Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
གསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་།
   


 
previousགསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་།next

གསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་།


KMC023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་བཞུགས་སོ། །


KMC023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀུ་མཱ་ར་ཡེ། མཆོག་ཏུ་མི་འགྱུར་ཆོས་ཀྱི་དབྱིངས་ལས་མཐའ་དང་བྲལ། །བདེ་ཆེན་ཡེ་ཤེས་གཟུགས་སྐུ་ཡོན་ཏན་བདུན་དང་ལྡན། །དམིགས་མེད་སྙིང་རྗེས་འགྲོ་ཀུན་ཡོངས་སུ་བཟུང་བའི་ཕྱིར། །ཞིང་བཅུ་སྒྲོལ་མཛད་ཧེ་རུ་ཀ་དཔལ་དེ་ལ་འདུད། ཞེས་དཀྱིལ་འཁོར་གྱི་གཙོ་བོ་དང་གཏེར་ཆེན་རྡོ་རྗེ་འཆང་དབྱེར་མེད་པར་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་སྔོན་དུ་སོང་ནས། གསང་ཐིག་སྙིང་པོའི་སྐོར་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བསྐྱེད་


KMC023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྤྲོས་མེད་རྒྱུན་གྱི་ཉམས་ལེན་ལྟ་བུ་རེག་གཟིགས་མདོར་བསྡུས་པ་ལ། ཐོག་མར་དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་སྔོན་འགྲོའི་རིམ་པ་རྒྱུད་ལ་སྦྱོར་བ་ནི་གལ་པོ་ཆེ་ཡིན་ཅིང་། མདུན་དུ་རང་ལ་གསང་སྔགས་སྟོན་པའི་བླ་མ་དང་རྡོ་རྗེ་གཞོན་ནུ་དབྱེར་མེད་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་པའི་སྐྱབས་ཡུལ་བསྒོམ་པས་ཆོག །མིན་ན་སྐྱབས་ཡུལ་གྱི་ཡོན་ཏན་སོགས་དྲན་གདུང་ཤུག་དྲག་པོ་དང་བཅས་པས་ཚིག་དོན་དྲན་པས་འཐུས། གསར་སྙིང་སྔོན་


KMC023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྤྱི་འགྲོས་རྒྱུད་སྦྱངས་ཟིན་པའི་དབང་དུ་བཏང་བས་སྐྱབས་ཡུལ་སྤྲོས་བཅས་སྒོམ་མི་དགོས། རྡོ་རྗེ་གཞོན་ནུ་ལ་ཐམས་ཅད་འདུས་ཤིང་འདིར་རྡོ་རྗེ་ཐེག་པ་དབྱེར་མེད་དམ་འབྲས་བུ་ངོ་བོ་སྣང་སྟོང་ཟུང་འཇུག་ཆོས་སྐུར་ལྟ་ཞིང་སྒོམ་པར་བྱེད་པ་ཡིན་སྟེ། བང་མཛོད་ཕྲུལ་ལྡེ་ལས། འབྲས་བུ་རྡོ་རྗེ་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིང་རྡོ་རྗེ་ཐེག་པ་བསྟན། །ཅེས་གསུངས་པ་ལྟར། དོན་དམ་ངོ་བོ་ཉིད་ཀྱི་སྐྱབས་འགྲོ་དང་སེམས་བསྐྱེད་པའོ། །ཕྱིའི་བླ་མ་བཞིའམ་དྲུག་སོགས་ཡིད་ཆེས་ཀྱི་དད་པ་བརྟན་པོས་ལམ་གྱི་རྩ་བ་བཤེས་གཉེན་བརྟེན་ཚུལ་མདོ་རྒྱུད་བསྟན་བཅོས་ཀུན་དང་རྒྱ་བོད་གྲུབ་ཐོབ་གོང་མའི་རྣམ་ཐར་ལ་བསམ་གཞིན་བྱས་ཏེ་རང་རྒྱུད་ལ་སྦྱར། དེ་ནས་སྐྱེ་འགགས་གཉིས་མེད་ངོ་བོ་ཟུང་འཇུག་རང་བཞིན་དོན་


KMC023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་སྟེ། སྐུ་གསུམ་བདག་ཉིད་བླ་མ་མཐར་ཐུག་གི་སྐྱབས་གཅིག་པུ་རང་རིག་དོན་གྱི་ངོ་ཤེས་པ་དང་། ཧེ་རུ་ཀ་ཞེས་ཁྲག་འཐུང་སྟེ་ཡི་དམ་དེའང་ཕྱི་ཀུན་བཏགས་ཀྱི་ཡི་དམ་ཞི་བ་དང་ཁྲོ་བོ་སོགས་དཀྱིལ་འཁོར་དང་འབྱམས། ནང་ལྟར་དུག་ལྔ་ཡེ་ཤེས་ལྔ་ཁམས་ལྔ་ཡུམ་ལྔ་སོགས་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་དག་པ། གསང་བ་རང་རིག་པར་རྩལ་སྣང་གྲགས་ལྷའི་ངོ་བོ། སྟོོང་པའི་རང་རྩལ་འགགས་མེད་དུ་ཤར་བ་དེ་ཀའོ། །མཁའ་འགྲོ་ལ་ཕྱིའི་མཁའ་འགྲོ་ཡུལ་ཉེར་བཞིའི་ཡེ་ཤེས་དང་ལས་ལས་གྲུབ་པ། ནང་གི་མཁའ་འགྲོ་འཁོར་ལོ་ལྔ་ལ་གནས་པའི་རྩ་ཐིག་རླུང་གསུམ། གསང་བ་རིག་རྩལ་མ་འགགས་པའི་ཆོས་ཐམས་ཅད་དཔའ་བོ་ཤེས་རབ་ཀྱི་ཆ་རང་བཞིན་སྟོང་པ་ཟུག་འཇུག་བདེ་བ་ཆེན་པོའི་ངང་ཚུལ། སྐྱབས་ཡུལ་རྒྱ་མཚོ་


KMC023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། མང་ཚིག་སྟེ་ཡོད་དོ་ཅོག་རྣམས་ལ། བྱང་ཆུབ་བར་དུ་ཞེས་པ། བྱང་ཆུབ་ཐོབ་ཀྱང་སྐྱབས་མི་དགོས་པ་མིན་ཀྱང་མཐར་ཐུག་གི་སྐྱབས་སེམས་ཉིད་མངོན་དུ་གྱུར་པ་ཡིན་པས་སྐྱབས་ཡུལ་དང་ཤེས་པའི་ཡུལ་ཅན་དུ་མི་གནས་པའི་ཕྱིར་རོ། །དཔེར་ན་རྒྱལ་པོའི་ཕོ་བྲངགི་ལྕགས་རི་ནས་ཕོ་བྲང་ནང་དུ་འགྲོ་འདོད་པའི་མི་ཕོ་བྲང་དུ་བསླེབས་ཟིན་སླར་འགྲོ་མི་དགོས་པ་བཞིན་ནོ། །སེམས་ཅན་གྱི་དོན་ཀུན་གྱི་དོན་བྱ་བའི་ནུས་པ་ད་ལྟ་བདག་ལ་མེད་པས་དེའི་ཕྱིར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་སླད་དུ་བར་ཆད་ཀྱི་བདུད་འདུལ་བའི་ཕྱིར་དུ་ཞེས་པ་རྣམས་བདུད་བཞི་སྟེ། །འཆི་བདག་གི་བདུད། ཕུང་པོའི་བདུད། ཉོན་མོངས་པའི་བདུད། ལྷ་བུའི་བདུད། རྣམས་འདུལ་བའི་ཕྱིར་དཔལ་ཆེན་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། ཞེས་པའི་དོན་ནི། །དེ་ཡང་བར་ཆད་ཀྱི་བདུད་ཐམས་ཅད་བསྡུ་ན། ཆོས་དང་གང་ཟག་གཉིས་


KMC023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུས་ཤིང་། སྤྱིར་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་ལ་འདུས་ཤིང་། དེའང་བསྡུ་ན་སྐྱེ་མཆེད་བཅུ་གཉིས་ལ་འདུས། དེ་ཡང་བསྡུས་ན་ཕུང་པོ་ལྔ་ལ་འདུས། གང་ཟག་གི་བདག་ནི་ངའོ་སྙམས་པའི་ངར་འཛིན། ཆོས་ཀྱི་བདག་ནི་ཕུང་པོ་ལྔར་བསྡུས་པའི་ཆོས་ཐམས་ཅད་བདེན་པར་འཛིན་པ་ཡིན་ནོ། །དེ་ཡང་བདག་མེད་ཅེས་པ་ནི་གང་ཟག་གི་སྟེང་དུ་མེད་པ་གང་ཟག་གི་བདག་མེད། མིག་དང་རྣ་བ་སོགས་ཀྱི་སྟེང་དུ་མེད་པ་ཆོས་ཀྱི་བདག་མེད་ཡིན་ནོ། །བདག་གཉིས་སུ་འཛིན་པ་ནི་འཁོར་བའི་འཆིང་བ་མ་རིག་པ་ཡིན་ཏེ། ཆོས་ཀྱི་བདག་འཛིན་ལ་བརྟེན་ནས་གང་ཟག་གི་བདག་འཛིན་མ་རིག་པ་འབྱུང་། དེ་ལས་འདུ་བྱེད་སོགས་ཐམས་ཅད་འབྱུང་། མ་རིག་པ་དེ་ལྡོག་ན་གཟུང་འཛིན་གཉིས་ཀ་སྟོང་སྟེ། ཆོས་དབྱིངས་བསྟོད་པ་ལས། བདག་མེད་རྣམས་བཞིའི་དོན་མཐོང་ན། །སྲིད་པའི་ས་བོན་འགགས་པར་འགྱུར། ཅེས་གསུངས་པ་ལྟར།


KMC023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅོམ་པས། དོན་ཤེས་པ་གལ་ཆེ། དངོས་གཞིའི་ཏིང་ངེ་འཛིན་གསུམ་པོ་འདི་གོ་དཀའ་ཞིང་གལ་ཆེ་བས་རང་གི་ཤེས་ཚོད་ཙམ་རྒྱས་པར་བཤད་ན། ངོ་བོ་ནི་རང་བཞིན་ཆོས་སྐུ། ངེས་ཚིག་ནི་དེ་མ་ནོར་བ་བཞིན་མ་བཅོས་པ་ཉིད་ཀྱི་ཐོག་ཏུ་གནས་པའི་ཏིང་ངེ་འཛིན་ངོ་བོ་སྟོང་པ་རང་བཞིན་གསལ་བ་འཛིན་མེད་པའི་སྟོང་གསལ་གྱི་ངང་ལ་མ་ཡེངས་པ་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་ལ། གཞུང་གི་ཚིག་རིས་རྡོ་རྗེ་ཞེས་པས་བསྟན་ཏེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། ཅེས་དང་། བཤད་རྒྱུད་མེ་ལོང་ལས། ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། ཅེས་པ་ཐ་དད་མེད་པའི་རང་བཞིན་དེ་ཇི་ལྟ་བ་ཡིན་པ་ཞེས་ན། རྩ་ཤེར་ལས། རང་བཞིན་ངང་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པས་ན། །རང་བཞིན་གཞན་དུ་འགྱུར་པ་ནི། །ནམ་ཡང་


KMC023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པ་མ་ཡིན་ནོ། །ཅེས་སོ། །དེ་ལྟ་བུ་ལ་དགོས་ཆེད་ཅི་ཡོད་པ་ཡིན་ཞེས་ན། སེམས་ཅན་ཐམས་ཅད་ཡེ་ནས་འཁྲུལ་ཏེ་མ་རིག་པས་བདག་ཏུ་བཟུང་སྟེ་འཁོར་བ་འཁྱམས་པ་ཡིན་པས་དེའི་གཉེན་པོར་སྟོང་གསལ་འཛིན་མེད་སྤྲོས་བྲལ་ཆོས་སྐུ་བསྒོམ་པ་གསང་སྔག་འབྲས་བུ་ལམ་བྱེད་ཡིན་པས་ཆོས་སྐུའི་ངང་ལས་གཟུགས་སྐུའི་ཉམས་འབྱུང་བའི་ཕྱིར་རོ། །གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། ངོ་བོ་སྙིང་རྗེ། ངེས་ཚིག་ནི། སྟོང་པ་ཉིད་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོའི་སྣང་བ་ཤར་བ་དགོས་ཆེད་ནི། དེ་བཞིན་ཉིད་སྤྲོས་བྲལ་ངོ་བོ་སྟོང་པ་དང་། རྒྱུའི་ཏིང་ངེ་འཛིན་མཚན་བཅས་ཡིག་འབྲུ་སྙིང་པོའི་ངང་མཚམས་སྦྱོར་བ། སྟོང་ཉིད་ངང་ལ་སྙིང་རྗེ་སྙིང་པོའི་སྒྱུ་མའི་ཆོ་འཕྲུལ་ཡི་གེ་འབྱུང་བའི་དགོས་ཆེད་དོ། །གཞུང་གི་ཚིག་ནི། ཁྲོས་པ་ཞེ་སྡང་གཅོད་པའི་མཐའ་བསྟན་ཏེ། ཁྲོས་པ་ནི་སྙིང་རྗེ་སྟེ། ཐུགས་རྗེའི་ཡུལ་ཞིང་བཅུ་ལ་


KMC023_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཁྲོས་པས་ཞེ་སྡང་གི་ཚུལ་གྱིས་ཞེ་སྡང་འཇོམས་པ་སྟེ། ངོ་མཚར་ངན་འགྲོ་ཐར་བའི་ཐབས། ཞེས་པས། ལས་ངན་གྱི་འབྲས་བུ་ངན་འགྲོར་འགྲོ་ངེས་པ། སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་བའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ངོ་བོ་ཐོལ་སྐྱེས་ཀྱི་རིག་པ་དེ་ཉིད་དོ། ངེས་ཚིག་ནི། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་དང་བཅས་བསྐྱེད་པའི་རྒྱུར་འགྱུར་བའི་ཕྱིར་རོ། དགོས་ཆེད་ནི། །དཀྱིལ་འཁོར་ལྷ་ཚོགས་བསྐྱེད་པའི་རྒྱུར་གྱུར་བའི་ཕྱིར་རོ། །གཞུང་གི་ཚིག་མཚོན་ཆ་སྔོན་པོ་འབར་བ་ན༔ ནམ་མཁའི་དཀྱིལ་ནས་ཐེག་པ་ཤར༔ ཞེས་པ་བསྟན་ཏེ། སྟོང་པ་ཉིད་སྙིང་རྗེ་ཆེན་པོ་མཚོན་པའི་རྒྱུ་ཧཱུྃ་ཡིག་མཐིང་ནག་མི་འགྱུར་བའི་ཐིག་ལེ་ཆེན་པོ་སྟེ། དེ་ཡང་རང་གི་རིག་པ་ཧཱུྃ་དུ་གསལ་བའི་ང་རྒྱལ་བརྟན་པོ་སྒོམ་པ་དཔེར་ན་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ་ཟླ་བ་ལྡིང་བ་ལྟར་བསྒོམ་པའོ། །དེ་ཡང་ཧཱུྃ་ཞེས་པ། ཧའི་སྒྲ་ལས་ཧ་སྒྲ་ཧ་ཀ་ནི་བཟུང་བ། ཧ་སྒྲ་ཧ་


KMC023_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ནི་འཛིན་པ། ཞབས་ཀྱུའི་ཨུ་ལ་ཤའི་རྐྱེན་བྱིན་པ། ཤཱུནྱ་ཏ་ཏེ་སྟོང་པ། ཀླང་སྐོར་མ་ནི་མ་ནོ་ཏ་ཞེས་པ་ཡིད། དེ་ལྟར་ན་བཟུང་བ་དང་འཛིན་པའི་ཡིད་ཅེས་པའི་རྒྱུ་ཡི་ས་བོན་ཧཱུྃ་དེ་ལས་འོད་ཟེར་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་ཕྱོགས་བཅུར་སྤྲོས་པས། ཕྱི་སྣོད་འཇིག་རྟེན་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་པའི་ཞིང་ཁམས་དམིགས་པ་ལས་གཞལ་ཡས་ཁང་སྤྲོས་བཅས་སྒོ་མི་དགོས་ཤིང་། དེ་ལྟར་ཕྱི་སྣོད་གཞལ་ཡས་ཁང་དུ་ལམ་གྱིས་གསལ་བའི་དབུས་སུ་གྲུ་གསུམ་མཐིང་ནག་ཨེ་དེ་ཉིད་གདན་ཐབས་མཐིང་གསལ་འོད་ཀྱི་རང་བཞིན་ཁ་ཁྱེར་ར་བ་ལྟ་བུའི་སྐུའི་པུས་མོའི་ཐད་དུ་སླེབ་པ་ཙམ་སྒོམ་པའོ། །ཡང་ན་མཐིང་ནག་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་། གདེང་ཀ་ཆེ་བ་གྱེན་དུ་བསྟན་པའི་ཟུར་གཅིག་མདུན་དུ་བསྟན་ནོ། །ཡང་ན་ཟུར་གཅིག་རྒྱབ་དུ་བསྟན་པའི་མདུན་ལོག་ན་སྒོ་ཁྱུད་དང་བཅས་པའི་ལྟེ་


KMC023_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བར་རྡོ་རྗེ་བྲག་ཆེན་བཻཌཱུཪྱ་མཐིང་གསལ་འོད་ཀྱི་རང་བཞིན་གྲུ་གསུམ་གྱི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་རྡལ་བའི་དབུས་སུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ལྷ་ཆེན་ནག་པོ་ཁ་སྦུབ། དམར་པོ་གན་རྐྱལ་གཅེར་བུ་རྒྱན་མེད་ཕྱག་གཉིས་ཐལ་སྦྱར་བསྒོམ་པས་རུང་ལ། ཡང་ན་གཡས་སུ་ལྷ་ཆེན་མ་ཧཱ་དེ་ཝ་ནག་པོ་ཁྲོ་ཉམས་རལ་པ་དམར་སེར་གཡས་རྩེ་གསུམ། གཡོན་ཐོད་ཁྲག་སྟག་ཤམས་ཅན་ཁ་སྦུབ་ཏུ་འགྱེལ་བ། གཡོན་དུ་ཨུ་མ་དམར་མོ་ཆགས་ཉམས་ཅན་གཡས་རྩེ་གསུམ། གཡོན་ཐོད་ཁྲག་གཟིག་ཤམས་ཅན་གན་རྐྱལ་དུ་འགྱེལ་བ། དེའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཐིང་ནག་གི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་མཆོག་ཏུ་འབར་ཞིང་འཕྲོས་པ་རྩམ་གྱིས་རྒྱལ་བ་མཆོད་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་སྦྱངས་ཤིང་འོད་ཟེར་ཚུར་འདུས་པའི་ངང་དེ་ཁོ་ན་ཉིད་རྡོ་རྗེ་ཆོས་དབྱིངས་ཡེ་ཤེས་སུ་གདོད་


KMC023_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་པ་ལས་གཏུམ་ཆེན་འབར་བའི་ཁྲོ་བོ་ཆེན་པོ་མི་ཟད་པ། མི་སྡུག་པའི་ཉམས་སོགས་གར་གྱི་ཉམས་དགུས་སྒེགས་པ། ཁྲོས་ཉམས་ཐམས་ཅད་མི་ཟད་པ་རྒྱན་གྱི་འཁོར་ལོར་རྫོགས་པ་སྟེ། ཆོས་ཉིད་འགྱུར་བ་མེད་པ་སྐུ་མདོག་མཐིང་ནག །སྐུ་གསུམ་མཚན་པའི་ཕྱིར་ཞལ་གསུམ། ཕར་ཕྱིན་དྲུག་མཚོན་པའི་ཕྱག་དྲུག །གཞན་ཡང་གཡས་དཀར་བ་སྐུ། གཡོན་དམར་བ་གསུང་། དབུས་མཐིང་བ་ཐུགས་མཚོན་པའི་དག་པ་སྦྱར་ནའང་རུང་། དྲག་པོ་ཁྲོས་པའི་སྤྱན་དགུ་ཕྱོགས་བཅུར་བགྲད་ཅིང་གཟིར་བ་ཐེག་པ་དགུའམ། ཡེ་ཤེས་དགུ་མཚོན། རབ་ཏུ་རྔམས་པའི་ཞལ་གསུམ་གདངས་ཞིང་ལྗགས་དམར་གློག་ལྟར་འཁྱུག་ཅིང་འདྲིལ་བ། རབ་དཀར་གངས་རི་ལྟ་བུའི་མཆེ་བ་བཞི་བརྩིགས་པ། ཨ་ར་ལིའི་སྒྲ་སྒྲོགས་པ་སྟེ། བཛྲ་ཨ་ར་ལི་ཞེས་པའི་སྔགས་དོན་སྙོག་པ་མེད་པ་དང་། རྡོ་རྗེ་ཕུར་གཅིག་འཕུར་ཞེས་པ་སྤྱོད་པ་ཐམས་ཅད་ལ་ཐོག་


KMC023_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་རོལ་པའི་དོན་ཡིན་པར་བཤད་པ། རྡོ་རྗེ་དགྲ་འཇོམས་སུ་ཞལ་ལུ་ལོ་ཙ་བས་བསྒྱུར་བས་ཕྱི་མ་ལྟར་འཐད་པར་བསམ། སྨ་ར་སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། འཁྲུགས་ཅིང་རྔམས་པ་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་གཙུག་ཏུ་བཅིངས་ཤིང་ལྷག་མ་གྱེན་དུ་བརྫེས་པ། དབུ་སྐྲའི་གསེབ་གཙུག་གཏོར་རྩེར་རྡོ་རྗེ་མཐིང་ཁ་འོད་ཀྱི་རང་བཞིན་ཅན་གྱིས་ལྟེ་བར་རིན་པོ་ཆེའི་ཁྲི་ཕྱོགས་བཞི་ནས་གླང་ཆེན་ཟུང་ཏེ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་དུ་པད་ཉི་ཟླ་བ་ལ་མི་སྐྱོད་པ་ཡབ་རྐྱང་། ལོངས་སྐུའི་ཆ་བྱད་ཅན། གཡས་ས་གནོན་དང་གཡོན་མཉམ་བཞག་གིས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འཛིན་པར་བསྒོམས། ཡུམ་གྱི་དབུའི་གཙུག་གཏོར་རྩེར་དབུ་སྐྲའི་གསེབ་ཏུ་སྤྱན་མ་མཐིང་བསལ་ལོངས་སྐུའི་ཆ་བྱད་གཡས་ས་གནོན་གཡོན་མཉམ་བཞག་གིས་རྡོ་རྗེ་འཛིན་པ་གླང་པོའི་ཁྲི་སོགས་སྔ་མ་ལྟར་བསྒོམ། ཕྱག་དྲུག་གི་གཡས་དང་པོ་རྡོ་རྗེ་


KMC023_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་དགུ་རྭ་གདེངས་འཕྱར་བས་ས་དགུའི་རྟོག་པ་ཐམས་ཅད་བཞོམ་པའི་བརྡ། དེ་ཡང་ཁམས་གསུམ་ས་དགུ་ཞེས། ལྟུང་བ་ཡོད་པ་དམྱལ་བའི་ས། ཡི་དྭགས་བྱོལ་སོང་བྱིང་གི་ས། བསོད་ནམས་གྲུབ་པ་མི་ཡི་ས། ཀུན་ཏུ་གཡོ་བ་རླུང་གི་ས། མཐོ་རིས་གོ་འཕང་ལྷ་ཡི་ས། མཚན་གྱི་བསྟན་པ་སྤྲིན་གྱི་ས། དྲི་མེད་ཡེ་ཤེས་ངན་ལྡན་ས། མིང་གི་མཚན་མ་སྐྱེ་མཆེད་ས། ཞེས་སྔ་འགྱུར་བ་འགའ་ཞིག་གིས་བཤད་པ་ཡོད་མོད་ཀྱང་། ཡོངས་གྲགས་ས་བཅུ་ཕྱིན་ཆད་ཀྱི་རྟོག་པ་ལ་སྦྱར་ན་འཐད་ཆེ་བར་གསུངས་སོ། །བར་པ་རྡོ་རྗེ་རྩེ་ལྔ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ་གཟིར་བས། ཉོན་མོངས་པ་དུག་ལྔའི་རྟོགས་པ་ཐམས་ཅད་ཡེ་ཤེས་ལྔར་དག་པའི་བརྡའོ། །གཡོན་དང་པོ་སྡིག་མཛུབ་དང་བཅས་པས་མེ་དཔུང་འབར་བའི་རྣམ་པས་མ་རིག་པའི་མུན་པ་སྲེག་པའི་བརྡའོ། །བར་བས་ཁ་ཊཱྂ་རྩེ་གསུམ་དུག་གསུམ་སྒྲོལ་བའི་བརྡ། ཟ་མས་རི་རབ་ཕུར་


KMC023_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲིལ་བ་སྟེ། མཚན་མའི་ཡུལ་རྟག་ཆད་བདག་སོགས་མཚོན་གཞི་གང་ལ་བཏབ་ཀྱང་། མི་འགྱུར་བའི་བདེ་བ་ཆེན་པོའི་ལམ་མཐར་ཕྱིན་པར་སྦྱོང་བ་སྟེ། དེ་ཡང་སྲིད་པའི་ཕུར་བུ་ཞེས་པ། སྲིད་པ་གསུམ་ལྷ་ཡི་དཀྱིལ་འཁོར་དུ་རྫོགས་སྟེ། རྒྱ་མདུད་སྟེང་མ་ལ་གཟུགས་མེད་ཁམས། འཆང་བཟུང་འདབ་མ་བཅུ་དྲུག་དང་རྒྱ་མདུད་འོག་མ་ལ་གཟུགས་ཁམས། ཆུ་སྲིན་རྔམས་ཞལ་དང་དབལ་འདོད་ཁམས་ལ་སྦྱར་བའི་ཕུར་བུ་སྟེ། སྲིད་པ་གསུམ་པོ་དེ་དང་སྐུ་གསུང་ཐུགས་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །ཐུགས་ཀྱི་ཕུར་ཅིག་རྒྱུད་ཀྱི་དགོངས་འགྲེལ་ལས། རྩེ་ཤིང་ལ་སོགས་སྲིད་པ་ཀུན༔ སྣང་བའི་ཡུལ་དུ་ཕུར་པའི་དབྱིབས༔ རང་བཞིན་ཉིད་དུ་གནས་པའོ༔ ཅེས་གསུངས་སོ། །དེ་ཡང་དམ་སྦྱར་རྒྱུད་ཀྱི་དགོངས་འབྲེལ་ལས། དུག་གསུམ་སེལ་ཕྱིར་ཞལ་གསུམ་བསྟན༔ རྒྱུད་དྲུག་སྒྲོལ་ཕྱིར་ཕྱག་དྲུག་གིས༔ ཤེས་བྱའི་སྒྲིབ་གཅོད་རྩེ་དགུ་


KMC023_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་༔ དུག་ལྔ་འཇོམས་པའི་རྩེ་ལྔ་འཕེན༔ དུག་གསུམ་སྒྲོལ་བའི་ཁ་ཊྭཱྂ་འཛིན༔ རྣམ་རྟོག་འཇོམས་པའི་སྡིག་མཛུབ་མཛད༔ གདུག་པ་སྒྲོལ་བའི་ཕུར་བུ་སྒྲིལ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ལག་གཡས་མི་བསྐྱོད་པ་ལ། གཡོན་རིན་འབྱུང་རང་བཞིན་དུ་གནས་པ་ལ། གཡས་རྡོ་རྗེའི་གཤོག་པ་མི་བསྐྱོད་པའི་རང་བཞིན། གཡོན་རིན་པོ་ཆེའི་གཤོག་པ་རིན་འབྱུང་གི་རང་བཞིན་དུ་གནས་པས་ན། རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞེས་པའོ། །ཡང་ན་གཡས་རྡོ་རྗེ་གཤོག་པར་རྡོ་རྗེའི་ཐིག་ཕྲན། གཡོན་ཆུ་གྲིའི་གཤོག་པར་རིན་པོ་ཆེའི་ཐིག་ཕྲན་ཅན་སྒོམ་ཀྱང་རུང་ངོ་། །བརྒྱ་བྱིན་གྱི་ཞོན་པ་གླང་པོ་ཆེ་བཏུལ་ནས་གླང་ཆེན་ཀོ་རློན། ཚངས་པ་ཆེན་པོ་སྒྲལ་བས་ཞིང་ཆེན་གྱི་ལྤགས་པ་སྐུ་སྟོད་ལ་གསོལ་བ། གཟའ་ཆེན་ཉི་མའི་བུ་མོ་སྟག་གདོངས་སྤྱན་གཅིག་མ་བཏུལ་ནས་སྟག་གི་ལྤགས་པའི་ཤམ་ཐབས་མཛད་པ། རུ་ཊ་སྡེེ་གསུམ་སྒྲལ་བས་


KMC023_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་སྐམ་རློན་རྙིང་གསུམ་གྱི་ཕྲེང་བ་དོ་ཤལ་བྱས་པ། ཕུར་པ་རོག་ལུགས་སོགས་འགའ་ཞིག་ཏུ། ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། ཚལ་བུའི་ཕྱག་ཞབས་ཀྱི་གདུབ་བུ་ཞེས་པའང་ཡོད། གཏེར་གཞུང་འདི་ནི་སྔ་མ་ཁོ་ནའོ། །ཐོད་སྐམ་པོ་ལྔ་ཡི་ཅོད་པཎ་རྒྱུ་མའི་ཁོང་སེང་གིས་སྦྲེལ་བས་དབུ་བརྒྱན་ཅིང་། དེ་ཡང་ཐོད་སྐམ་རྣམས་ཕྱི་ཐོད་པའི་རྣམ་པ་ལ་ནང་ཁང་བུར་གྱུར་པའི་ནང་དུ་དབུས་ཞལ་ལ་བཛྲ་ཧེ་རུ་ཀ་གཙོ་འཁོར་བཞུགས་པ་ལ་ཁྲག་འཐུང་རིག་ལྔ་ཡབ་རྐྱང་། གཡས་པ་རྣམས་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་ཐོད་ཁྲག །དཔལ་དང་དུར་ཁྲོད་ཆས་སོགས་སྤྱི་འགྲོ་ལྟར་རམ། ཡང་ན་རྒྱན་མེད་པར་སྒོམ་ཀྱང་རུང་ངོ་། །གཡས་ཞལ་ལ་བུདྡྷ་ཧེ་རུ་ཀ་གཙོ་བོ་དང་། གཡོན་ཞལ་ལ་པདྨ་ཧེ་རུ་ཀ་གཙོ་བོར་བྱས་ནས་འགོད་ཤེས་པར་བྱ། ཡུམ་གྱི་ཐོད་སྐམ་ནང་དུ་བཛྲ་ཀྲོ་དྷི་གཙོ་བོར་གྱུར་པའི་ཁྲག་འཐུང་ཡུམ་ལྔ། རིན་ཆེན་རྩེ་ཕྲན་ནང་དུ་ཞི་བ་རིགས་ལྔ།


KMC023_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཞལ་ལ་མི་བསྐྱོད་པ། གཡས་ཞལ་ལ་རྣམ་སྣང་། གཡོན་ཞལ་ལ་སྣང་མཐའ་སོགས་སྔ་མ་ལྟར་རྒྱན་གོས་སོགས་གང་བདེར་བསྒོམ། ཡུམ་གྱི་རྩེ་ཕྲན་ནང་དུ་སྤྱན་མ་སོགས་ཡུམ་ལྔ་བསྒོམ། ཐོད་སྐམ་བཤད་པས་ཞལ་བྱུང་དུ་སྒོམ་བྱའི་ས་ཁོང་གྱི་ཞི་ཁྲོོ་རིགས་ལྔ་ཡབ་ཡུམ་འདིར་བཤད་པ་ཙམ་ལས། སྒོམ་རྒྱུ་དངོས་དབང་ལྷ་སྤྱན་འདྲེན་འོག་ཏུ་འབྱུང་བའི་སྐབས་བསྒོམ་དགོས་མོས་སྒོམ་བསྡུས་པའི་སྐབས་སུ་ཐོད་སྐམ་ལྔ་པོ་རིགས་ལྔའི་ངོ་བོ་ཡིན་པས་བསམ་པས་འཐུས་སོ། །ཀླུ་རྒྱལ་གདུག་པ་ཅན་རྣམས་བཏུལ་བས་སྦྲུལ་རིགས་ལྔའི་ཆུན་པོས་བརྒྱན་པ་སྟེ། དེ་ཡང་རྒྱལ་རིགས་དཀར་པོའི་དབུ་རྒྱན། རྗེའུ་རིགས་སེར་པོའི་སྙན་རྒྱན། བྲམ་ཟེ་དམར་པོའི་སེ་མོ་དོ། །བདོལ་པ་ནག་པོའི་མགུལ་ཆུ། དམངས་རིགས་ལྗང་གུས་གདུབ་བུ་དང་སྐེ་རག་དང་དོ་ཤལ་བྱས་པ་སོགས་སྒྱུ་འཕྲུལ་བཤད་པའོ། །ཡང་ན་སྔ་མ་ལྟར་ལ་ཁྱད་པར། བྲམ་ཟེ་


KMC023_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཁྲའི་ཅོད་པཎ་སྟེ་སྐྲ་ཆིང་། དམངས་རིགས་ལྗང་གུས་ཕྱག་ཞབས་ཀྱི་གདུབ་བུ། གདོལ་པ་ནག་པོ་སྐེ་རག་རིགས་ལྔ། ཞི་ཁྲོའི་དཀའ་གནད་ལས་བཤད་པ་ལྟར་བྱས་ཀྱང་རུང་། འཇིག་བྱེད་ཆེན་པོའི་དུར་ཁྲོད་ཀྱི་བདག་པོ་རུ་ཊ་བཏུལ་བའི་དཔའ་རྟགས་སུ་འཕྲོག་ནས་སྐུ་ལ་གསོལ་བ་ནི་དུར་ཁྲོད་ཆས་བརྒྱད་པོ་ཡིན་ལ། ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུག༔ རུ་ཊའི་ཆུང་མ་ལ་མ་ཆགས་ཐབས་ཀྱིས་རོལ་པས་དབང་དུ་བསྡུས་ནས། མཁུར་ཚོས་གཉིས་དང་སྣ་རྩེ་གསུམ་ལ་རཀྟའི་ཐིག་ལེ། དབང་མོ་ཉེར་བརྒྱད་དབང་དུ་བསྡུས་པས་ཨོ་ཀོ་ལ་ཞག་གི་ཟོ་རིས་གསུམ། སྲིན་མོ་ཉེར་བཞི་མུ་ཁ་ལིའང་བཏུལ་བའི་ཐལ་ཆེན་གྱི་ཚོམ་བུ་དཔྲལ་བར་རྩེ་གསུམ་པའི་དབྱིབས་སུ་བྱུག་པ། རུས་པའི་རྒྱན་དྲུག་ཕར་ཕྱིན་དྲུག་ལ་སྦྱར་བ་ནི། སྤྱི་བོ་རུས་པའི་འཁོར་ལོ་དྲྭ་མིག་སོ་གཉིས་པ། སྐྲ་ཐམས་ཅད་དྲྭ་མིག་ནས་ཟིང་བ་ཐོད་སྐམ་ལྔའི་དབུ་རྒྱན་ལས་བྱུང་བའི་རུས་


KMC023_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲྭ་བ་དྲྭ་བྱེད། སྙན་གཉིས་ལ་རུས་པའི་ཨ་ལོང་། མགུལ་ལ་རུས་པའི་མགུལ་རྒྱན་དྲྭ་མིག་བཅུ་དྲུག་པ། དཔུང་པ་མཁྲིག་མ་ཞབས་རྣམས་སུ་རུས་པའི་གདུབ་བུ། སྐེད་པར་སྐེད་རྒྱན་རུས་པའི་དྲྭ་མིག་དྲུག་བཅུ་རྩ་བཞི་པ། ཚངས་སྐུད་དང་ཐལ་བ་ཞེས་རྒྱ་གར་མུ་སྟེགས་བླ་མར་བྱེད་པ་རྣམས་བ་གླང་གི་ལྕི་བའི་ཐལ་བ་བྱུག་པའི་སྟེང་དུ། སྐུད་པ་ལྟ་བུ་ཞིག་གྱོན་པ་དེ་ཚངས་པ་མི་བརྗེད་པའི་དྲན་རྟེན་དང་དམ་ཚིག་ཡིན་ཟེར་བ་དེ་དག་འདུལ་ཕྱིར། ཧེ་རུ་ཀའི་སྐུ་སྟོད་ལ་ཐལ་ཆེན་གྱི་རི་མོ་བྲིས་པའི་སྟེང་དུ། རོ་སྐྲ་དང་རུས་པའི་ཕྲེང་བ་སེ་རལ་བ་གཉིས་བསྣོལ་མར་གྱོན་པར་བཤད་པ་དང་། ཡང་ན་མདུན་རྒྱབ་གཉིས་སུ་མས་ནོན་རུས་པའི་འཁོར་ལོ་རྩིབ་བཞི་པ་ལས་དགྱེས་པའི་རུས་པའི་ཕྲེང་བ་བཅས་རྒྱན་དྲུག་རྒྱུ་དུག་ལྔ་སེར་སྣ་དང་དྲུག་ལམ་ཕར་ཕྱིན་དྲུག་ཏུ་དག་པ་མཚོན་ཏེ། དེ་ཡབ་རུས་པའི་འཁོར་ལོ་ཤེས་རབ་ཕར་ཕྱིན། སྙན་ཆ་ཚུལ་ཁྲིམས།


KMC023_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་རྒྱན་བཟོད་པ། སྐེ་རག་བརྩོན་འགྲུས། ཚངས་སྐུད་སེ་རལ་ཁ་བསམ་གཏན། ཕྱག་ཞབས་ཀྱི་གདུབ་བུ་སྦྱིན་པའི་ཕར་ཕྱིན་མཚོན། འབྲས་བུའི་སྐབས་སུ་རིགས་དྲུག་མཚོན་པའོ། །དཔལ་དང་དུར་ཁྲོད་ཆས་རྣམས་ལ་བགྲངས་ཚུལ་ངོས་འཛིན་མི་འདྲ་བ་མང་པོ་ཡོད་དོ། །བཀའ་བརྒྱད་སྒྲུབ་ཁོག་ལས། ཡེ་ཤེས་ལྔ་ལྡན་ཐོད་པའི་དབུ་རྒྱན། །ཐེག་མཆོག་དོན་ལྡན་གླང་ཆེན་ཀོ་རློན། །འཁོར་བ་མི་སྤོང་ལྤགས་གཡང་གཞི། །ཞེ་སྡང་གཉིས་འཇོམས་སྦྲུལ་ནག་ཆུན་པོ། །ཕྲིན་ལས་རྣམ་བཞི་ལྷུན་འགྲུབ་སྟག་ཤམས། །འཁོར་བ་བཅུད་ལེན་ཞག་གི་ཟོ་རིས། །ཆགས་པ་དབང་བསྡུས་རཀྟའི་ཐིག་ལེ། །སྐྱེ་འཆི་རྩད་གཅོད་ཐལ་ཆེན་ཚོམ་བུ། །སྐུ་གསུམ་ལྷུན་འགྲུབ་ཐོད་ཕྲེང་ཚར་གསུམ། །ཅེས་ཀྱང་མི་ཤིག་རྡོ་རྗེའི་གོ་ཁྲབ། །མ་རིག་ནགས་བསྲེག་ཡེ་ཤེས་མེ་དཔུང་། །ཞེས་པ་སྟེ། དོན་དུ་དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་གོ་ཁྲབ་དང་། མེ་དཔུང་བགྲངས་བའི་


KMC023_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་གསུང་། ཡང་ན་དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ་གསལ་བ་མེ་ཡི་ཆས། ཟིལ་གནོན་གཤོག་པའི་ཆས་དང་བཅུ། ཡང་དག་གི་རྒྱུད་ལས་བཤད་ཅེས་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་གསུང་ཞིང་། མཁས་གྲུབ་རྩེ་ལེ་རིན་པོ་ཆེ་ནས་ཀྱང་དེ་ལྟར་བཞེད་ལ། སྒྱུ་འཕྲུལ་ཆས་བརྒྱད། དཔལ་གྱི་ཆས་བརྒྱད། གསལ་བའི་རྒྱན་གཉིས། ཞེས་བཤད་དེ། དེ་ཡང་། ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། །སྟག་གི་ཤམ་ཐབས་དཔལ་གཏུམ་ཟ་བྱེད་རྒྱན། །སྦྲུལ་ནག་ཆུན་པོ་གཉེན་ལྕུག་འཁྲིལ་བའི་རྒྱན། །ཐོད་པ་ཚར་གསུམ་སྐུ་གསུམ་སྙན་པའི་རྒྱན། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྒྱན། །ཐལ་ཆེན་ཚོམ་བུ་འདུལ་བྱེད་ཕྲིན་ལས་རྒྱན། །ཞག་ཆེན་ཟོ་རིས་དོན་དམ་བཅུད་ཀྱིས་རྒྱན། །ཞེས་དང། དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་དཔལ་ཆས་བརྒྱད་ནི། དབུ་སྐྲ་གྱེན་


KMC023_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བརྫེས་འཁོར་བ་རུ་ལོག་ཆས། །རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པར་རེག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་སྒྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡབ་ཡུམ་གྱི་ཆས། །གནོད་དུག་བཟློག་ཕྱིར་དཔའ་བོ་ལྕགས་ཀྱི་ཆས། །གཟི་བརྗིད་ཟིལ་གནོན་གཤོག་པའི་ཆས་དང་བརྒྱད། །ཞེས་དང་། གཡུ་སྟོན་བཛྲ་ཤྲཱིའི་རྩ་བར། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་བཟློག་ཡེ་ཤེས་མེ་ཡི་ཆས། །སྐྱེ་འཆི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེ་སློག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་དུག་བཟློག་ཕྱིར་རྒྱ་གྲམ་ལྕགས་ཀྱི་ཆས། །ཞེས་དང་། གསལ་བའི་རྒྱན་གཉིས་ནི། སྙན་གོང་


KMC023_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་གཉིས་སུ་ཉི་ཟླའམ། ཡང་ན་ལྷ་རྗེ་རོག་གིས་ཉི་ཟླའི་ཕྲེང་བའང་བཞེད་ལ། བདེ་འདུས་རྩ་རྒྱུད་ཞི་ཁྲོ་མངོན་བྱུང་གི་རྒྱུད་ལས། དཔལ་གྱི་ཆས་བཅུ་ཞེས་མིང་མི་འདྲ་བའང་ཡོད། འདིར་རིག་འཛིན་མཆོག་གི་གཏེར་བྱོན། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་གཏེར་གཞུང་ལས། དུར་ཁྲོད་ཆས་བརྒྱད་དང་དཔལ་གྱི་ཆས་བརྒྱད་བཤད་དོ། །དེའང་གཏེར་གཞུང་ལས། དུག་གསུམ་རྣམ་དག་བགོ་པའི་གོས་གསུམ་དང་༔ སྐྱེ་འགག་འགྱུར་མེད་བྱུག་པའི་རྩེ་གསུམ་དང་༔ འཁོར་འདས་དབྱེར་མེད་ཐོད་པའི་རྒྱན་གཉིས་སོགས༔ རྔམས་བརྗིད་དུར་ཁྲོད་དྲག་པོའི་ཆས་རྣམས་དང་༔ ཞེས་གསུངས་པས། དཔལ་ཆས་ལ། ཆེ་བཙན་འགྲན་ཟླ་བྲལ་བའི་གདན་ཁྲི་དང་༔ ཡེ་ཤེས་དཔག་ཏུ་མེད་པའི་མེ་དཔུང་འབར༔ ཉོན་མོངས་འཆིང་བས་མ་གོས་སྦྲུལ་གྱིས་བརྒྱན༔ འགྲོ་དོན་ཐོག་པ་མེད་པའི་གཤོག་པ་གསུམ༔ གདུལ་བྱའི་རེ་བ་སྐོང་བའི་དར་


KMC023_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱང་དང་༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དྲུག༔ རྣམ་རྟོག་དབྱིངས་ཀྱི་རྒྱན་འགྱུར་རིན་ཆེན་ཕྲེང་༔ གདུག་པ་ཀུན་འདུལ་ཁྱུང་གིས་དབུ་ཡང་རྒྱན༔ གར་དགུ་རོལ་མཛོད་དཔལ་གྱི་ཆས་ཞེས་གསུངས་པ་ལྟར་བསྒོམ་པའོ། ཡང་ན་གསང་ཐིག་དངོས་ཀྱི་གཏེར་གཞུང་ལྟར་གྱི་དགོངས་པ་ནི། དུར་ཁྲོད་ཆས་བརྒྱད་ཀྱི་སྟེང་དུ། རྡོ་རྗེའི་གཤོག་པ་དང་། རུས་པའི་རྒྱན་དྲུག་བརྩིས་པས་བཅུ་དངོས་སུ་བསྟན་ཅིང་། ཡང་ན་རུས་པའི་རྒྱན་དྲུག་ལ་སོགས་པའི༔ ཞེས་པའི་སོགས་ཁོངས་ནས་དཔལ་གྱི་ཆས་བསྟན་པར་འཆད་རུང་ངོ་། འདིར་ནི་སོགས་ཁོངས་ལས། ཨུཏྤལ་དང་ཉི་ཟླ་སྙན་གོང་རྒྱན་པ་གསང་ཁེབ་དར་སྣ་ལྔའམ་དར་ལྗང་གུ་ལ་ཕུར་པ་གསུམ་བཏགས་འཕྱང་ཞིང་། ལྟ་ཟུར་གཉིས་ནས་དར་དཔྱང་གསུམ་གསུམ་འཕྱང་བ། ཆུ་སྲིན་གྱིས་ཞབས་དཔུང་རྣམས་དང་། སྐུ་སྨད་རྒྱན་པ་ནི། ཆུ་སྲིན་འཛིན་ཤེས་བཏང་མི་ཤེས་པའི་དཔེ་ལྟར། ཐུགས་རྗེས་


KMC023_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་རྗེས་སུ་བཟུང་སྟེ་བཏང་མི་ཤེས་པ་མཚོན་པའི་བརྡའོ། ཞབས་བཞི་གཡས་སྐུམ་གཡོན་བརྐྱང་བའི་རོལ་སྟབས་ཀྱིས་འགྱིང་བ་ནི། བདུད་བཞི་གཡུལ་ལས་རྒྱལ་ཞིང་། བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས་འགྲོ་རྣམས་འདྲེན་པའི་བརྡའོ། དེའི་དཔང་དུ་ཤེས་རབ་ཀྱི་སྣང་ཆར་སྦྱོར་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་ནག་འབར་བ་ཆེན་མོ་ནི། ཆོས་སྐུ་ཐིག་ལེ་ཉག་ཅིག་མཚོན་པའི་ཞལ་གཅིག་ཐབས་ཤེས་གཉིས་ཀྱི་ཕྱག་གཡས་པས་མེ་ཏོག་ཨུཏྤལ་ལ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་པས་ཐོད་པ་ཁྲག་གི་གང་བ་ཡབ་ཀྱི་ཞལ་ལ་སྟོབ་པ། བརྒྱད་གཉིས་ལོན་པའི་ལང་ཚོ་ལྟར་རྒྱས་པའི་འགྱུར་བག་ཅན་ཏེ། འཁྲིལ་བག་ཆགས་པ་སྐུ་ཤ་རྒྱས་ཤིང་། གསེར་སོགས་རིན་པོ་ཆེ་བྱི་དོར་བྱས་མ་ཐག་པ་ལྟ་བུའོ། ཐལ་བ་སྤང་པའི་ཕྱག་རྒྱ་ལྔའི་རྒྱན་འཆང་ཞིང་ཞབས་གཡོན་སྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་


KMC023_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞབས་གཡས་བརྐྱང་སྟབས་ཀྱིས་བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར་བ་སྟེ། ཞབས་གཉིས་བདེན་པ་གཉིས་ཀྱིས་འཁོར་འདས་ཟིལ་གྱིས་གནོན་པས་མཚོན། གཏེར་གཞུང་གི་དངོས་བསྟན་དུ་རུས་པའི་རྒྱན་ལྔ་ཙམ་ལས་གསལ་བ་མེད་པས་བསྡུ་ན་དེས་ཀྱང་ཆོག་ལ། རྒྱས་པར་གྲུབ་དབང་ཀུན་མཁྱེན་རིན་པོ་ཆེས་གསུངས་པ་ལྟར། ཡུམ་རྣམས་ལ་སྟག་ཤམ་དོད་དུ་གཟིགས་ཤམ་བྱ་བ་ཙམ་མ་གཏོགས་གཞན་ཡབ་དང་འདྲ་བར་སྒོམ་པར་བཞེད་དོ། །དེ་ནས་དབང་ལྷ་རིགས་ལྔ་འཁོར་བ་ནམ་མཁའ་གང་བ་སྤྱན་དྲངས་ཤིང་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང་གི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ལྔའི་དབུ་རྒྱན་ཚུལ་གོང་དུ་སོང་བ་ལྟར་བསྒོམ་ཤིང་། འབྲིང་དུ་རིགས་ལྔའི་ཕྱག་མཚན་དང་། ཡབ་ཡུམ་གཉིས་ཀ་ལ་བསྡུས་ན་སྤྱི་བོར་ཨོཾ་ཧཱུྃ་ཏྲཱྂ་ཧྲཱི་ཨཱཿསོགས་ཀྱི་ཡིག་འབྲུ་སྒོམ་ཀྱང་རུང་། དེ་ཡང་རྒྱས་བསྡུས་གང་


KMC023_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་བསྒོམ་པའོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཡབ་ཀྱི་སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་ཀར་མི་བསྐྱོད་པ། ཡུམ་གྱི་སྤྱི་བོར་དབྱིངས་མ། མགྲིན་པར་གོས་དཀར། ཐུགས་ཀར་སྤྱན་མ་སྒོམ་པའོ། །བསྡུས་ན་འབྲུ་གསུམ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་འབྲུ་གསུམ་གྱིས་མཚན་པར་བསྒོམ་པར་བྱའོ། །དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་རྒྱན་པ། གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སུ་བྱིན་གྱིས་རླབས་པའོ། །ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གི་མགོ་ཡུམ་ལ་བསྟན་པ། ཡུམ་གྱི་མཁའ་གསང་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་སྟེང་དུ་དངོས་གྲུབ་ཐམས་ཅད་བསྡུས་པའི་བདག་ཉིད་ཡི་གེ་ཨོཾ་དམར་པོས་མཚན་པ། ཐིག་ལེ་ནཱ་དའི་གཟུགས་དང་


KMC023_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཞིང་བདེ་བ་ཆེན་པོའི་དབྱིངས་སུ་རོལ་པ། ལམ་ཐམས་ཅད་དུས་གཅིག་ཏུ་རྫོགས་པ། བ་སྤུ་བྱེ་བ་ས་ཡ་རྡོ་རྗེ་ཕྱེད་པའི་རང་བཞིན་དང་། སྣ་ཚོགས་རྡོ་རྗེའི་གོ་ཁྲབ། དཔལ་ཆས་སྐབས་སུ་རྡོ་རྗེའི་སློག་པ་ཞེས་པ་དང་ཁྲབ་སྣ་ཚོགས་རི་མོ་ཅན། མཆན། དབང་གི་བསེ་ཁྲབ་རྒྱ་གྲམ་ལྕགས་ཀྱི་ཆས། ཞེས་གསུངས་ནི། སྐུ་སྟོད་ལ་སྣ་ཚོགས་རྡོ་རྗེའི་གོ་ཁྲབ། སྐུ་སྐེད་ལ་དབང་གི་བསེ་ཁྲབ་དམར་པོ། སྐུ་སྨད་ལ་རྒྱ་གྲམ་ལྕགས་ཁྲབ་ནག་པོ་སྟེ། དོན་ཁྲབ་སྐུ་གསུམ་རང་ལ་གནས་པ་ལ་དག་པ་སྦྱོར་བ་ཙམ་མ་གཏོགས་ལྕགས་བསེ་སོགས་ཐེར་གཟུང་ཅན་ག་ལ་ཡིན་སྟེ། ཡེ་ཤེས་རང་སྣང་ལས་གྲུབ་པ་ཁོ་ནའོ། ཕུར་བུའི་ཚྭ་ཚྭ་ཞེས་པ་ནི་ལྕབ་བསྲེག་ལ་ཐོ་བས་རྡེག་པས་མེའི་ཚྭ་ཚྭ་འཕྲོ་བ་དེ་བཞིན་འཁྲུགས་པ་སྟེ་བར་མེད་གྲངས་མེད་ལྟ་བུ་འཕྲོ་བའོ། ཐུགས་ཀར་འོད་ཀྱི་གར་ཁྱིམ་མཐིང་གའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་


KMC023_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དཔང་དུ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་འཁྲིལ་ཞིང་སྦྱོར་བ་ཡུམ་རྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པའམ། ཡབ་ཀྱི་ཐུགས་ཀའི་སྲོག་གི་གོ་སར་རིན་པོ་ཆེ་ཆ་བརྒྱད་པ་སྟེ་ཟུར་བརྒྱད་མཐིལ་གསལ། འདིར་ཕུར་པ་རྒྱུད་ལུགས་སུ་ལེབ་ཆགས་ཡིན་ཅིང་། ཕུར་པ་ལུང་ལུགས་ལ་ཟུར་བརྒྱད་སྨུག་པོ་གུར་ཐབས་སུ་བཤད། རིན་ཆེན་ཆ་བརྒྱད་གདན་ཐབས་ཀྱི་སྟེང་དེར་ཉི་མ་དམར་པོ། དེའི་སྟེང་ཟླ་བ་དཀར་པོའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་དགུ་པའི་ལུང་ལུགས་ལ་རྩེ་དགུ་མིན། ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ཁའི་མཐའ་སྐོར་དུ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ཕཊ༔ ཞེས་པའི་ཡིག་འབྲུ་རྣམས་གནམ་ལྕགས་ལ་དམར་འོད་ཆགས་པ་ལྟ་བུ་མདུན་ནས་རྩམ་སྟེ་ཞལ་ནང་བསྟན་གཡས་སྐོར་དུ་བསྐོད་དེ། བསྙེན་པའི་སྐབས་སུ་མི་གཡོ་བ་


KMC023_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སྐར་ཕྲེང་ལྟ་བུ་དང་། ཉེ་བསྙེན་གྱི་སྐབས་སུ་འཁོར་བ་འགལ་མེ་གླད་ལ་བསྐོར་བ་ལྟ་བུ། སྒྲུབ་པའི་སྐབས་སུ་འོད་ཟེར་སྤྲོ་བསྡུ་དང་བཅས་པ་རྒྱལ་པོའི་ཕོ་ཉ་བྲན་མངག་བཞུགས་པ་ལྟ་བུ། སྒྲུབ་ཆེན་ལས་སྦྱོར་དངོས་གྲུབ་ལེན་པའི་སྐབས་སུ་བུང་བ་ཚང་ཞིག་པ་ལྟ་བུ་སོགས་བསྙེན་སྒྲུབ་ཀྱི་ཟིན་བྲིས་སོགས་བསྟན་འཛིན་བྱང་ཆུབ་ཉི་མས་མཛད་པ་བླ་མའི་ཞལ་ལུང་ལྟར་དང་། བསྙེན་སྒྲུབ་གཅིག་དྲིལ་ཟིན་ཐོ་རབ་གསལ་འཕྲུལ་གྱི་མེ་ལོང་གཉིས་ལས་ཤེས་པར་བྱའོ། །རྒྱུན་ཁྱེར་ལ་འཁོར་ཞིང་འོད་ཟེར་སྤྲོ་བསྡུ་སོགས་བྱ་སྟེ། བསྙེན་སྒྲུབ་གཅིག་དྲིལ་ལྟ་བུ་ཡིན་ནོ། བསྙེན་སྒྲུབ་སྐབས་སུ་སྐུ་གསུང་ཐུགས་ཀྱི་བཟླས་པ་བྱ་ཚུལ་བསྙེན་ཡིག་གཉིས་ལས་ཤེས་པར་བྱ་ཞིང་། གསུང་གི་བཟླས་པའི་སྐབས་སུ་འགོགས་བཟླས་གསུམ་སྟེ། དབྱིབས་ལས་འགོགས་པ། སྒྲ་ལས་འགོགས་པ། དོན་ལས་འགོགས་པའོ། དང་པོ་ཡིག་འབྲུའི་གཟུགས་ཁོ་ན་ལ་


KMC023_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་སྟེ་རྩེ་གཅིག་ཏུ་འཛིན་པའོ། གཉིས་པ་ནི། ཡི་གེ་སྒྲ་གདང་ཁོ་ན་ལ་སེམས་འཛིན་པའོ། གསུམ་པ་ནི། སྔགས་ཀྱི་དོན་ལ་སེམས་རྩེ་གཅིག་ཏུ་འཛིན་པའོ། །སྔགས་ཀྱི་དོན་ནི། ངེས་པར་འབྱུང་བ་ཕྱི་མའི་རྒྱུད་ལས། ཨོཾ་ཡེ་ཤེས་རྣམ་པ་ལྔ། བཛྲ་ཡེ་ཤེས་རྡོ་རྗེ་ཡིན། །ཀཱི་ལི་ཀཱི་ལ་ཡ་རང་བཞིན་དག་པའི་ཕུར་པའོ། སརྦབིགྷྣན་བགེགས། བཾ་ནི་ནོན་པ། ཧཱུྃ་གིས་བསྡུས། ཕཊ་ཀྱིས་མི་གནས་བསྲེགས་པར་བྱེད། ཅེས་པ་ལྟར་རོ། །རྒྱུན་ཁྱེར་ལྟ་བུ་ཛབ་དགོང་དམིགས་པའི་ཕྲོ་འདུ་གཞུང་གི་དངོས་བསྟན་ལྟར་བཞིན། ཀཱི་ལ་ཡ་སྔགས་ཕྲེང་འཁོར་ཞིང་རང་སྒྲ་སྒྲོགས་པ་དེ་ལས་འོད་ཟེར་དཀར་པོ་འཕྲོས་པས། རྒྱལ་བ་ཐམས་ཅད་སྐུ་མཉེས་པའི་མཆོད་པ་ཕུལ། སྐུ་ཡི་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོའི་རྣམ་པར་བསྡུས་ནས། རང་གི་དཔྲལ་བར་ཐིམ་པས་སྐུའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་འོད་ཟེར་དམར་པོ་འཕྲོས་པས་གསུང་


KMC023_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པའི་མཆོད་པ་ཕུལ། གསུང་གི་བྱིན་རླབས་ཐམས་ཅད་ཨཱཿདམར་པོའི་རྣམ་པར་བསྡུས་ནས། རང་གི་མགྲིན་པར་ཐིམ་པས་གསུང་གི་དངོས་གྲུབ་ཐོབ་པར་བསམ། ཡང་འོད་ཟེར་མཐིང་ཁ་འཕྲོས་པས་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཧཱུྃ་མཐིང་ཁའི་རྣམ་པར་བསྡུས་ནས་རང་གི་སྙིང་ཁར་ཐིམ་པས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། ཡང་རྒྱས་པའི་སྐབས་སུ་འོད་ཟེར་ལས་མཆོད་པའི་ལྷ་མོ་དཔག་མེད་སྤྲུལ་ཏེ། རྒྱལ་བ་ཐམས་ཅད་མཆོད་དེ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན། རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པ་རྣམས་སྤྱན་དྲངས་ཏེ་གནས་གསུམ་དུ་བསྟིམ་མོ། །ཡང་དབང་ལ་འོད་ཟེར་སྣ་ཚོགས་པ་འཕྲོས། འཕགས་པ་རྣམས་མཆོད་ཅིང་བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་མཉེས་པར་བྱས། མཆེད་དང་ལྕམ་དྲལ་རྣམས་ཀྱི་དམ་ཚིག་ཉམས་ཆགས་བསྐང་། མཁའ་


KMC023_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་རྣམས་འཁོན་པ་སྦྱོང་ཞིང་ཕྲིན་ལས་བསྐུལ། ཡང་དྲག་པོར་འོད་ཟེར་སྣ་ཚོགས་འཕྲོས་པས་དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས་དྲེགས་པ་ཐམས་ཅད་རྒྱལ་བའི་བསྟན་པ་སྲུང་བའི་ལས་ལ་མི་གཡེལ་བར་བཀའ་བསྒོས་ཤིང་དམ་འོག་ཏུ་བཙུད། བདུད་དང་དམ་སྲི་སོགས་བྱང་ཆུབ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཐལ་བར་བརླག །འགྲོ་བ་རིགས་དྲག་གི་སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་བཀོད། སྣང་བ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ། གྲགས་པ་ཐམས་ཅད་ཀཱི་ལ་ཡའི་སྒྲ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ། མདོར་ན་རང་ཉིད་ཀྱི་སྒོ་གསུམ་དང་རྡོ་རྗེ་གཞོན་ནུའི་གསང་གསུམ་དབྱེར་མེད་པར་རམ། སྣང་སྲིད་སྣོད་བཅུད་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བསྒོམ་སྟེ། བཟླ་བྱའི་སྔགས་བསྙེན་སྒྲུབ་གཅིག་ཏུ་དྲིལ་བ། དཀའ་བརྒྱད་ཞི་ཁྲོ་


KMC023_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་ལས། ཐོག་མཐར་ཨོཾ་དང་ཕཊ་བཞག་ནས༔ བར་ན་བཅུ་གཉིས་གྲངས་མཛེས་པ༔ ཞེས་དང་། བཀའ་བརྒྱད་ཕྱི་མ་སྔགས་ཀྱི་རྒྱུད་ལས། རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས༔ རྣལ་འབྱོར་རིག་པ་རྟག་བཟླས་ན༔ སྔགས་ཀྱི་བྱིན་རླབས་དངོས་གྲུབ་དང་༔ ལོག་འདྲེན་བསྒྲལ་བའི་སངས་རྒྱས་མཐུས༔ ཐོབ་པར་འགྱུར་བ་ཐེ་ཚོམ་མེད༔ བཟླས་བྱའི་སྔགས་དེ་གང་གྲུབ་པ་བཞིའི་རང་བཞིན་ཅན་དུ་སྟེ། དེ་ཡང་ཡི་གེ་ཧཱུྃ་དུ་གཅིག་ཚོན་ན། ངོ་བོ་ཨ་ཨུ་བ་གསུམ་འདུས་པ། རང་བཞིན་གྲུབ་པ་བཞིན་སྟེ། ཧཱུྃ་གི་ངོ་བོ་ཆོས་དབྱིངས་ཡེ་ཤེས་གདོད་མ་ནས་གནས་པ་ཆོས་ཉིད་ངོ་བོ་ཉིད་ཀྱི་གྲུབ་པ། རྣམ་པ་ཧཱུྃ་ཡིག་ཏུ་སྣང་བའི་ཆོས་ཅན་རང་བཞིན་གྱིས་གྲུབ་པ། དེ་ལ་ཐུགས་རྡོ་རྗེ་གྲུབ་པའི་ནུས་མཐུ་དང་ལྡན་པ་མཐུ་གྲུབ་པ། དེ་ཉིད་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྡོ་རྗེས་ས་བོན་དུ་བྱིན་གྱིས་རླབས་པ་ནི་བྱིན་གྱིས་རླབས་པའི་མཐུ་གྲུབ་པ་སྟེ། དེ་ལྟར་གྲུབ་པ་བཞི་ལ་


KMC023_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་ཧཱུྃ་ཞེས་བཟླས་པས་ཐུགས་རྡོ་རྗེ་གྲུབ་པའི་ཉེར་ལེན་དུ་གྱུར་པ་ནི་སྔགས་ཀྱི་བྱེད་ལས་སོ། དེ་ལྟར་གསང་ཐིག་ཕུར་པ་རྒྱུན་ཁྱེར་བསྐྱེད་རིམ་ལྷ་ཁྲིད་གཙོ་བོར་བཤད་པའི་རེག་གཟིགས་མདོར་བསྡུས་པ་འདི་ནི་མཚོ་སྐྱེས་རྒྱལ་བ་གཉིས་པ་དང་དབྱེར་མ་མཆིས་པ་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་འདིའི་ཁྲིད་རྒྱས་བསྡུས་སྔ་ཕྱིར་ལན་མང་དུ་ཐོབ་ཕྱིར། དེའི་ཚེ་དཀའ་གནད་མི་བརྗེད་ཐོ་ཆུང་གཉིས་ཙམ་བྲིས་གྲྭ་ཚང་གི་ཚོགས་སུ་བདག་བསྐྱེད་རྒྱན་ཁྱེར་གསུང་པའི་སྐབས་མོས་པ་ལམ་བྱེད་ཀྱི་བག་ཆགས་བཞག་ནས། བསྒོམ་ཚུལ་དྲི་བ་སྙན་སྒྲོན་ལན་མང་ཞུས་པས། རང་རེ་བློ་གྲོས་དམན་པས་བརྗེད་པར་དོགས་སྟེ། ཡི་གེའི་རིས་སུ་བྲིས་པར་སེམས་ཀྱང་མཁས་གྲུབ་གཞན་དོན་མཐའ་ཡས་པས་ཆོས་ལ་དབང་བར་འགྲོ་བའི་ཡིག་ཆ་འདྲ་མོ་དྲི་བར་མི་འོས་གསུངས་པ་དང་། བླ་མའི་ཞབས་ཏོག་ཡིན་ཁུལ་དང་། རང་གི་


KMC023_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གོས་ཀྱི་གཡེང་བ་སྣ་ཚོགས་སུ་ལུས་ཤིང་སྔ་ཕྱི་ལན་མང་དུ་མགོན་བླས་བསྐུལ་བ་དང་། རྟོགས་ལྡན་འཕགས་མཆོག་གིས་ཀྱང་འདི་ལྟར་བྲིས་སྐབས་བྱུང་ན་ཡང་ཡང་གསུངས་པ་དང་། ཁྱད་པར་རིམ་གཉིས་ཟབ་མོ་སྔགས་ཀྱི་རྣལ་འབྱོར་པ་ངག་དབང་ལྷུན་གྲུབ་ཀྱིས་གསུང་བསྐུལ་ནན་ཆེན་གསུངས་པ་ལྡོག་མ་ཕོད་པར། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་བདེ་ཆེན་གླིང་པའི་ཞབས་སྤྱི་བོར་ཕོག་པའི་སྙོམ་ལས་པ་རྒྱལ་ཁམས་ཀུན་ཏུ་རྒྱུ་བའི་བཟོ་སྦྱོངས་པ་མཁན་པོ་དྲི་མེད་བློ་གྲོས་ཀྱིས་གཡེལ་ཕུག་ནམ་མཁའ་རྫོང་འགྱུར་མེད་གླིང་ནས་དབུ་རྩམ་སྟེ། ས་སྤྱོད་གསུང་གི་འཁོར་ལོ་འོག་མིན་ཀརྨའི་གཙུག་ལག་ཁང་གཡེལ་མོ་ཆེའི་ཤར་ལྷོའི་སྤྱིལ་བུ་ནས་བྲིས་པ་ཐོག་མ་མེད་པའི་དུས་ནས་གོམས་པའི་མ་དག་པའི་སྣང་ཞེན་ཞིག་པའི་ཆེད་དུ། དག་པ་ལྷའི་སྣང་བ། བརྟན་པོ་ལ་གོམས་ནས་དཔལ་ཧེ་རུ་ཀའི་གྲོང་ཁྱེར་ལ་འཇུག་པར་གྱུར་ཅིག་སརྦ་མངྒ་ལཾ། དགེའོ།


KMC023_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྷཾ། ཛ་ཡནྟ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགསང་ཐིག་ཕུར་པའི་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱང་།next