Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

1 occurrence of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
དཔལ་མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་བསྙེན་ཡིག་རིན་པོ་ཆེ་བཻཌཱུརྻའི་འཕྲེང་བ་རྣལ་འབྱོར་ཡིད་ཀྱི་མཛེས་རྒྱན།
 
  


1 occurrence of གསང་བདག་ཕྱག་རྡོར་
[Clear Hits]

 
previousདཔལ་མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་བསྙེན་ཡིག་རིན་པོ་ཆེ་བཻཌཱུརྻའི་འཕྲེང་བ་རྣལ་འབྱོར་ཡིད་ཀྱི་མཛེས་རྒྱན།next

དཔལ་མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་བསྙེན་ཡིག་རིན་པོ་ཆེ་བཻཌཱུརྻའི་འཕྲེང་བ་རྣལ་འབྱོར་ཡིད་ཀྱི་མཛེས་རྒྱན།


KMC025_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་བསྙེན་ཡིག་རིན་པོ་ཆེ་བཻཌཱུརྻའི་འཕྲེང་བ་རྣལ་འབྱོར་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །


KMC025_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཐ་མི་དད་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་ཞིག་མཐུ་དབང་སྟོབས་ཀྱི་དཔལ། །མཆོག་གྲུ༵བ་སྲིད་གསུམ་འཇོམས་པའི་ལྷ། །ནག་པོ་ཆེ༵ན་པོའང་བྲན་བཀོལ་བ། །དཔལ་ལྡན་བླ་མ་ཀ༵རྨ༵་པ༵། །དེང་ནས་སྙིང་པོ་བྱང་ཆུབ་བར། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ང༵ག་དབ༵ང་རིན་ཆེན་འབྱུང་བའི་གནས། །ཡོ༵ན་ཏ༵ན་རྒྱ༵་མཚོ༵་ཆེན་པོ་ལས། །བློ༵་གྲོ༵ས་མཐ༵འ་ཡ༵ས་ནོར་བུའི་དཔལ། །འདྲེན་མཁས་མགོན་དེ་སླར་ཡང་དྲན། །ཟབ་


KMC025_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ༵ས་རྒྱ་མཚོ་ལྟ་བུ་ལ། །དབ༵ང་བསྒྱུར་རང་གཞན་དོ༵ན་འགྲུ༵བ་པར། །སྦྱོར་མཛད་རྒྱལ་བའི་ཕྲིན་ལས་པ། །མཆོག་ཟུང་ཞབས་རྡུལ་སྤྱི་བོར་ལེན། །ཆགས་པའི་རང་བཞིན་དམར་བ་དང་། །གཟུང་འཛིན་རྩད་གཅོད་གྲི་གུག་གདེངས། །སྣང་སྟོང་སྒྱུ་མའི་རྩེ་འཇོ་མཁན། །རྒྱལ་ཡུམ་རྡོ་རྗེ་བཙུན་མོས་སྐྱོངས། །ཀུན་རྟོག་ཉོན་མོངས་མཐུག་པོའི་གོས་ལྡན་ཞི་བས་གདུལ་དཀའི་ཚུལ་རིག་སྟེ། །སྙིང་རྗེའི་ཆུ་གཏེར་གཡོ་བའི་རླབས་ཀྱི་གདེང་ལྡན་ཁྲག་རྒྱུན་ལ་དགའ་ཞིང་། །འབར་བའི་མཚོན་འཆང་བསྐལ་མེ་ལྟར་འབར་


KMC025_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཤིན་ཏུ་མི་བཟད་པ། །དེ་ཝཱི་ཀཱ་ལིའི་མཁའ་དབྱིངས་དགའ་བཞིའི་རོ་ལ་ཆགས་པའི་རྣམ་འགྱུར་ཅན། །སྒྲུབ་པོ་ལ་བྱམས་ཧ་ལའི་ཡིད་ལྡན་སྡེར་བཅས་ཕ་རོལ་གནས་འགོད་པ། །ཁྱོད་འཁོར་འཇིགས་བྱེད་ཕོ་མོ་དུ་མའི་ཚོགས་ཀྱིས་ཡོངས་བསྐོར་དཀྱིལ་འཁོར་པར། །རྣལ་འབྱོར་གདུང་བའི་དབང་གིས་གྲངས་མེད་ཕྱག་བཅས་ཁྱོད་ཞབས་ལ་འདུད་དོ། །མན་ངག་གཏིང་བྲལ་རིན་ཆེན་འབྱུང་གནས་ལས། །མཚུངས་བྲལ་བླ་མའི་དྲིན་གྱིས་ཐོབ་པ་ཡི། །ཟབ་དོན་ནོར་བུའི་དོ་ཤལ་འདིར་འགོད་ཀྱི། །དཔལ་ཆེན་ཁྱོད་ཀྱིས་བཀའ་ཡི་གནང་བ་རྩོལ། །རྒྱལ་ཀུན་ཕྲིན་ལས་པད་དཀར་འཆང་། །གང་གི་རྗེས་སུ་སློབ་རྣམས་ཀྱིས། །མན་ངག་ཨིནྡྲ་ནཱི་ལའི་ཕྲེང་། །བློ་ལྡན་མགྲིན་པའི་རྒྱན་དུ་ལོངས། །དེ་ལ་འདིར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་སྐྱོང་ཐུན་མོང་མ་ཡིན་པ་རིན་པོ་ཆེ་ཀརྨ་པའི་ཡབ་ཆོས་ཁྱད་པར་དུ་འཕགས་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་སྒྲུབ་པའི་ཟིན་བྲིས་ལག་ལེན་བལྟས་ཆོག་ཏུ་བཀོད་པར་བྱ་སྟེ། དེ་ལའང་


KMC025_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས། གནས་དང་ཡོ་བྱད་ཀྱི་རིམ་པའོ། །དང་པོ་ལ་གསུམ། གནས། དུས། གྲོགས་སོ། །དེ་ལ་དང་པོ་གནས་ཀྱི་མཚན་ཉིད་ནི། དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་སྔགས་ཀྱི་ལེའུར། གང་ཞིག་ནག་པོ་ཆེན་པོ་བསྒྲུབ་བར་འདོད་པས། དུར་ཁྲོད་ཆེན་པོའི་གནས་འབྱུང་པོ་དང་རོ་ལང་འདུ་བའི་ཕྱོགས་སུ་སོང་ལ་ཞེས་སོགས་གསུངས་པ་ལྟར་རམ། ཤིན་ཏུ་གཙང་ཞིང་དབེན་ལ་ཉམས་དགའ་བའི་གནས་སུ་བསྒྲུབ་པར་བྱའོ། །གཉིས་པ་དུས་ཀྱི་མཚན་ཉིད་ནི། དགུན་ཟླ་ཐ་ཆུང་གི་ནག་པོའི་བརྒྱད། དཔྱིད་ཟླ་ཐ་ཆུང་གི་ལྔ། དབྱར་དང་སྟོན་ཟླ་ཐ་ཆུང་གི་ནག་པོའི་བཅུ་བཞི་རྣམས་ལ་ཆོ་ག་བརྩམ་མོ། །གསུམ་པ་གྲོགས་ཀྱི་མཚན་ཉིད་ནི། །སྤྱི་ནས་བཤད་པ་ལྟར་གྱིས། བློ་གསལ་ཞིང་ངག་ལ་ཉན་པ། གཙང་སྦྲ་ཆེ་ཞིང་གསང་སྔགས་ལ་དད་པ། གཞུང་བཟང་བ་སོགས་མཚན་ཉིད་ཐམས་ཅད་དང་ལྡན་པ་བརྟེན་པར་བྱའོ། །གཉིས་པ་ཡོ་བྱད་ཇི་


KMC025_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདུ་བྱ་བའི་ཚུལ་ལ་གཉིས། སྒྲུབ་རྟེན་གཏོར་མའི་ལག་ལེན་དང་། གཞན་ཡང་མཆོད་གཏོར་སོགས་མཁོ་བའི་ཡོ་བྱད་ཇི་ལྟར་ཚགས་བྱ་བའི་ཚུལ་ལོ། །དེ་ཡི་དང་པོ་ལ་གཉིས། རྒྱུ་བྱིན་གྱིས་བརླབས་པ་དང་། བཅའ་བའི་ཚུལ་ལོ། །དང་པོ་ནི། གཏོར་མའི་རྒྱུ་ཕྱེ་གཙང་མ་མཉྫིའི་ཁར་སྣོད་དུ་ཕྱུར་བུར་སྤུངས་པ་ཟུར་གསུམ་གྱི་དབྱིབས་སུ་བྱས་པའི་ལོག་གསུམ་དུ་འབྲུ་གསུམ་དང་མདུན་ངོས་སུ་ཧཱུྃ་བྷྱོཿབྲིས་ལ་བཞག །མཐར་མཆོད་པ་བསྐོར་བཤམས་ཕྲེང་ཚར་ཅི་བདེར་བྱ། རང་མགོན་པོའི་ང་རྒྱལ་དང་ལྡན་པས་གཏོར་རྒྱུ་ལ་ནང་མཆོད་འཐོར་བཞིན་གྱེར་བསྒོམ་ལྷན་ཅིག་པས། ཨོཾ་དཾ་ཥྚོཀྟ་ཊ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མའི་རྒྱུ་ལྷ་མིའི་ལོངས་སྤྱོད་འདོད་ཡོན་རིན་པོ་ཆེ་སྣ་ཚོགས་པའི་ལྷུན་པོ་འབྲུ་གསུམ་དང་ཡབ་ཡུམ་ཕྱག་མཚན་ཐུགས་སྲོག་ས་བོན་གྱིས་མཚན་པ་ལས་འོད་འཕྲོས། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ཚུར་འདུས་ཡོངས་སུ་


KMC025_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས་མགོན་པོ་ལྕམ་དྲལ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་འོད་འཕྲོས་དབང་གི་ལྷ། །སྤྱན་དྲངས་དབང་བསྐུར་ཆུའི་ལྷག་མ། །གྱེན་འཁྱིལ་བླ་མ་མི་བསྐྱོད་པ། །སྤྲུལ་སྐུའི་རྣམ་པས་དབུ་བརྒྱན་གྱུར། ཤྲཱི་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཆོས་ཀྱི་དབྱིངས་ལས་སོགས་དང་། མཁའ་ལ་མ་སྟེ་ཤྭ་ལོ་ཀ་གཉིས་ཀྱིས་བསྟོད། མཐར་ཡབ་ཡུམ་འོད་དུ་ཞུ་བ་ལས་རྒྱུ་རིན་པོ་ཆེའི་ཕུང་པོ་ལས་ཟད་མེད་ཀྱི་འདོད་ཡོན་འཕྲོ་བར་གྱུར། །ཞེས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ནི། ཤིན་ཏུ་གཙང་སྦྲ་དང་ལྡན་པས་བྱིན་གྱིས་བརླབས་པའི་ཕྱེ་དེ་ཉིད་ཟན་དུ་བྱས་ལ་སྒྲུབ་གཏོར་རམ། རྟེན་གཏོར་སྙིང་ལ་ཟུར་བཏོད་པ་ལྟ་བུ་མཛེས་ཤིང་ལྷུན་ཆགས་པར་རྒྱན་སོགས་ཀྱིས་ལེགས་པར་བརྒྱན་པའི་ནང་དུ། མཐིང་ཤོག་ལ་གསེར་རམ། རྒྱ་ཤོག་ལ་རྒྱ་སྣག་གིས་བྲིས་པའི་གཟུངས་གཞུག་


KMC025_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། དེ་ལ་ཐོག་མར་བླ་མ་བརྒྱུད་པའི་མཚན་སྔགས་རྣམས་ནི། ཨོཾ་ཨཱཿབཛྲ་དྷཱ་ར་ཧཱུྃ། ཨོཾ་ཨཱཿཔྲཛྙཱ་བྷ་དྲ་ཧཱུྃ། །ཞེས་པ་ལྟར་གྱི་ཐོག་མཐའ་གཉིས་སུ་ཨོཾ་ཨཱཿདང་ཧཱུྃ་ཐམས་ཅད་ལ་སྦྱར་ཏེ་ཛྙཱ་ན་སིདྡྷི་སོགས་ཀྱི་མཚན་སྔགས་སམ་ཡང་ན་ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ་སོགས་ནས་རྩ་བའི་བླ་མའི་བར་གྱི་ཟུང་འཇུག་བརྒྱུད་པའི་རིམ་པའམ། རྟོགས་པ་དོན་གྱི་བརྒྱུད་པའི་བླ་མ་རྣམས་དང་། མ་མགོན་གྱི་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་བོད་སྐད་དུ་བྲིས་པའི་མཚན་གྱི་མཇུག་ཏུ་སྒྲུབ་པོ་བདག་གི་རྒྱུད་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བདེ་བླག་ཏུ་བརྙེས་པར་མཛད་དུ་གསོལ། ཞེས་པའི་འདོད་གསོལ་བཅས་བྲིས་པ་མཇུག་ནས་ཡར་དྲིལ་ཏེ་ཚོན་སྐུད་ཀྱིས་དཀྲིས་ལ་རིན་པོ་ཆེའི་སྦུ་གུའམ་སྨྱུག་སྦུབ་ཏུ་བཅུག་སྟེ་སྲོག་ཤིང་གི་རྩེར་བསྡམས། དེ་བཞིན་ཡི་དམ་གྱི་མཚན་སྔགས་ཨོཾ་ཧྲཱི་ཧ་ཧ་སོགས་བདེ་མཆོག་རྒྱལ་རྒྱམ་ཕག་མོ་སོགས་གཙོར་བྱས། རང་རང་གི་ཡི་དམ་རྣམས་ཀྱི་སྙིང་པོ་


KMC025_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པའི་མཇུག་ཏུ་སྒྲུབ་པོ་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྩོལ་ཅིག །ཅེས་བྲིས་ལ་གོང་བཞིན་བྱས་ཏེ་མགྲིན་པར་གཞུག །དེ་བཞིན་མགོན་པོ་སྤྱི་དྲིལ་གྱི་སྔགས། མ་མགོན་གྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། སྤྱི་དྲིལ་དུཾ་དུཾ་རཀྴ། སྤྱན་འདྲེན། སྐུ་གསུང་ཐུགས་ཀྱི་བསྙེན་སྔགས། རྦད་སྔགས། མ་མོའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཉེར་བཞི་མ། ལས་ཀྱི་གཉེར་གཏད་པའི་སྔགས་སོགས་བྲིས་པའི་མཇུག་ཏུ། དཔལ་མ་མགོན་ཡབ་ཡུམ་གྱིས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ལས་བཞི་ལ་སོགས་པའི་འདོད་པའི་དངོས་གྲུབ་སྩལ་དུ་གསོལ། ཁྱད་པར་དུ་བླ་མ་ཀརྨ་པའི་བསྟན་པ་དར་བར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་གང་བཅོལ་བའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། །ཅེས་བྲིས་ཏེ་གོང་བཞིན་བྱས་ལ་སྲོག་ཤིང་གི་ཐུགས་ཀར་བཞུགས་སུ་གསོལ་ལོ། །ཕྱི་རོལ་གྱི་གཏོར་མའི་རྩེ་


KMC025_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མོར་ཞལ་སྦྱོར་གྱི་སྐུ་ཙཀ་བཙུགས་པའི་སྟེང་དུ་དར་ནག་པོའི་གདུགས་ཕུབ་པ་སོགས་མཚན་ཉིད་དང་ལྡན་པ་བྱ་དགོས་ཏེ། རིན་པོ་ཆེ་ཀརྨ་པས་མཚན་ཉིད་དང་ལྡན་པར་བསྒྲུབ་པའི་གཏོར་མ་ལ། ཆོས་སྐྱོང་གི་གཟུངས་བྲིས་ཏེ་བཙུག་ནས་གཞུང་བཞིན་བསྐྱེད་བསྟིམ་བསྟོད་བསྐུལ་སོགས་ཞག་བདུན་གྱི་བར་དུ་བྱས་ན་དཔལ་མགོན་གྱིས་ལུས་དང་གྲིབ་མ་བཞིན་དུ་སྡོང་གྲོགས་བྱེད་ཅིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཅེས་གསུངས་པ་ལྟར་ཡིན་པས་ཚད་ལྡན་དུ་བྱ་བ་གལ་ཆེ། མཐའ་བསྐོར་དུ་འཁོར་དམར་གཏོར་རྒྱན་ལྡན་བརྒྱད་ཀྱིས་བསྐོར་བ་ལ་ཟས་ཕུད་སྣ་ཚོགས་དང་བཅས་རིན་པོ་ཆེའི་སྣོད་བཟང་པོར་གཞུག་པར་བྱ། རྒྱུ་དེ་ཉིད་ལ་གསོལ་ཁའི་གཏོར་མ་བརྗིད་ཅིང་བྱིན་ཆེ་བ་རྒྱན་ཁྲ་སོགས་ཀྱིས་མཛེས་པར་བྱས་པ་ལ་འཁོར་དམར་གཏོར་རྒྱན་ལྡན་བཅུ་དང་རྟེན་དང་སྒྲུབ་རྫས་ཀྱི་རིགས་དང་ཁ་ཟས་བཟང་པོ་དུ་མས་བསྐོར་བ་དང་། སྐོང་གཏོར་མཛེས་ཤིང་ལྡེམ་པར་འཁོར་གོང་


KMC025_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་དང་། སྐོང་རྫས་རིགས་ཐམས་ཅད་སྤར་བཏབ་པ་དང་། ཟས་སྣ་ཚོགས་ཀྱིས་བསྐོར་བ་བཤམས་པ་སྟེ། དེ་དག་ནི་སྒྲུབ་རྟེན་གཏོར་མའི་ལག་ལེན་གྱི་རིམ་པའོ། །གཉིས་པ་ནི། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་མཆོད་གཏོར་གྱི་རིམ་པར། ཆོས་སྐྱོང་སྤྱི་གཏོར། ཚོགས་བ་ལིང་། དབང་པོ་རྣམ་ལྔ། ཞི་དྲག་གི་ཞལ་ཟས། ཐུན་གཏོར། འཁོར་ལྔ། རྗེས་འབྲང་དང་བཅས་པའི་འབུལ་གཏོར་སོགས་དང་། སྨན་རཀ །བདུན་ཚར་གཉིས། ཐོད་རྔ། མཆོག་ཆེན་གྱི་གླིང་བུ། རྔ་ཆེན། རོལ་མོ། སྤོས་ཕོར། ཆུ་བུམ། ཁྲུས་བུམ། རྡོར་དྲིལ་སོགས་དང་། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པ་རྣམས་ལེགས་པར་འདུ་བྱ་བ་སོགས་ནི་སྔོན་དུ་འགྲོ་བའི་རིམ་པའོ། །གཉིས་པ་སྒྲུབ་པ་ལ་འཇུག་པ་དང་། དངོས་གཞི་བསྙེན་སྒྲུབ་ཀྱི་ལག་ལེན། སྒོམ་དོན་དམིགས་པའི་རིམ་པ། ཞར་བྱུང་དུ་བཟང་ངན་གྱི་མཚན་ལྟས་ཇི་ལྟར་དབྱེ་བ། གེགས་སེལ་ཉམས་ལེན་གྱི་རིམ་པ། དུས་དང་གྲངས་ཀྱི་བསྙེན་པའི་ཚད་ཇི་ཙམ་བྱ་བ།


KMC025_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་རྒྱས་དབང་དྲག་གི་ལས་སྦྱོར་དང་། ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་སྒོ་ནས་ལས་སྦྱོར་བྱེད་ཚུལ་སོགས་ལས། ཐོག་མར་སྒྲུབ་པ་ལ་འཇུག་པར་ཉེ་བ་ན། སྣེ་སེལ་དུ་དཔང་སྐོང་ཕྱག་རྒྱ་པ། སཱཙྪ། ཆུ་གཏོར། དགེ་འདུན་བཞི་སྡེ་ལ་བསྙེན་བཀུར། རྒྱལ་བའི་བཀའ་དཀོན་མཆོག་བརྩེགས་པ། གཟུངས་འདུས་སོགས་ཅི་འགྲུབ་བཀླག་ཏུ་བཅུག་པ་སོགས་བྱའོ། །སྒྲུབ་པ་དངོས་ལ་འཇུག་པ་ན། ནངས་པར་སྔ་བར་ལངས་ཏེ་ཁ་ཏོན་སོགས་གྲུབ་རྗེས། གནས་ཁང་ཕྱག་བརྡར་དང་། རང་ཉིད་ཀྱང་ཁྲུས་སོགས་བྱ་བ་ཐམས་ཅད་གྲུབ་སྟེ་མཚམས་ཐོ་འཛུག་པའི་དུས་ལ་བབས་པ་ན། སྒོ་དྲུང་དུ་སོང་ལ་ཐོག་མར་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་འབྱུང་པོ་རྣམས་ལ་ཆ་གསུམ་བསྔོས་ཏེ་བྱང་ཆུབ་ཀྱིས་སེམས་དང་ལྡན་པས་རང་གནས་སུ་གཏང་། གཞི་བདག་ལ་གཏོར་མ་གཏོང་ཞིང་སྒྲུབ་པའི་གྲོགས་བཅོལ། དེ་དག་གྲུབ་རྗེས་སྒོ་འགྲམ་གཡས་གཡོན་གང་བདེར་ཐོ་དཀར་པོ་ཞིག་བརྩེགས་པའི་རྩེ་མོར་རྒྱལ་ཆེན་བཞི་ཡི་སྐུ་བརྙན་བྲིས་པ་ཤིང་བྱང་


KMC025_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྨྱུག་ལྡེམ་དར་དཀར་པོས་བརྒྱན་པ་བཙུགས་ལ་བཞག །འབུལ་གཏོར་དཀར་གཏོར་ཆེ་ལེགས་དང། མཆོད་པ་ཕྲེང་ཚར་བཤམས་པ་ལ་བསང་ཆུ་འཐོར་བཞིན། ཨོཾ་ཨཱཿབིགྷྣཱན་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ཞུ་བ་ལས་བྱུང་མཆོད་གཏོར་ཚོགས། །རོ་བཅུད་ནུས་པ་ཕུན་ཚོགས་བདུད་རྩིའི་མཚོ། །ཟད་མེད་ནམ་མཁའ་མཛོད་ཀྱི་རང་བཞིན་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་སྥར་ཎ་ཁྃ་སྭཱ་ཧཱ། ཞེས་པས་འདོད་ཡོན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་བལྟས་ལ་བྱིན་གྱིས་བརླབ་བོ། །དེ་ནས་མདུན་རྟེན་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་དང་། སྟོང་པའི་ངང་ལས་རང་ཉིད་དཔལ་ནག་པོ་ཆེན་པོར་གསལ་བའི་མདུན་དུ་ཆོས་སྐྱོང་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་འཁོར་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་ཉིད་ཀྱི་ཐུགས་ཀའི་ས་བོན་ལས་ཀྱང་འོད་ཟེར་ལྕགས་ཀྱུའི་ཚོགས་སྤྲོས། རི་རབ་ཆེན་


KMC025_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱོགས་བཞི་དང་། ཁྱད་པར་འོག་མིན་གྱི་ཞིང་སོགས་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་བཅས་སྐད་ཅིག་གིས་མདུན་དུ་བྱོན་པར་གྱུར། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་དབང་ལྷ་རབ་འབྱམས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པས་དབང་བསྐུར། དྲི་མ་དག་ཆུ་ལྷག་གྱེན་དུ་ལུད་པ་ལས་གཙོ་བོ་བཞིར། མི་གཡོ་བ། འཇམ་དཔལ། རྟ་མགྲིན། བདུན་རྩི་འཁྱིལ་པ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་བསྟོད་སྐབས་རང་གི་ཐུགས་ཀ་ནས་མཆོད་ལྷ་སྤྲུལ་ཏེ་མཆོད། སྙན་པའི་གླུས་བསྟོད་ཅིང་མཐར་རང་ལ་བསྡུའོ། །ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བརྩོན་པས་གོ་བགོས་མཐུ་སྟོབས་ཅན། །སངས་རྒྱས་བསྟན་པ་ལེགས་སྐྱོང་བ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །ཅེས་པས་མཆོད་ཅིང་


KMC025_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། དེ་ནས་བཟླས་པ་བྱ་བ་ནི། རྒྱལ་ཆེན་བཞི་པོའི་ཐུགས་ཀར་པད་ཟླའི་སྟེང་དུ་རང་རང་གི་ས་བོན། དྷྲྀ་བི་བི་བཻ་རྣམས་ཀྱི་མཐར་སྔགས་ཕྲེང་འཁོར་བ་ལ་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རྒྱལ་ཆེན་གྱི་ཐུགས་སྲོག་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ཅིང་ཅི་ལྟར་བསྒོས་པའི་ལས་ཐོགས་མེད་དུ་སྒྲུབ་པར་མོས་ལ། ཨོཾ་དྷྲྀཥྚ་རཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་ཌྷཀྵ་སྭཱ་ཧཱ། ཨོཾ་བི་རུ་པཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། །ཞེས་པ་རྣམས་ཅི་འགྲུབ་བཟླས་མཐར། གཏོར་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། གཏོར་མ་རྩ་སྔགས་ཀྱི་མཐར། བ་ལིཾ་ཏ་ཁཱ་ཧི། ཞེས་བཏགས་པ་ལན་གསུམ་གྱིས་ཕུལ་བས་ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་མོས་ལ་ཧཱུྃ། དཔལ་ཆེན་བཀའ་ཡི་བསྟན་སྐྱོང་བ། །མཐུ་ཆེན་སྲུང་མ་ཆེན་པོ་བཞི། །འཁོར་གཡོག་རྒྱ་མཚོའི་ཚོགས་བཅས་ཀྱིས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །བདག་གིས་རྒྱལ་བའི་བསྟན་སྲུང་ཕྱིར། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་དུ། །མངོན་པར་


KMC025_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཅིང་སྒྲུབ་འཚལ་ན། །ཕྲིན་ལས་མཐའ་རུ་མ་ཕྱིན་བར། །ཕྱི་ཡི་བར་ཆད་ཟློག་པ་དང། །ནང་གི་དངོས་གྲུབ་སྲུང་བའི་ཕྱིར། །རྟེན་འདིར་དགྱེས་པར་རྟག་བཞུགས་མཛོད། །རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན། རྣལ་འབྱོར་བསྒོས་པའི་ལས་རྣམས་སྒྲུབས། །ཅེས་འདོད་དོན་གསོལ་བས་དགྱེས་པ་དང་བཅས་གྲོགས་མཛད་པར་ཁས་བླངས་ཏེ་སྲུང་ཟློག་གི་ལས་མཛད་ཅིང་བརྟན་པར་བཞུགས་པར་མོས་ནས་ཡེ་དྷརྨཱས་རབ་ཏུ་གནས་པ་ཡང་བྱའོ། །དེ་ནས་ནང་དུ་འོངས་ལ་གཞི་གཙང་མའི་ཁར་མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་མཚན་ཉིད་དང་ལྡན་པའི་བུམ་པ་དག་བྱེད་ཀྱི་རྒྱུན་དྲི་བཟང་གི་ཁུ་བས་སྦགས་པས་གཏམ། དར་ལྗང་གུའི་ཅོད་པཎ་གྱིས་མགུལ་ཆིངས། མྱ་ངན་མེད་པའི་ཤིག་གི་ཡལ་གའམ། ཀུ་ཤས་ཁ་བརྒྱན་པ་བཤམས། དེའི་མདུན་དུ་ཉེར་སྤྱོད་བདུན་ཕྲེང་ཚར་དུ་བཀོད་པ་ཆུ་གཙང་གིས་བྲན་ལ། ཨོཾ་ཨཱཿཧཱུྃ། སྟོང་ལས་རིན་ཆེན་སྣོད་ཀྱི་ནང་། །འབྲུ་གསུམ་ཞུ་བ་ལས་གྲུབ་པའི། །ལྷ་རྫས་ཉེར་སྤྱོད་མཆོད་པའི་རྫས། །


KMC025_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་སྨོན་ལམ་ལྟ་བུར་གྱུར། །ཞེས་པས་བྱིན་གྱིས་བརླབས། དེ་ནས་བུམ་པ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར་པའི་ངང་ལས་ཡི་གེ་བྷཱུྃ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཟླ་ལ་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་སྐུ་མདོག་ཆ་ལུགས་ཕྱག་མཚན་རྣམ་འགྱུར་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོ་ས་གཉིས་སུ་མེད་པར་བསྟིམ། སླར་ཡང་དབང་ལྷ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ལྷ་རྣམས་ཀྱིས་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་རིན་པོ་ཆེའི་བུམ་པས་དབང་བསྐུར། དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་མོས། ཨོཾ་ཨ་མྲྀ་ཏ་ཨརྒྷཾ་པ་དྱཾ་སོགས་ཀྱིས་མཆོད།


KMC025_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་མཆོད་ཅིང་བསྟོད། མཆོད་ལྷ་རང་ལ་བསྡུའོ། །བཟླས་པ་ནི། ཁྲོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ། །མཐའ་མར་སྔགས་ཀྱིས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བབས་བུམ་ཆུར་འདྲེས། །དག་བྱེད་ཡེ་ཤེས་བདུད་རྩིར་གྱུར། །ཞེས་མོས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླ། མཐར། ཁྲོ་བོ་འོད་དུ་ཞུ་བ་ཆུར་འདྲེས་པར་བསམས་ལ་རང་ཉིད་གྲོགས་དང་བཅས་པས་ཁྲུས་བྱ། ཉམས་གྲིབ་མི་གཙང་བ་ཐམས་ཅད་དག་པར་བསམ། གནས་ཁང་དང་མཆོད་གཏོར་སོགས་ལའང་འཐོར་ཞིང་ཉེས་པའི་དངོས་པོ་ཀུན་དང་བྲལ་བར་བལྟའོ། །དེས་དངོས་གཞི་ལ་འཇུག་པའི་ཐོག་མའི་བྱ་བ་རྣམས་གྲུབ་ནས། ༈ ད་ནི་དངོས་གཞི་སྒྲུབ་པའི་ལག་ལེན་དཀྱིལ་འཁོར་བཤམས་བཀོད་ནས་བཟུང་མཐར་ཆགས་སུ་འབྲི་བར་བྱ་སྟེ། དེ་ལ་སྟེགས་བུ་གྲུ་བཞི་པ་


KMC025_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བ་དར་གྱིས་བཀབ་བའི་དབུས་སུ། གཞུང་དང་མཐུན་ཅིང་མཚན་ཉིད་རྫོགས་པའི་རས་བྲིས་ཀྱིས་དཀྱིལ་འཁོར་རམ། མ་འབྱོར་ན་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་སམ། ཡང་ན་གཙོ་འཁོར་དགུ་པ་ཞིག་བཀོད་ཀྱང་འཐུས་ལ། དེ་ཡི་སྟེང་མཉྫིའི་ཁར་མ་མགོན་གྱི་རྟེན་གཏོར་བཞུགས་སུ་གསོལ་བའི་མཐར་མདུན་ནས་གཡས་བསྐོར་དུ། ཁྲག་ཆེན་ཨརྒྷཾ་ཤར། ཆུ་གཙང་ཡིད་དུ་འོང་བའི་ཞབས་བསིལ་ལྷོ། །དུག་དང་དབང་པོའི་མེ་ཏོག་ལྷོ། གསུར་ཆེན་གྱི་བདུག་སྤོས་ལྷོ་ནུབ། ཚིལ་ཆེན་གྱི་ཞུན་ཆེན་ནུབ། ཁྲག་ཞག་གི་དྲི་ཆབ་ནུབ་བྱང་། ཤ་ཆེན་དང་རུས་པའི་ཞལ་ཟས་བྱང་། །ཐོད་པའི་རྔེའུ་ཆུང་བྱང་ཤར་རྣམས་སུའོ། །གཡས་སུ་གསོལ་གཏོར། གཡོན་དུ་སྐོང་གཏོར། །མདུན་ངོས་སུ་ཆོས་སྐྱོང་སྤྱི་གཏོར། གཡས་གཡོན་སྨན་རཀ །དེའི་མདུན་རྫས་གོང་བཞིན་གྱི་ཉེར་སྤྱོད་ཕྲེང་ཚར་དང་། དེའི་མདུན་སོགས་གང་བདེར་གཏོར་འབུལ་རིགས་དང་། གཡས་གཡོན་སོགས་གང་བདེར་ཚོགས་གཞི་གཅན་གཟན་གྱི་


KMC025_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པས་བཀབ་པའི་སྟེང་དུ་ཚོགས་ཀྱི་ཡོ་བྱད་དང་། ཞིང་སྤགས་ཀྱིས་བཀབ་པའི་སྟེང་ཐུན་གཏོར་བསགས་སྣོད་ཟངས་ལྕགས་གང་རུང་གི་སྣོད་ཆེ་བ་གཅིག་དང་། རྒྱབ་ངོས་སུ་མ་མགོན་གྱི་སྐུ་བརྙན་བྲིས་འབུར་གང་འབྱོར་རབ་གནས་དང་ལྡན་ཞིང་བྱིན་ཅན་བཤམས་པ་སོགས་ནི་དཀྱིལ་འཁོར་བཅའ་བཤམས་ཀྱི་རིམ་པའོ། །དངོས་གཞི་ནི་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས། ཇི་སྐད་དུ་ཡང་། ཡན་ལག་བདུན་རྩི་ལྔས་བྱུགས་ལ། །སྐྲ་བརྫེས་གྲི་གུག་ཐོད་པ་འཛིན། །ཁ་དོག་ནག་པོ་དུར་ཁྲོད་གོས། །རྣལ་འབྱོར་པ་ཡིས་བསྒོ་བར་བྱ། །ལྷོའམ་ལྷོ་ནུབ་སྒྲུབ་བྱའི་ཕྱོགས། །ཁ་བལྟས་ཞིང་གི་གདན་ལ་འདུག །ཅེས་པའང་རྣལ་འབྱོར་པས་ཡི་དམ་ལྷའི་ང་རྒྱལ་དུས་རྟག་ཏུ་མ་བྲལ་བར་བྱ་དགོས་པའི་དོན་བསྟན་པ་ཡིན་པས་དྲན་ཤེས་དང་བཅས་གཙང་མའི་གདན་ལ་གདོང་དཀྱིལ་འཁོར་ལ་ཕྱོགས་པས་འདུག་སྟེ། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ཚིག་བདུན་གསོལ་འདེབས་དབང་ལེན་བཅས་སོང་ནས་བརྒྱུད་པའི་གསོལ་


KMC025_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སྔོན་དུ་འགྲོ་བས་ཕག་མོའི་བདག་བསྐྱེད་རང་ཉིད་ལས་ཀྱི་ཕག་མོར་བསྐྱེད་ཅིང་བདུད་རྩི་བྱིན་གྱིས་བརླབས་པ་དང་། སྔོན་འགྲོ་གཏོར་མ་བྱིན་རླབས་ནས་མགྲོན་བཀུག་ཅིང་གཏོར་མ་སྦྱིན་ཞིང་བཀའ་བསྒོ་བ་དང་། བསྐྲད་པ་དང་སྲུང་བའི་འཁོར་ལོ་བསྒོམ་པ། ཏིང་ངེ་འཛིན་བསྐུལ་བ། མཆོད་རྫས་བྱིན་གྱིས་བརླབས་པ། སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། ཚོགས་ཞིང་སྤྱན་དྲངས་པ། བཞུགས་གསོལ། ཕྱག་འཚལ་བ། མཆོད་ཅིང་ཡན་ལག་བདུན་པ་འབུལ་བ། མཎྜལ། བླ་མའི་རྣལ་འབྱོར། མཐར་ཚོགས་ཞིང་བསྡུ་བ། རང་ཉིད་རྡོ་རྗེ་བཙུན་མོའི་སྐུར་བསྒོམ་ཞིང་བྱིན་དབབ་པ། བཟླས་པ་བསྡུ་རིམ་དང་བཅས་པ་དལ་བུས་འདོན་ཅིང་དམིགས་པ་གསལ་ཐོབ་ངེས་བྱ་དགོས། དེ་ནས་མགོན་པོ་རང་གཞུང་གི་སྲུང་འཁོར། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས་ཀྱི་སྐབས་དམིགས་པ་ནི། བུྃ་ནག་པོ་འོད་དུ་ཞུ་བ་ལས་སྲུང་བའི་འཁོར་ལོ་རྩིབས་བཅུ་


KMC025_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྩིབས་རྣམས་ཁོང་སྟོང་མདུང་སོ་སྦུབ་ཅན་ཁ་སྤྲད་པ་ལྟ་བུ་ཕྱོགས་མཚམས་རྣམས་སུ་བརྒྱད། སྟེང་འོག་གཉིས་དང་བཅུར་ཡོད་པའི་རྩེ་མོ་ཤིན་ཏུ་རྣོ་བ་རྩིབས་ཐམས་ཅད་འབྲེལ་བ། རྡོ་རྗེའི་གུར་ཟླུམ་པོའི་ཚུལ་དུ་གྲུབ་པའི་ནང་ཡངས་ཤིང་རྒྱ་ཆེ་བའི་གཞལ་ཡས་ཁང་མཐིང་ནག་འབར་བའི་འོག་ཏུ་གསེར་གྱི་ས་གཞི་སྲ་ལ་འཐུག་པའི་དབུས་སུ་པད་ཉི་ལ་ཧཱུྃ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཚར་བཅད། དྲེགས་བྱེད་རྣམས་ཀྱི་ནུས་པ་བསྡུས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་སྐུ་མདོག་ནག་ལ་དམར་བའི་མདངས་དང་ལྡན་པ། སྐུ་ལ་རྔུལ་གཟན་དཀར་པོ། དེ་སྟེང་བེར་ནག་སུམ་བརྩེགས་གསེར་སྐེད་བཅིངས་པ། དེའི་ཕྱིར་བེར་ནག་པོ་དྲུག་ལྷུབ་གྱོན་བྱས་པའི་སུལ་ནས་མཚོན་ཆར་འབེབས་པ། ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙེགས་པ། དབུ་སྐྲ་ཁམ་ནག་གྱེན་དུ་བཅིངས་ཤིང་མཐུར་དུ་བཤལ་བ། ཐོད་སྐམ་ལྔས་དབུ་བརྒྱན། རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བ།


KMC025_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་ཙནྡན་གྱི་བིང་ཟུར་གསུམ་ལོགས་རེར་སྒོ་གསུམ་གསུམ་ཡོད་པ་ལས་ལྷ་དམག་བྱེ་བ་འགྱེད་པའི་རྩེར་ནོར་བུའི་ཏོག་དང་། རྩ་བ་ཕུར་དཔལ་རྣོ་བ་གསུམ་གདུག་ཅན་སྙིང་ལ་བསྣུན་པ། སྐུ་ལས་བསྐལ་པའི་མེ་དཔུང་འབར་བས་ཐམས་ཅད་བསྲེགས་སྐུ་ཡིས་སྲིད་གསུམ་གཡོ་བ། ཞལ་ནས་ཧ་ཧ་ཧཱུྃ་ཧཱུྃ་གི་སྒྲ་དྲག་པོ་སྒྲོག་པར་གྱུར། དེའི་མཐར་རྩིབས་བཅུའི་ཐད་ཀྱི་ནང་གི་བར་སྣང་ལ་སྲས་མཆོག་བེར་ནག་ཅན་ཕྱོགས་མཚམས་ཀྱི་བརྒྱད་པོ་ཞལ་ནང་དུ་བལྟ་བ། སྟེང་འོག་གི་ལྷ་གཉིས་ལས་སྲུང་འཁོར་གྱི་སྐབས་སྟེང་མ་ཞལ་ཤར་དང་། འོག་མ་ནུབ་ཏུ་གྱུ་བ་རྣམས་དང་། གཞན་ཡང་ལྷ་དམག་བྱེ་བ་དུང་ཕྱུར་གྱིས་གཏམས་པར་གསལ་བའི་ལེགས་ལྡན་གྱི་ཐུགས་ཀར་པད་ཉི་ལ་ཧཱུྃ་མཐིང་ནག་གནས་པ་ལས་འཕྲོས་པའི་འོད་ཀྱིས་འོག་མིན་གྱི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། སླར་ས་བོན་གྱི་མཐར་སྔགས་གཡོན་དུ་བསྐོར་ཞིང་གཡས་སུ་འཁོར་བ་དེ་ལས་འོད་འཕྲོས། ཡེ་ཤེས་ལས་དང་འཇིག་རྟེན་གྱི་མགོན་པོ་དང་


KMC025_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་བྱེད་མ་མོ་མཁའ་འགྲོ་ཐམས་ཅད་རང་ལ་བསྡུས་ཤིང་གཟི་བརྗིད་རྒྱས། ཁམས་གསུམ་བྲན་དུ་བཀོལ་བར་མོས་ཏེ་སྔགས་སུམ་སྦྲེལ་བཟླའོ། སྲུང་བའི་དམིགས་པ་ནི་རང་གི་ཐུགས་ཀར་ཆོས་འབྱུང་རྩེ་མོ་མདུན་ཏུ་བསྟན་པའི་དབུས་སུ་རང་གི་སེམས་ཉིད་ཡི་དམ་ཕྱག་རྡོར་དུ་གསལ་བར་མོས་ལ་ཨོཾ་བཛྲ་ཙཎྜ་སོགས་བཟླ། དེ་ནས་ཕྱག་རྡོར་གྱི་གཡས་སུ་བསྲུང་བྱ་ཕོ། གཡོན་དུ་མོ། མདུན་རྒྱབ་ཏུ་དཀོར་ནོར། སྟེང་དུ་བླ་མ་ཡི་དམ་གྱི་ལྷ་ཚོགས་ཀྱིས་བསྲུང་བྱ་ལ་བྱིན་རློབ་པར་བསྒོམ། འཁོར་ལོའི་རྒྱབ་ཏུ་རྡོ་རྗེའི་གུར་མེ་རི་དང་བཅས་པར་དམིགས་ཏེ་སྔགས་ཚན་གསུམ་གྱི་མཇུག་མ་མ་ཀཱ་ཝཱ་ཙི་བཏགས་ནས་བཟླའོ། །ཟློག་པ་ནི། འཁོར་ལོའི་རྩིབས་ཀྱི་སྲས་མཆོག་རྣམས་ཞལ་ཕྱིར་གཟིགས་ཤིང་། འདི་སྐབས་སྟེང་མ་ནུབ་དང་། འོག་མ་ཤར་དུ་གཟིགས་དགོས། འཁོར་ལོ་ཡང་གཡོན་དུ་དྲག་པོར་འཁོར་བའི་རྩེར་ལས་བྱེད་ཕོ་ཉ་དུ་མ་སྤྲོས་པས་བྱད་མ་ལྷ་དང་བཅས་པ་བཀུག་སྟེ་རྩིབས་རྩེར་བསྐྱོན་པས་གཟུགས་ཕུང་རྗེས་


KMC025_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་ཙམ་མེད་པར་བརླག །ཡང་ལྷ་ཚོགས་ཀྱི་སྐུ་ལས་བསྐལ་པའི་མེ་འབར་བས་བསྲེགས་པར་མོས། ཡང་རྩིབས་འོག་མའི་ཞབས་སུ་བྲུབ་ཁུང་ནང་གནོད་བྱེད་སྤྱིའུ་ཚུགས་སུ་གནས་པའི་སྙིང་ཁར་རྩིབས་ཀྱིས་གཟིར་བའི་ཕྱི་ངོས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པ་གཉིས་གཡས་གཡོན་དུ་འཁོར་བས་གཏུབ་པའི་ཤ་ཁྲག་བྷནྡྷའི་སྣོད་དུ་རྒྱ་མཚོར་འཁྱིལ་བ་དེ་ཉིད་ཀྱི་སྟེང་འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྤེལ་བ་དེ་ཉིད་སྤྲུལ་པའི་ཁྲོ་ཆུང་རྣམས་ཀྱིས་ཐོད་པའི་སྐྱོགས་སུ་བཅུས་ཏེ་སྲུང་འཁོར་གྱི་ལྷ་ཚོགས་ལ་ཕུལ་བས་ཧབ་སྒྲ་དི་རི་རི་གསོལ་བར་མོས་ལ་སྔགས་བཟླ་བ་ནི་ཟློག་པ་དང་བསད་པའི་ལས་ཏེ་དེ་རྣམས་ཀྱིས་སྲུང་འཁོར་གྱི་དམིགས་རིམ་བསྟན་ཟིན་ཏོ། །མཐར་རང་ཉིད་གནས་འགྱུར་གྱིས་དྲང་སྲོང་ལོག་ཏྲི་པ་ལ་མཐིང་ནག་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རལ་གྲི་དང་ཐོ་བ། འོག་མ་གཉིས་ཀྱིས་ཉི་ཟླའི་ཐལ་མོ་བརྡབ་པའི་བར་དུ་གནོད་བྱེད་ཆོམ་ཆོམ་བཏང་བར་དམིགས་ཏེ་ཐལ་མོ་བརྡབ། རྗེས་བཟློག་བྱ་


KMC025_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་བྱེད་ཀྱིས་སྟོང་པའི་ངང་ལས་སླར་ཡང་ལེགས་ལྡན་ཏུ་ལམ་སྟེ་གསལ་བར་དལ་ཅིག་སེམས་བཟུང་། མཐར་ལེགས་ལྡན་གནས་འགྱུར་བའི་ཚུལ་གྱིས་བདག་མདུན་གྱི་དཀྱིལ་འཁོར་གསལ་གདབ་པ་ནི། མདུན་གྱི་རྟེན་ལ་བདུད་རྩི་འཐོར་ཞིང་། ཨོཾ་དཾ་ཥྚོཏྐ་ཊ་སོགས་གཏོར་བསྔོས་མཚལ་མ་ལྟར་མཐར་ཆགས་སུ་བཏང་། བསྙེན་པ་ཉུང་ཙམ་མཐར་འགུགས་པ་རྒྱས་བསྡུས་ལན་གསུམ་དང་། གང་ཞིག་བླ་མས་བསྐུལ་བྱ། མཐར་ཐུན་གཏོར་ཕྱིར་མི་འབུལ་བར་དཀྱིལ་འཁོར་གྱི་དྲུང་དུ་ལྕགས་སྣོད་ལྟ་བུར་བསགས་དགོས། རྡོ་རྗེ་བཀའ་ཟློག །ཚེ་བདག་ཟློག་པ་དང་། དངོས་གྲུབ་ལེན་ཆོག་ཉིན་རེ་བཞིན་བགྱིས་ན་འགལ་བ་མེད་ཅིང་ཕྱག་ལེན་ཏུའང་དེ་བཞིན་མཛད། བདག་མདུན་མི་བསྡུ་བར་གསལ་བཏབ། ཐུན་མཚམས་བྱ་བ་ལ་འཇུག་ཚེ་བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་མགོན་པོ་ཞིག་དཀྲོང་ངེ་བྱུང་བར་མོས་ཏེ་བྱ་བ་གང་ཡིན་པ་ལ་ལྷ་ཡི་ང་རྒྱལ་དང་མི་འབྲལ་བར་འཇུག །དེས་ཉིན་དང་པོའི་བྱ་བ་གྲུབ་བོ། །ཕྱིར་ནང་ལྡང་


KMC025_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣལ་འབྱོར་དང་བཅས་པས་སྔ་བར་ལངས་ཏེ་མཆོད་གཏོར་བྲན་པ་སོགས་དགོས་རིགས་གྲུབ་རྗེས། ཕྱག་ཆེན་སྔོན་འགྲོ་ལྟ་བུས་དབུ་བཟུང་བའམ། ཡང་ན་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས་སྨོན་འཇུག་དང་དོན་དམ་གྱི་བདག་ཉིད་ཅན་གྱི་སེམས་བསྐྱེད་དང་ལྡན་པས་བརྒྱུད་པའི་གསོལ་འདེབས་བདེ་ཆེན་རྡོ་རྗེ་སོགས་ཀྱིས་དབུ་བརྩམས་སྟེ་མཚལ་མ་བཞིན་མཐར་ཆགས་སུ་བཏང་ཞིང་སྤྱན་འདྲེན་སྐབས་དམིགས་པ་མ་གསལ་གྱི་བར་དུ་སྔགས་བཟླ། སྤྲོ་ན་ཚོགས་གཏོར་ཡང་བྱ་ཞིང་ལྷ་ཆེན་དཔལ་འབར་མཇུག་ཏུ་བསྟོད་པ་དང་བདག་སྒྲུབ་མ་བསྡུས་པ་བཅས་གྲུབ་ནས་བསྙེན་པ་ཞལ་སྦྱོར་གསུང་གི་སྙིང་པོ་བཟླའོ། །དེ་སྐབས་སུ་བསྒོམ་པའི་རིམ་པ་ཇི་ལྟར་བྱ་བ་ནི། ཨོཾ་དཾ་ཥྚོཏྐ་ཊ་སོགས་ཀྱི་སྐབས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ངང་ལས་སྙིང་རྗེ་ཆེན་པོའི་མདངས་འགོག་པ་མེད་པའི་ཀློང་ལས་རྒྱུ་ཡི་ཡི་གེ་འདིར་བདག་བསྐྱེད་གཙོ་འཁོར་བཅོ་བརྒྱད་རྟེན་བརྟེན་པར་བཅས་སྐད་ཅིག་གིས་གསལ་བའི་མདུན་རྟེན་


KMC025_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རིམ་བསྐྱེད་མཛད། མཆན། མ་སྔོན་པོ་དང་ཧཱུྃ་མཐིང་ནག་ཞིག་མདུན་གྱི་ནམ་མཁར་གནས་པ་ལས་ཁྃ་ལས་རྡོ་རྗེའི་བྲག་ཆེན་ཡངས་པའི་སྟེང་བྷྲཱུྃ་འཕྲོས་པས་གཞལ་ཡས་ཁང་། སླར་བྷྲཱུྃ་འཕྲོས་པས་འཁོར་ལོ་བཞི་རིམ་དེ་ཡི་ལྟེ་བར་བཾ་ཡིག་ལས་པདྨ་དང་། ཏི་ལས་དྲེལ་རྟ་སྔོ་ནག་གི་སྟེང་དུ་ནམ་མཁའི་ཡི་གེ་བབ་པ་ལས་འོད་འཕྲོས། དགྲ་བགེགས་བཅོམ་པ་སོགས་དོན་གཉིས་བྱས། སླར་འདུས་པ་ལས་བདག་མདུན་ནག་པོ་ཡབ་ཡུམ་རྒྱན་ཆ་ལུགས་ཡོངས་རྫོགས་བདག་བསྐྱེད་ཡབ་ལ་ཡུམ་གྱིས་དང་། མདུན་བསྐྱེད་ཡབ་ཀྱིས་ཡུམ་ལ་འཁྱུད་ཅིང་འཁོར་ནག་པོ་བརྒྱད་ཀྱང་གོང་དང་མཚུངས་པ། གཞན་ཡང་ཕྱོགས་བཅུའི་མགོན་པོ་སོགས་དམ་ཅན་རྒྱ་མཚོས་བསྐོར་བ་ཉི་མ་དང་འོད་བཞིན་འདུ་འབྲལ་མེད་པར་བཞུགས་པར་མོས་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་རྣམས་འོད་དང་བཅས་པར་གསལ་བ་དང་། ལྷག་པར་བདག་མདུན་གཙོ་བོ་ཡབ་ཀྱི་ཐུགས་


KMC025_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཐབས་ཟླ་བའི་གདན་ལ་ཧཱུྃ་ཡིག་མཐིང་ནག་འོད་མེ་རེ་བ་རེ་དང་། ལྷ་མོའི་ཐུགས་ཀར་ཤེས་རབ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བྷྱོ་སྔོ་བསང་འོད་ཕྲོམ་མེ་བ་གཉིས་རེ་གསལ་བ་དེ་དག་ལས་འོད་ཟེར་གྱི་ཚོགས་སྨུག་དང་མཐིང་ལ་རྔམ་པའི་ཚོགས་སྤྲོས་པས་འོག་མིན་གྱི་ཞིང་དང་རི་རབ་ཀྱི་རྩེ་བྱང་ཕྱོགས་རྩུབ་འགྱུར་གྱི་ཚལ་དང་། བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས། ཤིང་ཡོངས་འདུ། གཞན་ཡང་རང་བཞིན་དག་པའི་ཞིང་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཀྱིལ་འཁོར་པའི་རང་བཞིན་དུ་གྱུར་ཏེ་སྐད་ཅིག་གློག་འགྱུ་བའི་རྫུ་འཕྲུལ་གྱིས་མདུན་གྱི་ནམ་མཁར་བྱོན་པར་མོས་ལ། ཧཱུྃ། དད་པ་དང་ནི་སོགས་དང་། སྤྱན་འདྲེན་སྔགས་བཟླའོ། །དེ་ནས་ནམ་མཁར་བཞུགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་པར་ཐུགས་ཀ་ནས་སྤྲོས་པའི་མཆོད་ལྷས་མཆོད་ཅིང་། ཨོཾ་ཁྲག་གི་རྒྱ་མཚོ་སོགས་དང་། ཛཿཧཱུྃ་


KMC025_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བྃ་ཧོཿས་དམ་ཡེ་གཉིས་སུ་མེད་པར་བསྟིམ་ཤིང་བརྟན་པར་བྱས། གཏུམ་པོ་འཇིགས་རུང་སོགས་ཀྱི་སྐབས། བརྗིད་ཅིང་མཛེས་པའི་གདན་ཙནྡན་གྱི་ཁྲི་སེང་གེས་བཏེགས་པ་ལ་རིན་པོ་ཆེས་ཕྲ་བཏབ་པ་དང་། དྲག་པོའི་པདྨ་སྔོན་པོ་ཉི་ཟླ་རོ་གདན་གསར་སྙིང་སོགས་ལྷ་ཚོགས་རྣམས་ལ་རང་དང་འཚམས་པའི་གདན་ཕུལ་བས་དགྱེས་ཤིང་བཞུགས་པར་མོས། དམ་བཞག་སྐབས་རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་སྔགས་ཕྲེང་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་དྲན་པར་བསམ། དབང་བསྐུར་བ་ནི། ཐུགས་སྲོག་ལས་འོད་ལྕགས་ཀྱུ་ལྟ་བུ་འཕྲོས། ནམ་མཁའ་གང་བའི་དབང་གི་ལྷ་རྒྱལ་བ་སྲས་དང་ཁྲོ་བོ་ལྷ་མོ་དང་བཅས་པ་སྤྱན་དྲངས། མདུན་མཁར་བཞུགས་པ་ལ་མཆོད་ཡོན་ཞབས་བསིལ་ཕུལ་ཞིང་བདག་མདུན་ལ་དབང་བསྐུར་བར་གསོལ་བ་བཏབ་པ་དང་ལྷན་ཅིག་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་རླབས། རིག་པའི་ལྷ་


KMC025_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་རྒྱུན་གྱིས་བཀང་བས་དབང་བསྐུར། དྲི་མ་དག་ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་མདུན་བསྐྱེད་ལ་མི་བསྐྱོད་པ། བདག་བསྐྱེད་གྲུབ་ཆེན་པཀྴི་བསྒོམ་པ་ནི་མན་ངག་གོ། དབང་ལྷ་རྣམས་ཀྱང་རང་ཉིད་དང་འདྲེས་པས་དབྱེར་མེད་དུ་གྱུར་པར་མོས། ཕྱག་འཚལ་སྐབས་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས། གདུག་པ་ཅན་ཚར་བཅད། གཟི་བརྗིད་ནུས་པ་བསྡུས། ཚུར་འདུས་ཁྲོ་ཆུང་དུ་མར་བྱུང་ནས་བདག་མདུན་གཉིས་ཀར་ཕྱག་བྱ་བར་དམིགས་མཐར་རང་ལ་བསྡུའོ། །མཆོད་པ་བྱིན་རླབས་སྐབས། ཨ་ཡིག་དུ་མ་ལས་གྲུབ་པའི་ཐོད་སྣོད་ཤིན་ཏུ་ཡངས་པ་མང་པོའི་ནང་དུ་ཨོཾ་ཡིག་ཚོགས་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བ་ལྷ་མ་ཡིན་དང་སྲིན་པོ་སོགས་ཀྱི་ཁྲག་ལ་མི་རུས་ཕྱེ་མ་བཏབ་པའི་མཆོད་ཡོན། ཚེར་མ་རྩུབ་མོ་དང་ལྡན་པའི་ཡུ་བ་ཅན་གྱི་ཧ་ལའི་མེ་ཏོག་ནག་པོ་དང་། མི་ཡི་དབང་པོ་རྣམ་ལྔ། མི་ཡི་ཚིལ་སོགས་སྦྱར་བའི་བདུག་པ་དྲི་ང་བ། གོ་རོ་ཙ་ན་དང་


KMC025_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མར་ནག་སོགས་བཞུས་པའི་མར་མེ་བསྐལ་མེའང་ཆུང་ངུར་བྱེད་པ། ཐལ་ཆེན་སོགས་ཁྲག་ཞག་བདུད་རྩི་ལྔ་དང་སྤགས་པའི་དྲི་ཆབ། བསྟན་དང་བླ་མ་སོགས་ལ་སྡང་བའི་དགྲ་བོའི་ཤ་རུས་ཀྱི་ཞལ་ཟས་རི་རབ་ཡང་སྐྱེངས་བར་བྱེད་པ། ཐོད་རྔ་མཆོག་ཆེན་སོགས་རོལ་མོའི་སྒྲས་གནམ་ས་འགས་སྙམ་བྱེད་པ་སོགས་མདོར་ན་བདག་པོས་བཟུང་དང་མ་བཟུང་བའི་མཆོད་སྤྲིན་རབ་འབྱམས་སུ་དམིགས་པ་དེ་རྣམས་རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་ཚོགས་གཞལ་དུ་མེད་པས་ཐོགས་སྟེ་མཆོད་པ་དང་། གཞན་ཡང་རི་གླིང་བྱེ་བ་དུ་མའི་བཀོད་པས་བཀྲ་བའི་མཎྜལ་བགྲང་དུ་མེད་པ་ཕུལ་ཏེ་མཐར་མཆོད་ལྷ་རང་ལ་བསྡུའོ། །ཚོགས་ཀྱི་སྐབས་སུ་ཐོག་མར་བྱིན་རླབས་ནི། ཡི་གེ་ཡཾ་ཞེས་བཞུ་བ་ལས་བྱུང་བའི་རླུང་དཀྱིལ་གཞུ་ལྟ་བུའི་དབྱིབས་ཅན་གྱི་དབུས་ཀྱི་ཆང་བཟུང་ལ་ཡཾ་དང་། མཆོག་མ་སྟེ་འཁྱིལ་གཉིས་ལ་བ་དན་ཟུང་གིས་མཛེས་པ། དེའི་སྟེང་དུ་རཾ་ཡིག་དམར་པོ་ལས་མེ་དཀྱིལ་གྲུ་གསུམ་རཾ་གྱིས་མཚན་པ་ལྕགས་བསྲེག་ལྟ་བུ་མེ་


KMC025_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ལ་ཁད་པ། དེ་སྟེང་ཀྃ་གསུམ་ལས་མི་མགོས་ཁྲག་སྤངས་པ་བུམ་རིལ་ལྟག་པ་ནང་བསྟན་སྒྱེད་བུ་གསུམ་བྱས་པའི་སྟེང་ཨ་སྤྲོས་པ་ལས་ཀ་པཱ་ལ་ཡི་སྣོད་དུམ་གཅིག །དཔྲལ་བ་རང་བསྟན་ཕྱི་ཟླ་བ་ལྟར་འཆར་ལ་ནང་ཁྲག་གི་བྱུག་པ་ལྟར་འདུག་པའི་ནང་དུ་བདུད་རྩི་ལྔ་དང་། ཤ་ལྔ་རྣམས་མུ་དང་ན་ལ་སོགས་རང་རང་གི་ཡི་གེས་བརྒྱན་པ་འདྲ། རང་གི་སྣ་བུག་ནས་ངོ་བོ་རླུང་གི་རྣམ་པ་ཧཱུྃ་སྔོན་པོ་རླུང་གི་ཟེར་དང་ལྡན་པ་འཕྲོས། ཡཾ་ལ་ཕོག་པས་རླུང་བྱུང་། དེས་བ་དན་བསྐྱོད་པའི་རྐྱེན་གྱིས་རླུང་དྲག་ཏུ་གཡོས་པས་མེ་སྦར་བ་འབར་བས་ཐོད་པ་དྲོས། རྫས་ཁོལ་ཞིག་ལུད། ཉེས་སྐྱོན་སྦྱངས། དེའི་སྟེང་དུ་འབྲུ་གསུམ་གསལ་བ་ལས་འོད་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། དམ་ཚིག་གི་བདུད་རྩི་དེ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་འབྲུ་གསུམ་ཡང་ཞུ་ཞིང་འདྲེས་པས་ཟད་པ་མེད་པར་མོས་ལ་བླ་མ་ཡི་དམ་ཡེ་ཤེས་ལས་འཇིག་རྟེན་གྱི་ཆོས་སྐྱོང་འཁོར་ཚོགས་རྒྱ་མཚོར་བཅས་པར་ཐུགས་ཀ་ནས་སྤྲུལ་པའི་


KMC025_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ལྷ་རྣམས་ཀྱིས་རིན་པོ་ཆེ་བྷནྡྷའི་སྐྱོགས་ཀྱིས་བཅུས་ཏེ་དྲངས་པས་གསོལ་བར་བསམ། གསང་སྔགས་ནང་གཏོར་གྱི་བྱིན་རླབས་དམིགས་རིམ་གོང་མཚུངས་མཐར་ཕེཾ་ཕེཾ་ཕེཾ་ཞེས་པའི་སྒྲས་གཏོར་མགྲོན་བླ་མ་ཡི་དམ་གྱི་ལྷ་ཚོགས་སྤྱན་དྲངས་མདུན་མཁར་བཞུགས་པའི་བླ་མ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུ་དང་། ཡི་དམ་གྱི་ལྗགས་ཕྱག་མཚན་གྱི་སྦུ་གུས་དྲངས་ཏེ་གསོལ་བར་མོས། སླར་ཡང་གནས་ཡུལ་དཔའ་བོ་མཁའ་འགྲོ་ཞིང་སྐྱོང་གི་ཚོགས་སྤྲིན་ཕུང་ལྟར་སྤྱན་དྲངས་བ་རྣམས་ཀྱིས་ཀྱང་འོད་ཀྱི་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་བསམ། གཏོར་མགྲོན་བླ་མ་ཡི་དམ་རང་ལ་བསྟིམ། དཔའ་བོ་མཁའ་འགྲོ་རང་གནས་སུ་གཤེགས་པར་བསམ་མོ། །དེ་ནས་མ་མགོན་གྱི་གཏོར་འབུལ་ནི། བྱིན་རླབས་གོང་འདྲ་ལས། སྣོད་ཀྱི་ཟླ་གདན་གྱི་སྟེང་དུ་རྫས་རྣམས་བསྐྱེད་པའི་སྟེང་ཉི་དཀྱིལ་གྱིས་བཀབ་པའི་ལྟེ་བར་གྲི་གུག་ཧཱུྃ་གིས་མཚན་པའི་སོ་གྱེན་དུ་ལྟ་བ་ཅན་གྱི་ལྟེ་བའི་ཧཱུྃ་ལས་འཕྲོས་པའི་འོད་འོག་གི་རླུང་དཀྱིལ་ལ་


KMC025_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པས་རླུང་ལྡང་བ་སོགས་དང་། སླར་འོད་སྟེང་དུ་སྤྲོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རང་བཞིན་ཅན་སྤྱན་དྲངས་ཤིང་བསྟིམ། སླར་གྲི་གུག་ཉི་ཟླ་བཅས་ཞུ་ཞིང་འདྲེས་པ་ལས་མཆོད་པའི་རྫས་འབྲས་ཆེན་གྱི་ལ་དུ་ཁུར་བ་ཤིང་ཏོག་སོགས་དང་། ལྷག་པར་ཛ་གད་མ་དྲོས་ལྟར་འཁྱིལ་ཞིང་། རཀྟ་རྒྱ་མཚོའི་རླབས་ལྟར་འཕྱོ་བ། བ་ལིང་ལྷུན་པོ་བྱེ་བ་སྤུངས་པ་ལས་ལྷག་པ་རྣམས་རྣམ་པ་དེ་དག་ལས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་ནུས་པ་སྟོང་ལྡན་དུ་གྱུར་པ་ལ་ལྷ་གཙོ་འཁོར་ཐམས་ཅད་ཀྱི་ལྗགས་རང་རང་ཕྱག་མཚན་ཏེ་མགོན་པོའི་གྲི་གུག །ལྷ་མོའི་ཁ་ཊྭཱཾ་གྱི་དབྱིབས་ཅན་དེས་འགྲེས་ལ་སོ་སོའི་ཕྱག་མཚན་གྱི་དབྱིབས་ཅན་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་མོས་ལ། ཧཱུྃ། ལྷ་ཆེན་དཔལ་འབར་སོགས་ཀྱིས་འབུལ་ཞིང་འདོད་དོན་ཀྱང་གསོལ་ལོ། །དེ་ནས་བསྟོད་པའི་སྐབས་བླ་མ་ལ་ཡི་དམ་གྱིས། ཡི་དམ་ལ་ཆོས་སྐྱོང་གིས། ཆོས་སྐྱོང་ལ་འཁོར་གྱིས། འཁོར་


KMC025_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རང་བཞིན་གྱིས་བསྟོད་ཅིང་མཐར་བདག་སྒྲུབ་མ་བསྡུས་པས་ཐུགས་དམ་བསྐུལ་ཞིང་བསྙེན་པ་ལ་འཇུག་པའི་དུས་ལ་བབས་པ་ན་མ་མགོན་གསུང་གི་སྙིང་པོ་ཁོ་ན་བཟླ་ཞིང་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་གསལ་འདེབས་ཤིང་སེམས་འཛིན། དེ་ནས་བསྙེན་དམིགས་དངོས་ལ་འཇུག་དགོས་པས། དེའང་ལས་དང་པོ་པས་སྔར་བསྐྱེད་པའི་རྟེན་བརྟེན་པའི་དཀྱིལ་འཁོར་གསལ་འདེབས་པ་གལ་ཆེ་བས། ཐོག་མར་བདག་མདུན་དཔལ་ནག་པོ་ཆེན་པོ་སྐུ་མདོག་དབྱར་གྱི་ཆར་སྤྲིན་ལ་སྲོད་ཀྱི་མིག་སྨན་ཆར་གྱིས་ཡང་ནས་ཡང་དུ་བྲན་པ་ལྟར་བརྗིད་ཅིང་། ཞལ་གྱི་དཀྱིལ་འཁོར་ཆ་ཀུན་ནས་གང་བའི་ཟླ་བ་ལྟར་རྒྱས་པ་ལ་ཁྲོ་གཉེར་རྒྱ་མཚོ་འཁྲུགས་པའི་རླབས་ཕྲེང་འཕྱོ་བ། ཉི་མའི་འོད་ཀྱང་མོག་པོར་བྱེད་པའི་སྤྱན་གསུམ་འཁྱིལ་ཞིང་ལྟ་བ། ཟླ་ཚེས་ལྟར་དཀར་བའི་མཆེ་བ་གཙིགས་པ། དུས་ཀྱི་མེ་ཡི་ཁེངས་པ་ཡང་འཇིལ་བར་བྱེད་པའི་རལ་པ་དམར་སེར་གྱེན་དུ་གཡེངས་པ་ལ་རྡོ་རྗེ་འབར་བའི་ཏོག་དང་སྦྲུལ་གྱི་


KMC025_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པར་ལྷའི་རེག་བྱ་བཻཌཱུརྻ་ཡི་མདངས་ལ་འགྲན་པའི་འཕུར་མ་གཡོ་བ། འཛམ་བུ་གསེར་ལས་བྱས་པའི་སྐྲ་ཆིངས་ལ་འཇིག་རྟེན་ཆེ་བར་གྲགས་པ་རྣམས་ཕ་རོལ་དུ་སོང་བའི་མགོ་བོ་ཤ་ཁྲག་སྤངས་པ་ཟླ་བ་བཞིན་འཚེར་བར། རིན་པོ་ཆེ་འབར་བ་ཤ་སྟག་གི་རྩ་བྲན་བྱས་པ་དང་། དར་གྱི་ལྷབ་ལྷུབ་གཡོ་བ། གསེར་གྱི་པ་ཊ་འཁྱིལ་བའི་རྣ་སྐོར་དང་། ལག་པའི་མཁྲིས་མར་སིལ་སིལ་གྱི་སྒྲ་འབྱིན་པའི་གདུབ་བུས་གཡོགས་པ། སྐུ་ལ་དར་ལྗང་གུའི་ཤ་འགག །དེ་སྟེང་མཐིང་སེར་དམར་དཀར་ལྗང་བའི་བེར་ལྔ་བརྩེགས་ལ་གསེར་སྐེད་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བྱས་པ་ལ་བེང་གི་ཚར་ཚར་བརྒྱ་རྩ་བརྒྱད་ལྡན་པ་བཅིངས་པ། རུས་པའི་སེ་རལ་ཁ་དང་། མགུལ་རྒྱན། དོ་ཤལ། མི་མགོ་ཁྲག་ཅན་གྱི་དོ་ཤལ་འཕྱང་བ། ལྟོ་འགྲོའི་ག་ཤ་དང་བཅས་པ། དེ་སྟེང་བེར་ནག་གསེར་གྱི་རི་མོ་ཅན་བཞི་བརྩེགས་ལྷུབ་གྱོན་བྱས་པ། ཁྲག་གིས་བསྐུས་པ་ལྟར་དམར་བའི་མཐིལ་ཅན་གྱི་ལག་པའི་སེན་མོ་ལྕགས་ཀྱུ་ལྟར་རྣོ་བ།


KMC025_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གི་ཟེར་འཐོར་ཞིང་གང་ལ་ཚད་པ་ཙམ་གྱིས་ཕྱེ་མར་བྱེད་པའི་གྲི་གུག་དབྱིབས་ཟླ་ཚེས་ལྟ་བུ་རྡོ་རྗེའི་ཡུ་བ་ཅན་གཡས་ཀྱིས་གདེངས་ཤིང་། ལྷ་མ་ཡིན་གྱི་དབང་པོའི་ཡ་མགལ་གྱི་ནང་དེ་ཡི་ཁྲག་གིས་བཀང་བའི་ཐོད་ཁྲག་འཆང་བ། འཇིགས་པ་ཡང་བརྒྱལ་བར་བྱེད་པ། དེ་དང་སྦྱོར་བའི་ཡུམ་ཟ་བྱེད་བཻ་ཏ་ལི་གཅེར་བུ་རེ་ལྡེའི་སྨད་གཡོགས་དང་། དར་ནག་གི་བེར་ལྷུབ་བུར་གྱོན་པ། རལ་ལ་གྱེན་དུ་བཅིངས་ཤིང་མཐུར་དུ་བཤལ་བའི་རྩེར་ཟླ་བའི་ཅོད་པན་དང་རྨ་བྱའི་མདོངས་ཀྱིས་མཛེས་པ། ཐོད་སྐམ་གྱི་དབུ་རྒྱན། མགོ་རློན་གྱི་དོ་ཤལ་ཅན། ཕྱག་ཞབས་གདུབ་བུས་བརྒྱན་པ། ཕྱག་བཞིའི་གཡས་གཉིས་ཀྱིས་ཁ་ཊྭཱྃ་དང་ཕུར་བུ། གཡོན་གཉིས་ཀྱིས་མེ་ལོང་སྦྲུལ་ཞགས་ཐོགས་པས་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། དེའང་བདག་བསྐྱེད་ཡབ་ལ་ཡུམ་གྱིས་འཁྱུད་པ་དང་། །མདུན་བསྐྱེད་ཡུམ་ལ་ཡབ་ཀྱིས་འཁྱུད་པར་བསྒོམ་པ་ཡིན། གཉིས་ལ་ལྷན་ཅིག་པད་ཉི་རོ་ལ་གནས་པའི་རྫུ་འཕྲུལ་གྱི་རྐང་པ་ཅན་གྱི་དྲེལ་རྟ་ལ་ཞིང་ལྤགས་ཀྱི་


KMC025_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བཟར་དང་། གསེར་སྒ་གཡུ་མཐུར་སྦྲུལ་གྱི་གོང་སྨེད་གློ་ལེན་དང་། དངུལ་ཡོབ་མི་མགོའི་དོམ་དོམ། སྔ་ཤ་ལ་མཚོན་གྱི་གྲུ་གུ། ཤྭ་རྡེལ་དཀར་ནག །བདུད་ཀྱི་ཁྲག་བམ་དང་། ཕྱི་ཤ་ལ་ནད་ཀྱི་རྐྱལ་པ་དང་། ལྕགས་ཀྱི་དྲྭ་བ་བཏགས་པ་དེ་གང་དུ་གནས་པ་འཇིགས་དུས་ཀྱི་མེ་ལྟར་འབར་བའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་རོལ་པ། གདན་ཐབས་ཀྱི་ཆོས་འབྱུང་གི་ཟུར་གསུམ་སྒོ་གསུམ་ལ་བསྟན་པའི་མདུན་གཡས་གཡོན་དུ། བདུད་མགོན་ནག་པོ། བཙན་མགོན་དམར་པོ། ཀླུ་མགོན་སྔོན་པོ་གསུམ་ཀ་རང་མདོག་གི་བེར་དང་རྟ་ལ་ཆིབས་པ། གཡས་མདུང་རིང་། གཡོན་ཞགས་པ་བསྐྱིལ་བ་དྲག་ཤུལ་གྱི་ཉམས་ཅན་ནོ། །དེའི་ཕྱིར་གནམ་ལྕགས་ཀྱི་འཁོར་ལོ་བཞི་རིམ་དང་པོ་རྩིབས་བརྒྱད། གཉིས་པ་རྩིབས་བཅུ། གསུམ་པ་དང་བཞི་པ་རྩིབས་བརྒྱད་པའི་དང་པོ་ལ་དྲེལ་རྟ་སྔོན་པོ་བརྒྱད་ལ་གནས་པའི་ནག་པོ་ཡབ་ཡུམ་བཅུ་དྲུག །ཡབ་རྣམས་ཀྱིས་ཟླ་བ་ཕྱེད་པ་དང་། ཡུམ་རྣམས་ཀྱིས་ལྕགས་ཀྱུ་ལྟ་བུའི་


KMC025_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་གདེངས་པ། གཞན་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། གོང་བཞིན་བདག་བསྐྱེད་དུས་ཡུམ་གྱིས་ཡབ། མདུན་བསྐྱེད་ཡབ་ཀྱིས་ཡུམ་ལ་འཁྱུད་པའོ། །འཁོར་ལོ་གཉིས་པ་ལ་ཕྱོགས་གཡོན་བསྐོར། མཚམས་གཡས་བསྐོར་ཏེ། ཤར་རྩིབས་སུ་གཡུ་འབྲུག་ལ་གནས་པའི་དཔལ་འབར་འཆང་དཀར་པོ་གཡས་རིན་པོ་ཆེ་བརྒྱུས་པའི་ཞགས་པ། གཡོན་བ་དན་ཁྲ་བོ་འཕྱར་བ། འཁོར་སེང་གེ་མཁའ་ལྡིང་གི་མགོ་ཅན་བྱེ་བས་བསྐོར་བ། བྱང་རྩིབས་སུ་སེང་གེ་སྔོན་པོ་ལ་གནས་པའི་རྣམ་ཐོས་སྲས་ལྗང་ནག་གསེར་གྱི་ཁྲབ་ཅན། གཡས་ཙནྡན་གྱི་དབྱུག་པ་ནོར་བུའི་ཏོག་ཅན་དང་མདུང་དམར། གཡོན་ནེའུ་ལེ་འཛིན་པ་ལ་གནོད་སྦྱིན་དུ་མས་བསྐོར་བ། ནུབ་རྩིབས་སུ་རྟ་དམར་རྟིང་དཀར་ལ་གནས་པའི་དབང་ཕྱུག་འབར་བ་དམར་ནག་གཡས་ཙནྡན་གྱི་གྲུ་ཚལ་ཏེ་རྒྱ་མཚོའི་གླིང་གི་ཙནྡན་ས་མཆོག་གི་ཚལ་པ་ཆེན་པོ་དང་། གཡོན་གྲི་གུག་དང་ནོར་བུ་ལྗང་གུ་འཆང་བ། སྟག་གཟིགས་སྦྲུལ་གྱི་མགོ་ཅན་ཀླུ་བདུད་བྱེ་བས་བསྐོར་བ། ལྷོ་


KMC025_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་སུ་ལེགས་ལྡན་དཔལ་འབར་རྟ་འོལ་བ་དམར་སེར་ཏེ། ཁམས་པ་སེར་ཁ་ཆེན་པོ་ཅན་ལ་གནས་པ། གཡས་ཙནྡན་གྱི་བེང་འཕྱར་ཁྲུ་གང་པ་ལ་དབལ་སོ་ཡང་ཚད་དེ་འདྲ་བའི་རྣོ་ལ་རིང་པོ་ཅན་དང་། གཡོན་རིན་པོ་ཆེ་བཻཌཱུརྻ་འཆང་བ། འཁོར་ལྷ་དམག་དང་གནོད་སྦྱིན་ཏེ་རོ་ལངས་དང་། གཤིན་རྗེ་དུ་མས་བསྐོར་བ། ཤར་ལྷོའི་རྩིབས་སུ་རྟ་སྔོན་པོ་སྟག་རིས་ཅན་ལ་གནས་པའི་ཛམྦྷ་ལ་དམར་པོ་གཡས་སྣ་ཚོགས་ནོར་བུ་སྟེ་དགོས་འདོད་ཀུན་འབྱུང་དང་གཡོན་ནེའུ་ལེ་འཆང་བ། རྟ་སྔོ་ཁྲ་དང་ངང་པ་རོལ་དུ་ཁྲིད་པ་ལ། བི་ཝ་དང་ནོར་བུ་སྔོན་པོ་འཆང་བའི་ནོར་ལྷ་རང་འདྲ་བརྒྱད་ཀྱིས་བསྐོར་བ། ལྷོ་ནུབ་ཀྱི་རྩིབས་སུ་རྔ་རྔོག་དམར་བའི་རྟ་དཀར་པོ་ལ་ཞོན་པའི་མཛེས་ལྡན་སྲས་དམར་སེར་གཡས་དར་དཀར་གྱི་བ་དན། གཡོན་ནོར་བུ་མཆིན་ཁ་ཐོགས་པ། སྲིན་དམག་བྱེ་བ་དང་མདུང་དཀར་པོ་འཕྱར་བས་བསྐོར་བ། ནུབ་བྱང་གི་རྩིབས་སུ་ཡན་ལག་ནག་པོའི་རྟ་སྔོན་པོ་ལ་གནས་པའི་ཤ་བ་རི་དམར་ནག་གཡས་གསེར་


KMC025_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྡོ་རྗེ་རྩེ་ལྔ་དང་། གཡོན་ནོར་བུ་མཐིང་ནག་འཛིན་པ། འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ། བྱང་ཤར་གྱི་རྩིབས་སུ་རྟ་ངང་པ་ལ་གནས་པའི་གཙུག་ཏོར་ལྗང་གུ་གཡས་ལྕགས་ཀྱི་གདུང་མ། གཡོན་རིན་པོ་ཆེ་སྨུག་པོ་འཆང་བ། འཁོར་ལྷ་བཙན་ཀླུ་ཡི་དགེ་བསྙེན་དུ་མས་བསྐོར་བ། ཤར་སྟོད་ཀྱི་རྩིབས་སུ་མཁའ་ལྡིང་དམར་པོར་གནས་པའི་ལྷ་མགོན་གཙུག་ཕུད་ཅན་གཡས་རལ་གྲི་གཡོན་ནོར་བུ་སེར་པོ་འཆང་བ། འཁོར་གཟའ་རྒྱུ་སྐར་གྱིས་བསྐོར་བ། ནུབ་སྨད་ཀྱི་རྩིབས་སུ་ཕག་སེར་པོ་ལ་གནས་པའི་བརྟན་མ་སེར་མོ། གཡས་སྦྲུལ་དཀར་པོ་དང་། དེས་དཀྲིས་པའི་བུམ་པ་གཡོན་དུ་འཆང་བ། འཁོར་གྲུ་ཆེན་ས་བདག་གིས་བསྐོར་བ། དེ་ཐམས་ཅད་ཀྱང་ཁྲོ་འཛུམ་སྒེག་ཉམས་ཅན་དར་བེར་ནག་པོ་གསོལ་ཞིང་གསེར་སྐེད་ཅན་རིན་པོ་ཆེའི་སྲོག་ཞུ་སོགས་ནོར་བུའི་རྒྱན་དུ་མས་བརྒྱན་པའོ། །འཁོར་ལོ་གསུམ་པའི་ཤར་རྩིབས་སུ་རོ་དང་པད་ཉིར་ལྷ་ཆེན་ལྗང་ནག་གཡས་ཁ་ཊྭཱྃ་གཡོན་ཐོད་པ་ཐོགས་པ། དགའ་བོ་སོགས་བརྒྱད་


KMC025_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཁ་ཊྭཱྃ་དང་ཞགས་པ་འཛིན་པས་བསྐོར་བ། བྱང་རྩིབས་སུ་རོ་དང་པད་ཉིར་སྲིན་པོ་ནག་པོ་མིག་གཅིག་པ་གཡས་ཟངས་གྲི་སྟེ་གྲི་ཐུང་ལྟག་དགྱེ་ཞིང་ཆེན་པོ་ཅན། གཡོན་མགོ་རློན་འཆང་བ། མིག་གཅིག་ཀུན་གཟིགས་སོགས་བརྒྱད་ཀྱང་གཡས་རྡོ་རྗེ་རྩེ་གསུམ་གཡོན་ཐོད་རློན་དང་། དར་ནག་གི་གཡབ་མོ་ཅན་གྱིས་བསྐོར་བ། ནུབ་རྩིབས་སུ་རོ་དང་པད་ཉིར་དུར་ཁྲོད་ནག་པོ་གཡས་གཡོན་གྲི་གུག་ཐོད་ཁྲག་འཆང་བ་རང་འདྲ་བརྒྱད་ཀྱིས་བསྐོར་བ། ལྷོ་རྩིབས་སུ་མ་ཧེ་དང་པད་ཉི་རོ་ལ་ཡ་མ་རཱ་ཙ་སྔོན་པོ་མི་ལྤགས་ཀྱི་གོས་ཅན། གཡས་ཐོད་དབྱུག་གཡོན་ཁྲག་ཐོད་འཆང་བ། ཁྲག་མིག་མི་བཟད་སོགས་བརྒྱད་ཀྱང་། གཡས་གཡོན་རལ་གྲི་དང་ཐོད་ཚལ་ཡི་མདེའུ་ཅན་གྱི་དུག་མདའ་འཛིན་པས་བསྐོར་བ། ཤར་ལྷོའི་རྩིབས་སུ་པད་ཉི་རོ་ལ་དགའ་བོ་སྔོན་པོ་གཡས་སྦྲུལ་ཞགས། གཡོན་ནད་རྐྱལ་ཐོགས་པ། པདྨ་སོགས་བརྒྱད་ནི་དུག་གི་མདའ་གཞུ་འཆང་བས་བསྐོར་བ། ལྷོ་ནུབ་ཀྱི་རྩིབས་ལ་རོ་དང་ཆུ་སྲིན་དམར་


KMC025_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱར་རཱ་ཧུ་ལ་དམར་པོ་ལུས་དང་ཡན་ལག་མིག་གིས་གང་བ། གཡས་ཆུ་སྲིན་མགོས་མཚན་པའི་ཞགས་པ། གཡོན་ཐོད་ཁྲག་ཅན། དམག་དཔོན་སོགས་བརྒྱད་ཀྱང་ཐོད་མདའ་གོང་བཞིན་དང་ཕུར་བུ་འཆང་བས་བསྐོར་བ། ནུབ་བྱང་གི་རྩིབས་སུ་གླང་ཆེན་གྱི་སྟེང་པད་ཉིར་བགེགས་རྒྱལ་ནག་པོ་གཡས་རྡོ་རྗེ་རྩེ་གསུམ། གཡོན་གྲི་གུག་འཆང་བ། མི་ལྤགས་ཀྱི་སེར་ལ། གླང་ཀོའི་གོས་ཅན། འཁོར་ལོ་སོགས་བརྒྱད་ཀྱང་གཡས་ཐོད་ཁྲག །གཡོན་ཏྲི་ཤཱུལ་འཛིན་པས་བསྐོར་བ། བྱང་ཤར་གྱི་རྩིབས་སུ་གླང་ཆེན་དང་པད་ཉིར་ཏྲཀྴད་ནག་པོ་རྡོ་རྗེས་མཚན་པའི་ཞགས་པ་འཕེན་པ། རླུང་བདུད་སོགས་བརྒྱད་ཀྱང་ཞགས་པ་ལ་འཁོར་ལོ་དགྲ་སྟྭ་འཛིན་པ་དེ་རྣམས་ཀྱང་ཤིན་ཏུ་ཁྲོ་བ། སྦྲུལ་དང་མགོས་བརྒྱན། སྟག་གི་པགས་པའི་ཤམ་ཐབས་དང་། རལ་པ་དམར་སེར་གཡེར་བ་ཤ་སྟག་གོ །འཁོར་ལོ་ཐ་མར་ཤར་ནས་གཡོན་བསྐོར་དུ། ཤར་རྩིབས་སུ་ལྕགས་སྤྱང་མགོ་དགུ་ལ་གནས་པའི་བདུད་མོ་ཁྲག་གི་རལ་པས་རྒྱབ་གཡོགས་པ། གཡས་


KMC025_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་ལྕགས་ཀྱུ་དམར་པོ། གཡོན་ཐོད་ཁྲག་ཅན་བདུན་དང་། ལྷའི་སྲིང་མོ་གླིང་བཞི་མགྱོགས་མ་དཀར་མོ་གཡས་གསེར་གྱི་རྡོ་རྗེ། གཡོན་གསེར་བུམ་འཛིན་པ། མཁའ་ལ་ཁྱུང་ལྡིང་སྔོན་མོ་ཐོད་དབྱུག་དང་ཐོད་རློན་འཛིན་པ། དཀར་མོ་གཡོག་ཐོད་སྐུ་མདོག་དམར་མོ་སྦྲུལ་ཞགས་འཕེན་པ། ནག་མོ་སྡེར་ཆེན་སེར་ནག་ཐོག་ཁྲག་དང་ནེའུ་ལེའི་རྐྱལ་པ་ཐོགས་པ་སྟེ་སྲིང་མོ་བཞི། བྱང་ཤར་གྱི་རྩིབས་སུ་ལས་ཀྱི་དབང་ཕྱུག་མ་བདུན་ནི། གསོད་བྱེད་དམར་མོ་སྤྱང་མགོ་རལ་གྲི། མི་མོ་དམར་མོ་སྐྱིན་རོང་གི་ནགས་སུ་སྐྱིན་གཡག་ཞེས་པ་འབྲི་གདོང་རྭ་ཅོ་ཡོད་པ་ཞིག་ཡིན་པའི་མགོ་ཅན་མེ་སྒྲོན་འཛིན་པ། ཕག་མོ་ནག་མོ་ཕག་གདོང་མཆེ་བ་ཞགས་པ། དགའ་བྱེད་ལྗང་མོ་ཁྲ་མགོ་བྱིས་པའི་རོ་ཟ་བ། རྣ་ཅན་དཀར་མོ་གླང་གདོང་ཐོད་ཁྲག །ཆུ་ལྷ་སྔོན་མོ་སྦྲུལ་མགོ་ཞགས་པ། རྣམ་ཐོས་ལྗང་ནག་སྐྱ་གའི་མགོ་ཅན་དྲིལ་བུ་འཕྲོལ་བའོ། །བྱང་རྩིབས་སུ་ཁྲག་མཚོ་རྦ་རླབས་འཁྲུགས་པར་ཕུར་བུ་མ་ནག་མོ་རལ་པ་ཅན་གཡས་ལྕགས་


KMC025_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ། གཡོན་ཕུར་པ་འདྲིལ་བ་བདུན། ཚེ་གསུམ་འབར་མ་སྟེ་དབང་པོ་འབར་མ་དཀར་མོ་ཉི་མ་དང་། དེའི་ཟེར་གྱི་ཞགས་པ་འཕེན་པ། གཤིན་རྗེ་འབར་མ་སྔོན་མོ་སྐར་མདའ་འཕེན་པ། ཀླུ་མོ་འབར་མ་དམར་མོ་གློག་ཕྲེང་ཐོགས་པ། གནོད་སྦྱིན་འབར་མ་ལྗང་གུ་བྱ་ཁྱུང་ཁྲ་བོ་འཛིན་པ་སྟེ་ནང་གི་འབར་མ་བདུན། ནུབ་བྱང་གི་རྩིབས་སུ་པདྨའི་དབང་ཕྱུག་མ་བདུན་ནི། དགའ་བ་དམག་མོ་རྒོད་མགོ་རྐེ་བསྲིང་ཞིང་ལག་གཉིས་ཁུ་ཚུར་བརྒྱང་བ། སྟོབས་ཅན་དཀར་མོ་རྟ་གདོང་ཐོང་གཤོལ་འཛིན་པ། རྡོ་རྗེ་སེར་མོ་ཁྱུང་མགོ་སྤུ་གྲི། འདོད་པ་དམར་མོ་ཁྱི་མགོ་མདའ་གཞུ། ནོར་སྲུང་དཀར་མོ་འུག་གདོང་བུམ་པ། རླུང་ལྷ་སྔོན་མོ་ཤ་མགོ་བ་དན། བུམ་སྣ་དམར་མོ་སེང་གདོང་ལྕགས་སྒྲོགས་འཛིན་པའོ། །ནུབ་རྩིབས་སུ་ཟངས་རལ་མ་དམར་མོ་གཡས་རལ་གྲི་དམར་པོ་གཡོན་ཐོད་ཁྲག་འཛིན་པ། ཁྲག་གི་རལ་པས་ས་གཞི་ཁེབས་པ། ཞིང་ལྤགས་ཀྱི་སྨད་དཀྲིས་ཅན་བདུན་དང་། དམར་མོ་འབེབས་མཁན་ཏེ་མེ་ཁྱེར་འབར་མ་དམར་མོ་གློག་ཕྲེང་


KMC025_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། སྲིན་མོ་འབར་མ་སྨུག་གནག་མདུང་ཐུང་འཕེན་པ། རླུང་བདག་འབར་མ་སྔོ་ནག་རལ་གྲི་དང་། མི་སྐྲ་ལས་གྲུབ་པའི་ལྭ་བ་འཛིན་པ། གཏུམ་མོ་འབར་མ་དཀར་མོ་མདུང་ལྟར་རིང་བའི་ཏྲི་ཤུལ་འཛིན་པའོ། །ལྷོ་ནུབ་ཀྱི་རྩིབས་སུ་རིན་ཆེན་དབང་ཕྱུག་མ་བདུན་ནི། རྡོ་རྗེ་སེར་མོ་དོམ་མགོར་སྟ་འཐུང་བ། བདུད་རྩི་དམར་མོ་ཆུ་སྲིན་གྱི་མགོ་ཅན་པདྨ་དམར་པོ། ཟླ་བ་དཀར་མོ་སྲག་པའི་མགོ་ཅན་མེ་ཏོག་པུཎྜ་རི་ཀ་བེ་ཅོན་ལྗང་ནག་ཁྲ་མགོ་དབྱུག་ཏོ། སྲིན་མོ་དམར་མོ་ཝ་གདོང་ཐོད་ཁྲག་ཟ་བ་ལྗང་ནག་སྟག་གདོང་བ་སུ་སྟེ་རྒྱུ་མའི་ཞགས་པ། མགྲིན་བཅུ་སེར་མོ་ར་གདོང་ཞགས་པ་དམར་པོ་བསྣམ་པའོ། །ལྷོ་རྩིབས་སུ་མཚོན་འཁོར་མ་སེར་མོ་གཡས་རལ་གྲི། གཡོན་མཚོན་གྱི་འཁོར་ལོ་སོ་རལ་གྲི་ལྟར་རིང་ལ་རྣོ་བ་ཅན་བསྣམས་པ་བདུན་དང་། དུས་ཀྱི་ལྷ་མོ་བཞི་ནི། དཔྱིད་ཀྱི་རྒྱལ་མོ་དཀར་མོ་རླུང་དཀྱིལ། དབྱར་གྱི་རྒྱལ་མོ་གློག་འགྱུ་མ་སེར་མོ་ཐོག་དང་གློག་གི་ཞགས་པ། སྟོན་གྱི་རྒྱལ་མོ་གློག་ལྕམ་དམར་མོ་


KMC025_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་གང་བའི་སྣོད། དགུན་གྱི་རྒྱལ་མོ་གློག་སྤྲིན་མ་ནག་མོ་ཐོད་ཁྲག་འཆང་བའོ། །ཤར་ལྷོའི་རྩིབས་ལ་རྡོ་རྗེ་དབང་ཕྱུག་མ་བདུན་ནི། སྲིན་མོ་དམར་ནག་གཡག་གདོང་མགོ་རློན། ཚངས་པ་དམར་སེར་སྲེ་མོང་གདོང་ཅན་པད་དཀར། ལྷ་ཆེན་ཕྱེད་གཟུགས་དཀར་ལྗང་ཏྲི་ཤཱུ་ལ། རྟོག་འདོད་སྔོན་མོ་ཟེར་མོའི་མགོ་ཅན་གསེར་འཁོར། གཞོན་ནུ་དམར་མོ་ཕག་གི་མགོ་ཅན་མདུང་ཐུང་། བརྒྱ་བྱིན་དཀར་མོ་དྲེད་གདོང་རྒྱུ་ཞགས། རྡོ་རྗེ་ནག་མོ་ཁུ་བྱུག་གི་མགོ་ཅན་ལྕགས་ཀྱུ་བསྣམས་པའོ། །ཤར་སྒོའི་ནང་དམག་གི་རྒྱལ་མོ་མཆེ་གཙིགས་མ་དཀར་མོ་གཅེར་བུ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཐོད་ཁྲག་དང་སྡིགས་མཛུབ། བར་པ་གཉིས་ཀྱིས་གོང་དུ་བཤད་པའི་ཐོད་མདའ་དང་ཕུར་ཐུན། འོག་མ་གཉིས་བ་དན་དཀར་པོ་དང་ཁྲག་ཟོར་འཕེན་པ། ལྷོ་སྒོར་ལས་མཁན་མ་སེར་མོ་མཚེ་དང་ཡུངས་དཀར་གྱི་ཐུན་འཕེན་པ། ནུབ་ཀྱི་གྲུར་མཆུ་འཇིབ་མ་དམར་མོ་གཡང་གཞིའི་གོས་ཅན་རུ་མཚོན་འཕྱང་བ། བྱང་སྒོར་ཁ་འགལ་མ་ནག་མོ་མ་


KMC025_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་མདོངས་ཀྱི་གོས་ཅན། ཕྱག་བཞིའི་གཡས་གཉིས་བ་དན་དང་སྟྭ་གྲི། གཡོན་གཉིས་ཐོད་ཁྲག་དང་ཐུན་བསྣམས་པའོ། །དེ་ཐམས་ཅད་ཀྱང་འཇིགས་པའི་གཟུགས་ཅན་གཅེར་བུ་རལ་པ་དམར་སེར་ཅན་སྦྲུལ་དང་ཐོད་པ་སྐམ་རློན་གྱི་ཕྲེང་བ། གཟིགས་ལྤགས་ཀྱིས་སྨད་དཀྲིས་པ། ཁ་གཙོ་བོ་ལ་ཕྱོགས་ནས་གུས་པས་འདུད་པའོ། །དེས་ནང་བརྟེན་པ་ལྷ་ཡི་བསྐྱེད་རིམ་གྱི་སྒོམ་དོན་མདོར་བསྡུས་སོང་ནས། ཕྱི་གཞལ་ཡས་ཁང་གི་མཚན་ཉིད་ཟུར་ཙམ་བརྗོད་ན། དེ་ཡང་དྲག་པོའི་ཕོ་བྲང་གྲུ་གསུམ་པ་ཕྱི་གནམ་ལྕགས་ཀྱི་རྩིག་པ་ལ་ནང་བཻཌཱུརྻའི་ཞལ་བ་བྱས་པ། ལོག་གསུམ་གསུམ་དུ་སྒོ་སྒོ་འཁྱུད་བཅས་རྟ་བབས་སྔོན་པོ་རིམ་པ་བཅུ་གཅིག་གིས་མཛེས་པའི་རྩེར་དྲག་པོའི་ལྕགས་འཁོར་རྩིབས་དྲུག་པ་རེ་རེའི་ཕན་ཚུན་ཆུ་སྲིན་ཕྲུ་གུས་དྲག་པོའི་ཆོས་ཉན་པ། སྟེང་དུ་མགོ་བོའི་ཏོག་ཅན་གྱི་གཡང་གཞིའི་གདུགས་ཕུབ་པ། ནང་གི་འཁོར་ལོ་བཞི་པོ་རེ་རེའི་སྟེང་ན་ཀླུ་བརྒྱད་ཀྱི་ཀ་གདན། ལྷ་བརྒྱད་ཀྱི་ཀ་བ། གཟའ་བརྒྱད་ཀྱི་


KMC025_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་མ་རྣམས་ཟླུམ་བསྐོར་བྱས་པའི་སྟེང་དུ་རྒྱུ་སྐར་ཉེར་བརྒྱད་ཀྱི་ཕྱམ་བཏང་བ། རྐང་ལག་གི་གྲལ་གྲབ་ཅན་ཤ་ཁྲག་གི་ཐོག་ལེབ་བྱས་པར། རིན་པོ་ཆེ་དང་ནང་ཁྲོལ་གྱི་དྲྭ་ཕྱེད་འཕྱང་བ། ཕྱི་རོལ་དུ་གསེར་གྱི་ཕ་གུ་མགོ་བོའི་དྲྭ་ཕྱེད། རྐང་ལག་གི་པུ་ཤུ། ཐོད་སྐམ་གྱི་ཁ་བད་ཅན། །གཞན་ཡང་རོ་སྐྲའི་རྔ་གཡབ། ཞིང་ལྤགས་ཀྱི་རྒྱལ་མཚན། རོ་རས་གྱི་འཕན་སོས་དྲག་པོའི་བཀོད་པས་བརྒྱན་པའི་སྟེང་དུ་གསེར་གྱི་རྒྱ་ཕིབ་ཀྱི་རྩེར་བཻཌཱུརྻའི་ཏོག་གིས་སྤྲས་པ། སྟེང་ནས་མཚོན་ཆར་འབེབས་ཤིང་བར་དུ་སྤྲུལ་པའི་ལས་མཁན་འཚུབས་པ། ས་གཞིར་གཅན་གཟན་དུ་མ་རྒྱུ་བ། དེའི་ཕྱི་ལ་མཚོན་ཆའི་ས་གཞི། དེའི་ཕྱི་ལ་དུར་ཁྲོད་ཆེན་པོ་བརྒྱད། དེའི་ཕྱི་ལ་མཚོན་ཆ་སྣ་ཚོགས་ཀྱིས་གཏམས་པའི་གུར། དེའི་ཕྱི་ལ་ཨཱིནྡྲ་ནི་ལ་ལས་གྲུབ་པའི་རྡོ་རྗེའི་བྲག་གྲུ་གསུམ་གྱི་ངོས་སུ་རལ་གྲིའི་སྡོང་པོ་ལ་གྲི་གུག་གི་འབྲས་བུ་བརྒྱན་པའི་ནགས་ཚལ། མདེའུ་ནམ་མཁར་བསྟན་པའི་མདའ་ལ་དགྲ་སྟྭའི་ལོ་མ་རྒྱས་པའི་རྩྭ་སོགས་ལྡན་པའི་ཕྱིར་སྲུང་བའི་


KMC025_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྔར་བཤད་པ་ལྟར། རྩིབས་གཡོན་དུ་དྲག་པོར་འཁོར་བའི་ཕྱི་རོལ་སྟེང་འོག་མེད་པར་མཚོན་ཆའི་བུ་ཡུག་འཚུབས་པའི་ཕྱིར་བསྐལ་མེ་ཡང་ཆུང་ཞིང་དམྱལ་མེའི་རེག་པ་ཡང་བསིལ་བ་ལྟར་སྣང་བའི་མེའི་གུར་ཁང་འབར་བས་གཡོགས་པའི་ནང་དུ་འབྱུང་པོ་དག་ལྟ་ཅི་རྡོ་རྗེ་འཛིན་པས་ཀྱང་ལྟ་བ་ཙམ་དུ་མི་ནུས་པའི་དཀྱིལ་འཁོར་དུ་བསྒོམ་པ་སྟེ། དེ་དག་གིས་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་གདབ་པ་སོང་ནས། དངོས་གཞི་བསྙེན་པའི་དམིགས་རིམ་ནི། ཐོག་མར་གོང་དུ་བཤད་པའི་སྤྱན་འདྲེན་གྱི་དམིགས་པ་གསལ་བཏབ་ཅིང་ཡང་ཡང་བསྟིམ་མོ། །དེ་ལ་གོམས་ནས་བདག་མདུན་ཡབ་ཀྱི་ཐུགས་དབུས་ཟླ་བའི་དཀྱིལ་འཁོར་སྲན་མ་ཁ་བཀས་པ་ཙམ་གྱི་སྟེང་ས་བོན་ཧཱུྃ་ཡིག་མཐིང་ནག་གི་མཐར་གཡོན་བསྐོར་གྱིས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ། ཅེས་པའི་སྔགས་ཕྲེང་མཐིང་ནག་ངོ་ཕྱིར་བསྟན་གཡས་སུ་མྱུར་བར་འཁོར་བ་དང་། ལྷ་མོའི་ཐུགས་ཀར་ཉི་གདན་ལ་བྷྱོ་སྔོ་བསང་གི་མཐར། ཨོཾ་ཡཀྵ་བཻ་ཏ་ལི་ཛཿ ཅེས་


KMC025_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངོ་ནང་བསྟན་སྔོ་བསང་གཡས་སུ་བཀོད་གཡོན་དུ་འཁོར་བར་དམིགས་ལ་སེམས་འཛིན། དེ་ལ་གོམས་ནས་བདག་མདུན་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས་འོད་ཟེར་སྨུག་ནག་གི་ཚོགས་དཔག་ཏུ་མེད་པ་འཕྲོས། འོག་མིན་གྱི་ཞིང་དང་རྩུབ་འགྱུར། བྱང་ཤར་ཐོད་པའི་གཞལ་ཡས་སོགས་ནས་དཔལ་མ་མགོན་འཁོར་བཅས་ཀྱི་དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ཚོགས། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་བབས་པ་ལྟར་བྱོན་ནས་བདག་མདུན་ལ་སིབ་སིབ་ཐིམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་ཅིང་རང་ཉིད་ལྷ་དང་རྣམ་དབྱེར་མེད་པ་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་བྱ། དེ་བཞིན་འོད་སྤྲོ་བསྡུ་དང་བཅས་ཕྱོགས་དུས་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་དྲེགས་པ་མཐུ་ཆེན་སོགས་ཀྱི་བྱིན་ནུས་དངོས་གྲུབ་མཐུ་སྟོབས་སོགས་དང་སྦྱར་ལ་


KMC025_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཤེས་པར་བྱ། སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་པས། རང་བཞིན་གྱི་གནས་ནས་མ་མགོན་ཡབ་ཡུམ་བཅོ་བརྒྱད་པོ་ཆར་བབས་པ་ལྟར་བྱོན་ནས་གཉིས་སུ་མེད་པར་འདྲེས་པར་མོས་ཤིང་ང་རྒྱལ་བཟུང་བ་ཡང་ཡང་བྱ་བ་གལ་ཆེ་སྟེ། རིན་པོ་ཆེ་ཀརྨ་པས་རང་བཞིན་གྱི་གནས་ནས་མ་མགོན་བཅོ་བརྒྱད་པོ་སྤྱན་དྲངས་ཤིང་རང་ལ་ཐིམ་པར་མོས་ཤིང་། སྔགས་ཆུ་བོའི་རྒྱུན་བཞིན་བཟླས་ན་མཐུ་སྟོབས་མགོན་པོ་རང་དང་མཉམ་ཞིང་ཕྲིན་ལས་མིང་ཡོངས་སུ་གྲགས་པའི་ཀརྨ་པ་ལྟར་རྒྱས་པར་འགྱུར་རོ། །ཅེས་གསུངས་པ་བཞིན་ནོ། །ཐུན་གྲོལ་བར་ཉེ་བ་ན། ཐུན་གཏོར་ལ་བགུགས་པ་རྒྱས་བསྡུས་ལན་གསུམ་དང་། མཐར་སྤྱི་དྲིལ་རྦད་སྔགས་སོགས་ཀྱང་བརྗོད། དེ་སྐབས་དམིགས་པ་ནི། བདག་མདུན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་དང་། སྤྲུལ་པའི་ཕོ་ཉ་དུ་མ་སྤྲོས་པ་རྣམས་ཀྱིས་གནོད་བྱེད་དགྲ་གདོན་གྱི་ཚོགས་རང་དབང་མེད་པར་


KMC025_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པ་མདུན་གྱི་གཏོར་སྣོད་ཧོཾ་ཁུང་དུ་གསལ་བར་གཏོར་མ་དགྲ་གཟུགས་སུ་གྱུར་པར་བསྟིམ། ཡང་བདག་མདུན་གྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་ནག་པོ་དང་ཛཿདམར་པོ་སྤྲོས་པས་ཁོའི་སྣ་དང་གཤང་ལམ་ནས་ཞུགས་ཏེ་ཟངས་ལྕགས་ཀྱི་འཁོར་ལོ་གཉིས་སུ་གྱུར་པ་གཡོན་དང་གཡས་སུ་འཁོར་བས་ཤ་རུས་སིལ་བུར་གཏུབ་པ་རི་རབ་དང་མཉམ་པར་གྱུར་པའི་སྟེང་རང་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་སྤྲོས་ཏེ་དེའི་སྟེང་དུ་གནས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས་ནས་རིམ་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ་དེས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཆུང་དུ་མས་ཐོད་སྣོད་དུ་བཅུས་ནས་ཕུལ་བས་ཧབ་ཧབ་གསོལ་ཞིང་ལྷག་མ་གཅན་གཟན་བྱ་ཁྱིའི་ཚོགས་ཀྱིས་རོལ་པར་དམིགས། མཐར་ཁྲོ་བོ་རྣམས་རང་ལ་བསྡུས་པར་དམིགས་ཏེ། བསྐུལ་བྱང་དུར་མ་དང་། ཡེ་ཤེས་དབྱིངས་མ་


KMC025_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། རྡོ་རྗེ་བཀའ་ཟློག་དང་། ལོག་ཏྲིའི་ཟློག་པ་བྱ་ཞིང་ཐུན་མཚམས་ལ་འཇུག་གོ །དེས་ཐོར་ཐུན་གྲུབ། སྔ་ཐུན་ལ་མཆོད་ཁ་གསོ་བྲན་བྱ། དྲག་ཞལ་དང་བ་ལིཾ་མང་བར་བཤམས་ལ་གསོལ་ཁ་རྒྱས་འབྲིང་གང་རུང་ལ་བསྟན་སྲུང་མཐར་ཐུག །བདེ་ཆེན་ཆོས་དབྱིངས་སོགས་ལྷ་མོའི་གསོལ་ཀ་ཡང་འདོན། དམིགས་པ་རང་གི་ཐུགས་ནས་འོད་འཕྲོས། འོག་མིན་གྱི་ཞིང་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སྤྱན་དྲངས། མདུན་བསྐྱེད་སོ་སོ་ལ་ཐིམ་པར་མོས། མཆོད་པའི་སྤྲིན་རྒྱ་མཚོས་མཆོད། སླར་འོད་འཕྲོས། ཕ་རོལ་གྱི་ལྷ་སྲུང་གི་མཐུ་ནུས་གཟི་བརྗིད་བསྡུས་ནས་མདུན་བསྐྱེད་ལ་ཐིམ་པར་དམིགས། མཐར་བདག་སྒྲུབ་མ་བསྡུས་པ་འདོན་ཅིང་བསྙེན་པ་ལ་འཇུག །དམིགས་པ་གོང་བཞིན་དང་། ཐུན་གྲོལ་སྐབས་བསྐུལ་བསྐལ་བ་མེ་ལྟར་དང་། གསང་སྔགས་རྣལ་འབྱོར་གཉིས་དང་། རྡོ་རྗེ་བཀའ་ཟློག་སེང་གདོང་མའི་བཟློག་པ་བཅས་དེས་སྔ་ཐུན་གྲུབ། དགོངས་ཐུན་ལ་མཆོད་པ་གསོ་བྲན་སོགས་བྱས་ལ། །


KMC025_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་བ་རྒྱས་འབྲིང་བསྡུས་གསུམ་དང་། ལྷ་མོའི་སྐོང་བ་ཡང་བྱ། །དམིགས་པ་རི་རབ་གླིང་བཞི་གླིང་ཕྲན་བྱེ་བ་དུ་མ་སྐོང་རྫས་མ་ཚང་བ་མེད་པས་གཏམས་པ་གྲངས་མེད་འབུལ་ཞིང་ཉམས་ཆགས་འགལ་འཁྲུལ་ཐམས་ཅད་ཞེ་ཐག་པ་ནས་འགྱོད་པས་བཤགས། མདུན་བསྐྱེད་དགྱེས་པ་ཆེན་པོས་ཉམས་ཆགས་བྱང་ངོ་། །ཁྱོད་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོག་གོ་ཞེས་པའི་གནང་བ་ཐོབ་པར་མོས། བདག་སྒྲུབ་མ་རྒྱས་པ་དང་། སྤྲོ་ན་སྔགས་རྒྱུན་ཡང་འདོན། དམིགས་པ་གོང་བཞིན། མཐར་བསྐུལ་འདས་བྱོན་མ། རྡོ་རྗེ་བཀའ་ཟློག །སེང་གདོང་བཟློག་པ་བཅས་ཕྱི་ཐུན་ཚར། །སླར་མཆོད་པ་གསོ་བྲན་སོགས་གྲུབ་པ་དང་། མཚལ་མ་ལྟར་མཐར་ཆགས་སུ་བཏང་། འཁོར་ལྔ་རྗེས་འབྲང་བཅས་པའི་གཏོར་འབུལ་བྱ། དེ་སྐབས་དཀྱིལ་འཁོར་གཉིས་ཀྱི་བར་དུ་སྐད་ཅིག་གིས་སྤྱན་དྲངས། གཏོར་མ་ཕུལ། སྔགས་འོད་ཀྱིས་བཞེས། ཕྲིན་ལས་བཅོལ། སླར་རང་གནས་སུ་གཤེགས་པར་མོས། གསོལ་སྐོང་བསྡུས་ཙམ་དང་། བདག་


KMC025_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མ་བསྡུས་པ་བཅས་བསྙེན་པ་བྱ། དམིགས་པ་གོང་བཞིན་མཐར་བསྐུལ་གང་ཞིག་བླ་མ། རྡོ་རྗེ་བཀའ་ཟློག །ཚེ་བདག་ཟློག་པ་བཅས། དངོས་གྲུབ་ལེན་ཆོག་ནུབ་རེ་བཞིན་བྱས་ན་འགལ་བ་མེད། ཕྱག་ལེན་དུའང་དེ་ལྟར་མཛད། ལྷག་མ་བསྔོ། རྗེས་མཆོད་བསྟོད་བཤགས་པ་སྨོན་ལམ་གདབ་ཅིང་བཀྲ་ཤིས་བརྗོད། དེས་སྲོད་ཐུན་གྲུབ། དེ་ལྟར་ཐུན་བཞིའི་རིམ་པས་སྒྲུབ་པ་ཡུན་ཇི་ཙམ་བྱེད་པའི་སུམ་ཆ་གཉིས་མ་རྫོགས་ཀྱི་བར་དུ་བྱ། གསུམ་ཆ་གཉིས་རྫོགས་པ་ན། སྒྲུབ་པའི་དམིགས་པ་འདི་ལྟར་བྱ་སྟེ། བདག་མདུན་གྱི་ཐུགས་སྲོག་སྔགས་འཁོར་བཅས་སྔར་བཞིན་གསལ་བའི་བདག་ཉིད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ། ཅེས་པའི་སྔགས་མཐིང་ནག་གཅིག་གི་མཇུག་ཏུ་གཅིག་བཏགས་པའི་ཕྲེང་བ་དང་། ཡུམ་གྱི་ཐུགས་ཀའི་སྔགས་ས་བོན་དང་བཅས་པ་ལས་དེ་འདྲ་བ་གཉིས་པའི་ཕྲེང་བ་གོང་བཞིན་བྱུང་། ཡབ་ཡུམ་གྱི་ཞལ་ནས་ཐོན་པ་དང་། སྔགས་གཉིས་པོ་གཅིག་ཏུ་འདྲེས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་


KMC025_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྵ་བཻ་ཏ་ལི་ཧཱུྃ་ཛཿ ཞེས་པ་ཕན་ཚུན་དུ་འཁྱོག་པ་མུ་ཏིག་ཕྲེང་བར་བརྒྱུས་པ་བཞིན་གྱུར་པ་ལས་འོད་འཕྲོས་པའི་རྩེ་ལ་མཆོད་པའི་སྤྲིན་རབ་འབྱམས་ཀུན་ཏུ་འཕྲོ་བར་གྱུར་ཏེ་འོག་མིན་གྱི་ཞིང་སོགས་ན་བཞུགས་པའི་དཔལ་མ་མགོན་གྱི་ལྷ་ཚོགས་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པའི་མཆོད་པས་རབ་ཏུ་དགྱེས་པར་གྱུར། སྔགས་ཕྲེང་དེ་ཉིད་མདུན་བསྐྱེད་ཡབ་ཡུམ་ཞལ་གྱི་ཐད་དུ་རྩེ་མོ་གཉིས་སུ་གྱུར་ཏེ་རང་རང་གི་ཞལ་དུ་ཞུགས་ནས་མར་འོང་བ་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་གཏམས། དམ་ཚིག་ཉམས་ཆག་བསྐང་། སྒྲུབ་པོ་ལ་དགྱེས་པས་དགོངས་ཏེ་སླར་སོ་སོ་ནས་སྔགས་ཕྲེང་སྤྲོས་པ་སྐུའི་དབྱིབས་བརྒྱུད། ཡབ་ཡུམ་གྱི་གསང་བ་ནས་ཐོན། གཅིག་ཏུ་གྱུར་ཏེ་ཚུར་བྱུང་བ་ལས་འོད་འཕྲོས། དཔལ་མགོན་ལྕམ་དྲལ་གྱི་ལྷ་ཚོགས་ཀྱི་ཐུགས་བརྒྱུད་བསྐུལ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཅས་པའི་བྱིན་རླབས་ནུས་མཐུ་ཅི་མཆིས་


KMC025_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

པ་འོད་ཟེར་ཐིག་ལེའི་རྣམ་པར་སྤྱན་དྲངས། སྔགས་ཀྱི་ཕྲེང་བར་ཐིམ། དེ་རྩེ་མོ་གཉིས་སུ་གྱུར། བདག་བསྐྱེད་ཡབ་ཡུམ་སོ་སོའི་གསང་བ་ནས་ཡར་བྱུང་། ཐུགས་སྲོག་སྔགས་ཕྲེང་དང་བཅས་པར་ཐིམ་པས་གཉིས་སུ་མེད་པར་གྱུར་ཅིང་མཐུ་སྟོབས་དཔལ་མགོན་དང་མཉམ་པ་ཡིན་སྙམ་པའི་མོས་པ་བྱ། དེ་བཞིན་སྔགས་ཕྲེང་ལས་འོད་སྔོན་སོགས་སྔར་བཞིན་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་སོགས་དང་མཇལ་ཏེ་སྤྲོ་བསྡུའི་དམིགས་པ་གོང་བཞིན་བྱའོ། །དེ་ལ་དོ་ལིའི་བཟླས་པ་འམ་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུའི་འཁྲུ་འཁོར་ཞེས་བྱ། འདི་སྐབས་ཐོག་མ་ཉིད་ནས་སྔགས་ཕྲེང་སྤྲོ་བསྡུ་མི་བྱ་བར་མགོན་པོའི་ཐུགས་ཀ་ནས་འོད་ནག་པོ་དང་། ལྷ་མོ་ལས་འོད་སྔོན་པོའི་སྐུད་པ་སྤྲོས་ཏེ་གོང་བཞིན་སྤྲོ་བསྡུ་བྱ་བ་ལ་བསླབ། དེར་གོམས་པ་ན་སྔགས་ཕྲེང་སྤྲོ་བསྡུ་བྱེད་པ་ནི་དམིགས་པ་གསལ་སླ་བའི་ཆེད་ཡིན་པས་དེ་ལྟར་བྱ། ཐུན་གྱི་སྐབས་འདི་


KMC025_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་འབད་པར་ཐོག་མར་བསྐྱེད་རིམ་རྣམས་གསལ་གདབ། དེ་རྗེས་འདི་ཉིད་དང་། མཐར་སྔར་བཤད་པའི་བསྙེན་དམིགས་རྣམས་བྱ་ཞིང་། གཞན་སྔར་བསྙེན་པའི་དུས་དང་འདྲ། དེས་བསྙེན་སྒྲུབ་དངོས་ཀྱི་དམིགས་པ་སོང་ནས། ཞར་བྱུང་དུས་དང་གྲངས་ཀྱི་ཚད་བཤད་དང་། མཚན་ལྟས་པ་རྟག་པ་གཉིས་ལས། དང་པོ་ནི། དུས་བསྙེན་རབ་ཟླ་བ་དྲུག །འབྲིང་གསུམ། ཐ་མ་ཞག་ཉེར་གཅིག་གོ། གྲངས་བསྙེན་རབ་འབྲུ་འབུམ་གསུམ་ལ་འབུམ་ཕྲག་སུམ་ཅུ་སོ་དགུ། འབྲིང་འབུམ་ཕྲག་བཅུ་གསུམ། ཐ་མ་བདུན་འབུམ་དྲུག་ཁྲིའོ། །གཉིས་པ་ནི། རྟགས་རབ་དངོས་སུ་ཞལ་སྟོན་ཅིང་། གསུང་ཐོས་པ་འབྲིང་། དེ་དག་གི་ཉམས་དང་ཐ་མ་རྨི་ལམ་དུ་མཚོན་ཆ་བཟང་པོ་རྙེད་པ། སྐྱེས་པ་བུད་མེད་མང་པོས་བཀུར་སྟི་བྱེད་ཅིང་དངོས་གྲུབ་ཀྱི་རྫས་སྦྱིན་པ་སོགས་འབྱུང་། ངན་པ་ནི་མཚོན་ཆ་ཆག་པ་དང་། གཡང་ལས་ལྷུང་བ་སོགས་ཡིན། གང་ལྟར་བཟང་ངན་ཅི་བྱུང་རུང་འཛིན་པ་མི་བྱེད་པར་དེའི་རང་ངོ་ལ་མཉམ་པར་འཇོག་གོ །གེགས་


KMC025_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་ནི། རང་ལ་གྲིབ་སོགས་ཀྱི་རྟགས་བྱུང་ན་ཁྲུས་ཀྱི་ཆོ་ག་འདི་ལྟར་བྱ་སྟེ། གཞི་གཙང་མའི་ཁར་བུམ་པ་མཚན་ལྡན་དྲི་བཟང་གི་ཆུས་བཀང་བར་དར་སྔོན་པོའི་མགུལ་ཆིངས་དང་ཁ་རྒྱན་བཙུགས་པའི་མདུན་ངོས་སུ་མཆོད་པ་ཕྲེང་ཚར་བཤམས་ལ། ཨོཾ་དཾ་ཥྚོཏྐ་ཊ་སོགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་པད་ཟླར་བྷཱུྃ་ཡོངས་སུ་གྱུར་པ་ལས་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པད་ཉི་དྲེལ་རྟའི་གདན་ལ་ཧཱུྃ་བྷྱོ་ཡོངས་སུ་གྱུར་པ་ལས་དཔལ་ནག་པོ་ཆེན་པོ་ཡབ་ཡུམ་རྒྱན་ཆ་ལུགས་ཡོངས་རྫོགས་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་ནམ་མཁའ་གང་བས་དབང་བསྐུར་ཞིང་ཆུ་ལྷ་གཡར་ལུད་མི་བསྐྱོད་པས་དབུ་བརྒྱན། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་ཚོགས་ཀྱིས་མཆོད་པར་གྱུར། ཨོཾ་ཤྲཱི་བཛྲ་སོགས་ཀྱིས་མཆོད། ཆོས་ཀྱི་དབྱིངས་ལས་སོགས་དང་། མཁའ་ལ་མས་བསྟོད།


KMC025_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བཟླས་པ་ནི། མདུན་བསྐྱེད་སྤྱི་བོའི་རིགས་བདག་མི་བསྐྱོད་པ། །རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ཡི། །སྐུ་ལས་བདུད་རྩིའི་རྒྱུན་བབས་མདུན་བསྐྱེད་ཀྱི། །སྤྱི་བོ་ནས་ཞུགས་སྐུ་ཡི་ནང་ཀུན་གང་། །སྦྱོར་མཚམས་ནས་ལུད་བུམ་ཆུར་རོ་གཅིག་འདྲེས། །ཞེས་མོས་ལ་གསུང་གི་སྙིང་པོའི་མཐར། ནད་གདོན་བར་ཆད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པ་ཅི་ནུས་བཟླས་མཐར། བུམ་ལྷ་འོད་དུ་ཞུ་བ་ཆུང་འདྲེས་པ་གང་ལ་རེག་པས་ཉེས་པའི་དངོས་པོ་མཐའ་དག་འཇོམས་པར་གྱུར་པར་མོས་ལ་ནང་རེ་བཞིན་ཁྲུས་བྱའོ། །དམ་ཚིག་ལ་སྐྱོན་ཡོད་པའི་རྟགས་བྱུང་ན། བསྐང་བའམ། མཇུག་གི་བཤགས་པའི་དུས་མདུན་བསྐྱེད་མ་མགོན་རྡོར་སེམས་ཧེ་རུ་ཀ་ཡི་རྣམ་པར་གསལ་བའི་དཔྲལ་བར་ཟླ་སྟེང་ཨོཾ་དཀར་པོ་ལ་ཡིག་བརྒྱ་དཀར་པོས་བསྐོར་བ། མགྲིན་པར་པད་སྟེང་ཨཱཿདམར་པོ་ལ་ཡིག་བརྒྱ་དམར་པོས་བསྐོར་བ། ཐུགས་ཀར་རྡོ་རྗེའི་ལྟེ་བ་ཧཱུྃ་སྔོན་པོ་ལ་ཡིག་བརྒྱ་མཐིང་གས་བསྐོར་བ་དམིགས་ནས་མན་ངག་ཡིག་བརྒྱ་བ


KMC025_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བཞིན་འགྱོད་པ་དྲག་པོ་དང་བཅས་བདག་གིས་སྔོན་ཆད་སྐུ་གསུང་ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ལས་འགལ་བ་རྣམས་མཐོལ་ཞིང་ཕྱིན་ཆད་མི་བགྱིད་པར་བསྡོམས་ན་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་ཡིད་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པས་གནས་གསུམ་གྱི་ཡིག་འབྲུ་ལས་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་བབས་པ་འོད་ཟེར་གྱི་སྦུ་གུ་ནས་བརྒྱུད་སྒོ་གསུམ་ལ་ཐིམ་པས་དམ་ཚིག་ཆགས་ཉམས་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། སླར་ཡང་གསོལ་བ་བཏབ་པས་རིགས་ཀྱི་བུ་ཡི་དམ་ཚིག་ཉམས་ཆགས་ཐམས་ཅད་དག་གོ་ཞེས་གསུངས་པའི་གནང་བ་ཐོབ་པར་མོས་ལ། ཚེ་རབས་ཀུན་ནས་སོགས་གཟུངས་ཀྱང་བརྗོད་པར་བྱའོ། །དེས་ཆགས་ཉམས་བཤགས་པའི་རིམ་པ་སོང་། འདི་སྐབས་སུ་རྒབ་འདྲེ་རྒྱལ་བསེན་སོགས་ཀྱི་གནོད་པ་བྱུང་ངམ་འབྱུང་དུ་དོགས་ནས་བཟླས་པའི་མཇུག་ཏུ། བདག་མདུན་མགོན་པོ་ལྕམ་དྲལ་སྐུར་གསལ་བའོ། །ཕྲག་པ་གཉིས་སུ་སྤྲུལ་པའི་བྱ་རོག་ནི། །


KMC025_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་ལས་གྲུབ་ལྕགས་ཀྱི་མཆུ་སྡེར་ཅན། །སྤུ་གྲིའི་འདབ་གཤོག་ནག་ལ་དམར་བའི་མདངས། །སྤྱན་ལས་རང་འདྲའི་སྤྲུལ་པ་དཔག་མེད་འཕྲོས། །གནོད་བྱེད་འབྱུང་པོ་མི་དང་མི་མིན་ཀུན། །བཅས་ཞིང་ཟོས་ནས་རྗེས་མེད་བརླག་པར་གྱུར། །ཅེས་མོས་ལ་དུཾ་དུཾ་རཀྴ་བཟླས་མཐར། སྤྲུལ་པའི་བྱ་རོག་སྤྲུལ་གཞི་གཉིས་ལ་ཐིམ། དེ་ཡང་བདག་མདུན་ཕྲག་པ་གཡས་གཡོན་ཐིམ། །སླར་ཡང་མགོན་པོའི་ཐུགས་ལས་རྣམ་སྤྲུལ་གྱི། །བྱ་ནག་སྟོབས་ལྡན་འཇིག་རྟེན་གང་བར་འཕྲོས། །འདབ་གཤོག་འུར་སྒྲ་དྲག་པོ་འབྲུག་ལྟར་ལྡིར། །རྐན་རྡེབ་ཅག་སྒྲ་འཇིགས་རུང་གནམ་ཐོག་བཞིན། །བར་ཆད་གདོན་བགེགས་ཐམས་ཅད་སྐད་ཅིག་གིས། །རྡུལ་དུ་བརླག་ནས་ཚུར་འདུས་ཐུགས་ཀར་ཐིམ། །འཇིགས་དང་བར་ཆད་ཀུན་ལས་རྣམ་རྒྱལ་གྱུར། །ཞེས་བསྒོམ་ཞིང་དུཾ་དུཾ་རཀྴ་བཟླས་ན་བར་ཆད་ལས་རྒྱལ་བར་གསུངས་སོ། །དེས་དངོས་གཞི་བསྙེན་སྒྲུབ་གཉིས་དང་། ཞར་བྱུང་བཅས་ལེགས་པར་གྲུབ་བོ། །དེ་ནས་ལས་སྦྱོར་ལ་


KMC025_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་སྤྱིར་སྦྱར་བ་དང་། ལྷག་པར་དྲག་པོ་མངོན་སྤྱོད་ཀྱི་སྦྱོར་བའོ། །དེ་ལས་དང་པོ་ནི་སྒྲུབ་པ་གྲུབ་པའི་ཕྱི་ཉིན་ཐོ་རེངས་ཀྱི་ཐུན་ལ་གཞན་རྣམས་རྒྱུན་ལྟར་ལ། བདག་མདུན་ལྷ་ཚོགས་ཐམས་ཅད་ཞི་ཉམས་ཅན་འོད་དཀར་པོ་འཕྲོ་བར་བསྒོམ། བཟླས་པའི་སྐབས་བདག་བསྐྱེད་ཀྱི་ཐུགས་ལས་འོད་དཀར་པོ་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཞི་བའི་ལས་ལ་བསྐུལ། སླར་བདག་མདུན་གྱི་ཐུགས་ལས་འོད་དཀར་པོའི་ཚོགས་སྤྲོས། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ལ་མཉེས་མཆོད་ཕུལ། རིགས་དྲུག་གི་སྡུག་བསྔལ་སྦྱངས། བདེ་བ་ལ་བཀོད། རྒྱལ་བ་རྣམས་ཀྱི་ཐུགས་ཀ་ནས་ཞི་བྱེད་ཀྱི་བདུད་རྩིའི་རྒྱུན་འོད་དཀར་པོའི་རྣམ་པར་སྤྱན་དྲངས། རང་ཉིད་ལ་ཐིམ་པས་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མོས། དེ་བཞིན་འོག་མིན་གནས་ནས་དཔལ་མགོན་ལྕམ་དྲལ་འཁོར་བཅས་བླ་མ་ཡི་དམ་སོགས་གོང་དུ་མཚན་སྨོས་པ་རྣམས་སོ་སོ་ལ་སྦྱར་ཏེ་སྤྲོ་བསྡུ་བྱའོ། །དེ་ནི་ཞི་


KMC025_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་སོ། །སྔ་ཐུན་ལ་བདག་མདུན་ལྷ་ཚོགས་རྣམས་ཤ་རྒྱས་པ་རིན་པོ་ཆེའི་རྒྱན་ཅན་འོད་སེར་པོ་འཕྲོ་བར་བསྒོམ། བཟླས་པའི་སྐབས་བདག་གི་ཐུགས་ཀའི་འོད་སེར་པོས་མདུན་བསྐྱེད་བསྐུལ། སླར་བདག་མདུན་གྱི་ཐུགས་སྲོག་སྔགས་ཕྲེང་ལས་འོད་སེར་པོའི་ཚོགས་སྤྲོས་པ་ཤེས་རབ་ཀྱི་ལྷ་ཚོགས་མཆོད་པས་མཉེས། བྱིན་རླབས་དངོས་གྲུབ་འོད་ཀྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་པས་ཤེས་རབ་བློ་གྲོས་ཀྱི་རྩལ་རབ་ཏུ་རྒྱས་པར་དམིགས། དེ་བཞིན་དཔལ་མགོན་སོགས་ཐམས་ཅད་ལ་སྦྱར་བས་ཚེ་བསོད་ཉམས་རྟོགས་ཡོན་ཏན་སོགས་རྒྱས་པར་དམིགས། སླར་འོད་འཕྲོས། ཕྱི་ནང་སྣོད་བཅུད་ཀྱི་ཁམས་ཐམས་ཅད་ལ་ཕོག་པས་བཀྲག་མདངས་གཟི་བརྗིད་ཚེ་དཔལ་གྱི་དྭངས་མ་རྣམས་བསྡུས་ནས་རང་ལ་ཐིམ་པས་བཀྲག་གཟི་ཚེ་དཔལ་སོགས་རྒྱས་པར་མོས་པ་ནི་རྒྱས་པའི་ལས་སོ། །དགོངས་ཐུན་ལ་ལྷ་ཚོགས་ཆགས་པའི་ཉམས་ཅན་དམར་འོད་འཕྲོ་བ་བདག་གི་ཐུགས་ཀ་ནས་འོད་དམར་འཕྲོས། མདུན་བསྐྱེད་


KMC025_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། སླར་གཉིས་ཀའི་ཐུགས་ཀ་ལས་འོད་འཕྲོས། དཔལ་མགོན་ལྕམ་དྲལ་དང་། དབང་གི་ལྷ་གཙོ་བོར་གྱུར་པའི་རྒྱལ་བ་སྲས་བཅས་རྣམས་མཆོད། དེ་དག་གི་དབང་གི་དངོས་གྲུབ་འོད་དམར་དང་པད་ཕྲེང་གི་རྣམ་པར་བྱོན་ནས་བདག་ལ་ཐིམ་པས་གཟི་བརྗིད་ལྷག་པར་འཕེལ། ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན་པའི་སྟོབས་ལྡན་དུ་གྱུར། ཡང་འོད་དམར་ཞགས་པ་ལྟ་བུ་སྤྲོས། རྒྱལ་བློན་ཁྱིམ་བདག་སོགས་གང་འདོད་པ་དེ་འོད་ཀྱི་ཞགས་པས་བསྡམས་ཏེ་མདུན་དུ་བཀུག་པ་དེ་དག་གིས་ཅི་བསྒོ་བ་མཉན་ཅིང་ལས་བསྒྲུབ་པར་མོས་པ་ནི་དབང་གི་ལས་སོ། །སྲོད་ཐུན་ལ་ལྷ་རྣམས་དྲག་པོའི་ཉམས་ཅན་དང་། བཟླས་པའི་སྐབས་སུ་ཐུགས་ཀའི་སྔགས་ཕྲེང་ས་བོན་བཅས་ལ་ལས་མེ་ཡི་ཚ་ཚ་འཕྲོ་བ་དེ་ལས་འོད་མཐིང་ནག་འཕྲོས། མདུན་བསྐྱེད་དྲག་པོའི་ལས་ལ་བསྐུལ། སླར་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་སྤྲོས་པས་དཔལ་མགོན་ཡབ་ཡུམ་གྱི་མཐུ་སྟོབས་ནུས་རྩལ་སོགས་བསྡུས། རང་ལ་


KMC025_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ་པས་ཁམས་གསུམ་སྒྲོལ་བའི་མཐུ་ལྡན་ཏུ་གྱུར་པར་མོས། དེ་བཞིན་བླ་མ་ཡི་དམ་སོགས་རིགས་འགྲེ། སླར་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་མེ་ཡི་ཚ་ཚ་དང་ཐོག་གི་ཆར་འབེབས་པ་འཕྲོས། ཕྱོགས་བཅུའི་གདུག་པ་ཅན་དང་། དགྲ་བོ་མི་ནོར་ལ་ཕོག་པ་ཙམ་གྱིས་ལུས་ཚལ་པར་བཏང་། ཤ་ཁྲག་སྤྲུལ་པའི་ཕོ་ཉ་དང་བྱ་ཁྱིས་ཟོས། མེ་ལྕེས་བསྲེག་པ་སོགས་དམིགས། སླར་དེ་དག་གི་ཚེ་དཔལ་གཟི་བརྗིད་དང་ལྷན་ཅིག་འོད་ཚུར་བྱུང་རང་ལ་ཐིམ་པར་མོས། དེ་ནི་དྲག་པོའི་དམིགས་པ་སྟེ་དེ་དག་གིས་ལས་བཞི་སྤྱིར་སྦྱར་བ་གྲུབ་བོ། །དེ་ནས་ལས་ལ་མ་སྦྱར་ན་དམག་དཔུང་ཆེན་པོ་བསྡུས་ནས་འགྲོ་ས་མེད་པ་ལྟར་རྩུབ་པར་གསུངས་པས་དྲག་པོ་མངོན་སྤྱོད་དང་སྦྱར་བ་ནི། ཕྱིར་ནང་སྔ་བར་ལངས། མཆོད་གཏོར་གཟབ་རྒྱས་དང་དམར་གཏོར་ཆེ་བ་ཞིག་གི་མཐར་ཐུན་གཏོར་བསགས་པ་རྣམས་ཀྱིས་བསྐོར། ཐོད་སྣོད་འབྲུས་བཀང་བའི་ནང་ཕུར་བུ་དང་གྲི་གུག་གཞུག །གཞན་ཡང་ལྷ་དབྱེའི་རྫས་མི་མཐུན་སྒྲོ་སོགས་དང་།


KMC025_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྣོད་དུ་དགྲ་གཟུགས་བཅས་པ་སོགས་འདུ་བྱ། དངོས་གཞིར་དང་པོ་ཕྱག་ཆེན་སྔོན་འགྲོ་དང་། སྤྲོ་ན་ཕག་མོའི་བདག་བསྐྱེད་ཀྱང་འདོན། དེ་ནས་ལེགས་ལྡན་སྲུང་འཁོར་འདོན་བཟློག་པའི་མགོར་འགུགས་གཞུགས་ལན་གསུམ་བྱ། ལྷ་ཚོགས་རྣམས་སོགས་བཟློག་པ་དང་བསད་དམིགས་རྗེས། བསྐུལ་བྱང་དུར་མ་དང་། ཡེ་ཤེས་དབྱིངས་མ། རྡོ་རྗེ་བཀའ་བཟློག་ལོ་ཏྲིའི་ཡང་བཟློག་བྱ། དེ་ནས་མངོན་རྟོགས་ཆེན་མོ་ལྟར་གསུང་སྐབས་དམིགས་པ་གཞན་འདྲ་བ་ལ་བདག་མདུན་རྣམས་ཤིན་ཏུ་ཁྲོ་བ། འཁོར་ལོའི་ལྷ་ཐམས་ཅད་ཞལ་ཕྱིར་གཟིགས་པ། དྲེགས་པ་རྐྱ་གསུམ་པོ་སྒོ་གསུམ་གྱི་ནང་། དམག་རྒྱལ་མ་བཞིའི་མདུན་དུ་བསྐྱེད། དམ་བཞག་སྐབས་རང་གི་ཐུགས་ནས་སྔགས་ཕྲེང་སྤྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་དྲག་པོའི་ལས་ལ་བསྐུལ་བར་དམིགས། ལྷ་ཆེན་དཔལ་འབར་མཇུག་ཏུ་ཕྱག་བཞི་པ་སོགས་གཏོར་འབུལ་རྣམས་བྱ། བསྟོད་པའི་མཐར་བསྙེན་པ་སྟོང་ཕྲག་ཙམ་བཟླ། དམིགས་པ་


KMC025_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་དྲག་པོ་ཅན་དེ་འདིར་སྦྱར། ཐུན་གཏོར་ལ་འགུགས་པ་ལན་གསུམ་དང་། བསྐུལ་རྟགས་བསྟོད་གཉིས། རྡོ་རྗེ་བཀའ་བཟློག །སེང་གདོང་བཟློག་པ་བཅས་དང་། གསོལ་ཁ། སྐོང་བ་རྒྱས་པ་བདག་སྒྲུབ་མ་རྒྱས་པའི་མཇུག་ན་ཅི་ལྕོགས་བཟླ། མཐར་སྔགས་རྒྱུན་རྣམས་ཀྱང་ལན་གསུམ་རེ་བརྗོད། དེ་ནས་མདུན་དུ་བྲུབ་ཁུང་བཞག་ལ་བསྒྲལ་ཆོག་ལས་འགྲིགས་ནས་འབྱུང་བ་ལྟར་བྱ་བའི་ཐོག་མར་དཔལ་ལྡན་བདེ་གཤེགས་སོགས་ཀྱི་སྐབས་སུ་རང་གི་ཐུགས་ཀ་ནས་འོད་ནག་པོ་འཕྲོས། འགྲོ་དྲུག་གི་ཉོན་མོངས་པ་རྣམས་འོད་སྣ་ལྔའི་རྣམ་པར་བསྡུས་ཏེ་དགྲ་བོ་ལ་བསྟིམས་པས་ཁོ་ཡི་དུག་ལྔ་རྒྱས་ཏེ་མཚམས་མེད་ལྔ་མི་དགེ་བཅུ་སོགས་སྤྱད་ཅིང་ལོག་པའི་ལམ་དུ་ཞུགས་པ་བསྒྲལ་འོས་སུ་གྱུར་པར་དམིགས། བདག་གི་ཐུགས་ཀའི་སོགས་ཀྱི་སྐབས་སུ། བདག་གི་ཐུགས་ཀའི་ས་བོན་ལས་ཁྲོ་བོ་ནག་པོ་ཐལ་མོ་སྦྱར་བ་དུ་མ་འཕྲོས། ཕྱོགས་བཅུའི་རྒྱལ་བ་རྣམས་ལ་དམ་ཉམས་པའི་སོགས་ཞུས་པས། ཕྱོགས་བཅུའི་རྒྱལ་བས་མགྲིན་


KMC025_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གང་ཞིག་སོགས་བཀའ་སྩལ་པའི་ངག་དང་ལྡན་པའི་ཁྲོ་བོ་རང་ལ་ཐིམ་པར་མོས། གཟུ་དཔང་ནི། རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་རྒྱལ་བ་སྲས་དང་བཅས་པ་རྣམས་བཞུགས་པར་མོས་ལ་རང་གི་མཆོད་སྤྲིན་རྒྱ་མཚོས་མཆོད་བཞིན་དུ་བདེན་རྫུན་གྱི་དབྱེ་བ་བརྗོད་པར་བསམ་མོ། །འགུགས་པ་ནི། མདུན་དུ་ལྕགས་ཁང་སྒོ་མེད་གཏིང་ཟབ་པ་དུག་གསུམ་གྱི་མུན་པ་འཁྲུགས་ཀློང་དམིགས་བྱ་རིང་ཅིང་ཡང་བ་ཞིག་ཏུ་བསྐྱེད། བདག་མདུན་གྱི་ཐུགས་ཀ་ནས་ཡ་དུཿཧཱུྃ་ལས་མ་གཤིན་བདུད་མགོན་སོགས་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བོའི་སྙིང་ལ་ལྕགས་ཀྱུས་བཏབ། རྐེ་ཞགས་པས་བསྡམས། ལྕགས་སྒྲོགས་ཀྱིས་ཡན་ལག་བཅིངས། དྲིལ་ཆེན་སྒྲས་མྱོས་པར་བྱས། གཞན་ཡང་མཚོན་ཆ་དུ་མ་བརྒྱབས་པས་སྡུག་བསྔལ་ཉམས་སུ་མྱོང་བཞིན་པར་བཀུག །གཟུགས་ལ་བསྟིམ་པར་མོས། ལྷ་དབྱེ་དུས་ཁོ་ཡི་ལྷ་ཐམས་ཅད་མདུན་དུ་གནས་པར་དགྲ་བོའི་ཤ་ཁྲག་ལས་གྲུབ་པའི་གཏོར་


KMC025_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦྱིན་པ་དེ་ཉིད་རང་དཔལ་ནག་པོ་ཆེན་པོའི་མཐུས་དབང་མེད་དུ་ཟ་བར་དམིགས་ཏེ། གང་ཞིག་སོགས་བརྗོད་པས་ཉམས་པ་དེ་སྤངས་ནས་རང་གནས་སུ་བྱེར་པར་མོས་ལ། ཁྲ་འུག་གི་སྒྲོས་གཡབ་ཅིང་རྫས་ངན་ཀྱང་བདུག་ལ་སྔགས་རྣམས་བཟླའོ། །རྣམ་ཤེས་སྤར་བ་ནི། ཆོས་ཀྱི་འཁོར་ལོའི་སྐབས་སྙིང་གར་རྣམ་ཤེས་ཨ་ཡིག་གི་ཚུལ་དུ་གནས་པ་ཕཊ་དྲག་པོ་བརྗོད་པས་དེ་རྒྱལ་བ་མི་བསྐྱོད་པའི་ཐུགས་ཀར་འཕྲོས་པར་མོས། དེ་ནས་ཕུར་བུ་སྟོང་པའི་ངང་ལས་པད་ཉི་རོ་ལ་སོགས་ཕུར་བསྐྱེད་རྗེས་ལག་ཏུ་ཐོགས་ལ་ཕུར་པའི་སྐུ་ལས་རང་འདྲ་གྲངས་མེད་སྤྲོས་ཏེ་དགྲ་བོ་འཁོར་བཅས་ལ་བཏབ་པར་མོས་ལ་ལས་འགྲིགས་ལས་འབྱུང་བའི་ཧཱུྃ་ཧཱུྃ་ལས་བྱུང་སོགས་བརྗོད་ཅིང་ལིངྒའི་གནས་རྣམས་སུ་བཏབ་རྗེས་ཐོད་པར་གཞུག །དེ་ནས་གྲི་གུག་ཐོགས་ལ་དམིགས་པ་རང་ཉིད་སོགས་གཞུང་གསལ་ལྟར་སྒོམ། སྔགས་རྣམས་བཟླ་བཞིན་སིལ་བུར་གཏུབ་པ་དེ་ཉིད་བྷནྡྷའི་སྣོད་ཆེན་པོར་རི་རབ་ལྟར་སྤུངས་པར་ཐུན་གཏོར་སྐབས་སྨོས་


KMC025_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་བྱིན་རླབས་ཀྱི་དམིགས་པ་བྱ་ཞིང་སྨན་རཀ་བྲན། མ་དག་མ་འདོན། བསྐུལ་སོ་སོའི་མཚམས་སུ་ལིང་རོ་ཐུན་གཏོར་དུ་འབུལ་དགོས། དམིགས་པ་ནི་རང་ཉིད་ཀྱི་ཐུགས་ཀ་ནས་ཁྲོ་བོ་མང་པོས་བྷནྡྷའི་སྣོད་དུ་བཅུས་ཤིང་ལྷ་ཚོགས་སོ་སོར་བཏབ་པར་བསམ། ལམ་སེལ་དུས་གཏོར་མ་འདོད་དགུའི་རྒྱ་མཚོར་འཁྱིལ་བ་ལྷ་སྲིན་སྡེ་བརྒྱད་རྣམས་ལ་བསྔོས་ཏེ་དམག་རོག་གི་ཚུལ་དུ་འདུས། ཕྱོགས་སྐྱོང་ས་བདག་རྒྱལ་བློན་དབང་མོ་ཁྱབ་མཇུག་སོགས་ལམ་དང་གཏོར་མ་འཕེན་ཕྱོགས་སུ་ཡོད་པ་རྣམས་ལ་འབུལ་ཞིང་ཟོར་ལམ་ཕྱེས་པར་བསམ། དེ་ནས་གསོན་ཅིག་མ་དང་། འདས་བྱོན་མ། གང་ཞིག་བླ་མ། རཀྴ་ས། ཉི་མ་ནུབ་ཕྱོགས་སོགས་དྲག་བསྐུལ་རྣམས་བརྗོད་ཅིང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་འཇིགས་རུང་རི་རབ་ཙམ་སུས་ཀྱང་བཟློག་ཏུ་མེད་པ་ཞིག་སྤྲོས་པ་དེ་ཡིས་གཏོར་མ་དུག་མཚོན་ནད་ཀྱི་ཕུང་པོ་ཆེན་པོར་གྱུར་པའམ། གཏོར་མ་ཉིད་གྲི་གུག་མེ་འབར་བ་ཞིག་ཏུ་གྱུར་པ་ཐོགས་ནས་དགྲ་ཡུལ་དུ་


KMC025_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པའི་རྗེས་སུ་རྒྱལ་ཆེན་བཞིས་སྣང་སྲིད་ལྷ་སྲིན་གྱི་དམག་དང། དཀྱིལ་འཁོར་པའི་ལྷ་དྲེགས་པ་རྐྱ་གསུམ་དང་། དམག་རྒྱལ་མ་བཞི་སྤྲོས་ཏེ་ཕོ་རྒྱུད་ཀྱི་དམག་དཔོན་དྲེགས་པ་རྐྱ་གསུམ་དང་། མོ་རྒྱུད་ཀྱི་དམག་དཔོན་དམག་རྒྱལ་བཞིས་ཁྲིད་དེ་ཆས་པས་དགྲ་བོ་མི་ནོར་ལྷ་དང་བཅས་པ་རྗེས་ཤུལ་ཙམ་ཡང་མེད་པར་ཁ་ཕུང་དུ་བཏང་བར་དམིགས་ཏེ་མེར་ཐེབ་ཕྱོགས་སུ་འཕང་། མཐར་མགོན་པོ་མ་ཧཱ་ཀཱ་ལ། རྡོ་རྗེ་བཀའ་བཟློག །ཟབ་མདོ། སེང་གདོང་། ཚེ་བདག་སོགས་ཀྱི་ཡང་བཟློག་དྲག་པོ་བྱ། སྲུང་འཁོར་གསལ་བཏབ། གཏོར་གཞོང་རི་རབ་ཏུ་མོས་པའི་ཞབས་སུ་དགྲ་བགེགས་ལྷག་མ་འགུགས་ཤིང་མནན། རང་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་ལས་བཞིའི་རྟ་བྲོ་བརྡུང་མཐར་ལས་མཁན་རྣམས་ཧ་ཧའི་གད་རྒྱངས་སྒྲོགས་ཤིང་བྱོན་ནས་མདུན་བསྐྱེད་སོ་སོར་ཐིམ་པར་མོས། དགའ་སྤྲོ་དང་བཅས་རྒྱལ་དབྱངས་གྱེར་རྗེས་དངོས་གྲུབ་ལེན་ཆོག་མན་རྒྱུན་ལྟར་དང་། དྲག་སྲེག་ཀྱང་སྤྲོ་ན་ལེགས། མ་བྱས་ཀྱང་འགལ་བ་མེད་


KMC025_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རུང་དུས་བསྙེན་ཆེན་མོ་སོགས་ཀྱི་སྐབས་བྱ་དགོས་པས་མདོར་བསྡུས་ཤིག་སྤྲོ་ན། ཕུང་སའི་ས་སྟེགས་གྲུ་གསུམ་གྱི་སྟེང་རྡུལ་ཚོན་གྱིས་ཆོས་འབྱུང་ནག་པོ་བྲི། ཤིང་སྐམ་གྲུ་གསུམ་དུ་བརྩེགས། ཚིལ་ཞུན་དཔལ་འབར་སོགས་ཚགས་བྱ། གཡས་ངོས་སུ་གོང་གཏོར་ལྔ་ཚོམ་བྷ་ལིཾ་སྨན་རཀ་དྲག་མཆོད་བཅས་དང་། གཡོན་ཕྱོགས་སུ་ལྕགས་སྣོད་དུ་ལིང་ཆུང་ཉི་ཤུ་ཤ་དུམ་དང་སྦགས་པ་ཚར་ལྔ་བཤམས། ཐབ་ལ་མེ་སྦར་བདུད་རྩིས་བྲན་ལ་མཚལ་མ་གཞུང་བཞིན་སྤྱན་འདྲེན་གྱི་མཆོད་པའི་སྐབས་ཚིལ་ཁུའི་བྱོན་སྐྱེམས་འབུལ། མཆོད་པའི་སྐབས་ཚིག་རིས་དང་མཐུན་པར་དྲག་མཆོད་སྨན་རཀ་བ་ལིཾ་འབུལ་ཞིང་མཐར་བསྟོད་པ་སྲིན་གཟུགས་མ་དང་། རླུང་འཚུབ་མས་བསྟོད། ལིངྒར་འགུག་གཞུག་རྒྱས་བསྡུས་ལན་གསུམ་བྱས་རྗེས་བསྒྲལ་དམིགས་མདོར་བསྡུས་བཅས་སྤྱི་དྲིལ་རྦད་སྔགས་རྣམས་བརྗོད། གྲི་གུག་གིས་ལིང་ག་རྣམས་གཏུབ་མཚོན་ཙམ་བྱས་རྗེས་དུཾ་དུཾ་རཀྴ་ཉི་ཤུ་རེ་བཟླ་སྐབས་སྔགས་རེ་དང་ལིང་རོ་ཤ་དུམ་


KMC025_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྦགས་ཏེ་མེ་ཐབ་ཏུ་འབུལ་ཞིང་དཔལ་མགོན་འཁོར་བཅས་ཞལ་གདངས་པའི་ནང་དུ་དགྲ་བོའི་ཚོགས་རྐང་མཐིལ་སྐྱ་ལྷག་གིས་གསོལ་བར་བསམ། སྔགས་གྲངས་རྫོགས་པ་དང་ཤར་ཕྱོགས་སྲེག་ཁང་སོགས་ཀྱི་སྐབས་དམར་གཏོར་ཚིལ་ཁུ་བཅས་འབུལ། ཡང་གོང་བཞིན་ལྷོ་ནུབ་བྱང་དབུས་སོགས་སྔགས་བཅས་འབུལ་བ་ཚན་ལྔ་མ་རྫོགས་བར་བྱ། དེ་ནས་གང་ཞིག་བླ་མ་ཙམ་གྱི་བསྐུལ་དང་། གཤེགས་སྐྱེམས་སྐབས་སྔར་གྱི་དྲག་མཆོད་ལྷག་མ་རྣམས་འབུལ། ཌཱ་ཀི་བྱེ་བ་སོགས་ཀྱིས་བསྟོད། མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རག་ལ་བསྡུ་ཞིང་སྨོན་ལམ་གདབ། དཀྱིལ་འཁོར་གཞལ་ཡས་ཀྱིས་བཀྲ་ཤིས་བརྗོད། གལ་ཆེན་མེ་རོལ་འགུགས་པ་ལན་གསུམ་བྱས་རྗེས། ལས་འགྲིགས་ནས་འབྱུང་བ་ལྟར་གྱི་དམོད་བཅོལ་སྐབས་ཁྲག་ཆུས་མེ་རོ་རྣམས་གསོད་ཐུབ་པར་བྱ། སྦྱིན་སྲེག་སྐབས་ཁ་ལྷོར་བལྟ། ཕྱག་ལེན་ལག་གཡོན་གྱིས་བྱ་བ་གསང་བ་སྤྱིའི་ཕྱག་ལེན་ནོ། །དེས་མངོན་སྤྱོད་ཀྱི་ལས་སྦྱོར་རྒྱས་པར་གྲུབ་བོ། །ཕྱིར་ནང་


KMC025_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རེངས་སྔ་བར་ལངས་ཏེ་མཆོད་གཏོར་གསོ་བྲན་དང་། ཚོགས་མཆོད་རྒྱས་པར་བཤམས་མཚལ་མ་བཞིན་བཏང་། བསྟོད་མཇུག་ཐུན་མི་དགོས། གསོལ་ཁ་དང་བསྐང་བ་རྒྱས་འབྲིང་ཅི་ལྕོགས། བདག་སྒྲུབ་མས་ཐུགས་དམ་བསྐུལ་ཞིང་བསྙེན་པ་ཕྲེང་སྐོར་གསུམ་ཙམ་བྱ། ན་མོ་རཏྣའི་འགུགས་པ་དང་། གང་ཞིག་མའི་ཐུན་གཏོར་ཕྱིར་འབུལ། ཚེ་བདག་ཟློག་པའི་རྗེས་དངོས་གྲུབ་ལེན་མཆོག་ནི། སྟེགས་བུ་རས་དཀར་གྱིས་བཀབ་པའི་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་གྱི་ནང་དུ་ཁུར་བ་ཤིང་ཐོག་སྣ་ཚོགས་ཀྱིས་བཀང་བ་གཞུག་གཡས་སུ་ཆང་བཟང་པོ་དང་། གཡོན་དུ་རཀྟ་ཐོད་སྣོད་དུ་བླུགས་ལ་བཤམས་པའི་མདུན་མཆོད་པ་ཕྲེང་ཚར་བཀོད། དཾཥྚོཏྐ་ཊ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་ཐོད་སྣོད་དུམ་བུ་གཅིག་པ་རྒྱ་ཆེ་བའི་དབུས་སུ་རྫས་རྣམས་ཧཱུྃ་ཡིག་སེར་པོས་མཚན་པ་དེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་མགོན་ཡབ་ཡུམ་སྐུ་མདོག་སེར་པོ་ཉི་མ་བྱེ་བའི་འོད་


KMC025_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འབར་བ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། འགུགས་བྱེད་ཆེན་པོ་དང་གདོང་དམར་མ་སོགས་ཡབ་ཡུམ་རྣམས་ཀྱང་གཙོ་བོ་དང་མཐུན་པས་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཤིང་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་ཞིང་ཐིམ། ཆུ་ལྷག་གྱེན་དུ་འཁྱིལ་བ་ལས་མི་བསྐྱོད་པས་དབུ་བརྒྱན་པ་ལ་རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་ལྷས་མཆོད་ཅིང་བསྟོད་པར་བསམས་ལ། ཁྲག་གི་རྒྱ་མཚོ་དང་། ཆོས་ཀྱི་དབྱིངས་སོགས་ཤྭ་ལོ་ཀ་གསུམ་དང་། མཁའ་ལ་མས་བསྟོད། མཆོད་ལྷ་རང་ལ་བསྡུ། བཟླས་པ་ནི། བདག་ཉིད་དཔལ་མགོན་པོར་གསལ་བའི་ཐུགས་སྲོག་ལས་འོད་འཕྲོས། མདུན་གྱི་ལྷ་ཚོགས་ལ་ཕོག །དེ་དག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རྒྱལ་བའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་སོགས་ཀྱི་ཐུགས་རྗེ་བྱིན་རླབས་དང་། ཕྱི་ནང་སྣོད་བཅུད་ཀྱི་བཅུད་དང་དགེ་


KMC025_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཐམས་ཅད་འདུས་ཏེ་འོད་ཟེར་སླར་དཀྱིལ་འཁོར་པར་ཐིམ་པར་བསམས་ལ།གསུང་སྙིང་མཇུག་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་ཅི་ནུས་བཟླས་མཐར་ལྷ་ཚོགས་ཐམས་ཅད་བདེ་བ་ཆེན་པོའི་བདུད་རྩིའི་རྣམ་པར་ཞུ་བ་བཟའ་བཏུང་དངོས་གྲུབ་ཀྱི་རྒྱ་མཚོ་ཆེན་པོར་བསྐྱིལ་བར་བསམས་ཏེ། ཕུད་ཅུང་ཟད་བཅད་ལ། ལྷ་ཆེན་དཔལ་འབར་གྱི་སྐབས་སྨན་རཀ་དང་། ཟས་སྣའི་ཕུད་བཅས་སོ་སོར་དཀྱིལ་འཁོར་དུ་འབུལ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་ཤ་རྒྱས་པ་བེར་དང་ཕྱག་མཚན་སྐུའི་ཆ་ཐམས་ཅད་ནས་རིན་པོ་ཆེའི་ཆར་འབེབ་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་ས་མ་ཡ་ཧཱུྃ་ཨཱཿཨོཾ། །ཞེས་བཟླས་མཐར་སྒྲུབ་རྟེན་གཏོར་མ་སྤྱི་བོར་བཀོད་ཅིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས་བརྗོད། དམིགས་པ་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཙོ་འཁོར་ཡོངས་སུ་རྫོགས་པ་མདུན་མཁར་བྱོན་ནས་བཞུགས་པའི་


KMC025_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་སྣ་ལྔ་བསམ་མི་ཁྱབ་པ་སྤྲོས། ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་སོགས་སྤྱན་དྲངས། ནམ་མཁར་བཞུགས་པ་ལ་ཐིམ་ནམ་མཁའི་དཀྱིལ་འཁོར་པ་ཡང་རང་ཉིད་ལ་ཐིམ་པས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་པར་འདྲེས། དཔལ་མགོན་པོ་དང་སྐུ་གསུང་ཐུགས་གཉིས་སུ་མེད་དོ་སྙམ་པའི་ངེས་ཤེས་བྱའོ། །བྷྱོ་མ་གཅིག་སོགས་ཀྱི་སྐབས། དཔལ་ལྷ་མོའི་སྨིན་མཚམས་ནས་འོད་ཟེར་གྱི་དྲྭ་བའི་གསེབ་ནས་སྐུ་སྤྲུལ་དཀར་མོ་འབུམ་སྡེ་འཕྲོས། ཕྱོགས་བཅུའི་བདུད་དང་བར་གཅོད་བཅོམ། སྐུ་ཡི་བྱིན་རླབས་ཐམས་ཅད་བདུད་རྩི་དཀར་པོའི་རྣམ་པས་རང་གི་སྨིན་ཕྲག་ནས་ཞུགས། ལུས་ཐམས་ཅད་ཁྱབ་པས་སྐུ་ཡི་དངོས་གྲུབ་མ་ལུས་པ་ཐོབ། དེ་བཞིན་ལྗགས་སྟེང་ནས་འོད་དམར་དང་གསུང་སྤྲུལ་དམར་མོ་འབུམ་སྡེ་འཕྲོས། གསུང་གི་དངོས་གྲུབ་ཐམས་ཅད་བསྡུས། རང་གི་མགྲིན་པར་ཐིམ། གསུང་གི་དངོས་གྲུབ་ཐོབ། ཐུགས་ཀ་ནས་འོད་སྔོན་པོ་དང་


KMC025_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྤྲུལ་སྔོན་མོ་འབུམ་སྡེ་འཕྲོས། ཐུགས་ཀྱི་དངོས་གྲུབ་བསྡུས། རང་གི་སྙིང་གར་ཐིམ། ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ་སྔགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སོགས་བཟླ་བཞིན་དངོས་གྲུབ་ཀྱི་རྫས་ལ་རོལ། དེ་ནས་ཚོགས་གྲོགས་ཀྱིས་བཏེགས་ལ། ཀྱཻ། གཟིགས་ཤིག་མཛེས་སོགས་བརྗོད་ཅིང་དབུལ། སྒྲུབ་པོས་ཀྱང་བདེ་བར་གཤེགས་པ་སོགས་བརྗོད་ཅིང་བླངས་ཏེ་ལོངས་སྤྱོད་མཐར་ལྷག་མ་གཙང་ལྷག་དང་ཕྱོགས་གཅིག་སྣོད་དུ་བླུགས། བདུད་རྩིས་བྲན་ལ་ཟད་མེད་དུ་བྱིན་གྱིས་བརླབས་པ་ལྷག་གཏོར་མཁའ་འགྲོ་ཕོ་ཉའི་ཚོགས་ལ་བསྔོ། རྗེས་ཆོག་མཆོད་ཁ་གསོ་བྲན་བྱ། ཐུགས་ཀ་ནས་སྤྲུལ་པའི་མཆོད་ལྷས་མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་། རྡོ་རྗེའི་གླུས་བསྟོད། མཐར་རང་ལ་བསྡུའོ། །བཤགས་པའི་སྐབས་སུ་དམིགས་པ་གོང་དུ་གེགས་སེལ་གྱི་ཅན་དེ་འདིར་སྦྱར་ཞིང་། མན་ངག་ཡིག་བརྒྱ་ཅི་འགྲུབ་བཟླ་ཞིང་ཉེས་བྱས་བཤགས་ཤིང་བྱང་བར་མོས་ལ་གཟུངས་ཀྱང་བདུན་ཙམ་བརྗོད་


KMC025_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། མ་འོངས་པ་ན་སོགས་ཀྱིས་སྨོན་ལམ་གདབ། མདུན་བསྐྱེད་ཡེ་ཤེས་བརྟེན་ལ་བཞུགས་སུ་གསོལ། དམ་ཚིག་པ་རང་ལ་བསྟིམ་ཞིང་སྔོན་ཐུབ་མ་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱས་པས་བསྙེན་སྒྲུབ་ལས་གསུམ་གྱི་ཆོ་ག་ཡོངས་རྫོགས་གྲུབ་བོ། །དེ་ཉིན་དེར་མཚམས་ཐོ་མི་བསྡུ། གལ་ཆེ་བ་རེ་ཟུང་ལས་གདོང་མི་སྤྲད། ཕྱིར་ནང་སྔ་བར་དཀྱིལ་འཁོར་སོགས་ལས་ཀྱི་ཤུལ་མི་སྣང་བར་བྱས་ལ་རྒྱལ་ཐོ་བསྡུ་བ་ནི། ཐོ་རྩར་མཆོད་པ་ཕྲེང་ཚར་དང་། དཀར་གཏོར་རྒྱན་ལྡན་ཆེ་ལེགས། ཁ་ཟས་བཟང་པོས་བསྐོར་བ་བཤམས་པར་སྔར་ཐོ་འཛུག་དུས་བཞིན་མཆོད་པ་བྱིན་རླབས་བྱ། གཏོར་མ་རྩ་སྔགས་ཀྱིས་སོ་སོར་ལན་གསུམ་གྱིས་ཕུལ་ཞིང་མཐར། ཧཱུྃ། མཐུ་ཆེན་རྒྱལ་པོ་རྣམ་པ་བཞི། །འཁོར་གཡོག་རྒྱ་མཚོའི་ཚོགས་བཅས་ཀྱི། །ཐུགས་རྗེའི་མཐུ་ཡིས་བསྒྲུབ་པ་ནི། །བར་ཆད་མེད་པར་མཐར་ཕྱིན་པས། སྔར་བཅོལ་གྲུབ་པའི་གཏང་རག་ཕྱིར། །འདོད་ཡོན་རྒྱ་མཚོའི་སྤྲིན་


KMC025_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བའི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་འདོད་དོན་གསོལ། བཛྲ་མུཿས་རང་གནས་སུ་གཤེགས་པར་མོས་ལ་ཐོ་བསྡུའོ། །དེ་རྣམས་ཀྱིས་དཔལ་ནག་པོ་ཆེན་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་བསྒོམ་དོན་ཟིན་བྲིས་ཀྱི་རིམ་པ་རྫོགས་པར་གྲུབ་བོ། །སླར་སྨྲས་པ། འཇིགས་བྱེད་བསྐལ་པ་མཐའ་ཡི་མེ། །འབར་བ་ལས་ཀྱང་ཆེར་འབར་བ། །བཅོམ་ལྡན་མ་ཧཱ་ཀཱ་ལ་དང་། །དེ་ཝཱི་ཀཱ་ལཱི་གཉིས་མེད་པའི། །དཀྱིལ་འཁོར་ཆེན་པོའི་བསྙེན་སྒྲུབ་ཀྱི། །ལག་ལེན་འཇུག་བདེར་བཀོད་པ་འདིར། །ཉེས་ཚོགས་མཆིས་ན་བཟོད་བཞེས་ལ། །དགེ་བས་བླ་མའི་ཞབས་བརྟན་ཅིང་། །སྒྲུབ་བརྒྱུད་བསྟན་པའི་སྙིང་པོ་མཆོག །དྲི་མེད་ལམ་བཟང་ཀམ་ཚང་གི །བསྟན་སྲིད་དབྱར་གྱི་མ་དྲོས་བཞིན། །གོང་ནས་གོང་འཕེལ་རྒྱུར་གྱུར་ཅིག །ཅེས་པ་འདི་སྔར་གྱི་ཡིག་ཆ་རྣམས་ཀྱིས་གཞུང་བསྲང་བླ་མའི་ཞལ་ལུང་གིས་ཟུར་བརྒྱན་ཏེ། དཔལ་ཀརྨ་པ་བཅོ་ལྔ་པས་ས་སྤྱོད་གསུང་གི་འཁོར་ལོ་རི་བོ་གཡུ་འབྲུག་འཁྱིལ་


KMC025_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་ཁུག་འོག་མིན་ཀརྨའི་གདན་སར་སྦྱར་བ་འདིས་རྗེས་འཇུག་གི་གང་ཟག་དང་བསྟན་པ་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག། །།ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་བསྙེན་ཡིག་རིན་པོ་ཆེ་བཻཌཱུརྻའི་འཕྲེང་བ་རྣལ་འབྱོར་ཡིད་ཀྱི་མཛེས་རྒྱན།next