Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་བེར་ཅན་ལྕམ་དྲལ་གྱི་རྣོ་མྱུར་དྲག་པོའི་ལས་མཐའ་བསྲེག་པ་ཧོཾ་ཀྱི་མན་ངག་རྡོ་རྗེའི་མེ་འོབས་བསྟན་དགྲ་ཚར་གཅོད་ཕྲིན་ལས་ལྷུན་གྲུབ།
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་བེར་ཅན་ལྕམ་དྲལ་གྱི་རྣོ་མྱུར་དྲག་པོའི་ལས་མཐའ་བསྲེག་པ་ཧོཾ་ཀྱི་མན་ངག་རྡོ་རྗེའི་མེ་འོབས་བསྟན་དགྲ་ཚར་གཅོད་ཕྲིན་ལས་ལྷུན་གྲུབ།next

བཅོམ་ལྡན་འདས་རྡོ་རྗེ་བེར་ཅན་ལྕམ་དྲལ་གྱི་རྣོ་མྱུར་དྲག་པོའི་ལས་མཐའ་བསྲེག་པ་ཧོཾ་ཀྱི་མན་ངག་རྡོ་རྗེའི་མེ་འོབས་བསྟན་དགྲ་ཚར་གཅོད་ཕྲིན་ལས་ལྷུན་གྲུབ།


KMC024_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་བེར་ཅན་ལྕམ་དྲལ་གྱི་རྣོ་མྱུར་དྲག་པོའི་ལས་མཐའ་བསྲེག་པ་ཧོཾ་ཀྱི་མན་ངག་རྡོ་རྗེའི་མེ་འོབས་བསྟན་དགྲ་ཚར་གཅོད་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །


KMC024_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲི་མ་ཧཱ་ཀཱ་ལ་ཨུཏྟ་རེ་བྷྱཿ ཕྲིན་ལས་དྲག་གཏུམ་བསྐལ་པའི་མེས། །བསྟན་ལ་སྡང་བ་མཐར་བྱེད་པ། །ཟ་བྱེད་རྡོ་རྗེ་སྲིན་པོ་ཆེ། །བཻ་ཏ་ལིར་བཅས་དཀྱིལ་འཁོར་ལྷར། །བསྟོད་ནས་དྲག་པོའི་ཕྲིན་ལས་ཀྱི། །མཐའ་སྡུད་བསྲེག་པ་ཧོཾ་གྱི་གཟོར། །རྒྱུད་དང་མན་ངག་བཅུད་ཕྱུངས་པའི། །ལག་ལེན་རྣམ་གསལ་འདིར་འགོད་བྱ། །འདིར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་མངོན་སྤྱོད་ཕྲིན་ལས་ཀྱི་རྣོ་སོ་བསྲེག་པ་ཧོམ་གྱི་ལག་ལེན་མདོ་ཙམ་བརྗོད་པར་བྱ་སྟེ། །དེ་ཡང་ནག་པོ་ཆེན་པོའི་རྒྱུད། །དུར་ཁྲོད་ཆེན་པོའི་སྦྱིན་སྲེག་གི་ལེའུར། །སྦྱིན་སྲེག་ལས་རྣམས་ཀུན་གྱི་མཆོག །ཁྱད་པར་དུ་ནི་བསད་པ་ཡི། །སྦྱིན་སྲེག་འདིར་ནི་ཤེས་པར་གྱིས། །ཞེས་


KMC024_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་ཉིད་ལས། །སྦྱིན་སྲེག་ཆོ་གའི་རིམ་པ་ནི། །ཁྱད་པར་བདུན་དུ་ཤེས་པར་གྱིས། །བདག་དང་གནས་དང་མཆོད་གཏོར་དང་། །ཐབ་དང་ལྷ་དང་རྫས་དང་དུས། །རྣམ་པ་བདུན་དུ་རབ་ཏུ་བཤད། །ཅེས་ཆོ་གའི་སྡོམས་སུ་བསྟན་པ་ཉིད། ཁྱེར་བདེ་བའི་ཕྱིར་འཁྲུགས་པ་བསྡེབས་ནས་བཀོད་པ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ལ། བདག །གནས། དུས། ཐབ་ཁུང་། མཆོད་པ། སྲེག་རྫས་བཅས་དང་། ལྷ་སྟེ་བདུན་དུ་བསྟན་པའི་དང་པོ་ནི། རིན་པོ་ཆེ་ཀརྨ་པའི་བརྒྱུད་པ་འཛིན་པ། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་བདག་ཉིད་དཔལ་ནག་པོ་ཆེན་པོའི་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་རིམ་པའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྦྱོར་


KMC024_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བས་རབ་དྲོད་ཚད་ཀྱི་ངེས་བརྙེད་ཅིང་བརྟན་པ་ཐོབ་པའམ། ཐ་མའང་དུས་དང་གྲངས་ཀྱི་བསྙེན་པ་རྫོགས་པ་ཞིག་ནི་ངེས་པར་དགོས་ཏེ་རྒྱུད་ལས། དེ་ཉིད་ནག་པོའི་མཚན་མ་རྙེད། །དེ་ནས་སྦྱིན་བསྲེག་བརྩམ་པར་བྱ། །ཞེས་གསུངས་པ་དང་། ཁྱད་པར་གྲུབ་ཆེན་ཀརྨ་པས། ཆོས་སྐྱོང་འདི་ཀརྨ་པའི་དུས་གསུམ་གྱི་ཆོས་སྐྱོང་ཡིན་པ་བརྒྱུད་འཛིན་བུ་སློབ་རྣམས་ཀྱིས་ཤེས་པར་མཛོད། །བརྒྱུད་པ་འཛིན་ཅིང་དུས་གསུམ་མཁྱེན་པའི་གདན་ས་སྐྱོང་བ་རྣམས་ཀྱིས་མ་སྒྲུབ་ཀྱང་ཕྲིན་ལས་དང་སྟོང་གྲོགས་བྱེད་ལ། བརྒྱུད་པ་མི་འཛིན་ཅིང་དུས་གསུམ་མཁྱེན་པའི་གདན་ས་དང་བསྟན་པ་མི་སྐྱོང་བ་རྣམས་ཀྱིས་བསྒྲུབ་ཀྱང་། དངོས་གྲུབ་དང་ཕྲིན་ལས་མི་འགྲུབ་ཅིང་བར་ཆད་སྣ་ཚོགས་འབྱུང་བར་འགྱུར་རོ་ཞེས་གསུང་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། བརྒྱུད་དེ་ཉིད་ལས། གནས་ནི་དུར་ཁྲོད་ཆེན་པོ་ཡི། །རོ་སྲེག་མེ་ཐབ་ཁང་སྟོང་ངམ། །རྡོ་རྗེའི་བྲག་ལ་སོགས་པ་ཡི། །འཇིགས་པའི་གནས་སུ་སྦྱིན་སྲེག་བྱ། །ཞེས་འབྱུང་བ་ལྟར་རམ། སྒྲུབ་པ་དང་འབྲེལ་བའི་སྐབས་དཀྱིལ་འཁོར་གྱི་ལྷོའམ་ལྷོ་ནུབ་ཀྱི་ཕྱོགས་སུ་ཁེལ་བ་བྱུང་ན་ལེགས་ཤིང་། གཞན་ཅི་བདེར་བྱར་རུང་ངོ། །གསུམ་པ་ནི། རྒྱུད་ལས། མར་ངོའི་ཚེས་གཅིག་ལ་སོགས་པ། །མར་ངོའི་ཕྱོགས་ནི་ཐམས་ཅད་ལ། །སྦྱིན་སྲེག་ཆོ་ག་བརྩམ་པར་བྱ། །ཉི་མ་ཕྱེད་དང་ནམ་གྱི་གུང་། །བསད་པའི་


KMC024_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནི་ཡིན་པར་བཤད། །ཞེས་པ་ལྟར་དང་། གཞན་ཡང་བསྙེན་སྒྲུབ་ཀྱི་ཁ་སྐོང་ཤིང་ངར་འདོགས་པ་དང་མངོན་སྤྱོད་དྲག་པོའི་ལས་ཀྱི་རྗེས་སྡུད་རྣམས་སུ་བྱའོ། །བཞི་པ་ནི། རྒྱུད་ལས། དུར་ཁྲོད་ས་དང་ཆུ་འགྲམ་ས། །མེ་ཐབ་ས་ལ་ཐབ་ཁུང་བྱ། །ཞེས་གསུངས་པ་བཞིན་ཐབ་ཁུང་བྱ་བའི་སྔོན་དུ་འགྲོ་བ་ས་སློང་བ་ནི། སྒྲུབ་པ་དང་འབྲེལ་ཞིང་དཀྱིལ་འཁོར་གྱི་ཁང་པའི་ཉེ་ལོགས་ལྟ་བུར་ཡིན་ན་མ་བྱས་ཀྱང་རུང་ལ། བསྲེག་རྐྱང་དུས། དཀྱིལ་འཁོར་དང་འབྲེལ་ཡང་དུར་ཁྲོད་ལྟ་བུ་ཐག་རིང་དུ་བྱེད་པ་དང་། སྤྲོས་པ་ལ་དགའ་ན་གང་དུ་བྱ་བའི་གཞི་དེར། བདག་ཉིད་ལྷའི་རྣལ་འབྱོར་རམ། ཐུན་མཚམས་ཀྱི་ལྷ་ཡི་ང་རྒྱལ་དང་ལྡན་པས། མཆོད་གཏོར། གསེར་སྐྱེམས་བཅས་བཤམས་ནས་བདག་གིས་བྱས་པའི་ས་ཆོག་རྡོ་རྗེའི་ཕྲེང་བ་ནས་འབྱུང་བའི་ས་ལྷའི་སྐབས་བཞིན་ས་སློང་བྱས་མཐར། གནང་བ་བྱིན་ཏེ་རང་གནས་སུ་གཤེགས་པར་མོས། དེ་ནས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དང་། ཨོཾ་ཨཱཿཧཱུྃ་ཨོཾ་ཧ་ན་ཧ་ན་ཀྲོ་ངྷ་ཧཱུྃ་ཕཊ། ཅེས་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱི་སྟོང་པ་ཉིད་དུ་རྣམ་པར་དག་པའི་མོས་པས་སྦྱང་བ་ཙམ་བྱས་པས་འགྲུབ་ལ། གང་ལྟར་ཡང་ཐབ་ཁུང་དངོས་ནི། དེང་སང་གི་ཕྱག་ལེན་


KMC024_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྲི་ཐབ་བྱ་སྟེ། །དེ་ཡང་ཐབ་ཀྱི་སྟེགས་བུའི་རྒྱུ་གོང་དུ་བཤད་པ་དེ་དག་གམ། སྤྱི་ཙམ་དུ། ཚོན་གྱི་ཁ་དོག་ནག་པོར་བསྒྱུར་བའི་སྟེགས་བུ་རྒྱར་མདའ་གང་བ། དཔངས་སུ་མཐོ་གང་པ་གྲུ་གསུམ་རྩེ་མོ་མདུན་དུ་བསྟན་པ་ལ། རྡུལ་ཚོན་གྱིས་གྲུ་གསུམ་ངོས་ལ་ཁྲུ་གང་པ། ཁ་ཁྱེར་གསུམ་རིམ། དབུས་སུ་དྲག་པོའི་མཚོན་འཁོར་རྩིབས་བརྒྱད། དེའི་ལྟེ་བར་ཨེ་མཐིང་ནག་ལ་གྲི་གུག་ཟླ་བ་ཕྱེད་པ་ལྟ་བུས་མཚན་པ། གྲུ་གསུམ་ཕྱི་ནང་ཚང་མའི་རྩེ་མོ་བསྟན་ཕྱོགས་སྟེགས་བུ་དང་མཚུངས་པ། ཁ་ཁྱེར་གསུམ་ལ་ནང་ནས་རིམ་བཞིན་གྲི་གུག །ཐོད་སྐམ། མེ་རི་དང་བཅས་པ་རྣམས་ལ། ཐོད་སྐམ་དང་མེ་རི་མ་གཏོགས་གཞན་རྣམས་ཁ་དོག་ནག་པོ་དང་མཐིང་ཀ་ཤ་སྟག་ལ་ཅུང་ཟད་མི་འདྲེས་པའི་མདངས་བསྒྱུར་བས་བྱ་བ་ཡིན་ཏེ། རྒྱུད་ལས། ཐབ་ནི་མཐིང་ནག་ཨེ་ཡི་དབྱིབས། །རྒྱ་ལ་ཁྲུ་གང་ཟབས་སུ་ཕྱེད། །སུམ་རིམ་དཔང་ལ་སོར་གསུམ་སྟེ། །མེ་འོད་གྲི་གུག་ཐོད་པས་བརྒྱན། །དབུས་སུ་གྲི་གུག་ནག་པོ་བྲི། །ཞེས་བཤད་དོ། །ཐབ་དེར་དུར་ཚེར་སྐྱེར་པ། སྟར་བུ་ལ་སོགས་པའི་ཤིང་གྲུ་གསུམ་གྱི་དབྱིབས་གཤགས་པས་ཟུར་གསུམ་དུ་བརྩེགས་ཤིང་ནང་དུ་མེ་ཚང་ལེགས་པར་བཅལ། མེ་ཡོལ་ཀྱང་ཁ་དོག་ནག་པོར་བསྒྱུར་ཞིང་བྲག་རི་གཟིང་བ་དང་བམ་ཡིག་འབྲིའོ། །ལྔ་པ་ནི་རྒྱུད་ལས། མེ་ཏོག་སྤོས་དང་མར་མེ་དྲི། །ཤ་ཆེན་ལྷ་བཤོས་བསྲེག་


KMC024_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས། །ཁྱད་པར་གྱི་ནི་མཆོད་པར་བྱ། །ཅེས་གསུངས་པས། སློབ་དཔོན་གྱི་གཡས་ཕྱོགས་སུ་སྟེགས་ཀྱི་ཁར་ཞིང་དང་གཅན་གཟན་གྱི་ལྤགས་པའམ་དར་ནག་བཀབ་པར། དབུས་སུ་ཁྱད་པར་གྱི་གཏོར་མ་ཤ་ལྔ་བདུད་རྩི་ལྔ། བཙན་དུག །སྦྲང་རྩི། རྒུན་འབྲུམ་ནག་པོ། སེ་འབྲུ། ཉ་ཤ །ཚ་བ་གསུམ། ཁྲག་ཆེན། མི་རུས་རྣམས་བསྲེག་པའི་བ་ལིང་དང་། གཡས་གཡོན་དུ་སོ་སོའི་རྫས་ལྡན་གྱི་སྨན་རཀ །གཞན་ཡང་དུག་ཁྲག་གི་ཨཱརྒྷཾ། དུག་དང་དབང་ལྔའི་མེ་ཏོག །མན་ངག་གི་སྤོས། ཞུན་ཆེན་གྱི་མར་མེ། ཁྲག་ཞག་ཐལ་བ་བདུད་རྩི་ལྔ་རྣམས་ཀྱི་དྲི་ཆབ་ཤ་ཆེན་གྱི་ཞལ་ཟས་སོགས་དྲག་པོའི་ཉེར་མཆོད་ཕྲེང་ཚར་དང་། དེ་ལས་དམའ་བར་མེ་ལྷའི་གཏོར་མ་དང་། དྲག་པོའི་ཉེར་མཆོད་བཅས་པའང་བཤམ་མོ། །དྲུག་པ་ནི། སློབ་དཔོན་གྱི་གཡོན་དུ་དགང་གཟར་བླུགས་གཟར་ཀྱང་། རྒྱུད་ལས། རྫས་ནི་མི་རྐང་ལས་བྱུང་བའི། །ཆོ་གས་དགར་གཟང་བླུག་གཟར་བྱ། །ཞེས་པ་ལྟར་རམ། སྤྱི་ཁྱབ་ལྕགས་ལས་བྱས་པའི་དགང་གཟར་བླུག་གཟར་གྲུ་གསུམ་རལ་གྲིའམ་རྡོ་རྗེས་མཚན་པ་དང་། ཚིལ་ཞུན་ནམ་མར་ནག་བཅས་འདུ་བྱ། གཞན་ཡང་མེ་ལྷའི་གདན་ཀུ་ཤ་རྒྱ་གྲམ་དུ་བཅིངས་པ་དང་། རླུང་གཡབ་བྱ་རོག་གི་གཤོག་པའམ་རས་ནག་ལ་རཾ་ཡིག་བྲིས་པ། ཐོད་པ་ལ་སོགས་པའི་སྣོད་དུ་ཁྲག་གི་མཆོད་ཡོན་དང་། བསང་གཏོར།


KMC024_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཆུའི་ཞལ་བསིལ་བཅས་བཤམས་དང་། སོ་རྩི། སློབ་དཔོན་གྱི་གཡོན་དུ་བྱིན་གྱིས་བརླབས་པའི་ནང་མཆོད་ཌཱ་མ་རུ་དང་རྡོར་དྲིལ་སྲས་མཆོག་གི་ཕུར་བུ་གྲི་གུག་མེ་ཏོག་གམ་འབུན་པ། །གཞན་ཡང་མེ་རུའམ། ཏིང་ལོ་གདོལ་བཤན་གྱི་ལག་ནས་བྱུང་བའི་མེ། མེ་གཞི་ལ་བྱེད་ཁྲག་ཆུ་ཕོན་ཆེ་བ། གདབ་ལས་རྒྱས་བསྡུས་གང་ཡིན་གྱི་ཆས་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ། །རྩ་བའི་ས་བཅད་བདུན་པ། སློབ་དཔོན་ཉིད་སྙིང་རྗེ་ཆེན་པོས་ཀུན་དཀྲིས་པའི་ཞེ་སྡང་གི་སེམས་དྲག་གཏུམ་གྱི་ཉམས་དང་ལྡན་པས། ཞྭ་བེར་ནག་པོ་དང་། ཐོད་པའམ་རཀྴའི་ཕྲེང་བ་གྱོན་ལ། གདོང་ལ་རོ་སོལ་ལམ་དུག་ཁྲག་བྱུགས་ནས། བམ་ཆེན་ནམ་ཞིང་གི་པགས་པ་དངོས་སམ་དེར་དམིགས་པའི་གདན་ལ། གདོང་མེ་དཀྱིལ་གྱི་མདུན་དུ་ཕྱོགས་པས། རྐང་པ་གཡོན་པུས་བསླང་གི་གཡས་སྐྱིལ་ཀྲུང་བྱས་པའི་མཐིལ་མནན་པའི་སྟབས་ཀྱིས་འཁོད་པར་བྱ་སྟེ། རྒྱུད་ལས། དེ་ལ་བདག་ཉིད་རྣལ་འབྱོར་པས། །རོ་ཡི་གདན་ལ་འདུག་ནས་ནི། །མིག་གིས་ཟུར་གསུམ་མི་བཟད་པ། །བྱས་ནས་སོས་ནི་སོ་འཆའ་ཞིང་། །ཞེས་སོ། །དངོས་གཞི་ལྷའི་ཆོ་ག་སྦྱིན་སྲེག་དངོས་ལ་ལྔ། སྔོན་དུ་བྱ་བ། མེ་ལྷ་མཆོད་པ། དཀྱིལ་འཁོར་པ་མཆོད་པ་མེ་ལྷར་གཏང་རག་འབུལ་ཞིང་གཤེགས་སུ་གསོལ་བ། རྗེས་རིམ་རྣམས་ལས། དང་པོ་ལའང་བཞིར་བཤད་པའི་ཐོག་མ་


KMC024_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རྣལ་འབྱོར་ནི། བསྙེན་སྒྲུབ། སྒྲུབ་མཆོད་སོགས་དང་འབྲེལ་བ་ཡིན་ན་སྔོན་དུ་སོང་ཟིན་ཅིང་། དེ་དག་དང་མི་འབྲེལ་བའི་སྦྱིན་སྲེག་སྒེར་ཐུབ་བྱེད་པ་ཡིན་ན་མགོན་པོ་མཚལ་གསེར་གྱི་གཞུང་གང་མོས་སྲུང་འཁོར་ནས་བསྟོད་པའི་བར་བཟླས་པ་བཅས་གྲུབ་པར་བྱ་བའམ། དེ་ཙམ་མི་ལྕོགས་ན་བརྒྱུད་འདེབས་སྐྱབས་སེམས་སྲུང་འཁོར་བདུད་རྩི་བྱིན་རླབས་བཅས་སྔོན་དུ་འགྲོ་བས་བདག་གིས་བྱས་པའི་ས་ཆོག་རྡོར་ཕྲེང་ནས་འབྱུང་བའི་བདག་བསྒོམ་བཟླས་པ་བསྡུ་སྡང་གི་བར་བགྱིས་པས་ཀྱང་འགྲུབ་བོ། །གཉིས་པ་རྡོར་དྲིལ་བཟུང་བ་ནི། བདག་ཉིད་ཀྱི་ལག་པ་གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ཨ་དང་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ལག་པ་གཉིས་རྡོ་རྗེའི་རང་བཞིན་དུ་གྱུར་པར་མོས་ལ་པད་སྐོར་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་རྡོ་རྗེ་བླངས་ཤིང་གསོར། ཨོཾ་བཛྲ་གྷནྜེ་ཨཱཿ ཞེས་དྲིལ་བུ་དཀྲོག་ཞིང་། མཐར་སྙིང་གར་འཁྱུད་རྒྱ་བཅས་དམ་ཚིག་གསུམ་དྲན་པར་བྱ་ཞིང་འདི་ནས་བཟུང་ཆོ་ག་མ་གྲོལ་བར། ལུས་ལྷ། ངག་སྨྲ་བཅད། ཡིད་ཏིང་ངེ་འཛིན། ལག་པ་རྡོར་དྲིལ་དང་མི་འབྲལ་བ་རྣམས་བྱའོ། །གསུམ་པ་རྫས་བརླབས་པ་ནི། །མཆོད་རྫས་དང་བསྲེག་རྫས་རྣམས་ལ་བྱིན་གྱི་བརླབས་པའི་བདུད་རྩི་འཐོར་ཞིང་།


KMC024_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དཾཥྚོད་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཨ་ལས་ཐོད་པར་ཧཱུྃ་ཡིག་ནག་པོ་ལས། སྨན་གཏོར་རཀྟ་ཉེར་སྤྱོད་མཆོད་སྤྲིན་དང་། །ནྲྀ་དང་ཏྲི་ལས་དགྲ་བགེགས་ཤ་ཁྲག་རུས། །ཕུང་ཁམས་སྐྱེ་མཆེད་སྲོག་དབུགས་དྲོད་མདངས་བཅས། །ངོ་བོ་ཟག་མེད་རྡོ་རྗེའི་དམ་ཚིག་རྫས། །དཀྱིལ་འཁོར་པ་རྣམས་དགྱེས་སྐོང་མཆོག་ཏུ་གྱུར། །ཨོཾ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤེ་ནས། ཤབྟའི་བར་དང་། མ་ཧཱ་མཱཾ་ས་ཨོཾ་ཨཱཿཧཱུྃ། དེ་བཞིན་སྦྱར་བའི། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ན་ཨ་མྲི་ཏ། སུ་ར་ཏ། བ་ལིངྟ། ཀི་ནི་རི་ཏིའི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབ་བོ། །བཞི་པ་མེ་སྦར་བ་ནི། རྒྱུད་ལས། རིགས་ངན་བཤན་པ་ལས་བྱུང་བའི། །སྦྱིན་སྲེག་མེ་ནི་ཡིན་པར་བཤད། །ཅེས་པ་བཞིན་གོང་གི་མེས་ཏིང་ལོའམ་དཔལ་འབར་སྦར་བདུད་རྩིས་བྲན་ལ། དཾཥྚོད་ཀྱིས་བསང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ། ཨ་མུ་ཀ་མཱ་ཡ་ཛྭ་ལ་རཾ་ཞེས་མེ་ཐབ་ཀྱི་ལྷོ་ནས་མེ་གཞུག་ལ་སྦར། རླུང་གཡབ་ཀྱིས་གཡབ། ཧཱུྃ་ཧཱུྃཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཞེས་ཞུན་ཆེན་གྱིས་མེ་གསོ། འདི་ནས་


KMC024_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་མ་གྲོལ་བར་མེ་ཐབ་ལ་ལས་རྡོར་དང་། སློབ་དཔོན་མ་གཏོགས་གཞན་གྱིས་མི་རེག་ཅིང་། མེ་ཚང་དཀྲུགས་པ་སོགས་མི་བྱའོ། །གཉིས་པ་མེ་ལྷ་མཆོད་པ་ལ། དེའི་མངོན་རྟོགས་དུར་ཁྲོད་ཆེན་པོའི་རྒྱུད་ལས། ཐབ་ཀྱི་ནང་དུ་སོགས་ནས་རྐང་པ་དྲུག་རྒྱུད་ཚིག་ཉིད་ལ་མཚམས་སྦྱོར་ཕྲན་བུ་བཅས་འགོད་པ་ལ། བསྐྱེད་པ། སྤྱན་དྲངས་བསྟིམ་པ། གདན་འབུལ། མཆོད་བསྟོད། རྫས་དབུལ་བ་སྟེ་ལྔ་ལས། དང་པོ་ནི་མེ་ཐབས་བདུད་རྩི་གཡོན་བསྐོར་དུ་འཐོར་ཞིང་། ཨོཾ་དཾཥྚོད་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། ཆོས་རྣམས་ཐམས་ཅད་སྟོང་པ་ལས། །ཧཱུྃ་གི་ཡི་གེ་ལས་བྱུང་བའི། །དྲག་པོའི་ཐབ་ཁུང་ཟུར་གསུམ་པ། །ཁ་ཁྱེར་གསུམ་ལྡན་ཆོས་དབྱིངས་ཁྱབ། །འབར་བའི་མེ་ལྕེ་རབ་འཁྲུག་པའི། །ཐབ་ཀྱི་ནང་དུ་པད་ཉིར་ཧཱུྃ། །རཾ་ལས་མེ་ལྷ་བསྐྱེད་པར་བྱ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཕྱག་གཉིས་མེ་ཏོག་བགྲངས་ཕྲེང་འཛིན། །མདོག་དམར་སྤྱན་བགྲད་ཞལ་གདངས་པ། །ཁྲོ་གཉེར་མཆེ་བ་གཙིགས་པའོ། །ར་སྐྱེས་ལ་གནས་གནས་གསུམ་དུ། །ཡིག་གསུམ་མཚན་ལས་འོད་ཟེར་འཕྲོས། །


KMC024_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ལྷུན་པོའི་ཤར་ལྷོ་ནས། །མེ་ལྷ་འཁོར་བཅས་སྤྱན་དྲངས་གྱུར། །གཉིས་པ་ནི། རྒྱུད་ལས། རང་བཞིན་མེ་དང་ཡེ་ཤེས་མེ། །ཕྱག་རྒྱ་བཞི་ཡི་སྦྱོར་བས་བསྟིམ། །ཞེས་པ་ལྟར་དྲངས་ཞིང་བསྟིམ་པ་ནི། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པའི་མཐེ་བོང་རྣ་བའི་དྲུང་དུ་གཡོབ་ཅིང་། ཧཱུྃ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །རང་བཞིན་གནས་ནས་སྐུ་བསྐྱོད་ལ། །འབར་བའི་དཀྱིལ་འཁོར་འདིར་བཞུགས་ནས། །རང་གི་དམ་ཚིག་ཚུལ་བཞིན་མཛོད། །ཨོཾ་ཨཱགྣེ་དེ་བ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ཛཿཧཱུྃ་བྃ་ཧོཿ གསུམ་པ་ནི། ཀུ་ཤ་རྒྱ་གྲམ་དུ་ཕུལ་བ་ལ། ཨོཾ་ཨགྣེ་དེ་བ་ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། ཞེས་བརྗོད། བཞི་པ་ནི། མཆོད་ཡོན་ལ་སོགས་པའི་ཉེར་མཆོད་རྣམས་འབུལ་ཞིང་། ཨོཾ་ཨཱགྣེ་དེ་བ་ས་པཱ་རི་ཝཱ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། པུཥྤེ་ནས། ཤབྡའི་བར་བརྗོད། བསྟོད་པ་ནི། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །བདུད་དང་དགྲ་བགེགས་བརླག་མཛད་ཅིང་། །ཇི་ལྟར་འདོད་པའི་དོན་བསྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །


KMC024_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ནི། རྒྱུད་ལས། གཉིས་མེད་གྱུར་པའི་ལྕེ་ལ་ཧཱུྃ། །བསམ་ནས་ལིངྒ་བསྲེག་རྫས་རྣམས། །ཡན་བདུན་རབ་ཏུ་ཁྲོས་པས་ཕུལ། །ཅེས་གསུངས་པས། །ཐོག་མར་བྱོན་ཟན་ནམ་བྱོན་སྐྱེམས་འབུལ་བ་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་གསུམ་པ་ཧཱུྃ་ཡིག་དམར་པོས་མཚན་པ་དང་། དགང་བླུག་གི་ཁ་ལ་ཡང་ཧཱུྃ་ཡིག་མཐིང་གས་མཚན་པ་ལས་འོད་ཟེར་གྱི་སྦུ་གུར་གྱུར་པའི་བདུད་རྩི་དྲངས་ཤིང་གསོལ་བས་མཉེས་པར་མོས་ལ། ལག་གཉིས་མཐེ་བོང་དང་མཐེའུ་ཆུང་རྩེ་སྤྲད་པའི་ཁུ་ཚུར་གྱི་གཡས་པས་དགང་གཟར་གཡོན་པས་བླུག་གཟར་ཐོགས་པ་པུས་མོ་ལས་ནང་དུ་མི་འདའ་བར། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། སྔགས་ལན་བདུན་གྱིས་དགང་གཟར་བཀང་ནས་གཟར་བུ་གཉིས་ཀ་སྦྱར་བ་གཡོན་དུ་བསྐོར་ཞིང་། ཨོཾ་ཨཱགྣེ་ཡེ་སརྦ་ཤ་ཏྲུཾ་བིགྷྣཱན་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། །ཞེས་པས་ཕུལ། དེ་ནས། ཨོཾ་བཛྲ་ཀྲོ་ངྷ་ཨཱགྣེ་ཡེ། ཧཱུྃ་མ་མ་སརྦ་ཤ་ཏྲུཾ་ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཕཊ། །ཅེས་པ་ལན་བདུན་རེ། ཡམ་ཤིང་། ཞུན་ཆེན། ལིང་ཆེན། མཆོད་རྫས། དྲག་རྫས། གསོད་རྫས། སྨྱོས་རྫས་བཅས་འབུལ་ཞིང་། སྐབས་སུ་མར་ནག་གི་ཁུ་བ་དང་ཞུན་ཆེན་གྱིས་


KMC024_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གསོ་བའང་བྱའོ། །མཐར། ཧཱུྃ། ཨཱགྣེ་རཱ་ཛ་འཁོར་བཅས་ཀྱིས། །བསྟན་ལ་སྡང་བའི་དགྲ་དང་བགེགས། །དམ་སྲི་རྒྱལ་འགོང་རྒྱབ་བརྟེན་བཅས། །རྔམ་པར་བཞེས་ལ་རྡུལ་དུ་རློག །སྔོན་གྱི་དམ་ཚིག་དྲན་གྱིས་ལ། །བདག་གི་ལས་འདི་འགྲུབ་པར་མཛོད། །ཅེས་འདོད་དོན་གསོལ། སེ་གོལ་དང་བཅས། ཨོཾ་བཛྲ་ཛྭ་ལ་རཾ། བརྗོད་པས། མེ་ལྷ་འབར་བའི་རྣམ་པར་གྱུར། བར་བལྟའོ། །གསུམ་པ་དཀྱིལ་འཁོར་པ་མཆོད་པ་ལ་བདུན། རྟེན་བསྐྱེད་ཅིང་སྤྱན་དྲངས་པ། མཆོད་ཅིང་བསྟོད་པ། དམིགས་བྱ་བཀུག་ཅིང་བསྒྲལ་བ། རྫས་འབུལ་བ། ལས་བཅོལ་བ། གཏང་རག་འབུལ་ཞིང་བཟོད་པར་གསོལ་བ། གཤེགས་སུ་གསོལ་བ་རྣམས་སོ། །དང་པོ་ནི། རྒྱུད་ལས། དེ་ནས་འབར་བའི་ངོ་བོར་བརྟགས། །མེ་ཡི་གཞལ་ཡས་ཁང་དུ་བསམ། །དཔལ་ལྡན་ནག་པོ་ཆེན་པོ་ནི། །ཆོ་ག་ལྔའམ་གསུམ་གྱིས་བསྐྱེད། །བདག་དང་དམ་ཚིག་ཐུགས་ཀ་ཡི། །འོད་ཟེར་ཕྱག་རྒྱ་བཞི་དང་ལྡན། །དཔལ་ལྡན་ནག་པོ་ཆེན་པོ་ཡི། །དེ་ཡི་ཆོ་གས་བཀུག་ལ་བསྟིམ། །ཞེས་འབྱུང་བས། རྒྱས་པར་སྤྲོ་ན། ཀུན་མཁྱེན་ཆོས་འབྱུང་གི་མགོན་ཕྲེང་ནས་འབྱུང་བ་ལྟར་ཆོ་ག་གསུམ་བསྐྱེད་དང་། ཤིན་ཏུ་རྒྱས་པར་སྤྲོ་ན་སྡང་བ་རྣམས་


KMC024_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་བཞིན་མངོན་བྱང་ལྔ་དང་། བསྡུས་པར་མོས་ན། ས་བོན་ལས་བསྐྱེད་པ་མགོན་པོ་མཚལ་མ་དང་། ཤིན་ཏུ་བསྡུ་ན། དྲན་རྫོགས་སུ་ཀློང་བསྐྱེད་ཁཾ་ཡིག་མ་བཅས་སྐབས་སྦྱར་གྱིས་གྱེར་བསྒོམ་བྱ་ཞིང་། །སྤྱན་འདྲེན་སྐབས་སྒྲུབ་པ་རས་བྲིས་དང་། རྡུལ་ཚོན་སོགས་དང་འབྲེལ་ཚེ་ཚོམ་བུ་སྤྱན་འདྲེན། སྤྲོ་ན་སྤྱི་ལྟར་བྱ་ཞིང་འདིར་ནི་སྤྲོས་པ་བསྐྱུངས་པའི་དབང་གིས་མ་བཀོད། གང་ལྟར་ཡང་རྒྱས་སྐབས་ཆོ་ག་སོ་སོའི་སྤྱན་འདྲེན་གྱི་མཐར་རམ། ཤིན་ཏུ་བསྡུས་པར་འདི་གས་འཐུས་པར་བྱས་ཀྱང་ཆོག་ཅིང་རྒྱུད་ནས་གསུངས་པའི་སྤྱན་འདྲེན་ནི། ཧཱུྃ། སྲིད་གསུམ་འཇིགས་པར་བྱེད་པ་ཡི། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པ་སྲུང་བར་ཁས་བླངས་པའི། །དམ་ཚིག་ཆེན་པོའི་སྟོབས་ཀྱིས་ནི། །འབར་བ་ཆེན་པོའི་དཀྱིལ་འཁོར་དུ། །དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ། །མེ་ཡི་དཀྱིལ་འཁོར་འདིར་བཞུགས་ལ། །གདུག་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ཞེས་དང་། སྤྱན་འདྲེན་སྔགས་བརྗོད་པས་སྤྱན་དྲངས་པར་ཡིད་ཀྱིས་མཚོན་ཅིང་། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཅེས་པས་བསྟིམ།


KMC024_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་བཞག །དབང་བསྐུར་རྒྱས་གདབ། །ཕྱག་འཚལ་བཅས་གཞུང་གང་ཡིན་པ་ལྟར་བྱའོ། །གཉིས་པ་ནི། རྒྱུད་ལས། མཆོད་པའི་ཁྱད་པར་ཀུན་ཀྱང་འབུལ། །ཞེས་དང་། དེ་ནས་བདུད་རྩི་རཀྟ་ནི་ས། །དཔལ་ལྡན་ནག་པོའི་ཞལ་དུ་འབུལ། །མཆོད་དང་གཏོར་མའི་རིམ་པ་རྣམས། །ཅེས་འབྱུང་བ་བཞིན། མཆོད་པའི་སྐབས་སུ་དྲག་མཆོད་རྣམས་དབུལ། སླར་སྤྲོ་ན་གཏོར་མ་བྱིན་རླབས་དང་། བསྡུ་ན་གོང་དུ་རྫས་བྱིན་རླབས་ཀྱིས་འཐུས་པར་བྱས་ཏེ་གང་ལྟར་ཡང་། ཧཱུྃ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །སོགས་ཀྱིས་བླུགས་གཟར་གྱིས་སྨན་རཀ་དང་། དགང་གཟར་དུ་བ་ལིང་ཞུན་ཆེན་གྱི་རྒྱུ་དང་བཅས་པས་ཕུལ་ཞིང་སྔགས་རིང་ཀྱང་བརྗོད་མཐར། གཞུང་སོ་སོའི་བསྟོད་པ་དང་ཤིན་ཏུ་བསྡུ་སྐབས། ཧཱུྃ། ཌཱ་ཀི་བྱེ་བ་འབུམ་གྱི་སོགས་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སོགས་དང་། བསྟོད་པར་འོས་པ་བཅས་ཤྭ་ལོ་ཀ་གསུམ་གྱིས་འཐུས་པར་བྱེད། དེ་ནས་བྱོན་ཟན་ནི། ལྷ་རྣམས་ཀྱི་ལྗགས་དང་། དགང་བླུགས་ཁ་ལ་ཧཱུྃ་ཡིག་གསལ་བའི་འོད་ཀྱིས་སྦུ་གུས་དྲངས་ཏེ་གསོལ་བས་དགྱེས་པར་གྱུར་པར་མོས་ལ། ཨོཾ་མ་ཧཱ་ལ་ཀཱ་ལི་ས་པཱ་རི་ཝཱ་ར། །ཨོཾ་ཨཱགྣེ་ཡེ་སྭཱ་ཧཱ། ཞེས་སྔགས་ཕྱི་མ་ལན་


KMC024_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱིས་ཞུན་ཆེན་འབུལ་ལོ། །གསུམ་པ་ནི། རྒྱུད་ལས་བསྒྲུབ་བྱ་བཀུག་ནས་དེ་ལ་བསྟིམ། སྔགས་ཀྱི་དབྱེ་བའི་ཆོ་ག་བྱ། །མགོ་ནས་རྐང་པའི་མཐིལ་གྱི་བར། །བསད་སྔགས་ཚེར་མ་འབུམ་ཕྲག་བརྡེག །དེ་ནས་ནག་པོ་ཆེན་པོ་ཡི། །གྲི་གུག་རབ་གནས་བྱས་པ་ཡིས། །མགོ་ནས་ཞབས་སུ་ཏིལ་གྱི་ཚད། །གཏུབས་ནས་ནག་པོའི་སྦྱིན་སྲེག་བྱ། །ཞེས་གསུངས་པས། མདུན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཤིན་ཏུ་ཁྲོས་འཁྲུགས་རྔམ་པའི་རང་བཞིན་བསྐལ་མེའི་གཟི་བརྗིད་འབར་བ་དྲག་པོའི་ལས་ལ་དགྱེས་ཤིང་རིངས་བའི་ངར་དང་ལྡན་པར་གྱུར་པར་དམིགས་ནས་སྤྲོས་པ་རྒྱས་སྐབས་གདབ་ལས་རྒྱས་འབྲིང་བསྡུས་པ་རྣམས་གང་མོས་དང་། ཤིན་ཏུ་བསྡུ་ན་མདུན་དུ་རྩ་རྫས་ཀྱི་ལིང་ག་ཆེ་བ་ཤོག་ལིང་ཡོད་ན་དེ་དང་བཅས་ལྕགས་སྣོད་ཧོམ་དུ་བཅུག་པ་དང་། ཐོ་བ་དང་། ལྕགས་ཀྱུ་སོགས་རྒྱ་བཞི་རླུང་གཡབ། དུར་རྡོ། སྒྲོ་གཉིས། ཐུན་རྭ་གྲི་གུག་བཅས་འདུ་བྱས་ལ། མདུན་དུ་ལྕགས་ཀྱི་ཁང་སྒྲོམ་ཡ་ང་བའི་ནང་དུ་དགྲ་བགེགས་དམ་སྲི་རྣམས་དངོས་སུ་གསལ་བ་མྱ་ངན་གྱི་འོ་དོད་ལྷང་ལྷང་འབོད་པར་གྱུར། བདག་མདུན་གྱི་ཐུགས་ཀ་ནས་ཡཿལས་གཤིན་རྗེ་


KMC024_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཧཱུྃ་དང་མ་ལས་མགོན་པོ་དང་མ་མོ། དུཿལས་བདུད་ཀྱི་དམ་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་དམིགས་བྱ་རྣམས་བཀུག་ནས་གཟུགས་ལ་བསྟིམ་པར་གྱུར་པར་མོས་ལ་འགུགས་པ་རྒྱས་པའི་མཐར། གཟུགས་བརྙན་ལིངྒ་འདི་ལ་ཁུག་ཅིག །ཅེས་སྦྱར་བ་དང་། བསྡུས་པ་བཅས་ལན་གསུམ་འགུགས་སྔགས་བཅས་མཐར་གདབ་ལས་བསྡུས་པ་ནས་འབྱུང་བའི། ཧཱུྃ། ཆོས་སྐྱོང་སྲུང་མ་དམ་ཅན་ཚོགས། །སོགས་བརྗོད་བཞིན། ཐོ་བ་སོགས་མཚོན་ཆ་རྣམས་ཕྱག་ལེན་ལྟར་བརྡེག །སྲུང་སྐྱོབས་བྱེད་པའི་ལྷ་དང་ཕྲོལ། །དེའི་སྐབས་སྒྲོ་གཉིས་ཀྱི་ལྷ་དབྱེ་བྱ་ཞིང་། ནད་ཀྱི་བདག་མོ་སོགས་ནས། ཀིང་ཀང་ཕོབ། ཐུན་པས་བརྡེགས། རྣམ་ཤེས་ཚངས་པའི་དབྱིངས་སུ་སྤོར། །ཞེས་པའི་མཐར། ཕཊ། སྒྲ་བཅས་རྣམ་ཤེས་སྤར་ཞིང་མཐར། ཧེར་ནི། །ཤ་ས་ན། ཧུ་ར་རྦད་སྔགས་རྣམས་ལན་གསུམ་རེ་དང་། རྒྱུད་ནས་གསུངས་པའི་སྔགས། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཏ་པ་ཏ་པ་ཧཱུྃ། ཞེས་པ་བཟླ་ཞིང་། ཧཱུྃ། བསྟན་པའི་བཀའ་སྲུང་མཐུ་བོ་ཆེ། །མགོན་པོ་ལྕམ་དྲལ་འཁོར་དང་བཅས། །སྔོན་གྱི་དམ་


KMC024_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་དྲན་མཛོད་ལ། །བསྟན་པའི་དགྲ་བོ་དམ་སྲི་བགེགས། །ཕོ་མོ་བྲན་གཡོག་བྱད་མའི་ཚོགས། །ལྷ་དང་སྲུང་མ་ཡུལ་མཁར་བཅས། །འབར་བའི་ཞལ་དུ་ལྷག་མེད་བཞེས། །ཁ་ཕུང་རྗེས་མེད་གྱིས་ལ་ཤོག །དམ་ཚིག་ཆེན་པོའི་དུས་ལ་བབས། །བཅོལ་བའི་ལས་ལ་རྩལ་མ་ཞན། །བདག་གི་ལས་འདི་མྱུར་དུ་སྒྲུབས། །རྟགས་དང་མཚན་མ་མྱུར་དུ་སྟོན། །དམ་ལས་མ་འདའ་ས་མ་ཡ། །ཞེས་གནད་ནས་བསྐུལ་མཐར། རྒྱུད་ལས། །རྩ་བའི་སྙིང་པོ་སྔགས་ལ་ནི། །བསད་པའི་ཡི་གེ་གཞུག་པར་བྱ། །བསམ་གཏན་སྔགས་དང་ལྡན་གྱུར་པས། །སྦྱིན་སྲེག་ནག་པོའི་ཞལ་དུ་འབུལ། །ཞེས་དང་། ཞལ་ནས་སྣ་ཚོགས་མེ་ཡི་འོད། །དྲག་པོའི་དབྱིབས་སུ་འབར་བར་བསམ། །ཞེས་འབྱུང་བ་ལྟར། ལྷ་ཚོགས་དྲག་ཏུ་ཁྲོས་འཁྲུགས་རྔམ་པའི་ཞལ་གནམ་སའི་ནང་ནས་བསྐལ་པའི་མེ་ལྕེ་འུར་འུར་འབར་བར་བསྲེག་རྫས་རྣམས་ངོ་བོ་བདུད་རྩི་ལ་རྣམ་པ་དགྲ་བགེགས་དམ་སྲིའི་ཤ་ཁྲག་དོན་སྙིང་སྲོག་དབུགས། ཡུལ་མཁར་བྱད་མ་རྦོད་གཏོང་། རྦད་


KMC024_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་དང་བཅས་པ་རྣམས། །ཐུལ་ཐུལ་བསྲེགས་ཅིང་དགྱེས་པའི་བཞད་སྒྲ་དང་བཅས་གསོལ་བར་དམིགས་ནས། རྒྱུད་ནས་འབྱུང་བའི་སྲེག་སྔགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀཱ་ལི་དེ་ཝཱི་ས་པཱ་རི་ཝཱ་རེ་བྷྱཿ ཧཱུྃ་མ་མ་སརྦ་ཤ་ཏྲུམ་ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རེ་བཟླ་བཞིན། ཡམ་ཤིང་། ཞུན་ཆེན། རྩ་བའི་རྫས། མཆོད་རྫས། དྲག་རྫས། གསོད་རྫས། མྱོས་རྫས་བཅས་གྲངས་ངེས་པ་སྔགས་དང་རྫས་ལྷག་ཆད་དུ་མ་གྱུར་པར་འབུལ་ཞིང་། སྤྲོ་ན་ཚན་པར་རེའི་མཐར་རོལ་མོ་བྱ་ཞིང་། སོ་སོའི་དབུར་གོང་གི་བཅོལ་བསྐུལ་ཀྱང་བྱའོ། །དེ་ལྟར་དྲུག་པོ་རྫོགས་ནས། བདུན་པ་ནི། རྒྱུད་ལས། བདག་གི་ཐུགས་ཀའི་བོན་ལས། །འོད་ཟེར་ནག་པོའི་གཟུགས་སུ་སྤྲོ། །དེ་ཡིས་བསྒྲུབ་བྱ་བཀུག་བྱས་ནས། །རྐང་པ་གཉིས་ནས་བཟུང་ནས་ནི། །དུག་གཏོར་དུ་ནི་སྤྲུག་བྱས་ཏེ། །གཞན་ཡང་ནག་པོའི་ཞལ་དུ་འབུལ། །ཞེས་པར་ལྟར་མན་ངག་གསང་བའི་རྫས་ལིང་ཆུང་རྣམས་དང་། །དམར་གཏོར་ལྔ་ལ་དམིགས་པའི་བཀུག་གཞུག་སྐབས་རྒྱས་པའི་མཐར། དམར་གྱི་གཏོར་མ་གཟུགས་ལིངྒ་དང་བཅས་པ་འདི་རྣམས་ལ་ཁུག་ཅིག །ཅེས་སྦྱར་བ་དང་། བསྡུས་པ་


KMC024_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལན་གསུམ་བྱ་ཞིང་། རཱུ་པ་དགྲ་བགེགས་དམ་སྲི་བྱད་མ་ལྷ་དང་བཅས་པ་དངོས་སུ་གསལ་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པས། མེ་ལྕེ་འཁྲུགས་པའི་ཞལ་གྱི་ཧོམ་ཁུང་དུ་དམིགས་བྱ་རྣམས་རྐང་མཐིལ་སྐྱ་ལྷག་གེར་སོང་བར་དམིགས་ལ། ཨོཾ་ཏྲཀ་རཀྵ་དུནྟིཾ་མ་བྷྱོ་སོགས། སྤྱི་ཙམ་ལ་ཤར། ལྷོ་ནུབ་བྱང་། དབུས་བཅས་ནས་དབུལ་བ་ཡིན་ཀྱང་གབ་པའི་མན་ངག་གིས་གལ་ཆེར་འབུལ་བའི་ལུགས་ལྟར། ཧཱུྃ། བྱང་ཕྱོགས་བསྲེག་ཁང་འབར་བའི་ཀློང་དཀྱིལ་ནས། །མ་ཏྲཾ་རུ་ཏྲ་བརྫིས་པའི་གདན་སྟེང་དུ། །མ་མོ་མཁའ་འགྲོ་ཤ་ཟ་བྱེ་བའི་དབུས། །དཔལ་ཆེན་ནག་པོ་ལྕམ་དྲལ་ཞལ་ཕྱེས་ཤིག །མཁའ་འགྲོ་ཀུན་གྱི་གཙོ་བོ་ཞལ་ཕྱེས་ཤིག །དམ་ཅན་ཆོས་སྐྱོང་སྲུང་མ་ཞལ་ཕྱེས་ཤིག །རྣལ་འབྱོར་ཀུན་གྱི་དགྲ་བླ་ཞལ་ཕྱེས་ཤིག །དམ་ཉམས་ཀུན་གྱི་སྲོག་གཅོད་ཞལ་ཕྱེས་ཤིག །སངས་རྒྱས་བསྟན་ལ་སྡང་བའི་དམ་ཉམས་དགྲ་བོ་འདིའི། །ཤ་ཁྲག་རུས་གསུམ་སྲོགས་དབུགས་དྲོད་དང་བཅས། །ཉེ་དུ་ཉེ་འབྲེལ་སྲུང་སྐྱོབས་ལྷ་དང་བཅས། །འཁོར་འབངས་རིག་


KMC024_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་མཛའ་བཤེས་ཡུལ་འཁོར་བཅས། །སྲུང་འཛིན་རིགས་སྔགས་ཡོ་བྱད་རྫས་དང་བཅས། །ས་གཞི་ནོར་ཕྱུགས་སྐྱེད་ཚལ་གྲོགས་བཤེས་བཅས། །བྱད་མ་རྦོད་གཏོང་འདུན་གྲོགས་སྲིད་དང་བཅས། །བསོད་ནམས་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས། །ཁྱོད་ཀྱི་ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི། །ཁྱོད་ཀྱི་མགུལ་དུ་བསྒྲིམས་ཤིག་ཨ་རལླི། །ཁྱོད་ཀྱི་ཕྱག་ཏུ་གཏད་དོ་མ་ཤོར་ཅིག །ཁྱོད་ཀྱི་ཞབས་སུ་མནན་ནོ་སྟཾ་བྷ་ཡ། །ཁྱོད་ཀྱི་ཞལ་དུ་བསྲེག་གོ་ཛྭ་ལ་རཾ། །མཐར་རྦད་སྔགས་དང་བཅས་གཏོར་མ་མེ་ཐབ་ཏུ་འབུལ། དེ་བཞིན་དུ། ནུབ། ལྷོ། ཤར་རྣམས་སོ་སོར་ཁ་བསྒྱུར། དབུས་ཕྱོགས་ནས། ཛྭ་ལ་རཾ། བར་གྱིས་འབུལ་ཞིང་རྦད་སྔགས་ཀྱང་བཟླའོ། །ལྔ་པ་ནི། དེ་ནས་སླར་ཡང་། འདས་བྱོན་མ་དང་། གང་ཞིག་བླ་མ་ཙམ་གྱི་འདོད་དོན་ཕྲིན་ལས་བཅོལ། དྲུག་པ་ནི། སླར་ཡང་། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་ས་པ་རི་ཝཱ་ར། ཨོཾ་ཨཱགྣེ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཕྱི་མ་ཉིད་ལན་བདུན་གྱིས་ཞུན་ཆེན་དང་། ལས་སྔགས། དཾ་ཥྚོད་ཀྱིས་མཆོད་ཡོན་དང་། ཨོཾ་ཤྲི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་


KMC024_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཝཱ་ར་ཨཱཉྩ་མ་ན་མ་པྲཏིཙྪ་ཨཱཿཧཱུྃ་སྭཱ་ཧཱ། །དེ་བཞིན་སྦྱར་བའི། པྲོཀྵ་ནམ་བཅས་ཀྱི་ཞབས་བསིལ་དང་། བསངས་གཏོར་བཅས་འབུལ། སྔགས་ཐོག་མཐའ་གོང་བཞིན་སྦྱར་ལ། ཏམ་བུ་ལ་ཡེ་ཞེས་སོ་རྩི་ཕུལ། སླར་ཡང་། ཨོཾ་ཁྲག་གི་རྒྱ་མཚོ་སོགས་ཀྱིས་མཆོད་པའི་ལྷག་མ་རྣམས་ཕུལ། ཌཱ་ཀི་བྱེ་བ་སོགས་ཀྱིས་བསྟོད། སྤྲོ་ན། དོན་དམ་མ་དང་། བསྡུ་ན། མ་འབྱོར་པ་དང་སོགས། མན་ངག་གི་ཡིག་བརྒྱ་གཟུངས་དང་བཅས་པས་བཟོད་པར་གསོལ། མ་འོངས་པ་ན་སོགས་དང་། བདག་ནི་མངོན་པར་སོགས་ཀྱིས་སྨོན་ལམ་གདབ། བདུན་པ་ནི། ཨོཾ། ཁྱོད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས་ཤིང་། སྔར་ཚོམ་བུ་སྤྱན་དྲངས་པ་ཡོད་ན་ཕྱག་ལེན་སྤྱི་ལྟར་གྱིས་སྒྲུབ་ཁང་དུ་སྤྱན་འདྲེན་པ་ཡང་བྱ། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་གི་དཀྱིལ་འཁོར་རང་ལ་བསྡུའོ། །རྩ་བའི་བཞི་པ། །མེ་ལྟར་གཏང་རག་འབུལ་བ་ལ་ལྔ་ལས། ཨོཾ་དཾཥྚོད་ཀྱིས་བསང་ཞིང་། ཞུན་ཆེན་བླུགས་གཟར་གྱིས་གཅུས་པས་མེ་གསོལ་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད་པས་མེ་ལྷ་འབར་བའི་རྣམ་པ་ལས་བཞེངས་ཏེ་གཟི་བརྗིད་འབར་ཞིང་རྔམ་པའི་ཚུལ་དུ་བཞུགས་པར་གྱུར་པར་མོས། གཉིས་པ་ནི། བསྲེག་


KMC024_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་བྱོན་ཟན་ལྟར། ཨོཾ་ཨཱགྣེ་ཡེ་སྭཱ་ཧཱ། ལན་བདུན་གྱིས་ཞུན་མར་དང་། ཨོཾ་པུཥྤེ་ནས། ཤབྡའི་བར། པྲ་ཏིཙྪ་བཏགས་པས་མཆོད་པ་རྣམས་ཕུལ། ཨོཾ་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་སྦྱར་བའི། ཨཱཉྩ་མ་ན་མ། པྲོཀྵ་ནམ་བཅས་ཀྱི་མཆོད་ཡོན། ཞབས་བསིལ། བསངས་གཏོར་དང་བཅས་ཕུལ། ཨོཾ་བཛྲ་ཏམ་བུ་ལ་ཡེ་སྭཱ་ཧཱ། །ཞེས་སོ་རྩི་ཡང་དབུལ་ཞིང་། དེ་ནས། ཨོཾ་བཛྲ་ཀྲོ་ངྷ་ཨཱགྣེ་ཡེ། ཧཱུྃ་མ་མ་སརྦ་ཤ་ཏྲུམ་ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་མུ་ཀ་མཱ་ར་ཡ་ཕཊ། ཅེས་པས་ལིང་ཆུང་། ཡམ་ཤིང་། ཞུན་ཆེན་དང་། མཆོད་རྫས། དྲག་རྫས། གསོད་རྫས། མྱོས་རྫས་རྣམས་ལན་གསུམ་རེ་འབུལ། གསུམ་པ་ནི། གཏོར་མ་འབྲུ་གསུམ་གྱིས་རླབས། ཨོཾ་ཨཱགྣེ་ཡེ་ས་པཱ་རི་ཝཱ་ཨི་དམ་བ་ལིངྟ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ། དྲང་སྲོང་རྒྱལ་པོ་འཁོར་བཅས་རྣམས། །མཆོད་ཅིང་བསྟོད་དེ་དགྱེས་གྱུར་ཅིག །མཆོད་གཏོར་དགྱེས་རྫས་འདི་བཞེས་ལ། །གདུག་ཅིག་སྡང་བའི་དགྲ་བགེགས་སྒྲོལ། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་གཏོར་མ་ཞུན་མར་གྱིས་སྔགས་ནས་ཐབ་ཏུ་འབུལ་ལོ། །བཞི་པ་ནི། ཡི་གེ་


KMC024_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པས་ནོངས་པ་བཤགས་ཤིང་ལྷག་ཆད་བསྐང་བར་བྱ། ལྔ་པ་ནི། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་གྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་དོན་རྣམས་མ་ལུས་སྒྲུབས། །ཞེས་གསོལ་ཞིང་སྤྱན་འདྲེན་པའི་ཕྱག་རྒྱ་དེ་ཉིད་རྣ་བའི་དྲུང་ནས་ཕྱིར་བསྐྱེད་དེ། ཨོཾ་མུཿ ཞེས་གཤེགས་སུ་གསོལ་ཞིང་དམ་ཚིག་པ་རང་ལ་བསྡུའོ། །རྩ་བའི་ལྔ་པ་རྗེས་ཀྱི་བྱ་བ་ནི། སྒྲུབ་མཆོད་དང་འབྲེལ་བའམ་མ་འབྲེལ་བ་གང་ལྟར་ཡང་། དགེ་བ་འདི་ཡིས་སོགས་དང་། དཀྱིལ་འཁོར་གཞལ་ཡས་བཅས་ཀྱིས་མཐའ་བསྡུ་ཞིང་། དགེ་ལེགས་རྒྱ་ཆེར་སྤེལ་ལོ། །དེ་ནས་མེ་རོ་དེ་ཉིད་ནས་ལི་ཡུལ་འཁོར་ཁང་ཁྱིམ་མི་ནོར་མགོན་སྐྱབས་དང་བཅས་པ་མངོན་སུམ་དུ་གསལ་བར་གྱུར་བ་ལ། སླར་ཡང་འགུགས་པ་ལན་གསུམ་གྱིས་བླ་སྲོག་བགུག་གཞུག་བྱས་ནས་བསྟིམ་པ་དྲག་ཏུ་བྱ། མེ་རོ་དགྲ་ཡུལ་དུ་གསལ་བར་སྲུང་མའི་དམག་གིས་བཀངས་ཏེ་ཆུས་མེ་བསད་པ་ལྟར་། དགྲ་བོ་མི་ནོར་བྱད་མ་དང་བཅས་པའི་སྲོག་ཅོད་དབུགས་བླངས་ཤ་ཁྲག་ཟོས་རྟེན་མཁར་བཤིགས་ས་གཞི་རླུང་ལ་ཕྱར་ཏེ་ལྷག་མ་རྗེས་ཤུལ་ཡང་མ་བཞག་པར་བརླག་པའི་དམིགས་པ་བྱ། མཐར་བསྒྲལ་བྱ་སྒྲོལ་བྱེད་མ་དམིགས་པ་དོན་གྱི་དགོངས་པས་


KMC024_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པའི་དོན་གྱི་བསྒྲལ་ཐབས་ཆེན་པོའི་རང་ངོ་ལ་མཉམ་པར་བཞག་ལ། བྱམས་པ་ཆེན་པོས་བསྒྲལ་བའི་ལས། །འདི་ནི་བྱང་ཆུབ་མཆོག་གི་རྒྱུ། །བསྒྲལ་བར་བྱ་མ་དམིགས་པས། །བསྒྲལ་དང་སྒྲོལ་བྱེད་དབྱིངས་སུ་ཞི། །ཞེས་བརྗོད་ཅིང་ལམ་དུ་ཁྱེར་རོ། །འདིར་སྨྲས་པ། ཆོས་ཀྱི་དབྱིངས་ཉིད་རྟག་ཏུ་ཞི་གྱུར་ཀྱང་། །གདུལ་དཀའ་འདུལ་ཕྱིར་ཁྱབ་བདག་བཅོམ་ལྡན་འདས། །དྲག་གཏུམ་སྐུར་བཞེངས་རྡོ་རྗེ་བེར་ནག་ཅན། །ལྕམ་དྲལ་བྱང་ཆུབ་བར་དུ་སྙིང་དབུས་བསྙེན། །གང་གི་ལས་མཐའ་བསྟན་པ་སྲུང་བའི་མཚོན། །རྒྱུད་དོན་མན་ངག་རྣོ་ངར་གྱིས་སྦར་པའི། །གདེངས་མཆོག་རྡོ་རྗེའི་ཆར་གྱིས་མ་རུངས་སྡེ། །ཕྱེ་མར་མཛད་པའི་ངོ་མཚར་མིག་ལ་བྱིན། །དེང་སང་སྒྲུབ་བརྒྱུད་ཀཾ་ཚང་རིང་ལུགས་འདི། །དགུན་གྱི་མེ་ཏོག་ལྟ་བུར་ཉམ་ཆུང་ཞིང་། །བསྟན་པའི་བཅོས་ཀྱི་བསྟན་སྲུང་མན་ངག་བཅུད། །རི་མོ་བྲིས་པའི་མེ་ལྕེ་བཞིན་དུ་གྱུར། །དེ་ཕྱིར་རྣོ་མྱུར་དྲག་པོའི་ལས་ཀྱི་མཐའ། །བསྐལ་པའི་མེ་ལྕེས་སྡིག་ཅན་སྲེག་བྱེད་པའི། །མན་ངག་རྡོ་རྗེའི་མེ་འོབས་འདི་སྤྲོས་པས། །བསྟན་ལ་སྡང་བས་ཞུགས་པའི་དགྲ་སྡེ་རྣམས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ལྷུན་གྲུབ་ཤོག །འདི་ལྟར་བགྱིས་ལ་བདག་བློ་དམན་གྱུར་པས། །ཆོ་ག་ཉམས་དང་མན་ངག་ཕྱུངས་པ་ལས། །


KMC024_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་པ་མཆིས་གང་བླ་མ་མཁའ་འགྲོ་མ། །བསྟན་སྲུང་དབང་པོའི་ཚོགས་ཀྱིས་བཟོད་པར་མཛོད། །དེ་ལྟར་ཡང་སྤྱིར་མགོན་པོ་བེར་ནག་ཅན་ལྕམ་དྲལ་གྱི་ཆོ་ག་དང་འབྲེལ་བའི་སྦྱིན་སྲེག་གི་སྐོར་རྗེ་མི་བསྐྱོད་ཞབས་ཀྱིས་སྩལ་བའི་གཏོར་མ་མེ་ཐབ་ཏུ་འབུལ་བའི་ཆོ་ག་དང་། རྗེ་དེ་ཉིད་ཀྱིས་མཛད་པའི་རྒྱུད་སྡེ་སྤྱིའི་སྦྱིན་སྲེག་སྒྲིབ་གཉིས་སྲེག་བྱེད་ཉིད། སླར་ཡང་ལས་བཞི་སོ་སོ་དང་། དྲག་པོའི་སྐབས་མགོན་པོའི་གདབ་ལས་དང་སྦྲེལ་མར་མཛད་པ་ལས་བཞི་ལྷུན་གྲུབ། དེ་ཉིད་སླར་ཡང་། རྗེ་དགུ་པས་གསལ་བར་མཛད་དེ། མགོན་པོ་སྒེར་ཐུབ་ཀྱི་ལུགས་སུ་མཛད་པ་མ་རུངས་ཚར་གཅོད་དང་། གཞན་ཡང་ཧོམ་མཆོད་ཀྱི་ཡིག་སྣ་ཐོར་བུ་མང་དུ་བཞུགས་ཀྱངཧ་ཅང་རྒྱས་པ་དང་བསྡུས་དྲག་པ་སོགས་ཀྱིས་རེ་བ་རྫོགས་པ་ཞིག་མ་མཆིས་ཤིང་། དེ་བས་ཕལ་མོ་ཆེ་ལ་ལ་སྤྱི་བཏང་ལྟར་དང་། ལ་ལར་མན་ངག་འཐོར་ཐབས་སུ་སོང་བས་རང་རྐང་ཚུགས་པ་ཞིག་མི་འདུག་པར་བརྟེན། སངས་རྒྱས་ཀརྨ་པའི་བསྟན་པ་རྟགས་ཙམ་འཛིན་པ་ལ་ཐུག་པའི་དུས་འདིར། མན་ངག་སྤེལ་བའི་དགོས་པ་བསྐྱུངས་པར་འོས་མོད། འོན་ཀྱང་ཚུལ་བཞིན་སྒྲུབ་ནུས་པའི་གང་ཟག་འདྲ་སྲིད་ན་དེ་རྣམས་ཀྱི་ངལ་གསོའི་འབབ་སྟེགས་དང་བསྟན་པ་བསྲུང་བའི་མཚོན་ཆར་དམིགས་ཏེ་རྒྱུད་ཀྱི་དགོངས་པ་ཉིད། མན་ངག་གི་ངེས་པས་ཕྱེ་བ་ནག་པོ་ཆེན་པོའི་ཆོ་ག་དང་


KMC024_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་དྲག་པོའི་བསྲེག་པ་ཧོམ་གྱི་གཟེར་ཁ་རང་རྐང་ཐུབ་ཅིར་ཁུངས་བཙུན་པ་ལ། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་ལེན་གྱིས་ཟུར་བརྒྱན་ཏེ། དུས་མཐའི་བསྟན་འཛིན་དུ་རློམས་པ། སངས་རྒྱས་ཀརྨ་པའི་མཚན་གྱི་ཅོད་པན་ཅན་འམ་མཁའི་ཁྱབ་རྡོ་རྗེས་ལྷག་བསམ་དག་པས་སྦྱར་བ་འདིས་ཀྱང་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལྷུན་ཀྱིས་གྲུབ་ནས་སྒྲུབ་བརྒྱུད་སྙིང་པོའི་བསྟན་བ་སྲུང་བའི་ཆ་རྐྱེན་དུ་གྱུར་ཅིག །འདིར་མན་ངག་གི་ཡིག་ཆུང་རྣམས་གསང་བར་བསྒྲགས་པར་མི་འོས་པས་སྤར་དུ་མ་བཀོད་ཀྱང་ལས་འདིས་བསྟན་འཛིན་པ་རྣམས་ཀྱིས། མན་ངག་གི་བེའུ་བུམ་བྲིས་པོད་དུ་ཡོད་པའང་མཁྱེན་པར་མཛོད་ཅིག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཅོམ་ལྡན་འདས་རྡོ་རྗེ་བེར་ཅན་ལྕམ་དྲལ་གྱི་རྣོ་མྱུར་དྲག་པོའི་ལས་མཐའ་བསྲེག་པ་ཧོཾ་ཀྱི་མན་ངག་རྡོ་རྗེའི་མེ་འོབས་བསྟན་དགྲ་ཚར་གཅོད་ཕྲིན་ལས་ལྷུན་གྲུབ།next