛིན་པས་བྲིས་པ་དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྩང་བཟློག་དམ་སྲི་ཚར་གཅོད།next