Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བེར་ཅན་དྲག་སྲེག་སྐབས་ཉེར་འཁོ།
   


 
previousབེར་ཅན་དྲག་སྲེག་སྐབས་ཉེར་འཁོ།next

བེར་ཅན་དྲག་སྲེག་སྐབས་ཉེར་འཁོ།


KMC024_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བེར་ཅན་དྲག་སྲེག་སྐབས་ཉེར་འཁོའི་བཞེས་འབོད་ལས་འགྲིགས་ལས་བྱུང་བ་ནི། ཤྲི་མ་ཧཱ་ཀཱ་ལ། ཤྲི་མ་ཧཱ་ཀཱ་ལི། བདུད་འདུལ་གྱི་དབང་ཕྱུག །རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་ལྷ། དམ་ཉམས་ཀྱི་སྲོག་གཅོད། དམ་པ་ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ། སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་བརླག་པར་བྱེད་པ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་འདུལ་བར་ཞལ་གྱིས་བཞེས་པ། མྱུར་མགྱོགས་ཀྱི་དཔའ་བོ་སྟག་ལ་ཞོན་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་དབང་དུ་སྡུད་པ། རེས་འགའ་རྟ་ནག་པོ་རྟིང་དཀར་ལ་ཆིབས་ནས་བདུད་ཀྱི་སྡེ་དཔོན་མཛད་པ། ཕྱག་གཡས་ན་ཙནྡན་གྱི་བེང་བསྣམས་པ་ལས་བདུད་དང་སྲིན་པོའི་དམག་ཉིས་ཁྲི་ཆིག་སྟོང་འགྱེད་པ། གཡོན་ན་ལྕགས་ཀྱི་པར་བུ་བསྣམས་ནས་ལོག་པར་ལྟ་བ་ཐམས་ཅད་སྒྲོལ་ཞིང་གསོད་པ། བྱང་ཕྱོགས་ཀྱི་གནོད་སྦྱིན་བརྒྱད་ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས་ཀླད་ལ་ལྡིང་བ། ལྷོ་ཕྱོགས་ཀྱི་གཤིན་རྗེ་


KMC024_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟག་གཟིག་དོམ་དྲེད་དུ་སྤྲུལ་ནས་སྔུན་ན་རོལ་པ། དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། དུས་བཞིའི་ལྷ་མོ་དབུ་ལ་འཆར་བ། ཕྲ་མེན་བཅུ་དྲུག་ལ་རྫོགས་པ། རེས་འགའ་རྫུ་འཕྲུལ་དྲེའུའི་སྟེང་ན་བཙན་སྐྱིལ་གྱིས་རོལ་པ། ཕྱག་གཡས་ན་གནམ་ལྕགས་ཀྱི་རལ་གྲི་བསྣམས་ནས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་གཅོད་པར་བྱེད་པ། གཡོན་ཁ་ཊྭཱཾ་རྩེ་དྲུག་པ་བསྣམས་ནས་དྲེག་པ་ཕོ་མོ་ཐམས་ཅད་དབང་དུ་སྡུད་པ། རེ་མ་ཏི། རེ་མ་ཛ། རེ་མ་ཛུ། དབུགས་ལེན་གྱི་ཤན་པ་ཡབ་ཡུམ་བཅུ་དྲུག །ཕྱོགས་སྐྱོང་བའི་མགོན་པོ་བཅུ། དྲེག་པའི་གཙོ་བོ་བདུན་ཅུ་རྩ་གཉིས། མྱུར་མགྱོགས་ཀྱི་དྲེགས་པ་རྒྱ་གསུམ། མ་བདུན། སྲིང་བཞི། འབར་མ་དགུ། དུས་ཀྱི་ལྷ་མོ་བཞི། དམག་གི་རྒྱལ་མོ་བཞི། དབང་ཕྱུག་ཉེར་བརྒྱད། རྡོ་རྗེ་བརྟན་མ་བཅུ་གཉིས། གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི་ཚོགས།


KMC024_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལ་དགའ་བ། ཁྲག་ལ་རྔམ་པ། རུས་ལ་དགྱེས་པ། འཇིགས་པའི་ཆ་ལུགས་དང་ལྡན་པ། དྲག་པོའི་ང་རོ་དང་ལྡན་པ། གདུག་པའི་ཞེ་སྡང་དང་ལྡན་པ། རྣོ་བའི་མཚོན་ཆ་དང་ལྡན་པ། མྱུར་མགྱོགས་ཀྱི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱིས། ཀྱེ་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕངས་སྨད་པ། བླ་མའི་སྐུ་ལ་བསྡོས་པ། རིག་འཛིན་གྱི་བརྒྱུད་པ་གཅོད་པ། དགེ་འདུན་གྱི་སྡེ་བཤིག་པ། དབེན་རི་གཉེན་པོ་བཅོམ་པ། མཚམས་མེད་ལྔ་ལ་སྤྱོད་པ། མི་དགེ་བཅུ་ལ་རྔམ་པ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་ཉེ་དུ་ཉེ་འབྲེལ་རིགས་བརྒྱུད་དང་བཅས་པ་འདི་བཞེས་ཤིག །ཀྱེ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་ཉེ་དུ་གཉེན་འབྲེལ་རིགས་བརྒྱུད་དང་བཅས་པ་འདི་དཔལ་མགོན་ཆེན་པོའི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། དཔལ་ལྷ་མོའི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། དབུགས་ལེན་བཅུ་དྲུག་གི་ཞལ་དུ་བསྟབ་བོ་ཁ་


KMC024_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ཁཱ་ཧི། ཕྱོགས་བཅུའི་མགོན་པོའི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། དྲེགས་པ་ཕོ་མོའི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། སྲུང་མ་རྒྱ་མཚོའི་ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། ཀྱེ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་ཉེ་དུ་གཉེན་འབྲེལ་རིགས་བརྒྱུད་དང་བཅས་པ་འདིའི། ཕ་ཚན་སྐྱ་ལིང་གྱིས་ཤིག །མ་ཚན་ཞང་སྐོས་ཀྱིས་ཤིག །ཕོ་རྒྱུད་རྩད་ནས་ཆོད་ཅིག །མོ་རྒྱུད་མངལ་ནས་སྐོམས་ཤིག །ཟུང་འགྲོགས་ཡ་བྲལ་གྱིས་ཤིག །བརྟེན་མཁར་རྨིངས་ན་སྒྱེལ་ཅིག །སྙིང་ཁྲག་དྲོན་མོ་འཐུང་ཞིག །ཀྱེ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་འདིའི་ཤ་ཟོ། ཁྲག་འཐུང་། རུས་མུར། དཔལ་ཕྲོགས། སྲོག་ཆོད། དབུགས་ལོངས། གཟུགས་ཤིག །སེམས་སྦོར། ལྷག་མ་རྗེས་ཤུལ་ཙམ་ཡང་མ་བཞག་ཅིག །ཀྱེ། དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་ལ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་འདི་ཟས་སྐལ་དུ་གཏད་དོ། བཏུང་


KMC024_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་དུ་གཏད་དོ། དགྲ་སྐལ་དུ་གཏད་དོ། གསད་སྐལ་དུ་གཏད་དོ། འདིའི་ཉེ་དུ་ཟས་སྐལ་དུ་གཏད་དོ། བཏུང་སྐལ་དུ་གཏད་དོ། དགྲ་སྐལ་དུ་གཏད་དོ། བསད་སྐལ་དུ་གཏད་དོ། ཀྱེ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་འདི་ལ། རྣོ་བ་མཚོན་གྱི་ཆར་ཕོབ་ཅིག །བསྲེག་པ་མེའི་ཆར་ཕོབ་ཅིག །གསོད་པ་དུག་གི་ཆར་ཕོབ་ཅིག །བཤིགས་པ་སྔགས་ཀྱི་ཆར་ཕོབ་ཅིག །འཇིག་པ་ཐོག་གི་ཆར་ཕོབ་ཅིག །ཀྱེ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་འདི་ལ། ལྷའི་རྩུབ་རིམས་ཐོང་ཞིག །ལྷ་མིན་གྱི་དུག་གཟེར་ཐོང་ཞིག །གཟའ་ཆེན་གྱི་གཟེར་འདེབས་ཐོང་ཞིག །གཤིན་རྗེའི་འཁྲུལ་འཁོར་ཐོང་ཞིག །བདུད་དམག་གི་ཁྲམ་ཁ་ཐོང་ཞིག །མ་མོའི་ཐུན་ཟོར་ཐོང་ཞིག །ཀླུ་ཆེན་གྱི་འཆིང་བ་ཐོང་ཞིག །བཙན་གྱི་རྒྱུ་སྲང་ཐོང་ཞིག །རྒྱལ་པོའི་སྨྱོ་འབོག་ཐོང་ཞིག །མཁའ་འགྲོའི་ཁྲག་ནད་ཐོང་ཞིག །འབྱུང་པོའི་རིམས་ནད་ཐོང་ཞིག །ཐེའུ་


KMC024_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྲིས་ཀུན་ཐོང་ཞིག །བལ་མོའི་དུག་མཚོན་ཐོང་ཞིག །གློ་བུར་ཡེ་འགྲོགས་ཐོང་ཞིག །མདོར་ན་མི་འདོད་པ་ཐམས་ཅད་ཐོང་ཞིག །ཀྱེ། དམ་ཉམས་པ་ཡིད་ལ་བརྣག་པའི་དགྲ་བོ་འདི་ལ། བརྟེན་པའི་མཁར་ཡོད་ན་རྡོ་རྗེའི་མཚོན་གྱིས་ཤིག་ཅིག །བསྲུང་བའི་གོ་ཡོད་ན་ཕོ་ཉའི་ལག་གིས་ཤུས་ཤིག །བརྡེག་པའི་མཚོན་ཡོད་ན་རང་གཤེད་རང་ལ་ཕོབ་ཅིག །འགོ་བའི་ལྷ་ཡོད་ན་གནོད་པའི་བདུད་དུ་ཕོབ་ཅིག །མཐུན་པའི་གཉེན་ཡོད་ན་སྡང་བའི་དགྲར་སྒྱུར་ཅིག །བསགས་པའི་ནོར་ཡོད་ན་བརླག་པའི་གཞིར་སྒྱུར་ཅིག །བསྒྲུབས་པའི་སྔགས་ཡོད་ན་གནོད་བྱེད་རང་ལ་སྡིགས་ཤིག །སྐྱོབས་པའི་མགོན་ཡོད་ན་ཕུང་བའི་འདྲེར་སྒྱུར་ཅིག །ཀྱེ། སྡིག་པོ་ཆེ་རྨད་དུ་བྱུང་བ་འདི་ལ་ལིངས་ཐོབ། ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། ས་གྲོ་བོ་ལ་རྗེས་མ་བཀྲམ། གསོད་པ་དོན་དུ་གཉེར་བའི་ལས་གྱིས་ཤིག །སྡང་བའི་དགྲ་བོ་


KMC024_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངན་འདི། ལོ་དང་ཟླ་བར་མ་འགྱངས་ཤིག །ཞག་དང་ཟ་མར་མ་བཞག་ཅིག །ཚེ་ཡི་འདུ་བྱེད་ངན་པ་སྟུངས་ཤིག །གཟུགས་ཀྱི་ཕུང་པོ་ངན་པ་ཤིག །གཞུངས་པ་དཀར་ལ་རྟ་ལྟར་རྒྱུག་ཅིག །སྲོག་རྩ་དམར་ལ་ཕུར་ལྟར་ཐོབ་ཅིག །ནང་ཁྲོལ་དམར་པོ་ཁྱེར་ལ་ཤོག །དགྲ་བོའི་འཁོར་སྤྲུགས་ཚང་ཤིག་ཅིག །དགྲ་བོའི་མི་མཁར་རྩེ་ནས་སྒྱེལ་ཞིག །ས་མཁར་སྐྱ་བོ་རྨིང་ནས་སྐྱེལ་ཞིག །ལྷག་མ་ཙམ་ཡང་མེད་པར་མཛོད་ཅིག །ཅེས་དམོད་བཅོལ་བྱའོ། །མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབེར་ཅན་དྲག་སྲེག་སྐབས་ཉེར་འཁོ།next