Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

8 occurrences of འཚེར་རྩུབ་
[Clear Hits]


  
  
  
  
 
  
  
  
  
  
དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།
  
  
  
  
  
  
  
  
  
  
 
  
  
  


8 occurrences of འཚེར་རྩུབ་
[Clear Hits]

 
previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།next

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།


KMC024_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །


KMC024_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། དགྲ་ཆོས་བསྡུས་པ་ནི། དམར་གཏོར་གཅིག་ལ་གཏོར་ཆུང་བཅུ་ཡིས་བསྐོར། དཀར་གཏོར་གཅིག་ལ་ཡག་ལུག་བྱ་རའི་གཟུགས་ཀྱིས་བསྐོར། སྤྲོ་ན། གྲི་ཡས་ལ་བཙན་བྱུག་པ་དང་། ཤིང་ནག་ལ་སྔ་མོང་དྲེལ་ཕག་གི་གཟུགས་བྱས་ནས་བོར་ན་དགྲ་བྲུབ་དུ་འགྲོ་བ་ཡིན། ཆོས་སྐྱོང་གི་སྤྱན་འདྲེན་མཆོད་བསྟོད་དང་། དགུག་གཞུག་བྱས་ལ། ཧཱུྃ མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །མ་གཡེལ་དྲག་པོ་དགྲ་ལ་རྒྱུག །བསྟན་པ་གཉན་ལ་དགྲ་བྱུང་ན། །ལྷ་དང་སྲུང་མའི་དམག་ཚོགས་འདུས། །སངས་རྒྱས་ཆོས་ཀྱི་སྐུ་དགྲ་ལ། །དྲག་ཤུལ་ཅན་གྱི་


KMC024_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཚོགས་འདུས། །ལས་གཤིན་ཀིང་ཀང་དམར་ནག་ཆོས། །དོང་བདག་མུན་གླིང་སྐྱེས་བུ་ཆོས། །མ་མགོན་ཕྱོགས་བཅུའི་མགོན་པོ་ཆོས། །མགོན་པོ་བྱ་རོག་འཁོར་བཅས་ཆོས། །བྱིན་རླབས་མྱུར་མཛད་མགོན་པ་ཆོས། །དཔལ་ལྡན་ལྷ་མོ་དཔོན་གཡོག་ཆོས། །བདུད་མགོན་སྲོག་བདུད་ནག་པོ་ཆོས། །སྲིན་མགོན་གཉན་མགོན་ཡབ་ཡུམ་ཆོས། །སྡགས་སྲུང་ཚེ་རིང་མཆེད་ལྔ་ཆོས། །ཞིང་སྐྱོང་སེང་གདོང་ཡབ་ཡུམ་ཆོས། །དུར་ཁྲོད་བདག་པོ་ཡབ་ཡུམ་ཆོས། །


KMC024_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་བསེ་ཡི་སྐྱེས་བུ་ཆོས། །གཙང་བཙན་མཆེད་འཁོར་བཅས་པ་ཆོས། །གཡུ་སྒྲོན་སྨན་མོ་འབུམ་ཚོགས་ཆོས། །སྔགས་བདག་ཀླུ་ཆེན་བརྒྱད་པོ་ཆོས། །མཁར་ནག་ཀླུ་བདུད་ཀླུ་བཙན་ཆོས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཆོས། །སྔགས་བདག་དྲེག་ཆེན་བཅོ་བརྒྱད་ཆོས། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །འདོད་ཁམས་ལྷ་དང་སྲུང་མ་ཆོས། །མཐུ་ཆེན་དབང་པོ་བརྒྱ་བྱིན་ཆོས། །རྩལ་མཁན་ཚོགས་བདག་གླང་སྣ་ཆོས། །མདའ་མཁན་བྱི་ནུ་རཱ་ཙ་ཆོས། །འཐབ་མཁན་མ་ཧཱ་ཀཱ་ལ་ཆོས། །སྟོབས་ཆེན་ལེགས་ལྡན་ནག་པོ་ཆོས། །མཐུ་ཆེན་སྔགས་བདག་ནག་པོ་ཆོས། །འཛེག་མཁན་བྲག་ལྷ་མགོན་པོ་ཆོས། །ལམ་མཁན་ཨརྱ་རེ་མན་ཆོས། །སོ་མཁན་དཔལ་རབ་འཆང་མགོན་ཆོས། །ཡང་ཟོར་ཧ་ནུ་མན་དྷ་ཆོས། །སྒྱོགས་མཁན་ཁྱབ་འཇུག་ནག་པོ་ཆོས། །རྒྱལ་མཁན་བྷ་ལེ་སྨུག་པོ་ཆོས། །མདའ་ར་ཉེ་དབང་སོ་གཉིས་ཆོས། །གཅོད་མཁན་ལྷ་སྲིན་


KMC024_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ཆོས། །བརྟུལ་ཞུགས་གླང་ཆེན་སྨྱོན་པ་ཆོས། །འཕྲང་སྲུང་སྟག་གཡག་རྔམས་པ་ཆོས། །རེ་འབྱམས་བྱ་རྒྱལ་ཁྱུང་ཆེན་ཆོས། །ཁྲོ་གཏུམ་གཡུ་འབྲུག་སྔོན་མོ་ཆོས། །ནམ་མཁའ་ལྡིང་དང་སེངྒེ་ཆོས། །ཉིན་གྱི་དྲོ་གསལ་ཉི་མ་ཆོས། །མཚན་གྱི་སྒྲོན་གསལ་ཟླ་བ་ཆོས། །ཕྱི་དཔུང་ལྷ་ཀླུ་གཉན་དམག་ཆོས། །སྣ་ཁྲིད་རྡོ་རྗེ་ལེགས་པ་ཆོས། །དཔའ་བོ་པེ་དཀར་རྒྱལ་པོ་ཆོས། །གསོད་མཁན་སྲོག་བདག་སྐྱེས་བུ་ཆོས། །བཤའ་མཁན་གྲི་ཆུང་ཤེ་ལེ་ཆོས། །ཤ་ཟ་ཕྲ་མེན་ཁྲ་སྤྱང་ཆོས། ཁྲག་འཐུང་འབར་བ་དྲེད་མགོ་ཆོས། །མགྱོགས་བྱེད་སྐྱ་ངམ་སྤུན་གསུམ་ཆོས། །ཟ་བྱེད་མགོན་པོ་སྡེ་ལྡ་ཆོས། །རྒྱུག་བྱེད་མོན་པ་ནག་པོ་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་རྣམས། གོ་ཁྲབ་གྱོན་ལ་སྣོ་མཚོན་བརྡོར། །མགྱོགས་པ་ཞོན་ལ་རིང་པར་རྒྱུག །ཞེ་སྡང་ཕྱུངས་ལ་ང་རྒྱལ་བསྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་


KMC024_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །རྒྱ་གར་ཡུལ་གྱི་མཁའ་འགྲོ་མ། །བོད་ཀྱི་ཡུལ་གྱི་བརྟན་སྐྱོང་མ། །སྟོང་གསུམ་དམག་དཔོན་བྱེད་མཁན་མོ། བརྟན་མ་དམག་གི་རྒྱལ་མོ་ནི། །བསྟན་སྐྱོང་ཡ་མའི་ཚོགས་དང་བཅས། །གོ་ཁྲབ་གྱོན་ལ་རྣོ་མཚོན་བརྡོར། །མགྱོགས་པ་ཞོན་ལ་རིང་པར་རྒྱུག །ཞེ་སྡང་ཕྱུངས་ལ་ང་རྒྱལ་བསྐྱེད། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མེད་པར་མཛོད། །སངས་རྒྱས་ཆོས་ལ་ཕྱོགས་པའི་ལྷ། །མཆོད་ན་མགོན་སྐྱབས་བྱེད་པའི་ལྷ། །མངགས་ན་དགྲ་ལ་རྒྱུག་པའི་ལྷ། །བོད་ཀྱི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །བོད་ཀྱི་ཐང་ལྷ་ཡར་ཞུར་དང་། །གཉན་ཆེན་རྨ་རྒྱལ་སྤོམ་ར་ནི། །འཁོར་དུ་གཉན་དམག་བསམ་མི་ཁྱབ། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །བ་དན་དཀར་པོ་གནམ་ལ་གཡུགས། །ཀུ་བསྭོ་ཆ་སྒྲ་དི་རི་རི། །ཀུན་ཀྱང་མཐུ་ཆེན་དྲག་རྩལ་ཅན། །དྲག་པོའི་བྷྱོ་སྒྲ་དི་རི་


KMC024_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རི། །རྣལ་འབྱོར་དམ་ཚིག་ཅན་གྱི་གཉེན། །སྐྱེ་བོ་དགྲ་བླ་ཅན་གྱི་གཉེན། །རྨང་པོ་རྩ་དཀར་བཀྲོལ་བའི་གཉེན། །འཐབ་མོ་གཡུལ་ལས་རྒྱལ་བའི་གཉེན། །སངས་རྒྱས་ཆོས་ལ་ཕྱོགས་པའི་གཉེན། །ཆོ་ལ་དགའ་ཞིང་དར་ལ་འདུ། །ཀི་ལ་དགའ་ཞིང་བསྭོ་ལ་དགྱེས། །གོ་ཁྲབ་གྱོན་ལ་སོགས་ཚིག་ལྔ་འགྲེའོ།། མ་གཡེལ་ཡུལ་ལྷའི་དམག་ཚོགས་རྣམས། །མྱུར་བར་སྡང་བའི་དགྲ་ལ་ཆོས། །སྐུ་རྒྱལ་བཙན་གྱི་དམག་ཚོགས་ཆོས། །སྨོན་སྐྱེས་གང་ཞུར་མཆེད་གསུམ་ཆོས། །སྤྲག་བཙན་ལྷ་དམག་འབུམ་སྡེ་ཆོས། །དམག་དཔོན་དབྱི་རྒྱལ་རིན་ཆེན་ཆོས། །གཏུམ་དྲག་གྱང་བཙན་འཁོར་བཅས་ཆོས། །ཀླུ་རྒྱལ་པོ་ཏོ་འཁོར་བཅས་ཆོས། །ཛོ་རྒྱལ་གོ་རྒྱལ་ཡབ་ཡུམ་ཆོས། །སྐྱེས་བུ་ངོམ་རྒྱལ་འཁོར་བཅས་ཆོས། །གཏམ་རྒྱལ་དབྱི་དོ་དགེ་བསྙེན་ཆོས། །གོ་ཁྲབ་སོགས་འགྲེའོ།། འཇིག་རྟེན་སྲུང་མའི་དམག་ཚོགས་ལ། །དཀར་གསུམ་བརྒྱན་པའི་གཏོར་མ་དང་། །ཁྱུང་


KMC024_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེངྒེ་གཡུ་འབྲུག་དང་། །གྱི་ལིང་ཤང་ཤང་རྨ་བྱ་དང་། །སྟག་གཟིགས་གུང་དབྱི་དཀར་པོ་དང་། །གཡག་ལུག་བྱ་རའི་གཟུགས་འགྲོས་འདི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། བསམ་གཏན་ལྷ་ཡི་དཀོར་བས་ལྷག །ལྷ་སྲུང་གཉན་པོའི་སྐུ་ལ་འབུལ། །གཞན་ཡང་དངོས་དང་ཡིད་ལས་སྤྲུལ། །བཀྲ་ཤིས་རྫས་སྟག་རིན་ཆེན་བདུན། །སྲ་བའི་གོ་དང་རྣོ་བའི་མཚོན། །མདའ་དར་ཕུད་རྒོད་གཙང་མ་འབུལ། །ལྷ་དང་སྲུང་མའི་དམག་ཚོགས་རྣམས། །རེམ་ཅིག་སྡང་བའི་དགྲ་ལ་རྒྱུག །སྡང་བའི་དགྲ་ལ་ཞེ་སྡང་བསྐྱེད། །ཧོར་སོག་དགྲ་རྐུན་ལས་ངན་གྱིས། །སྲུང་མ་གཉན་པོ་མ་བརྩིས་ན། ཁྱོད་ཀྱི་ཀོ་ལོང་དམ་པོ་མཛོད། །བསྐལ་པ་དུས་ཀྱིས་སྙིགས་མ་ལ། །ཡེ་ཤེས་ལྷ་ནི་སྒྲུབ་ཐག་རིང་། ཁྱོད་ནི་འཇིག་རྟེན་མྱུར་མགྱོགས་ལྷ། །སྣང་སྲིད་ལྷ་འདྲེ་དམག་ལ་འདུས། །རྒྱལ་ཆེན་སྡེ་བཞིས་དམག་དཔོན་གྱིས། །ཕྱོགས་སྐྱོང་བཅུ་ཡིས་སོ་མཚམས་སྲུངས། །རཱ་


KMC024_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་ལ་ཡི་ཤན་པ་གྱིས། །རྡོ་རྗེ་ལེགས་པས་སྣ་ཁྲིད་གྱིས། །མ་མོའི་ཚོགས་ཀྱིས་དལ་ཁ་ཕོབས། །གཤིན་རྗེེའི་ཚོགས་ཀྱིས་ཁྲམ་ལ་ཐོབ། །ནམ་མཁའི་ཁམས་ནས་ལྷ་དམག་དྲོངས་། །བར་སྣང་ཁམས་ནས་གཉན་དམག་དྲོངས། །ས་གཞིའི་ཁམས་ནས་ཀླུ་དམག་དྲོངས། །རྒྱལ་པོ་ཉི་མའི་ཟེར་ལ་རྒྱུག །བདུད་དམག་ནམ་གྱི་གུང་ལ་རྒྱུག །གཙན་དམག་སྐྱ་རིངས་ཟེར་ལ་རྒྱུག །གནམ་ས་རི་ཀླུང་བར་སྣང་ཁེངས། །ལྷ་སྲིན་སྡེ་བརྒྱད་དམག་ལ་རྒྱུག །མྱུར་བ་མྱུར་བར་རིངས་སོ་རིང་། །གོ་ཁྲབ་གྱོན་ལ་སོགས་འགྲེའོ།། དགྲ་མཁར་བཤིག་ལ་དགྲ་གཞུ་གཏིབ། །དཔའ་བོ་སོད་ལ་མགྱོག་པ་སྒྱེལ། །གོ་ཁྲབ་བཤུས་ལ་སྣོ་མཚོན་འཕྲོག །དཔུང་པ་ཆོག་ལ་རྒྱུད་པ་ཆིངས། །སྡང་བའི་དགྲ་བོ་གནོད་བྱེད་ཀྱི། །དམག་དང་ཇག་རྐུན་བཤོམས་པའི་ཚེ། །སྲུང་མ་རྣམས་ཀྱིས་བཤོལ་ཐོབ་ཅིག །སྲུང་མ་རྣམས་ཀྱིས་དམག་སྣ་བསྒྱུར། །ཕོ་ཉ་རྣམས་ཀྱིས་དམག་དཔུང་ཟློག །


KMC024_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཁན་རྣམས་ཀྱིས་དགྲ་བོ་སོད། །དྲེགས་བྱེད་ཚོགས་ཀྱིས་དགྲ་སྙིང་ཕྱུངས། །ལྷ་སྲིན་ཚོགས་ཀྱིས་བླ་ཚེ་ཟོ། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུང་། །བཙོ་བསྲེག་མི་ཁོམ་རློན་པ་ཟོ། །དགྲ་ཇག་རྐུ་འཕྲོག་བཤོམ་པ་དང་། ཁ་མཆུ་གྱོད་ཚོལ་བྱེད་པ་དང་། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། །ཀཾ་ཚང་བསྟན་པ་བཤིག་པ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་རྣམས། །ལོ་དང་ཟླ་བར་མ་འགྱངས་ཤིང་། །ཞག་དང་ཟ་མར་མ་བཞག་པར། །ད་ལྟ་ཉིད་དུ་རྡུལ་དུ་རློག །དགྲ་བོ་རང་གཤེད་རང་གིས་གྱིས། །དགྲ་བོ་རང་མཚོན་རང་ལ་རྒྱོབ། །བདག་ལ་སྡང་བའི་དགྲ་བོ་འདི། །བསྐལ་པའི་མུན་པའི་གཏིང་དུ་ནོན། །རི་རབ་ཆེན་པོས་སྟེང་ནས་ནས་ནོན། །རྒྱ་མཚོ་ཆེན་པོས་སྟེང་ནས་ནོན། །གྲུབ་བོ་མནན་ནོ་མ་ལྡང་ཅིག །བཀུག་པ་ཡིན་ནོ་མ་བཏང་ཅིག །བཅད་པ་ཡིན་ནོ་མ་སྐྱེས་ཤིག །དམ་ཉམས་དགྲ་བོ་མ་ཤོར་ཅིག །ཐལ་བའི་རྡུལ་དུ་བརླག་པར་མཛོད།


KMC024_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༈ མ་གཡེལ་སྲུང་མ་མཐུ་ཙལ་ཅན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྔོན་ནས་བསུས་ལ་རྒྱབ་ནས་སྐྱོལ། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །འཇིག་པ་བརྒྱད་ལས་སྐྱོབས་པར་མཛོད། །མཐོ་ལ་བབ་ན་ལམ་སྒྲོལ་མཛོད། །དམའ་ལ་བབ་ན་ལམ་སོལ་ཅིག །ཆུ་ལ་འགྲོ་ན་ཆུ་སྒྲོལ་ཞིག །ཉམས་ངའི་གནས་སུ་མཛོ་རྟ་བརྟེན། །མཐོ་སར་གུང་ནས་བྱ་ར་མཛོད། །དམའ་ས་ཐང་ནས་འཚོ་རྫི་མཛོད། །བདག་གི་མགྲོན་པོའི་ལམ་སྣ་དྲོངས། །ཚོང་པ་རྒྱབ་ཀྱི་ཤུལ་ཡར་ཁྱོགས། ཁལ་ཁུལ་མ་ཡོ་བདེ་བར་བསྲོང་། །བདག་གི་མི་རྟའི་ཁ་འཛིན་མཛོད། །ཤུལ་རིང་ལམ་དུ་ཞུགས་པའི་ཚེ། །ཆད་ཅིང་ངལ་དུབ་མ་བཏང་ཞིག །ན་ཞིང་ཚ་བ་མ་བཏང་ཞིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ཉིན་ལ་བབ་ན་འཚོ་རྫི་མཛོད། །ནུབ་ལ་བབ་ན་མེལ་ཚེ་མཛོད། །ཕྱི་རྐུན་ནང་ལ་མ་བཏང་


KMC024_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ནང་རྐུན་བྲན་ལ་མ་འགྱེད་ཅིག །སློབ་དཔོན་ཐུགས་ཡིད་མ་དཀྲུག་ཅིག །བྲང་མི་ནང་མཁོན་མ་བཏང་ཞིག །གྲོ་ལ་མནོག་པོ་མ་བཏང་ཅིག །ནང་མི་ཐུགས་འགལ་མ་བཏང་ཅིག །ཡེ་འདྲོག་གློ་བུར་མ་བཏང་ཅིག །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ཡག་དང་སྤྲོད་ལ་ཉེས་དང་བསྣོལ། །མི་ཕྱུག་ནང་ནོར་གྲོགས་དང་སྤྲོད། ཁ་ནི་ཟས་འདོད་ཟས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །རྒྱན་གོས་འདོད་པ་གོས་དང་སྤྲོད། །ཕ་རོལ་རྣམས་ཀྱི་ཆངས་པ་ཕྲོལ། །གནས་པོ་རྣམས་ཀྱི་ཡིད་སེམས་སླུས། །གནས་མོ་རྣམ་ཀྱི་སྙིང་ལག་སྒུལ། །ཅི་འདོད་ནོར་གྱི་དངོས་གྲུབ་སྩོལ། །ལེགས་ལྡན་མགོན་པོས་ཚོང་དཔོན་མཛོད། །དཔལ་རབ་འཆང་གིས་ལམ་ལྷ་མཛོད། །ཉི་མའི་སྲས་པོས་སོ་པ་གྱིས། །པརྞ་ཤ་ཝ་རི་ཡིས་ནོར་རྣམས་སྐྱོང་། །ཨཱརྻ་རེ་མནྟ་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་མགྲོན་ལམ་ཕྱེས། །ཨཱརྻ་ཛམྦྷ་ལ་ཡིས་ནོར་ལྷ་


KMC024_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །རྣམ་ཐོས་སྲས་ཀྱིས་གསེར་དངུལ་བསྡུས། །སྲུང་མ་རྣམས་ཀྱིས་དགྲ་སྡང་ཐུལ། །འཇིགས་པ་བརྒྱད་ལས་ཐུགས་རྗེའི་སྐྱོབས། །ཡུལ་ལྷ་གཉན་གྱིས་མཐུ་རོག་མཛོད། །ལྷ་ཀླུ་རྣམས་ཀྱིས་རྒྱབ་བསྟེན་མཛོད། །རྡོ་རྗེ་ལེགས་པ་ཚོང་ལ་མཁས། །ཕ་རོལ་རྣམས་ཀྱི་ཆངས་པ་ཁྲོལ། །མི་ནས་ཆོད་ལ་རང་ལ་བྱིན། །མ་གཡེལ་སྲུང་མ་མགྲོན་གྱི་ལྷ། །རེམ་གཅིག་འདོད་པའི་དོན་རྣམས་སྒྲུབས། །ལམ་དགྲ་བྱེས་ཀྱི་འགོང་པོ་ཡི། །རྒྱུས་པ་ཆིངས་ལ་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དམིགས་པ་ནི། རང་ཡི་དམ་དུ་བསྒོམ། མདུན་དུ་ཆོས་སྐྱོང་དང་ལྷ་ཀླུ་གཉན་དམག་རང་རང་གི་འཁོར་ཚོགས་དམག་དཔུང་། ལ་ལ་ལྷ་དམག་འབུམ། ལ་ལ་ཀླུ་དམག་འབུམ། བཙན་དམག་འབུམ། གཤིན་རྗེ། མ་མོ། ཕྱོགས་སྐྱོང་གི་དམག་འབུམ་དང་བཅས་ནས། དགྲ་བོའི་ཤ་ཟོས་ནས་རྡུལ་དུ་བརླག་པར་བསམ། ཚར་དགུ་སོགས་བྱ་ཞིང་། ཐལ་མོ་དང་། བྷྱོ་གདབ། གཟའ་དར་བ་དང་སྤྱད་ལ་དགྲ་ཕྱོགས་སུ་བཏང་། འདི་ནི་བྱད་ཀ་བཟློག་པ། དགྲ་སྣ་བསྒྱུར་བ། ཇག་རྐུན་བཅིང་


KMC024_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པ། མོ་ངན་མཚེར་རྩུབ་བསྒྱུར་བ་ལ་དགོས་སོ། །འདི་ནི་རང་ལ་དགྲ་བྱུང་ངམ། བྱུང་དོགས་པའམ། ནོར་ཁྱེར་རམ། གཞན་དང་འགྲས་ན་བྱའོ། །ཇག་ལ་འགྲོའམ། གཞན་ལ་ནོར་ཤོར་རམ། དགྲ་བྲུབ་བྱེད་དམ། དགྲ་ལ་མཐུ་བྱེད་དམ། ཚོང་དང་མགྲོན་ལ་འགྲོ་ན་འདི་བྱའོ། །འབུལ་དུས་ཆོས་སྐྱོང་སྲུང་མ་ལྷ་འདྲེའི་དམག་དང་བཅས་པ་རྣམས་ཇི་ལྟ་བ་བཞིན་དུ། དགྲ་བགེགས་ཀྱི་ཐོག་ཏུ་སོང་ནས། ཐལ་བ་རྡུལ་དུ་བརླག་པར་བསམ། ཞེས་ལ་འདི་ནི་ལེགས་ལྡན་གྱི་ཆ་རབ་དགྲ་ཆོས་གོང་འོག་གཉིས་དང་། རྟ་ནག་དགྲ་ཆོས། ཕྱག་བཞི་པ་ཉིད་ཀྱིས་སྒ་ལོ་ལ་གསུངས་པའི་དགྲ་ཆོས་དང་། མ་ནིང་དགྲ་ཆོས་དང་། ཞིང་སྐྱོང་དམག་བསྐུལ་དང་། དམ་ཅན་དགྲ་ཆོས། གསོལ་ཀ་ཚན་མ་དང་། ཚེ་རིང་མའི་དགྲ་ཆོས་རྣམས་ཀྱིས་དོན་བསྡུས་པ་འདི་ནི། ཀརྨ་ཨ་རཱ་གས་སྦྱར་བ་ཉེས་པ་གང་མཆིས་སྲུང་མ་རྣམས་ལ་བཤགས་ཤིང་། དགེ་བས་དགྲ་ཇག་ཆོམ་རྐུན་གྱི་གནོད་པ་ཞི་ཞིང་། དཀོན་མཆོག་དབུ་འཕང་དགུང་ལ་རེག་པའི་རྒྱུར་རྒྱུར་ཅིག ། ༈ དེ་ནས་དཔལ་མགོན་པོ་ལེགས་ལྡན་གྱི་ཟློག་པ་ནི། ཧཱུྃ། མགོན་པོ་མ་ཧཱ་ཀཱ་ལ་མཐུ་ཆེན་ནག་པོ་ནི། །དྲག་པོར་མཚན་གསོལ་ལེགས་ལྡན་ནག་པོ་སྟེ། །ལྷ་མིན་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད། །སྲིན་པོའི་གྲོང་ཁྱེར་


KMC024_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་འབུམ་གཏན་ནས་བརླག །ལྷ་ཡི་དམག་དཔོན་གཡུལ་ལས་རྣམ་པར་རྒྱལ། ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐུལ་བའི་ཚེ། །དཀར་པོ་ལྷ་དམག་བྱེ་བ་དུང་ཕྱུར་བཅས། །ཉོན་མོངས་ལྷ་མིན་དམག་ཚོགས་བཟློག་པར་བྱེད། །ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་སྡེ་དཔོན་ཁྱོད། །ནག་པོའི་རྩ་ལག་འཇོམས་པའི་སྟོབས་དང་ལྡན། །བདུད་དང་འཆི་བདག་བཟློག་པའི་མཐུ་བོ་ཆེ། །ལྷ་མིན་དམག་སྣ་ཟློག་པའི་རྫུ་འཕྲུལ་ཅན། །དོ་ནུབ་ཟློག་སྒྱུར་བྱེད་པའི་དུས་ལ་བབ། །དོ་ནུབ་སྲིད་པའི་ཁྲམ་ཁ་དགྲ་ལ་སྒྱུར། །དོ་ནུབ་ལྷ་ཡི་དམག་སྣ་དགྲ་ལ་སྒྱུར། །དོ་ནུབ་རྦོད་གཏོང་ཟློག་པའི་དུས་ལ་བབ། །ཡེ་ཤེས་ལྷ་ཡི་བཀའ་འཆད་ཉི་ལྟར་ཤར། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །དྲང་སྲོང་དམོད་པ་ཐོག་ལྟར་འཕེན། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །གཤིན་རྗེའི་འཕྲུལ་འཁོར་བྲག་ལྟར་རློམ། །དེ་ཡང་༴ སྲིན་པོའི་གདུག་རྩུབ་མུན་ལྟར་འཐིབས། །དེ་ཡང་༴


KMC024_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཡི་དགུ་རླབས་སྤྲིན་ལྟར་གཡོ། །དེ་ཡང་༴ རླུང་ལྷའི་སྦྱོར་བ་འཚུབ་མ་འཁྲུགས། །དེ་ཡང་༴ གནོད་སྦྱིན་གདུག་པ་རླུང་ལྟར་འཕྱོ། །དེ་ཡང་༴ འབྱུང་པོའི་དལ་ཁ་ཆུ་ལྟར་ཁོལ། །དེ་ཡང་༴ གཟའ་ཡི་ཀིང་ཀང་མེ་ལྟར་འབར། །དེ་ཡང་༴ མ་མོའི་དལ་ཡམས་མཚོ་ལྟར་རླབས། །དེ་ཡང་༴ མཁའ་འགྲོའི་ཆོ་འཕྲུལ་གློག་ལྟར་འཁྱུག །དེ་ཡང་༴ གནོད་སྦྱིན་མ་མོས་སྡང་མིག་བྱེད། །དེ་ཡང་༴ བདུད་མོས་ཁྲག་གི་ཁ་ཁྲུ་གཏོར། །དེ་ཡང་༴ གཤིན་རྗེ་མ་མོས་ལྕེ་དམར་རྐྱོང་། །དེ་ཡང་༴ སྲིན་མོ་ཁྲོས་པས་མཆེ་བ་གཙིགས། །དེ་ཡང་༴ མོན་མོས་བརྡ་གར་བརྡ་འབོད་བྱེད། །དེ་ཡང་༴ མ་མོའི་ངན་སྔགས་སྒྱོགས་ལྟར་འཕེན། །དེ་ཡང་༴ ཀླུ་མོའི་ཁ་རླངས་ཟེར་ལྟར་འཕྲོ། །དེ་ཡང་༴ འདྲེ་མོས་འཇབ་ཅིང་ལག་པ་རྐྱོང་། །དེ་ཡང་༴ ལྷ་མིན་གནོད་པ་སྐར་ལྟར་འཁྲུག །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །ཞང་བློན་ཚོན་གྱི་གྲུ་གུ་རྐྱོང་། །དེ་ཡང་༴ མོན་པ་


KMC024_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོས་སྤུ་གྲི་རྡོར། །དེ་ཡང་༴ དམུ་ཡི་རྡོ་ཟོར་ཆར་ལྟར་འབེབ། །དེ་ཡང་༴ མཁའ་ལྡིང་གནོད་པ་གློག་ལྟར་འགྱུ། །དེ་ཡང་༴ གྲུལ་བུམ་གནོད་པ་གངས་ལྟར་ཞིག །དེ་ཡང་༴ དྲི་ཟའི་སྤྲུལ་པ་འཇའ་ལྟར་འཁྱིལ། །དེ་ཡང་༴ མིའམ་སྤྲུལ་པ་ཟླ་ལྟར་ཤར། །དེ་ཡང་༴ ལྟོ་འཕྱེའི་ཆོ་འཕྲུལ་ས་ལྟར་གཡོ། །དེ་ཡང་༴ བདུད་ཀྱི་ཁྲམ་ཁ་རི་ལྟར་རྙིལ། །དེ་ཡང་༴ ལྟས་ངན་སྤྲུལ་པ་མགོ་བརྙན་རྒྱུ། །དེ་ཡང་༴ རྒྱལ་པོའི་ཆོ་འཕྲུལ་འོད་ལྟར་ཤར། །དེ་ཡང་༴ ས་བདག་གདུག་པ་ཕྱི་ལྟར་འཛུལ། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །ཐམས་ཅད་དགྲ་བགེགས་སྟེང་དུ་ཟློག །བནྡེ་བྱད་མའི་སྙིང་ལ་བྷྱོ། །བོན་པོ་བྱད་མའི་སྙིང་ལ་བྷྱོ། བྱད་མ་བཟློག་པའི་ཕྲིན་ལས་མཛོད། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཐན་དང་འཕྲད་པའམ། བྱད་ཀ་བཟློག་པའམ། དམག་སྣ་ཆེན་པོ་བཟློག་པའམ། མ་མོ་འཁྲུག་པའམ། ལྟས་ངན་མི་བཟད་


KMC024_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲག་པོ་བྱུང་བ་ཐམས་ཅད་ལ་བཟློག་པ་འདི་བསྒྲགས་ཏེ། ལན་བདུན་ནམ། ལྔ་འམ། གསུམ་ལ་སོགས་པ་དྲག་ཏུ་གྱེར་བར་བྱའོ། །གནམ་ལྕགས་ཀྱི་ཐོག་ཡིན་ཟེར་ཡང་འདིས་བཟློག་པར་ཐེ་ཚོ་མི་འཚལ། སློབ་དཔོན་པདྨས་མཛད་པའོ།། །།དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདགྲ་ཆོས་བསྡུས་པ་དགྲ་བགེགས་ཚར་གཅོད།next