Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
གསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ།


 
previousགསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ།no next

གསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ།


KMC023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ་བཞུགས་སོ། །


KMC023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་ཕུར་པའི་དམིགས་རིམ་རྒྱས་པ་གཏེར་ཆེན་བླ་མའི་ཞལ་ལུང་ལྟར་རང་རེས་བྲིས་པ་དེར་མ་མཐུས་པ་མེད་ཀྱང་འདིར་གནད་འགགས་མདོར་བསྔུས་པ་ལ། སྒྲུབ་རྟེན་གྱི་གནད། བསྐྱེད་རིམ་གྱི་གནད། སྔགས་ཀྱི་གནད། རྫོགས་རིམ་ཉམས་ལེན་གྱི་གནད། བཞི་དང་ལྡན་པ་གལ་ཆེའོ། །དང་པོ་ནི་སྒྲུབ་རྟེན་བསྙེན་ཕུར་ཚད་ལྔན་གཅིག་ངེས་པར་དགོས་སོ། །ལྕགས་སྣ་བདུན་ལས་གྲུབ་པ་ནི༔ ཐོག་རྡུགས་མེན་པ་ཐོག་གི་ལྕགས༔ དྲག་ལས་བྱ་བ་མཚོན་གྱི་


KMC023_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས༔ འཕེན་པར་བྱེད་པ་སྒྱོགས་མདའི་ལྕགས༔ སྲ་བར་བྱེད་པ་ཁྲབ་བྱང་ལྕགས༔ ནུས་པ་ལྡན་པ་ཐོག་ཟེར་ལྕགས༔ ཞེས་པའི་ལྕགས་སྣ་བདུན་ལ་མགར་བ་ལོ་གདུག་པ་ཅན་ལ་སྐྱེས་པའི་གཟའ་རྒོད་དྲག་པོ་རྒྱུ་བའི་ཚེས་ལ་བསྲེག་བརྡུང་བྱས་ལ་མ་གྲུབ་བར་དུ་དྲག་སྔགས་ཀྱི་ཐུན་བཙུག །ཚར་བ་དང་གྲི་ཁྲག་དང་དུག་ཁྲག་གི་ངར་བླུད། བྱུགས་བདུག་གི་ཆོ་ག་དང་། དྲག་སྔགས་ཀྱི་ངར་བཏབ་སྟེ་ནུས་པ་དང་ལྔན་པར་བྱ། ཤིང་ལ་བཟོ་ན་ཚེར་མ་ཅན་གྱི་ཤིང་།


KMC023_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རོང་ས་གྲུ་གསུམ་དུ་སྐྱེས་པ། གཅོད་པའི་ཚེ་ལྕགས་ལ་དུག་ཁྲག་བྱུགས་ཏེ་བཅད། རྩ་བའི་ཕྱོགས་ལ་རྒྱ་མདུད་དང་རྩེ་མོའི་ཕྱོགས་ལ་དབལ་གཏོད། དུག་ཁྲག་དང་གྲི་ཁྲག་གི་ངར་བླུད། སྔགས་བྱང་དང་དར་ནག་ཡུངས་ཀར་ཐུམ་བུ་རྣམས་བཏགས་ཏེ་སྒྲུབ་པའི་རྟེན་དུ་བཟུང་ངོ་། །གཉིས་པ་ནི། རང་སེམས་གཞིའི་རྡོ་རྗེ་གཞོན་ནུ་ཡེ་ནས་རང་ལ་གནས་པ་ཉིད། བགྲོད་བྱེད་ལམ་གྱི་རྡོ་རྗེ་གཞོན་ནུར་བསྒོམ་པས། རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུའི་མངོན་དུ་རྟོགས་དགོས་པ་སྟེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རང་སེམས་གཞི་ཡི་རྡོ་རྗེ་གཞོན་ནུ་ནི། ས་བོན་ཀུན་ཁྱབ་ཏིལ་མར་འདྲ། རྟོག་ན་སངས་རྒྱས་ངོ་མཚར་ཆེ། བགྲོད་པ་ལན་གྱི་རྡོ་རྗེ་གཞོན་ནུ་ནི། ཐབས་ཤེས་སྐུགསུམ་ཡེ་ཤེས་ལྔ། ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བྱ། རྟོག་པ་འབྲས་བུའི་རྡོ་རྗེ་བཞོན་ནུ་ནི། སྐུ་ལྔ་ཡེ་ཤེས་དགུ་ལྔན་ཏེ། མ་འཁྲུལ་རྟོགས་པ་མངོན་གྱུར་བྱ། གཞི་ལམ་འབྲས་བུ་རྟོག་གྱུར་ནས།


KMC023_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་སྤྲོས་བྲལ་མངོན་དུ་གྱུར། ཞེས་གསུང་པའི་གནད་ཤེས་པས། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་ལས། རྡོ་རྗེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཁྲོས་པའི་ཞེ་སྡང་གཅོད་པ་ཀུན་སྣང་གི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ཞེས་པ་མཐའ་བཞིའམ་བརྒྱད་དང་བྲལ་བའི་ཆོས་བདུན་ལྡན་གྱི་སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེས་གཟུང་འཛིན་གྱི་རྟོག་པ་མཐའ་དག་གཅོད་ཅིང་གཞོམ་པའི་ཕྱིར་ཁྲོས་པ་ངེས་པའི་དོན་དང། སྒྲིབ་ཀུན་སྤང་པའི་སེམས་བསྐྱེད་ཀྱི་གཞན་དོན་ལ་དམིགས་པའི་སྙིང་རྗེེ་ཆེན་པོའི་དེའི་འགལ་ཟླ་ཞེ་སྡང་གཅོད་པའོ། །དེའི་རྩལ་ལས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་མཚོན་པར་བྱེད་པ་ཐིག་ལེ་ཆེན་པོ་ཧཱུྃ་ཡིག་སྔོན་པོ་འབར་བ་ནི་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ལྟ་བུའི་དངོས་གཞི་ཏིང་འཛིན་གསུམ་གྱི་ཁོག་ཕུབ་ནས་མཚན་གཞི་སེམས་ཉིད་རྡོ་རྗེ་གཞོན་ནུ་ཉིད། མཚོན་བྱ་འབྲས་བུ་དག་པ་གཉིས་ལྡན་གྱི་རྡོ་རྗེ་གཞོན་ནུའི་


KMC023_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཁྱད་པར་ཐམས་ཅད་མཚོན་བྱེད་ལམ་གྱི་རྡོ་རྗེ་གཞོན་ནུ་སྐུ་མདོག་ཕྱག་མཚན་རྟགས་ཀྱི་ཁྱད་པར་དུ་ཤེས་པས་ཐམས་ཅད་དེ་སྒོམ་པ་ནི་བསྐྱེད་རིམ་གྱི་གནད་དམ་པའོ། །གསུམ་པ་ནི། ཀཱི་ལ་ཡ་ལྷར་ཤེས་པ། ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ། ཀཱི་ལ་ཡ་དགུགས་པར་ཤེས་པ་རྣམས་ཀྱི་སྟོད་ལས་བྱང་ཆུབ་སྒྲུབ་པ་ལ་སྔ་མ་གཉིས་གལ་ཆེའོ། །སྔགས་གྱི་གྲངས་ལེགས་སྦྱར་དང་བསྟུན་ཏེ་འབྲུ་བཅུ་དྲུག་ཏུ་ས་སྐྱ་པས་བཞེད། རྙིང་མ་ཕལ་ཆེ་བས། སརྦ་དང་བཛྲ་ཡིག་འབྲུ་གཉིས་སུ་བརྩིས་ཏེ་ས་འབྲུ་བཅུ་བཞིར་བཞེད། གཏེར་གསར་རང་ལུགས་སུ། བིགྷྣཱན་འབྲུ་གཅིག་ཏུ་བརྩིས་པའི་ཀཱི་ལ་ཡ་བཅུ་གཉིས་སུ་བཞེད། སྔགས་ལྷ་སྦྱར་ན། ཨོཾ་རྡོ་རྗེ་གཞོན་ནུ། བཛྲ་འཁོར་ལོ་རྒྱས་འདེབས་མ། ཀཱི་ལི་ཁྲོ་བོ་བཅུ། ཀཱི་ལ་ཁྲོ་མོ་བཅུ། ཡ་སྲས་མཆོག་ཉེར་གཅིག སརྦ་ཐམས་ཅད་བིགྷྣཱན་བགེགས། བམ་ཆིངས་ཤིག །ཧཱུྃ་ཐུགས་ཀྱི་སྙིང་པོའི་བརྒྱུད་བསྐུལ་


KMC023_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཕཊ་སྤྲུལ་པ་འགྱེད་པ་སྟེ་བསྙེན་སྔགས་དང་ལས་སྔགས་སྤྲེལ་བའོ། །གཞི་སྙིང་གཅིག་སྤྲེལ་སྐབས་སུ། ཛ༔ཧཱུྃ་བྃ་ཧོཿ སྒོ་མ་བཞི། ཀ་ཊཾཀ་ཡེ། ཤྭ་ན་མ་བཞིའི་སྲོག་སྙིང་། ཛ་ཡེ་བི་ཛ་ཡེ། བདག་ཉིད་མ་བཞི། ཨ་ཛི་ཏེ། ཨ་ར་པ་ཛི་ཏེ། ས་བདག་བསེ་ཡི་ལྷ་མོ་བཞི། མ་ར་སེ་ན། སྐྱེས་བུ་གིང་བཞི། པྲ་མརྡ་ན་ཡེ། ཕོ་ཉ་ལས་བྱེད་འཁོར་ཚོགས་རྒྱ་མཚོ། ཧཱུྃ་ཕཊ་ལས་ལ་བསྐུལ་བའོ། །བཞི་པ་ནི། རང་གི་སེམས་ཉིིད་འདི་དག་ནི༔ རྡོ་རྗེ་གཞོན་ནུ་ཉིད་དུ་བསྒོམ༔ ཅེས་པ། སྣང་ལ་རང་བཞིན་མ་གྲུབ་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་སྟེ་ཁྱད་པར་སུམ་ལྡན་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་སྐྱོང་སྟེ། དེ་ཡང་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་ད་ལྟར་གྱི་ཤེས་པ་ལ་བཅོས་སླད་མ་བྱས་པར་གཉུག་མའི་རང་ངོ་སྐྱོང་བ་ནི་ངོ་རང་ཐོག་ཏུ་སྤྲད་པ། བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ཐག་གཅིག་ཏུ་བཅད་


KMC023_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ། གང་ཤར་གྱི་རང་ངོ་ལ་བཅོས་སླད་མེད་པར་ཅེ་རེ་བལྟས་པས་རྣམ་རྟོག་རྗེན་མེད་དུ་ཡལ་བ་རྦ་རླབས་ཆུར་ཐིམ་པ་ལྟར་གང་ཤར་རང་གྲོལ་སྤང་གཉེན་བྲལ་བ་ནི་གདེང་གྲོལ་ཐོག་ཏུ་ཆོད་པའོ། །ཕྱག་ཆེན་ལྟར་ན། ཡུམ་གྱི་རྟོག་པ་དང་བྲལ་བ་ད་ལྟའི་ཤེས་པ་རྗེན་པ་ལ་སྟོང་ཐོག་ངོ་སྤྲད། དེ་ལྟར་ངེས་པར་རྙེད་ནས་ཚོགས་དྲུག་གི་སྣང་བ་ཅི་ཤར་ཡང་བསལ་བཞག་བྲལ་བ་ལམ་དུ་ཁྱེར་བས། སྣང་ཐོག་རྩལ་སྦྱོང་སྣང་སྟོང་ཟུང་འཇུག་གི་ཉམས་སུ་བླང་པའོ། བྷཊྚཱ་ར་ཀ་བཛྲ་ཡོ་གི་ནི་སྐུ་ཕྲེང་བཅུ་པའི་ཐུགས་ལ་ངེས་པའི་ཕྱིར་དུ་འདུལ་འཛིན་རཏྣས་སོ།། །།བཀྲ་ཤིས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousགསང་ཐིག་ཕུར་པའི་དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེ།no next