Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
ཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ།
   
   
   


 
previousཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ།next

ཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ།


KMC023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ་འདོད་ན། གསང་ཐིག་ཕུར་པའི་བདག་བསྐྱེད་བཟླས་པ་ཅི་འགྲུབ་ཀྱིས་མཐར་ལིངྒ་ལ་དམིགས་ཏེ་འགུགས་གཞུགས་བྱ་བ་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བླ་མ་བསྟན་གཉིས་སྐོར་གསུམ༔ ཡི་དམ་ཞི་ཁྲོ་རབ་འབྱམས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད༔ དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་དང་བཅས་པའི༴ ལེགས་ལྡན་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ༔ ཡུན་གྱི་བྱང་ཆུབ་


KMC023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་བར་དུ་གཅོད་པ༔ བསྟན་པ་དང་སེམས་ཅན་ཉེས་མེད་ལ་གནོད་ཅིང་འཚེ་བ༔ མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་དགྲ་བགེགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བྃ་ཧོཿ ཤྲཱི་གྷྲཾ་ཨ་པ་ན་ཡ་ཧཱུྃ་ཕཊ༔ ཅེས་རྟགས་མ་བྱུང་བར་དུ་འགུགས་ལ། ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱོད་ཀྱི་ཕྲིན་ལས་དུས༴ མཐུ་སྩལ་ཕྱུང་བའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱི༔ ཡུད་ཙམ་གྱིས་


KMC023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདིར་བཀུགས་ནས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་མ་ར་སེ་ན་པྲ་མར་དྷ་ན་ཡེ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཅེས་པས་བསྒྲལ་ཞིང་བཏུབ་ལ། དུག་ཤིང་གོམ་གྱིས་མེ་སྦར་བའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སྐད་ཅིག་གིས་གསལ་བར་གྱུར། ཧཱུྃ༔ དཔལ་ཆེན་བཛྲ་ཀུ་མ་ར༔ འཛིན་བྱེད་བསྐལ་པའི་མེ་ཆེན་འབར༔ ཞལ་ནི་གནམ་ས་ཙམ་དུ་གདང་༔ ཟས་སྐལ་མནག་པ་འདི་ཟོ་ལ༔ མིང་གི་ལྷག་མ་མེད་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་རཀྨོ་ཀ་ལ་རུ་པ་གནོད་བྱེད་དགྲ་བགེགས་དམ་སྲིའི་སྙིང་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཁྲིལ་ཁྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ སྙིང་རྩིག་རྩིག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མ་ཀརྨ་


KMC023_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲྀ་གྷྲཾ་ཀ་ར་ཡེ༔ མ་ར་སེ་ན་པྲ་མརྡ་ནི་ཧཱུྃ་ཕཊ༔ སྤུ་གྲིའི་མཐར། དགྲ་བགེགས་དམ་སྲི་ཛྭ་ལ་རྃ༔ ཅེས་བཏགས་པའི་ལིང་རོ་ཁྲག་དང་ཞུན་ཆེན་འབུལ་ཞིང་དམིགས་པ་རྩེ་ཅིག་པས་གྲང་མང་བར་སྦྱར་རོ། །ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་རྗེ༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་བདག༔ མ་མོ་མཁའ་འགྲོ་མྱུར་མགྱོག་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཞེས་རྗེས་ཆོག་ཡང་ཡང་མི་དགོས་སེམས་ཀྱི་ངོ་བོ་ལ་ལྟ་ཞིང་སྤྱོད་ལམ་འཇུག །ཅེས་པའང་གཏེར་སློབ་ཀརྨ་རཏྣས་སྤེལ་བ་དྲག་པོའི་ཕྲིན་ལས་མཐར་ཕྱིན་པར་གྱུར་ཅིག །ཛ་ཡ་སུ་ཛ་ཡ། བཀྲ་ཤིས་ཤོག །སརྦ་དཱ་མངྒ་ལཾ། བྷ་ཝནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཕུར་པའི་དྲག་བསྲེགས་ཤིན་ཏུ་བསྡུས་པ།next