Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
གྲུབ་ཆེན་ཀརྨ་པཀྴིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག
   
   
   


 
previousགྲུབ་ཆེན་ཀརྨ་པཀྴིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངགnext

གྲུབ་ཆེན་ཀརྨ་པཀྴིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག


KMC025_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཀརྨ་པཀྴིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད་ཡོད། འདི་ལ་བསྐྱེད་རིམ་ལས་ཚོགས་རྫོགས་རིམ་མཆོག་སྒྲུབ་ཆ་ཚང་ལགས་སོ། །


KMC025_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལཱ་ཡ། དེ་ཡང་ནག་པོ་ཆེན་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་མགོན་པོ་ནག་པོ་དང་། །ལྷ་མོ་ནག་མོ་གཉིས་སུ་མེད། །ཅེས་དང་། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། གཡོན་དུ་འཁྲིལ་བ་ཡུམ་གྱི་ཚུལ། །རང་སེམས་དག་པ་ལྷ་ཡི་སྐུ། །རྣམ་པར་བསྒོམས་པས་འགྲུབ་པ་ཡིན། །ཞེས་དང་། དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་ལས། ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ། ཞལ་སྦྱོར་སྔགས་རིང་དང་པར་ནག་རྒྱས་པར་གསུངས་པའི་རྒྱུད་དོན་དང་། ཌོམྦི་ཧེ་རུ་ཀ་


KMC025_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་མགོན་གཉིས་ཀྱིས་ལུང་བསྟན་ནས་རྒྱུད་བཅོ་བརྒྱད་ཀྱི་དགོངས་པ་བསྡུས་ནས་མཛད་པའི་ཞལ་སྦྱོར་སྒྲུབ་ཐབས་ཀྱི་རྒྱ་གཞུང་དང་། སྙན་བརྒྱུད་རླུང་ཁྲིད་རྗེ་མར་པའི་སྙན་རྒྱུད་ལྷོ་བྲག་མགོན་པོའི་གཞུང་རྣམས་ཀྱི་དོན་གཅིག་ཏུ་བསྡུས་ཏེ་གྲུབ་ཆེན་པཀྴི་ཉིད་ཀྱི་ཞལ་གཟིགས་དང་བསྟུན་ནས་མཛད་པའི་གཞུང་འདི་རྩ་བ་ཡིན་ལ། དེ་ལ་རས་ཆེན་ལུགས་ཀྱི་མགོན་བོ་ཡབ་རྐྱང་གཙོ་བོ་དང་དུས་མཁྱེན་ལུགས་ཀྱི་ལྷ་མོ་ཡུམ་རྐྱང་གཙོ་བོ་རྣམས་ཆོ་ག་གཅིག་ཏུ་བསྡོམས་ནས་འཁོར་ལོ་བཞི་རིམ་དུ་བསྒོམ་པ་འདི་


KMC025_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཁའ་སྤྱོད་པས་མཛད། དེ་ལ་མཚུར་ཕུ་འཇམ་དབྱངས་པས་དགག་པ་མཛད་ནའང་། རྗེ་མཁའ་སྤྱོད་པའི་གསང་བའི་རྣམ་ཐར་ལས། མདོ་རྒྱུད་མན་ངག་སྲིད་དོ་འཚལ་གྱི་དབང་ལུང་མན་ངག་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་དང་། ཡི་དམ་གྱི་ལྷ་རྣམས་ལ་དངོས་ཉམས་རྨི་ལམ་དུ་ཞུས་པར་གསུངས་པས། རང་བཟོ་ཡིན་པར་མ་ངེས་ཤིང་རྗེ་མཐོང་བ་དོན་ལྡན་གྱིས་མཁའ་སྤྱོད་པའི་རྗེས་སུ་འབྲངས་ནས་མགོན་ཉོབ་མའི་ཆོ་ག་མཛད། དེ་ལ་མི་བསྐྱོད་ཞབས་ཀྱིས་ངེད་རང་གི་རྗེས་འཇུག་རྣམས་ཟ་འདོད་ལ་སློབ་གཉེར་མི་ནུས་པ་ཞིག་འདུག་པས་མགོན་པོ་འདི་ཉུང་ངུར་བསྡུ་བའི་ཆོ་ག་ཁྲིད་ཅིག་བྲིས་ཞེས་བཀའ་གནང་བ་ལ་བརྟེན་ནས་རྗེ་བཀོན་མཆོག་འབངས་ཀྱིས་ད་ལྟའི་བར་མཚན་གསུམ་འདི་མཛད་ནས་པར་དུ་འཁོད་པའོ། །འདོན་བྱའི་ཆོ་ག་གཅིག་འདི་ལ་རས་ཆེན་ལུགས་ལྟར་ཡབ་རྐྱང་སྒྲུབ་ལུགས། དུས་མཁྱེན་ལུགས་ལྟར་ཡུམ་རྐྱང་སྒྲུབ་ལུགས། ཀརྨ་པཀྴིའི་ཡབ་ཆོས་ལྟར་པར་ནག་སྒྲུབ་ལུགས། མར་པའི་ལུགས་ལྟར་རྩ་རླུང་


KMC025_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་བྱ་ཐབས་སོགས་མི་གཅིག་པ་མཐའ་ཡས་ཏེ་རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི་པར་བུའི་སྐོར་སོགས་པུསྟི། དཀོན་མཆོག་འབངས་ཀྱིས་དེ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་པུསྟི། སྔར་གྱི་ཡིག་རྙིང་ཚན་མི་འདྲ་བ་དུ་མ་ཞིག་ཁོ་བོས་མཐོང་ཞིང་། སི་ཏུ་ཆོས་ཀྱི་རྒྱལ་མཚན་པ་དང་དཔལ་ཁང་ལོ་ཙཱ་བས་བྱས་པའི་མ་མགོན་གྱི་ཆོས་འབྱུང་སོགས་དང་། མ་མགོན་གྱི་རྒྱུད་གླེགས་བམ་རབ་ཏུ་ཆེ་བ་གཉིས་སོགས་ལ་ལེགས་པར་རྟོག་དཔྱོད་བྱས་པས་ཐམས་ཅད་མ་ལུས་པ་ད་ལྟའི་པར་མ་འདི་ལ་ཚང་བར་སྣང་ཞིང་། དེ་ལའང་གཞན་དང་ཐུན་མོངས་མ་ཡིན་པ་གྲུབ་ཆེན་པཀྴིས་བཞེད་པའི་མན་ངག་འདི་ཤིན་ཏུ་ཟབ་པས་གཞུང་ན་རྩ་ཚིག་ཙམ་ཐོར་བུ་མ་གཏོགས་མེད་པས་སློབ་དཔོན་གྱི་ཞལ་ཁྲིད་ཁོ་ན་གལ་ཆེ་བས་འདི་ལྟར་རོ། །དེ་ཡང་དབེན་པའི་གནས་བྲག་ཕུག་སོགས་གཞུང་ལྟར་རམ་སྦྲ་གུར་ནང་དུ་ཡང་རུང་སྟེ། ས་སྟེགས་རྡུལ་ཚོན་བྲི་ན་ཀུན་རིག་ལྟར་ས་ཆོག་བསྡུས་པ་བྱ། རས་བྲིས་སམ་ཚོམ་བུ་ལ་མི་དགོས་


KMC025_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གཞི་གཙང་མའི་སྟེང་དུ་འབྲུ་ནག་གམ་ནས་ཀྱི་ཚོམ་བུ་ལྷ་གྲངས་སམ་དགུ་བཀོད་པའི་དབུས་སུ་མཉྫིའམ་ཤིང་བུའི་རྐང་གསུམ་པར་ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་ཟུར་གསུམ་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། དེ་ལ་མར་སྣག་བྱུག །མར་གྱི་གྲི་ཐོད་ཁ་ཊྭཱཾ་མེ་རི་བྱ། འཁོར་བརྒྱད་ལ་མེ་རི་དང་ཤ་རྒྱན་བཙུག །ཡོད་ན་མགོན་པོ་ཡབ་ཡུམ་དང་ནག་པོ་ཡབ་ཡུམ་བཅུ་དྲུག་གི་ཙཀ་ལི་སོ་སོར་བཙུག །མེད་ནའང་གཙོ་བོ་ཡབ་ཡུམ་ཙཀ་ལི་བཙུག །མ་མགོན་གྱི་ཐང་སྐུ་ཡོད་ན་རྒྱབ་ངོས་ནས་ཚུར་བཤམས་ལ་ཙཀ་ལི་མི་དགོས། གཏོར་མ་དེ་ལ་དར་ནག་དུམ་བུའི་གདུགས་བྱ་ལ་བཙུག །དེ་དང་པོ་བྲན་ནས་གསོ་བྲན་མི་དགོས། མདུན་བསྐྱེད་ཀྱི་རྟེན་ཡིན་པས་མི་བསྒུལ་ཏེ་སྒྲུབ་ཚེའི་རྟེན་གཏོར་རོ། །དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། མདུན་དུ་མ་མགོན་གྱི་རྒྱུན་གཏོར་གཞུང་ལྟར་རོ། །དེ་ནམ་འདོན་དུས་གསོ་བྲན་བྱ། གཡས་གཡོན་གང་བདེར་བསྐང་གཏོར་དང་གསོལ་ཁའི་གཏོར་མ། དེ་རྣམས་ཀྱི་མཐར་ཤར་དུ་ཁྲག་གི་


KMC025_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན། ཤར་ལྷོར་ཞབས་བསིལ་དུག་ཆུ། ལྷོར་དབང་པོ་ལྔའི་མེ་ཏོག །ལྷོ་ནུབ་ཏུ་སྤོས་ནི་གུ་གུལ་ཚིལ་དུམ། ནུབ་ཏུ་ཚིལ་དང་རྐང་གི་མར་མེ། ནུབ་བྱང་དུ་ཁྲག་ཞག་འདྲེས་པའི་དྲི་ཆབ། བྱང་དུ་ལྷ་བཤོས་ནག་པོ་ཟུར་གསུམ། བྱང་ཤར་དུ་ཐོད་རྔའམ་རྐང་དུང་རྣམས་བཀོད་དེ། དེ་རྣམས་ཉིན་རེ་ཁ་གསོ་བ་མ་གཏོགས་མི་བརྗེ། ལོགས་སུ་གཏོར་ཁང་དུ་མ་མགོན་གཉིས་མ་གཏོགས་པའི་རང་གི་ཕུག་གཏོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་སྤྱི་ལྟར་དང་། སྔོན་འགྲོ་དཀར་བགེགས་བཅས། རང་ཁོ་ན་ལས་རོག་མེད་ན་གཏོར་གསོས་ཐེབ་ཀྱུ་མང་པོ། །ཚོགས་ཆུང་། ཐུན་གཏོར་སོགས་མང་པོ་བྱ་སྟེ་མཚམས་མ་གྲོལ་བར་ལག་པ་བཀྲུ་མི་རུང་བས་སོ། །རང་གི་གདན་བསྒུལ་མི་རུང་བས་ལེགས་པར་མལ་ས་བཅའ། རྣམ་འཇོམས་ཀྱིས་སྔགས་པའི་གཟུངས་ཆུས་རང་ཁྲུས་བྱ། གནས་ཁང་ལ་གཏོར་ལ་གྲིབ་བསལ། རང་དང་གོས་གདན་སྤོས་རུམ་བྱ། སྒོ་རྩར་ཐོ་བརྩིགས་ལ། དེ་ལ་གཞི་བདག་དཀར་གཏོར་ཕུལ་ནས་


KMC025_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་འདི་མཐར་མ་ཕྱིན་བར་ཕྱིའི་བར་ཆད་ནང་དུ་མ་བཏང་ཞིག །ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག །ཁྱེད་གཞི་བདག་རྣམས་ལ་གཟི་བརྗིད་སྟོན་པ་མ་ཡིན་པས་མ་སྐྲག་མ་སྡངས་པར་རོག་གྱིས་ཤིག །ཅེས་བརྗོད། བགེགས་གཏོར་གང་ཞིག་མཚན་མོར་རྒྱུ་བ་ཞེས་སོགས་ཀྱི་ཀུན་རིག་ལྟར་བསྔོས་ལ་བདེན་སྟོབས་བརྗོད་ལ་གནོད་འཚེ་མ་བྱེད་གཞན་དུ་དེངས་བརྗོད། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཆོས་བཤད། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་ཁྱིམ་ནང་རྡོ་ཐུན་ནམ་ཡུངས་ཀར་བྲབ་གུ་གུལ་བདུག་སྲུང་འཁོར་བསྒོམ། །དེ་ནས་བཟུང་སྟེ་མི་དང་ངོ་མི་གཏུགས་པར་ངག་དམ་དུ་བཅད། དེ་ནས་ཕག་མོའི་བདག་བསྐྱེད་འདོན་པའམ་མི་འདོན་ན་ཡང་བདུད་རྩི་བྱིན་རླབས་དེ་ནི་བྱ། བདག་བསྐྱེད་བྱས་ན་ཐུན་བསྡུ། འདི་ལ་གོང་ནོན་ཡེ་ཤེས་པ་གཞན་མི་དགོས། བླ་མ་མགོན་པོ་དབྱེར་མེད་ཡིན་གསུངས། འདི་ནི་རྙིང་མའི་ལུགས་པཀྴིའི་ཡབ་ཆོས་ཡིན་པས་བདག་མདུན་སོ་སོར་འདོན་མི་དགོས། མངོན་རྟོགས་ཚར་གཅིག་གིས་


KMC025_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མགོན་པོ་ལ་ལྷ་མོས་ཚུར་འཁྱུག་པ་བསྒོམ། མདུན་གྱི་གཏོར་མ་ལྷ་མོ་ལ་མགོན་པོས་ཕར་འཁྱུད་པར་བསྒོམ་པ་ནི་ཁྱད་པར་རོ། །མངོན་རྟོགས་རྒྱས་བསྡུས་ཅི་རིགས་འདོན་ཆོག །སྤྱན་འདྲེན་དུས་ཡེ་ཤེས་པ་གྲངས་མེད་པ་སྤྱན་དྲངས་ནས་བདག་མདུན་སོ་སོ་ལ་ཐིམ་པར་བསྒོམ། དམིགས་པ་མ་ཟིན་པར་སྤྱན་འདྲེན་སྔགས་བརྗོད། དབང་བསྐུར་རྒྱས་གདབ་དུས་བདག་གི་སྤྱི་བོར་ཀརྨ་པཀྴི་དང་སྙིང་ཁར་མགོན་པོའི་ཧཱུྃ་གི་སྟེང་དུ་རང་གི་ཡི་དམ་གང་ཡིན་པའི་སྐུ་སོར་བཞི་ཙམ་ཞིག་བསྒོམ། མཆོད་བསྟོད་འདོན་ཚེ་རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་བྱེ་བ་དུང་ཕྱུར་སོགས་འཕྲོས་ནས་བདག་མདུན་སོ་སོ་ལ་མཆོད་ཅིང་བསྟོད་པ་བྱེད་པར་བསྒོམ། སྔ་དྲོའམ་ཞོག་པ། ཉིན་ཕྱེད། དགོང་མོ། མཚན་མོ་དང་ཐུན་བཞིར་མཚལ་མ་བྱེད་ནས་ཚར་བཞི་དགོས་ཀྱང་ཡོངས་རྫོགས་ཚར་བཞི་བྱས་ན་སྔགས་མི་འགྲོ་བས། སྔ་དྲོའི་ཐུན་ལ་བསྟོད་པ་ཡན་འདོན། དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་གཏོར་ཆུང་གཅིག་


KMC025_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགུགས་གཞུག་དང་བྱང་ཕྱོགས་དུར་ཁྲོད་མ་ཡབ་ཡུམ་འདོན་ལ་དཀྱིལ་འཁོར་དྲུང་དུ་ཡར་ཕུལ་ལ་བཞག །ཟློག་པ་མི་དགོས། ཉིན་ཕྱེད་ཐུན་ལ་གསོལ་ཀ་ཚར་གཅིག །དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་རྟགས་བསྟོད་ཡབ་ཡུམ་གྱིས་ཐུན་གཏོར་ཡར་ཕུལ། དགོང་ཀའི་ཐུན་ལ་བསྐང་བ་ནས་བདག་སྒྲུབ་མ་དང་། སྔགས་རིང་ཚར་གཅིག་མཆོད་ཚུལ་དུ་བྱ། དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་འདས་དང་མ་བྱོན་ད་ལྟར་གྱི་སོགས་ཡབ་ཡུམ་སྐུ་ལ་དེས་ཐུན་གཏོར་འབུལ། ཐུན་མཚམས་དེར་ཡི་དམ་གཞན་གྱི་མངོན་རྟོགས་ཆགས་མེད་ཡོད་ན་འདོན། དཔའ་བོ་རྣམ་རོལ་དམ་ཅན་སོགས་ཆོས་སྐྱོང་གསར་རྙིང་གང་དགོས། ཟབ་མདོ་སེང་གདོང་མའི་ཟློག་པ་བྱ། མུན་རུབ་ནས་ཡང་མགོན་པོའི་མངོན་རྟོགས་རྒྱས་བསྡུས་གཉིས་གང་ལྕོགས་ནས་བསྟོད་པ་ཡན་འདོན། དེ་ནས་གཉིད་མ་རན་བར་བསྙེན། དེ་ནས་གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་ཞེས་ཡབ་ཡུམ་སྐུ་ལ་དེས་ཐུན་གཏོར་འབུལ། རྗེས་ཆོག་དངོས་གྲུབ་ལེན་ཆོག་སོགས་མཚམས་


KMC025_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནུབ་བར་མི་བྱ། བདག་མདུན་བསྐྱེད་རིམ་མི་བསྡུ་གཤེགས་གསོལ་མི་བྱ་བ་དེ་ཀར་གཉིད་དོ། །དེ་ནི་རྙིང་མའི་ལུགས་སོ། །གནད་ཀྱི་མན་ངག་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས་བསྲེ་བ་སྐོར་གསུམ་གྱི་རྩ་བ། རང་ཉིད་མགོན་པོ་དང་མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་ལངས་ཏེ་གནས་པའི་མཐར་ཡི་གེའི་ངོ་ཕྱིར་ལྟ་བ་གཡོན་དུ་བཀོད་དེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཛཿ ཞེས་བཀོད་པ་དང་། བདག་མདུན་ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་དུ་བྷྱོ་སྔོན་པོ་ལ་ཡིག་ངོ་ནང་བསྟན་ལ་གཡས་སྐོར་དུ། ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ཞེས་བཀོད། དང་པོ་ཡི་གེ་དེ་ཀློག་པའི་ཚུལ་དུ་ཕྲེང་སྐོར་ཙམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ བཟླ་བ་བསྙེན་པ་དང་། དེ་ནས་མགོན་པོའི་སྔགས་གཡས་དང་། ལྷ་མོའི་སྔགས་གཡོན་དུ་དང་པོ་དལ་བུས་འཁོར། དེ་ནས་ཇེ་བྲེལ་དང་། དེ་ནས་དྲག་ཏུ་འཁོར་བར་དམིགས་ལ་སྟོང་ཙམ་བཟླས་པ་ཉེ་བསྙེན། དེ་ནས་སྔགས་འཁོར་བཞིན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་


KMC025_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཕྲོས་པས། ནམ་མཁའ་མཐར་ཐུག་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་བླ་མ་རིག་འཛིན་གྲུབ་ཐོབ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས། ཡེ་ཤེས་ཀྱི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ་འོད་ཟེར་དེས་མཆོད་པས་སྐུ་གསུང་ཐུགས་བདེ་བ་ཆེན་པོས་མཉེས་ནས་དེ་ཐམས་ཅད་མ་མགོན་ཡབ་ཡུམ་གྱི་སྐུ་ཆེ་ཆུང་སྣ་ཚོགས་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཆར་ལྟར་དུ་བབས་ནས་རང་དང་མདུན་བསྐྱེད་ལ་སིབ་སིལ་ཐིམ་པར་བསྒོམ་པ་ནི་རྩ་བ་ཡིན་པས་སྟོང་ཕྲག་ཙམ་བཟླ་བ་སྒྲུབ་པ་ཡིན་ནོ། །དེ་ནས་རང་མགོན་པོའི་ཐུགས་ཀར་སྔགས་འཁོར་བཞིན་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཧཱུྃ་གི་རྩེ་ནས་ཐོན་རང་གི་ཞལ་ནས་འཕྲོས་པས་དེ་དུམ་བུ་གཉིས་སྟོང་སྐུད་རྐྱ་ཕྱེས་པ་ལྟར་གྱུར་ནས་མདུན་གྱི་མ་མགོན་གཉིས་ཀའི་ཞལ་དུ་སོ་སོར་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔོན་གྱི་དམ་བཅས་ཐུགས་དམ་རྗེས་སུ་དྲན་པས་སྔགས་འཁོར་ཡང་སྔོན་ལས་མགྱོགས་པར་དྲག་ཏུ་འཁོར་བས་ཐུགས་ཀྱི་


KMC025_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་ཏེ། ཧཱུྃ་དང་བྷྱོའི་འོག་ནས་འོད་ཟེར་དེ་ཐོན་ནས་ཡབ་ཡུམ་སྦྱོར་མཚམས་ནས་ཚུར་བྱུང་ནས་འོད་ཟེར་གཉིས་གཅིག་ཏུ་གྱུར་ཏེ་རང་ཡབ་ཡུམ་སྦྱོར་མཚམས་ནས་རང་མགོན་པོའི་གསང་བའི་རྡོ་རྗེའི་སྦུ་གུ་ནས་ཡར་བྱོན་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་ཡང་དང་པོ་ནི་འོད་ཟེར་དང་། དེ་ནས་འོད་ཟེར་དེ་ཡང་བཟླ་བྱའི་སྔགས་ཕྲེང་དུ་གྱུར་ནས་རྒྱུན་ཆད་མེད་པར་འཁོར་བར་བསྒོམ་ཞིང་བཟླས་པ་སྟོང་ཙམ་བྱ་བ་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལ་གོམ་ནས་བདག་མདུན་བར་དུ་ཕར་འཕྲོ་ཚེ་སྔགས་ཕྲེང་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་མཐིང་ཁ་ཤས་ཆེ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་གི་བྱིན་རླབས་ཐམས་ཅད་འོད་ཟེར་དེ་ལ་ཐིམ་པ་དང་། ཚུར་འཕྲོ་ཚེ་འོད་ཟེར་འཕྲོས་པས་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ལོངས་སྤྱོད་དངོས་གྲུབ་ཐམས་ཅད་བསྡུས་ཏེ་འོད་ཟེར་དེ་སྔགས་ཕྲེང་ལ་ཐིམ་པས་རང་ལ་ཞུགས་ཏེ་དངོས་གྲུབ་ཐམས་ཅད་ཐོབ་


KMC025_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་མོ། །དམིགས་པ་དེ་ཐམས་ཅད་ཐུན་རེ་རེ་ལ་རྫོགས་པར་བྱ་རྒྱུ་ཡིན་ནའང་། མ་ཟིན་ན་ཐུན་བཞི་ལ་སོ་སོར་དམིགས་པ་རེ་རེ་ཨུ་ཚུགས་བྱས་ལ་ཞག་གཅིག་ལ་ཚང་བར་བྱས་ཀྱང་རུང་ལ། དེ་ལྟར་བསྙེན་སྒྲུབ་དམིགས་པ་དེ་རྣམས་ཞག་བདུན་ཡིན་ན་ཞག་བཞི་ཙམ་བསྒོམ། བདུན་གསུམ་སྒྲུབ་ན་བདུན་གཉིས་ལ་བསྒོམ། ཟླ་གཅིག་སྒྲུབ་ན་བདུན་གསུམ་ལ་བསྒོམ་མོ། །དེ་ནས་ལས་སྦྱོར་དམིགས་པ་ནི། གཞན་རྣམས་གོང་ལྟར་བསྒོམ་ཞིང་ཕྲེང་སྐོར་རེ་ཙམ་བསྙེན་པ་བྱས་ནས། རང་གི་ཞལ་ནས་སྔགས་ཕྲེང་དཀར་བོ་མུ་ཏིག་གི་ཕྲེང་བ་ལྟར་འཁོར་བ་ལས་འོད་ཟེར་དཀར་པོ་འཕྲོས་པས་ཞི་བའི་ལྷ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་མདུན་གྱི་མ་མགོན་གྱི་ཞལ་དུ་ཞུགས། ཞི་བའི་མཆོད་པར་གྱུར་ནས་ཐུགས་ཤིན་ཏུ་དགྱེས། ཐུགས་ཀར་ཐིམ་པས་ཞི་བའི་ཕྲིན་ལས་བཅོལ་བར་མི་བསྙེལ་བར་ཐུགས་དགོངས་གཏད། ཐུགས་ཀའི་སྔགས་ཕྲེང་ལས་ཞི་བའི་དངོས་གྲུབ་སྔགས་ཕྲེང་དཀར་པོ་ཚུར་བྱོན་པ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་


KMC025_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བུས་རང་དང་བསྲུང་བྱ་ཐམས་ཅད་ཀྱི་ནད་གདོན་བར་ཆད་འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ཞི། སྔགས་ཕྲེང་རང་ལ་ཐིམ་པས་རང་གི་སྡིག་སྒྲིབ་ཉོན་མོངས་ཐམས་ཅད་ཞི་བར་བསྒོམ། དེ་ནི་སྔ་དྲོའི་དམིགས་པའོ། །ཉི་དྲོས་ནས་ཕྱེད་ཡོལ་བར་སྔགས་ཕྲེང་འོད་ཟེར་སེར་པོའི་འཕྲོ་འདུས་རྒྱས་པའི་ལྷ་ཚེ་དཔག་མེད་ཛམ་བྷ་ལ་སོགས་ཀྱི་བྱིན་རླབས་བསྡུ་བ་དང་། རང་དང་བསྲུང་བྱའི་ཚེ་བསོད་ནམས་ཟླ་བ་ཡར་ངོ་ལྟར་རྒྱས་པར་བསྒོམ་པ་སོགས་གོང་གི་རིགས་འགྲེ། དགོང་ཀ་ནས་ཉི་ཐལ་བར་སྔགས་ཕྲེང་འོད་ཟེར་དམར་པོའི་འཕྲོ་འདུས་ཀུ་རུ་ཀུལླེ་སོགས་དབང་གི་ལྷའི་བྱིན་རླབས་བསྡུ་བ་དང་། རྒྱལ་བློན་འབངས་འཁོར་ཡུལ་ཁམས་སྣང་སྲིད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་དབང་དུ་བསྡུ་བ་བསྒོམ་པ་དང་། མུན་རུབ་ཉལ་ཁ་ཚུན་སྔགས་ཕྲེང་མཐིང་ནག་འོད་ཟེར་ནག་པོ་ཚ་ལ་རྩུབ་པས་དྲག་པོའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བྱིན་རླབས་བསྡུ་བ་དང་། གནོད་བྱེད་ཐམས་


KMC025_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མེ་ལྕེ་ཁའི་སྦྲང་མ་ལྟར་ཚར་བཅད། རང་གི་ཉོན་མོངས་པ་བདུད་བཞི་ཚར་བཅད་པར་བསྒོམ་པ་ནི་ལས་སྦྱོར་དམིགས་པའོ། །དེ་ལ་སྔགས་ཕྲེང་རེ་རེའི་མཐར་ཤམ་བུ་རེ་རེ་སྦྱར་ཏེ། ཞི་བ་ལ་ནད་གདོན་བར་ཆད་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ་ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་ཁམས་གསུམ་སྲིད་གསུམ་བ་ཤཾ་ཀུ་རུ་སྭཱ་ཧཱ། དྲག་པོ་ལ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ། ཅེས་སྦྱར་རོ། །ཞག་བདུན་བསྒྲུབ་ན་དེ་ལ་ཞག་གསུམ། བདུན་གསུམ་བྱེད་ན་བདུན་གཅིག །ཟླ་གཅིག་བྱེད་ན་ཞག་དགུ་ཙམ་སྟེ་ཁྲིག་ཁྲིག་ནི་མེད། ཡང་ལས་སྦྱོར་གང་རུང་རེ་རེ་འམ་བཞི་ཀ་ལ་རྟགས་མ་ཐོན་བར་དུའམ། ཞག་གསུམ་མམ་བདུན་ཙམ་བྱས་ན་ནི་ཕྱི་རྟགས་ནང་རྟགས་གསལ་པོ་འབྱུང་ངོ་། དེ་ལ་རྟགས་ནི། བསྙེན་པའི་རྟགས། བསྒྲུབ་པའི་རྟགས། ལས་སྦྱོར་རྟགས་ཏེ། རང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་གིས་དངོས་ཉམས་རྨི་ལམ་དུ་རྟགས་འབྱུང་ཏེ། ཞལ་མཐོང་བ། གསུང་ཐོས་ཤིང་ལུང་སྟོན་པ། དབང་བསྐུར་


KMC025_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གསུངས་པ་སོགས་ནི་སྤྱིར་བཤད་ལ། བྱེ་བྲག་རྨི་ལམ་དུ་རང་གི་སློབ་དཔོན་ནམ་ཆོས་གྲོགས་དམ་ཚིག་གཅིག་པ། མི་ནག །རྟ་ནག །གཡག་ནག །བྱ་ནག །ཁྱི་ནག །འོད་དང་འཚུབས་མ་ནག་པོ། སྤྲིན་ནག་འབྲུག་སྒྲ། བུད་མེད་རྒྱན་ཅན་རལ་པ་ཅན། མ་དང་སྲིང་མོ། བུད་མེད་ཀྱི་ཁྲོམ་ཚོགས་འདུ་བ། གཡུ་དང་རལ་གྲི་ནེའུ་ལེ། རྨ་བྱའམ་སྒྲོ། ཁྲག་གི་མཚོ། དུག་སྦྲུལ་རླུང་ཐོག །དྲེའུ་བོང་བུ་རྣམས་བསྙེན་པའི་རྟགས་སོ། །བྱ་བྲལ་སྤྲང་དབྱུག་ཐོགས་པ། བུད་མེད་སྤྲང་མོ་བྱུང་ན་གཏོར་མ་ཆུང་རྟགས་ཏེ་ཇེ་བཟང་དུ་བྱ། རང་སྙིང་མ་དགའ་བའམ་ཚིག་པ་ཟ། བུད་མེད་ཡུགས་ས་མ་དང་། ཁྲོ་བ་དང་། བྱ་ནག་ཁྱི་ནག་གཡག་ནག་མི་ནག་རང་ལ་འཐབ་པ་དང་། བྱིང་རྨུགས་འཐིབས་པ་དང་། ནད་རྙིང་སོགས་ལུས་མི་བདེ་བ་བྱུང་ན་དམ་ཚིག་ལ་སྐྱོན་ཡོད་རྟགས་ཡིན་པས་བསྐང་བ་ཅི་མང་འདོན། བདག་མདུན་སྤྱི་བོར་རྡོར་སེམས་བསྒོམ་པ་ལས་བདུད་རྩིའི་རྒྱུན་བབ་ཉམས་ཆགས་དག་པར་བསྒོམ་ལ་དམ་ཚིག་ཉམས་ཆགས་


KMC025_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་སྔགས། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་ཚར་བདུན་ནམ་ཅི་ལྕོགས་བཟླས་སོ། །སེར་ཉོབ་དང་ལྷ་ཁང་དཔེ་རུལ་བན་དེ་དམ་ཉམས་རིགས་སོགས་གཞན་ཡང་གདོན་རྟགས་དང་། དམ་སྲིའི་རིགས་སོགས་བར་ཆད་རྟགས་དང་བློ་མི་བདེ་བ་སོགས་བྱུང་ན། རང་ཉིད་མགོན་པོའི་ཕྲག་གོང་གཉིས་སུ་བྱ་རོག་ནག་ལ་དམར་བའི་མདངས་ཅན་གཉིས་བསྒོམ། དེ་ལས་བྱ་རོག་ཆེན་པོ་འབྲོང་གཡག་ཙམ་པ་དཔག་ཏུ་མེད་པ་འཕྲོས། གཤོག་སྒྲ་འབྲུག་ལྟར་ཚེག་སྒྲ་འུར་སྒྲ་དང་བཅས་ཏེ་ནམ་མཁའ་བར་སྣང་གང་སྟེ། རང་དང་བསྲུང་བྱ་ལ་གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བྱ་དང་བྱིའུས་འབུ་སྲིན་བཏུས་པ་ལྟར་ཐམས་ཅད་ཟོས་ནས་གཅིག་ཀྱང་མེད་པར་བྱས་ནས། ཐམས་ཅད་ཚུར་འདུས་བྱ་རོག་གཅིག་ཏུ་གྱུར་པ་འོད་དུ་ཞུ་ནས་རང་མགོན་པོའི་ཐུགས་ཀར་ཐིམ་པར་བསྒོམ་ཞིང་རྩ་སྔགས་གཤམ་དུ། གནོད་བྱེད་འབྱུང་པོ་ཨུཙྪ་ཏ་


KMC025_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕཊ། ཅེས་ཕྲེང་སྐོར་ཙམ་བཟླས་པས་གེགས་སེལ་ལོ། །འདི་བསྒྲུབ་དུས་མིན་ཀྱང་རུང་ངོ་། །དེ་ནས་སྐུ་ཡི་རྟགས་ཞལ་མཐོང་བ། ཐང་སྐུ་རྙེད་པ། གསུང་གི་རྟགས་སྔགས་སྒྲ་སྒྲོགས་པ། སྐུ་མ་མཐོང་ཡང་གསུང་ལུང་བསྟན་གྱི་སྒྲ་ཐོས་པ། རྒྱུད་དང་སྒྲུབ་ཐབས་ཀྱི་དཔེ་ལེགས་པོ་རྙེད་པ། ནམ་མཁའ་ལ་ཡིག་འབྲུ་མཐོང་བ། ཐུགས་ཀྱི་རྟགས་མ་མགོན་གྱི་ཕྱག་ཆ་རྡོར་དྲིལ་ཌཱ་མ་རུ་སོགས་རྙེད་པའོ། །མི་ནག་ཕ་ཁུ་ཞང་བློན་དཔོན་རིགས་ཆས་བཟང་བ་བཀའ་ལ་ཉན་པ། དགའ་ཞིང་འོང་བ། བུད་མེད་མ་སྲུ་བག་མ་རྒྱན་ཅན་གྱིས་དངོས་གྲུབ་ཀྱི་རྫས་སྟེར་བ། རང་གི་ཆུང་མའི་ཚུལ་དུ་སྟོན་པ། རང་གྱེན་དུ་འགྲོ་བ། ནམ་ལངས་པ། ཉི་ཟླ་ཤར་བ། ནམ་མཁའ་ལ་འཕུར་བ། རི་མཐོན་རྩེར་ཕྱིན་པ། དར་ཕྱར་བ། དུང་འབུངས། རོལ་མོ་སྒྲོགས་པས་སྐད་སྙན་པོ་དང་ཆེ་བ་འབྱུང་བ་སོགས་ནི་སྒྲུབ་པའི་རྟགས་སོ། །བཅོས་མིན་གྱི་མོས་གུས་དང་། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བརྟན་པོ་དང་རང་སེམས་ངོ་བོ་རྗེན་པ་


KMC025_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། མ་མགོན་དང་རང་སེམས་དབྱེར་མེད་རྟོགས་པ་ནི་མཆོག་གི་རྟགས་སོ། །དེ་ལྟར་རྟགས་རེ་རེའམ་འགའ་ཟུང་ཐོན་པ་རྟགས་ཀྱི་བསྙེན་པ་དང་། དུས་ནི་ཞག་བདུན་ཚར་ཡིན། དེ་ཡན་བདུན་གཉིས་བདུན་གསུམ་ཟླ་གཅིག་སོགས་དུས་བསྙེན་དང་། གྲངས་ནི། འབྲུ་འབུམ་སྟེ་འབུམ་ཕྲག་བཅུ་གསུམ་འམ། བདུན་འབུམ་ཉི་ཁྲིའམ། ཐ་ན་སུམ་འབུམ་གྱིས་ཀྱང་འགྲུབ་བོ། །དེ་ལྟར་སྒྲུབ་པའི་རྩ་ཚིག་ནི། རིན་པོ་ཆེ་ཀརྨ་པས། མ་མགོན་སྐུ་བྲིས་ཤིང་གཏོར་མ་ལ་བཙུགས་ཏེ་ཞག་བདུན་གྱི་བར་དུ་བསྟོད་བསྐུལ་ཕྲིན་ལས་གཞུང་བཞིན་བྱས་ན། མ་མགོན་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་དང་། མ་མགོན་ཡབ་ཡུམ་བདག་བསྒོམ་དུ་བྱས་ཤིང་ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཞིང་བསྙེན་པ་ནུས་ཚད་དུ་བྱས་ན། མཐུ་སྟོབས་མ་མགོན་ལྕམ་དྲལ་དང་མཉམ་ཞིང་ཕྲིན་ལས་འགྲན་ཟླ་མེད་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་


KMC025_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཡིན་ནོ། །དེ་ནས་སྒྲུབ་པ་ཞག་བདུན་ཡན་ཆད་ཚང་ནས། དྲག་པོའི་ལས་སྦྱོར་བརྡའ་ཙམ་མ་བྱས་ན། འགྲོ་ས་མེད་པར་དམག་བསྡུས་ན་དམག་མི་ཁྲོ་བ་ལྟར་རྣལ་འབྱོར་པ་ཚེ་ཐུང་བ་མགོན་པོའི་རྒྱུད་མང་པོ་ནས་བཤད་པའི་ཕྱིར། ཟན་ལིང་ཟིན་ལིང་གཉིས་ལ་རང་གི་སྒོས་དགྲ་བསྟན་པའི་སྤྱི་དགྲ། མཆན། ཞིག་ལ་འགུགས་གཞུག་ཕུར་འདེབས་སོགས་ལས་འགྲིགས་ལྟར་བྱས་ལ། དམར་གཏོར་གསར་པ་ཆེ་བ་ཞིག་བཤམས་པའི་ནང་དུ་ལིང་རོ་ཕུལ་ལ། ལས་འགྲིགས་ཀྱི་བསྐུལ་བ་ཐམས་ཅད་བྱས་ལ་གཟའ་དང་མཁའ་འགྲོའི་གདོང་དང་མ་ཐུགས་པར་གནོད་པའི་ཕྱོགས་སམ་ཕྱོགས་གཙང་སར་ཟོར་དུ་འཕེན། དང་པོ་གསེར་སྐྱེམས་དཀར་གཏོར་སོགས་གཞུང་ལྟར་བྱ། སྣོད་སྦུབ་ལ་གཏོར་བྲོ། དཀྱིལ་འཁོར་ལ་ཕྱག་འཚལ་གཡུལ་རྒྱལ་གྱེར། སླར་རབ་ཏུ་མཚལ་མ་ཚར་གཅིག །མ་གྲུབ་ན་བསྐང་བ་ཚར་གཅིག་གཏོང་རག་ཚུལ་དུ་བྱ། དེ་ནས་སྒྲུབ་གཏོར་དེ་ཉིད་མ་མགོན་ཡབ་ཡུམ་འཁོར་བཅས་དངོས་སུ་གསལ་བའི་དཔྲལ་མགྲིན་


KMC025_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁ་ནས་སྐུ་དང་སྔགས་ཕྲེང་དང་ཧཱུྃ་དང་བྷྱོ་ཐིག་ལེ་ཕྱག་མཚན་དཔག་ཏུ་མེད་པ་ཆར་ལྟར་བབས་པས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམ་ལ་དངོས་གྲུབ་ལེན་ཆོག་སྔགས་སྟོང་ངམ་བརྒྱ་རྩ་བཟླས། རང་གི་རྡོར་དྲིལ་དང་བཅས་གཏོར་མ་དེ་བཟུང་ལ། ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། སོགས་འདོན་ལ་གཏོར་མ་རང་གི་གནས་གསུམ་དུ་གཏུགས་ལ་རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྩ་སྔགས། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བླངས། དེ་ནས་རྗེས་ཆོག་གཞུང་ལྟར་བྱས་ལ་མདུན་བསྐྱེད་ཀྱི་ཡེ་ཤེས་པ་ཙཀ་ལི་སོགས་ལ་བསྟིམ། མིས་མི་མཐོང་བར་རྟེན་དུ་བཅད། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་ཡེ་ཤེས་པ་ནི་རང་ལ་བསྟིམ་པ་མ་གཏོགས་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏེ་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ་བ་གསང་སྔགས་རྙིང་མའི་ཁྱད་ཆོས་འདི་ཡབ་ཡུམ་བདག་བསྒོམ་འདི་ལ་ཡང་བྱ་བར་རྗེ་བཙུན་དབང་ཕྱུག་རྡོ་རྗེ་དང་པཀྵིའི་


KMC025_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལས་ཀྱང་གསལ་ལོ། །དེ་ལྟར་རྩ་བའི་བསྙེན་བསྒྲུབ་དེ་ཐོན་ན་མཆོག་ཡིན་ལ། མ་ཐོན་ན་ཡང་རྒྱུན་ཁྱེར་དུ་བྱ་བའམ་མཚལ་མ་འདོན་ན་ཡང་གོང་གི་དམིགས་པ་དེ་ལྟར་བསྒོམས་ལ་བསྙེན་པ་བརྒྱ་སོང་ཅི་འགྲུབ་བྱའོ། །སྒྲུབ་གཏོར་ནི་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ་པའམ་དགོན་པ་ཡིན་ན་གཙང་སར་སྦ། འབྲོག་སྒར་ལ་ཡང་གཏོར་མ་རྐང་ཚེ་སོགས་སུ་དུམ་བུ་འཆང་བར་བྱའོ། །གཏོར་མ་རུལ་ནས་མ་ལྕོགས་ན་མངའ་གསོལ་དུས་བསངས་སུ་འབུལ་ལོ། །རིན་པོ་ཆེ་ཀརྨ་པས། མ་མགོན་གྱི་དཔེ་དུམ་མང་དུ་ཡོད་པ་རྣམས་དོན་མེད་དཀྲུགས་པ་ལྟ་བུ་ཡིན། མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བ་ཡིན་གསུངས་པ་དང་། ཁྱེད་རྣམས་ཀྱིས་ཀྱང་བརྒྱུད་པ་འཛིན་ཅིང་སྒྲུབ་ན་འགྲུབ་པར་མཆི་ཞེས་གསུང་པའི་དོན་ཞལ་སྦྱོར་བསྙེན་སྒྲུབ་བྱ་ཚུལ་ངག་ཁྲིད་འདི། རྡོ་རྗེའི་སྤུན་དུ་གྱུར་པ་ཤཱཀྱའི་དགེ་སློང་འགོལ་བླ་མ་ཀརྨ་བཛྲ་གྱིས་བསྐུལ་ཕྱིར་སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་སྙན་བརྒྱུད་ཡི་གེར་བཀོད་པ་ཆོས་


KMC025_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཌཱ་ཀི་རྣམས་ཀྱིས་བཟོད་པར་བཞེས་ལ་སྙིང་པོའི་དོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། ༈ །།བེར་གྱི་ལས་ཚོགས་ཡབ་ཡུམ་ཞལ་སྦྱོར་གྱི་ཞི་རྒྱས་དབང་དྲག་ནི། ཆོ་ག་མཚལ་སེར་གཞུང་ལྟར་ལས། ཚར་གཅིག་གིས་བདག་མདུན་གཉིས་དང་བུམ་པའི་ནང་དུ་དཀྱིལ་འཁོར་ཚང་མ་བསྒོམ་པ་དུས་གཅིག་ཏུ་བྱས། མདུན་བསྐྱེད་ལ་ཞི་བའི་དམིགས་པ་སྒྲུབ་པ་དུས་ལྟར་བྱ་ཞིང་། ཁྱད་པར་ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཞལ་འཛུམ་པ། ཡུམ་ལྷ་མོ་ནམ་མཁའ་ལ་གཟིགས་ནས་བཞད་པ། ཕྱག་གཡས་འོག་ལྕགས་ཀྱུ་དང་། གཡོན་འོག་ཚེ་བུམ་འཛིན་པ། ཡབ་ཡུམ་དར་དཀར་གྱི་བེར་ཅན་དུ་བསྒོམ། འདོན་པའི་ཚིག་བསྒྱུར་མི་དགོས། མཆོད་གཏོར་ཤ་ཁྲག་མི་བསྲེ་དཀར་གསུམ་བྱ། སྔགས་ཡབ་ཡུམ་ཞལ་སྦྱོར་གསུང་གི་སྙིང་པོ་ལ། ནད་གདོན་བར་ཆད་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་སྟོང་ཅི་འགྲུབ་བཟླ་ཐུན་གཏོར་ཡང་ཟླུམ་པོ་ལ་བྱང་ཕྱོགས་དུར་ཁྲོད་མ་དང་ཡེ་ཤེས་


KMC025_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་འབུལ་ལོ། །བུམ་ལྷའི་སྐུ་ལས་བདུད་རྩི་བབ་པར་བསྒོམ་ཞིང་རྩ་སྔགས་ལ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱཧཱ། བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླའོ། །བུམ་ལྷ་ཡེ་ཤེས་པ་མདུན་བསྐྱེད་ལ་ཐིམ་པར་བསྒོམ། དམ་ཚིག་པ་འོད་དུ་ཞུ་བ་བདུད་རྩིར་བསམ་ལ་ནད་པ་ལ་ཁྲུས་དང་འཐུང་བ་སོགས་བྱེད་བཅུག །རང་ཡང་འཐུང་བཀྲུ་བྱ། བྱིས་པ་སྦྲ་ཁྱིམ་ནོར་ཕྱུགས་ལ་གཏོར་བས་ནད་གདོན་གྲིབ་དང་བར་ཆད་ཞིའོ། །གཏོར་མ་རིན་ཆེན་འབར་བའི་དབྱིབས་ལ། འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་དར་ཚོན་ཟས་ཕུད་སྣ་ཚོགས་བླུགས་ལ་མགོན་པོ་གཞུང་ལྟར་ལས། བདག་མདུན་ཐམས་ཅད་སྐུ་མདོག་སེར་པོ་བེར་སེར་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརླུབས་པ་ཞལ་ཁྲོ་འཛུམ་སྐུ་ཤ་རྒྱས་པ་གནོད་སྦྱིན་གྱི་ཆ་ལུགས་ལྟར་བསྒོམ། བསྙེན་དུས་ཀྱི་རྒྱས་པའི་དམིགས་པ་ལྟར་ལས། རྩ་སྔགས་བདག་ལ་རཏྣ་སིདྡྷི་ཧཱུྃ། ཞེས་བསྙེན། གསོལ་


KMC025_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཚར་ཅི་མང་བཏང་། ཁྱད་པར་མདུན་བསྐྱེད་ཀྱི་བེར་གྱི་སུལ་ནས་རིན་པོ་ཆེ་དང་དགོས་འདོད་ཐམས་ཅད་ཆར་ལྟར་བབས་ནས་བདག་ཉིད་ཀྱི་སྦྲ་ཁྱིམ་གང་བར་བསྒོམས་པས་ལོངས་སྤྱོད་འཕེལ་ལོ། །ཁྱད་པར་རྟ་གོད་གཅོད་ན་བདག་མདུན་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བདག་མདུན་གྱི་ཤར་གྱི་མགོན་པོ་ལ་ཕོག་པས། དཔལ་རབ་འཆང་གི་ཐུགས་ཀ་ནས་ཉི་མའི་སྲས་པོ་ཨཱཪྱ་རེ་མནྟ་སྐུ་མདོག་དམར་པོ་བསེ་ཁྲབ་ཤེལ་རྨོག་ཅན་རྟ་སྔོན་ཞོན་པ། ཕྱག་གཡས་གསེར་གྱི་རལ་གྲིས་རྟ་གདོན་ཐམས་ཅད་མྱལ་མྱལ་གཏུབས། གཡོན་ལྕགས་ཀྱུས་རྟ་གཡང་ཐམས་ཅད་སྡུད་པ། ནམ་མཁའ་བར་སྣང་ཐམས་ཅད་གང་བ་འཕྲོས། རྟ་ལ་གནོད་པ་ཐམས་ཅད་བསད། ལ་ལ་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་ནས་ཚུར་འདུས་རྟ་ཐམས་ཅད་ལ་བསྐོར་ཞིང་བསྲུང་བའམ་རྟ་ལ་ཐིམ་པར་བསྒོམ་ཞིང་མ་མགོན་གསུང་གི་སྙིང་པོ་ལ། ཨོཾ་བཛྲ་ཀྲོ་དྷ་ཨཱཪྱ་རེ་མནྟ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པ་བརྒྱ་སྟོང་ཅི་འགྲུབ་བྱ། སྲུང་སྐུད་སྔགས་ལ་


KMC025_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། དམིགས་པ་བསྒོམ་ཞིང་གསོལ་ཁ་ཚར་གསུམ་བདུན་སོགས་བཏང་བས་རྟ་གོད་ཐམས་ཅད་ཆད་ཅིང་རྟ་འཕེལ་ལོ། །རེ་མནྟ་དང་ཤར་གྱི་མགོན་པོ་གཅིག་ཡིན། དེ་བཞིན་ནོར་ལུག་གི་གོད་གཅོད་འདོད་ན། ནུབ་བྱང་མགོན་པོ་ལས་འོད་ཟེར་དང་། རང་འདྲ་བ་གྲངས་མེད་འཕྲོས་པས་གོད་འདྲེ་ཐམས་ཅད་རྡོ་རྗེས་བརྡུང་ཞིང་བསྐྲད། ཕྱག་གཡོན་བུམ་པ་ནས་བདུད་རྩིའི་རྒྱུན་བབས་པས་ནག་བཀྲུས་པར་བསྒོམ་ཞིང་གསོལ་ཀ་དང་། མ་མགོན་རྩ་སྔགས་ལ། ཨོཾ་པརྞ་ཤ་ཝ་རི་སྭཱ་ཧཱ། བ་སུ་རོ་ག་རཀྵ། ཞེས་ཅི་ནུས་བཟླ། བུམ་པ་ལ་ཡང་སྔར་ལྟར་བསྒོམ་ཞིང་བུམ་ཆུ་གཏོར། དེས་སྒབ་འཕེལ་གོད་ཁ་ཉུང་། དེ་བཞིན་ཤར་ལྷོ་མགོན་པོ་ལས་དེ་འདྲ་བ་གྲངས་མེད་སྤྲོས་པས་འཇིག་རྟེན་གྱི་ཚེ་བསོད་བསྡུས་ཏེ་སྦྲ་གུར་ནོར་ཕྱུགས་ལ་བསྟིམས་པས་གཡང་ཆགས། ཐམས་ཅད་ནོར་ཕྱུགས་དང་སྦྲ་གུར་ལ་བསྟིམ་ཞིང་རྩ་སྔགས་ལ། ཨོཾ་ཛམྦྷ་ལ་ཛ་ལནྡྲཱ་ཡ་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པས་བསོད་ནམས་དབང་


KMC025_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཡར་དར་འོང་། །ཡང་རི་ཁྲོད་སོགས་སུ་འཚོ་བ་སྲབ་པར་བྱུང་ན་གང་འདོད་པའི་ཟས་ཇ་མར་ཐུད་སོགས་ཅི་མང་གིས་གསོལ་ཁའི་གཏོར་མ་གསོ། །བཟའ་བཏུང་རུང་བའི་དངོས་པོ་གང་ཡོད་བྲན་ལ་གསོལ་ཁ་བྱ། ཡབ་ཡུམ་རྩ་སྔགས་ལ། ན་ན་ཁངྷེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ཁ་ཟས་ཤུགས་ཀྱིས་འབྱུང་སྟེ་ཟབ་བོ། །དེ་ཐམས་ཅད་གསོལ་ཀ་ལ་བུང་ལེན་ནོ། །ཨྠྀི། ཞེས་པ་འདི་ནི་གྲུབ་ཆེན་ཀརྨ་པའི་བཞེད་པ་སོར་བཞག །རས་ཆེན་དུས་མཁྱེན་ལུགས་དང་མ་འདྲེས་པར་བསྐྱེད་རྫོགས་ཆ་ཚང་གསལ་བར་བཀོད་པ་ལ། སྦ་འོས་གསལ་བཀོད་ཉེས་པ་མཆིས་ན་མ་མགོན་ཚོགས་ལ་བཤགས་ཤིང། དགེ་བས་བསྟན་པ་དང་བསྟན་འཛིན་རྣམས་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག །ཅེས་པ་འདི་རཱ་ག་ཨ་སྱས་སོ། ༈ །བེར་གྱི་རྫོགས་རིམ་བསྡུས་པ་བཞུགས་ལགས་སོ། །ན་མོ་གུ་རུ་མཧཱ་ཀཱ་ལཱ་ཡ། ཌོམྦི་པ་ནས་མར་མི་དྭགས་པོ་དུས་མཁྱེན་བར་ཅིག་བརྒྱུད་ལྷོ་བྲག་གི་མགོན་པོ་ཞེས་བྱ་བའི་ཁྲིད་ལ་རྒྱས་པར་མཁའ་སྤྱོད་པས་མཐའ་


KMC025_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་གསུངས་མོད་ཀྱང་། པཀྴིའི་དགོངས་པ་གདམས་ངག་རྒྱ་མཚོ་མཐའ་ཡས་དང་བསྟུན་པའི་དམིགས་རིམ་བརྗེད་ཐོ་ནི་སྔོན་དུ་ཆོ་ག་འདོན་པའི་འཇུག་གམ། མིན་ཀྱང་ནམ་རུང་རྒྱུན་ཁྱེར་བྱ་སྟེ། རང་ཉིད་དྲན་རྫོགས་སུ་མགོན་པོ་བེར་ནག་ཅན་རྐང་ཐང་ལ་ལྷ་མོས་འཁྱུད་པ་གཅིག་བསྒོམ། རང་ལུས་དམ་ཚིག་སེམས་དཔའ་ཡིན་པས་སྤྱན་འདྲེན་མི་དགོས། བཟའ་བཏུང་བདུད་རྩིར་མོས་ལ་རང་ཉིད་མགོན་པོའི་ལུས་ལྷ་མཆོད་པས་མཆོད་པ་གཞན་མི་དགོས། རླུང་འཇུག་པ་ཨོཾ། ཁོག་ཏུ་གནས་པ་ཨཱཿ ཕྱིར་དབྱུང་བ་ཧཱུྃ་དུ་བསམ་པས་བཟླས་བརྗོད་མི་དགོས། དེ་ནས་རང་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམ་པ་ཕྱི་ལུས་ཀྱི་སྟོང་ར་སྟེ་རིགས་ལྡན་གྱི་གཞི་བཟུང་བའོ། །ཡུམ་ལྷ་མོ་རང་ལ་ཐིམ་པས་རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྔོན་པོ་མདའ་སྨྱུག་ཙམ་ཡར་སྣེ་སྤྱི་བོ་ཚངས་བུག་ཏུ་ཟུག་པ་སྣ་ཚོགས་རྡོ་རྗེས་མཚན་པ། མར་སྣེ་གསང་གནས་ཀྱི་རྩ་བར་ཟུག་པ་ལ་གསང་གནས་ཅུང་ཟད་མ་འབྲེལ་པ་བར་ཆད་པར་


KMC025_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་སྡོམ་པ་ཐུབ་པའི་གནད་དོ། །གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ། ཡར་སྣེ་སྣ་བུག་དང་མར་སྣེ་ལྟེ་འོག་ནས་དབུ་མ་གཅིག་ཏུ་གྱུར་པ། སྤྱི་བོར་བདེ་ཆེན་འཁོར་ལོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བ་དྲུག་ཅུ་རེ་བཞི། གསང་གནས་ཉི་ཤུ་རྩ་བརྒྱད། གདུགས་ཀྱི་རྩིབས་མ་ལྟ་བུ། ཐམས་ཅད་སྟོང་སང་ངེ་བར་བསྒོམ་པ་ནང་རྩའི་སྟོང་རའམ་དཔག་བསམ་གྱི་ཤིང་འཛུག་པའོ། །དེ་ནས་རྩ་མདུད་ལྔའི་དབུས་སུ་དཔྲལ་བར་གཏི་མུག་གི་ངོ་བོ་ཨོཾ་དཀར་པོ། །མགྲིན་པར་འདོད་ཆགས་ཀྱི་ངོ་བོ་ཧྲཱིཿདམར་པོ། །སྙིང་ཁར་ཞེ་སྡང་གི་ངོ་བོ་ཧཱུྃ་མཐིང་ནག །ལྟེ་བར་ང་རྒྱལ་གྱི་ངོ་བོ་ཏྲཱཾ་སེར་པོ། གསང་བར་ཕྲག་དོག་གི་ངོ་བོ་ཧཱ་ལྗང་གུ་བསྒོམ་ཏེ་དུག་ལྔ་ཡེ་ཤེས་ལྔ་རིག་མ་རིག་ཁྱད་པར་མ་གཏོགས་གཅིག་པས་སོ། །དེ་དག་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དུག་ལྔས་ཀུན་ནས་བསླང་བའི་སྡིག་སྒྲིབ་ཐམས་ཅད་སིབ་ཀྱི་ཡིག་འབྲུ་ལྔ་ལ་ཐིམ་པར་བསྒོམ་ལ།


KMC025_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རོ་འབུད་པ་དགུ་ཕྲུག་གིས་བུས། ཚུར་རྔུབས་པས་ཡིག་འབྲུ་ལ་བསྟིམ་པ་སྤྲད། རང་གི་ལྟེ་འོག་སོར་བཞི་དབུ་མའི་ནང་དུ་ཨ་ཐུང་ཐིག་ལེ་དམར་པོ་སྲན་མ་ཙམ་བསམ། རླུང་བཟུང་བས་དེ་ལས་ཡེ་ཤེས་ཀྱི་མེ་ཐུར་དུ་འབར་བས་གསང་གནས་ཀྱི་ཧཱ་སྲེགས། །གྱེན་དུ་འབར་ནས་ཡིག་འབྲུ་བཞི་པོ་བསྲེགས་པས་དུག་ལྔའི་སྒྲིབ་པ་དག་པར་བསྒོམ་ལ་རླུང་ཁུག་གཅིག་མནན། དེ་ནས་ཡིག་འབྲུ་བསྲེགས་པའི་ངོ་བོ་དཔྲལ་བར་སྐུ་མགོན་ཡབ་ཡུམ་ཞལ་སྦྱོར་དཀར་པོ། རྩ་འདབ་སོ་གཉིས་ལ་མཁའ་འགྲོ་དཀར་མོ་གྲི་ཐོད་ཅན་སོ་གཉིས། མགྲིན་པར་གསུང་མགོན་ཡབ་ཡུམ་དམར་པོ། རྩ་འདབ་ལ་མཁའ་འགྲོ་དམར་མོ་བཅུ་དྲུག །ཐུགས་ཀར་ཐུགས་མགོན་ཡབ་ཡུམ་མཐིང་ཀ །རྩ་འདབ་བརྒྱད་ལ་ལྷ་མོ་མཐིང་ཁ་བརྒྱད། ལྟེ་བར་ཡོན་ཏན་མགོན་པོ་ཡབ་ཡུམ་སེར་པོ། རྩ་འདབ་ལ་མཁའ་འགྲོ་རེ་གཉིས་སེར་མོ། གསང་བར་ཕྲིན་ལས་མགོན་པོ་ཡབ་ཡུམ་ལྗང་གུ །རྩ་འདབ་ལ་མཁའ་འགྲོ་ལྗང་གུ་ཉེར་བརྒྱད་ཏེ་སྐུ་མདོག་ཕྱག་མཚན་


KMC025_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཞུང་ནས་གསུངས་པ་ལྟ་བུ། སོ་སོའི་ཐུགས་ཀར་ཧཱུྃ་རང་མདོག་ལ་སྔགས་ཕྲེང་རང་མདོག་བཀོད། རླུང་ཕྱིར་འབུད་པ་དང་བསྟུན་ལྷ་ཚོགས་རྣམས་ལས་འོད་ཟེར་རང་མདོག་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་ཐམས་ཅད་མཆོད་པས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་མ་མགོན་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པར་བྱོན། མཚོ་ལ་ཆར་བབ་པ་ལྟར་བདག་གི་ལུས་ཀྱི་ལྷ་སོ་སོ་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ། ཡང་རྩ་འཁོར་ལྔའི་ལྷ་ལས་འོད་ཟེར་རང་མདོག་འཕྲོས་པས། བདག་དང་བསྲུང་བྱའམ་སེམས་ཅན་གྱི་ནད་གདོན་སྡིག་སྒྲིབ་ཞི། རླུང་སེམས་དབང་དུ་འདུས། བདུད་བཞི་ཚར་བཅད། ཚེ་བསོད་ཉམས་རྟོགས་རྒྱས། ལས་སྣ་ཚོགས་འགྲུབ་པར་བྱས་པས། སེམས་ཅན་ཐམས་ཅད་མ་མགོན་ཡབ་ཡུམ་དུ་གྱུར། རླུང་ཚུར་རྔུབས་པས་དེ་ཐམས་ཅད་ཀྱི་ཚེ་བསོད་ནམས་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསྒོམ་


KMC025_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རླུང་ནང་དུ་དགང་ངོ་། །ཡང་རླུང་བཟུང་བས་ལྟེ་འོག་གི་མེ་འབར་བས་རྩ་གནས་ཀྱི་ལྷ་ཐམས་ཅད་ཞུ་ནས་ཐིག་ལེ་རང་མདོག་ཏུ་གྱུར། སྤྱི་བོའི་ཡར་སྣེ་རུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་ལས་བདུད་རྩི་བྱང་སེམས་དཀར་པོ་བབས་པས། ཐིག་ལེ་རྣམས་ལ་རེག་པས་སྔར་ལྟར་གྱི་སྐུ་སྔར་ལས་བཀྲག་མདངས་གཟི་བརྗིད་ལྷག་པར་ཆེ་བར་གྱུར། གཏུམ་མོའི་མེས་རྩ་འདབ་གང་བས་ལུས་ལ་དྲོད་འབར། སྤྱི་བོ་ནས་བྱང་སེམས་བབ་པས་རྩ་གནས་ལྷ་ཐམས་ཅད་ཀྱི་ཞལ་དུ་ཞུགས་པས་སྐུ་ལུས་བདེ་བས་རྒྱས། རང་གི་རྩ་གནས་ཐམས་ཅད་གང་བས་ལུས་སེམས་ལ་བདེ་བ་ཚད་མེད་པར་གྱུར། བདེ་བ་རྒྱས་པས་ཐིག་ལེ་འཆོར་བ་འདྲ་ན་གསང་གནས་ཀྱི་སྦུ་གུ་ཧཱུྃ་ཡིག་གིས་ཐིམ་བུ་ལྟར་བཀག །ཐིག་ལེ་ཆུའི་རླབས་ལྟར་སྐྱ་ཆི་ལི་ལི་གྱེན་དུ་ལོག་ནས་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམས་ནས་མིག་གྱེན་དུ་ཟློག །ལྕེ་ཡ་རྐན་ལ་སྦྱར། ལྟོ་བ་སྒལ་པར་བཅར། ཧིང་རིང་བདུན་གྱིས་རླུང་གྱེན་དུ་དྲངས་འོག་སྒོ་ཀློད། སོར་མོ་


KMC025_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་བྱས། སེམས་ནམ་མཁའི་དབྱིངས་སུ་གཏད་ལ་བདེ་བའི་ངོ་བོ་བལྟའོ། །དེ་ལྟར་རྒྱུན་དུ་བསྒོམ་ཞིང་བདེ་བ་སྐྱེས་ཙ་སྟོང་པས་རྒྱས་བཏབ་ཅིང་བསྒོམས་པས་བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་གི་སྐུ་ཚེ་གཅིག་ལ་འགྲུབ་བོ། །ལྔ་སྦྱོར་དྲུག་སྐོར་སོ་བདུན་མ་སོགས་འཕྲུལ་འཁོར་ལ་འབད་ན་རས་ཐུབ་བོ། །རྗེས་ནས་བསྐྱེད་རིམ་བསྡུ་བ་སོགས་ནི་མི་དགོས་ངོ་བོ་སྐྱོང་བ་ཁོ་ནས་ཆོག་སྟེ། དེ་ལྟར་སྒོམ་མཁན་སེམས་ལ་བལྟས་པས་གཟུགས་ཁ་དོག་མེད་པའི་སྟོང་ཉིད་དངོས་སོ་འཆར་གྱི། མཐའ་ནས་དབུས་ཡལ་སྟོང་པ་བསྒོམ་པ་སོགས་ནི་བློས་བྱས་ཏེ་སྟོང་ཉིད་དངོས་མ་ཡིན་པས་སོ། །རླུང་ལ་བསྟན་ནས་དགྲ་བགེགས་ཚར་གཅོད་པ་ནི། རང་ཉིད་སྐད་ཅིག་ལ་མགོན་པོ་ཡབ་རྐྱང་གནམ་ས་གང་བ་མེ་འབར་བར་བསྒོམ་པའི་ལྟེ་འོག་སྐུ་ལུས་ནང་དུ་མེ་དཔུང་འབར་བའི་དབུས་སུ་མ་མགོན་ཡབ་ཡུམ་ཞལ་སྦྱོར་རྐང་ཐང་དམ་དྲེལ་ཆིབས་པ་རི་རབ་ཙམ་ཞལ་གནམ་དུ་གདངས་པའི་ནང་དུ་ཡེ་ཤེས་ཀྱི་མེ་འུ་རུ་རུ་འབར་བ་ཞིག་བསྒོམ། རང་གིས་


KMC025_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་བུས་པས་སྣ་བུག་གཡས་ནས་འོད་ཟེར་དམར་ནག་གློག་གི་ལྕགས་ཀྱུ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོས། རང་དང་བསྲུང་བྱའམ་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་སྦུར་མ་རླུང་གིས་བསྡུས་པ་ལྟར་བཀུག་ནས། རང་མགོན་པོའི་སྣ་བུག་གཡོན་ནས་ཞུགས་སྟེ་རླུང་ནང་དུ་རྔུབས་པ་དང་བསྟུན། ལྟེ་འོག་གི་མ་མགོན་གྱི་ཞལ་དུ་རྐང་མཐིང་སྐྱ་ལྷག་ལྷག་སོང་བས་བསྲེགས་ཏེ། རྣམ་ཤེས་ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པར་བསྒོམ་ལ་ངོ་བོ་བསྐྱང་། རྗེས་ལ་སྙིང་རྗེ་དྲག་པོ་ཅིག་བསྒོམ། དེ་ལྟར་དམིགས་པ་རླུང་དང་སྦྲག་པ་ནན་ཏན་བསྒོམ་ན་དགྲ་དང་བགེགས་ཐམས་ཅད་མེ་ལྕེ་ཁའི་སྦྲང་བུ་ལྟར་འགྱུར་བར་གསུངས་སོ། །རང་གི་སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། སྣ་ཚོགས་འགགས་མེད་དུ་འཆར་བ་ནི་འཁོར་གྱི་དྲེགས་བྱེད། རང་སེམས་སངས་རྒྱས་སུ་ཡེ་ནས་གནས་པ་དེ་ཡེ་ཤེས། དེ་བསྒོམས་པས་སྡུག་བསྔལ་ཐམས་ཅད་ཀྱི་མགོན་སྐྱབས་ཀྱི་མཆོག་སྟེ་ཡེ་ཤེས་མགོན་


KMC025_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །དེས་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་མ་མགོན་ཡབ་ཡུམ་གྱི་རང་བཞིན་ལས་མ་འདས་སོ། །སྙན་བརྒྱུད་ངག་ཁྲིད་ཁྱེར་བདེ་བ་འདི་རྡོ་རྗེའི་སྤུན་ཀརྨ་རྡོ་རྗེས་བསྐུལ་ཕྱིར་རཱ་ག་ཨ་སྱས་བྲིས། མངྒ་ལཾ།། ༈ །།ཡབ་ཡུམ་ཞལ་སྦྱོར་སྙན་བརྒྱུད་ཀྱི་བརྒྱུད་རིམ་ནི། ཌོམྦི་ཧེ་རུ་ཀ་ཆེན་པོ། བཱི་ཎ་པཾ། ལྭ་ཝ་པ། ཨིནྡྲ་བྷཱུ་ཏི། ཙརྻ་པ། ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། དུས་གསུམ་མཁྱེན་པ་ནས་སོ། །དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་པར་དུ་བསྒྲུབས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགྲུབ་ཆེན་ཀརྨ་པཀྴིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངགnext