Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
 
སྲུང་འཁོར་གྱི་ཡིག་ཆུང་།
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousསྲུང་འཁོར་གྱི་ཡིག་ཆུང་།next

སྲུང་འཁོར་གྱི་ཡིག་ཆུང་།


KMC025_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་འཁོར་གྱི་ཡིག་ཆུང་བཞུགས་པའི་དབུ་ཕྱོགས་ལགས་སོ། །


KMC025_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ལ་ཕྱག་འཚལ་ལོ། །འདིར་ནག་པོ་ཆེན་པོའི་སྲུང་འཁོར་རྒྱས་པར་སྒོམ་པའི་མན་ངག་ཅུང་ཟད་གཅིག་བྲི་བར་འདོད་པས། ནག་པོ་ཆེན་པོ་འཁོར་དང་བཅས་པས་བཀའ་གནང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདི་ཉིད་ཁོ་ན་སྒྲུབ་པའི་ཚེ་སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཐུན་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊཿ ལན་གསུམ། ཞེས་བརྗོད་པའི་རྐྱེན་གྱིས་བྷཱུཾ་ནག་པོ་ཞུ་བ་


KMC025_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྲུང་བའི་འཁོར་ལོ་རྩིབས་བཅུ་པ། རྩིབས་རྣམས་ཁོག་སྟོང་དུ་ཡོད་པའི་རྩ་བ་བརྟན་ཅིང་རྩེ་མོ་རྣོ་བ། རྩིབས་བར་ཐམས་ཅད་འབྲེལ་བས་རྡོ་རྗེའི་གུར་ཟླུམ་པོའི་ཚུལ་དུ་གྲུབ་པ་ཡངས་ཤིང་རྒྱ་ཆེ་བའི་གཞལ་ཡས་ཁང་མཐིང་ནག་འབར་བའི་དབུས་སུ། འོག་ཏུ་ཧཱུཾ་ལས་གསེར་གྱི་ས་གཞི་འོད་འབར་བ་ས་ལ་མ་ཐུག་པ་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་མིག་མང་རིས་སུ་བྲིས་པའི་དབུས་སུ། འཁོར་ལོ་རྩིབས་བཅུ་གདན་ཐབས་ཀྱི་སྟེང་དུ་པདྨ་ཉི་མའི་གདན་ལ་བདག་ཉིད་འོད་དུ་ཞུ་བ་ལས་ཧཱུཾ་ཡིག་


KMC025_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཐམས་ཅད་ཚར་བཅད་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་སྐད་ཅིག་གིས་ཚུར་བསྡུས་ནས་ཧཱུཾ་ལ་ཐིམ། ཧཱུཾ་འོད་དུ་ཞུ་བ་ལས་བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་སྐུ་མདོག་ནག་ལ་དམར་བའི་མདངས་དང་ལྡན་པ་སྐུ་ལ་དར་དཀར་གྱི་དངུལ་གཟན་ལ། དེའི་སྟེང་དུ་བེར་ནག་སུམ་བརྩེགས་སྐ་རགས་རིན་པོ་ཆེ་སྣ་ཚོགས་བཅིངས་པ། སྐ་རགས་ལ་བེང་གི་ཚར་ཚར་བརྒྱ་རྩ་བརྒྱད་ཡོད་པ། དེའི་ཕྱི་ནས་དར་ནག་གི་བེར་དྲུག་བརྩེགས་ལྷབ་ལྷུབ་ཏུ་གསོལ་བ། དེའི་སུལ་རྣམས་ནས་མཚོན་ཆའི་ཆར་འབེབས་པ། ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དབུ་སྐྲ་ཁམས་ནག་གྱེན་དུ་འབར་ཞིང་མཐུར་དུ་བཤལ་བ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། ཕྱག་གཉིས་ཙན་དན་གྱི་བེང་ལོགས་རེ་ལ་བར་བར་དུ་གསེར་གྱི་ལྷན་པ་ཡོད་པའི་སྒོ་དགུ་དང་ལྡན་པ། སྒོ་རེ་རེ་


KMC025_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷ་དམག་བྱེ་བ་དུང་ཕྱུར་འགྱེད་པ། རྩེ་མོ་ནོར་བུ་འབར་བ་དང་རྟིང་པ་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཅན་གསོལ་ཐབས་སུ་འཛིན་པས་གདུག་པ་ཅན་རྣམས་ཀྱི་སྙིང་གར་བསྣུན་པ། སྐུ་ལ་བསྐལ་པའི་མེ་དཔུང་སྨུག་ནག་འབར་བས་སྲིད་པ་གསུམ་ཡང་བསྲེག་པར་ནུས་པ། སྐུ་ཡིས་ཁམས་གསུམ་ཁྱབ་ཅིང་ཞབས་རྡེབ་པ་ཙམ་གྱིས་སྲིད་པ་གསུམ་ཡང་འདར་ཞིང་གཡོ་བ། ཞལ་ནས་ལྗགས་འདྲིལ་ཞིང་ཧ་ཧ་དང་ཧཱུཾ་ཧཱུཾ་ཧི་ཧིའི་སྒྲ་སྐད་འབྲུག་སྟོང་དུས་གཅིག་ཏུ་གྲགས་པ་ལྟ་བུར་སྒྲོགས་པར་གྱུར། རྩིབས་བཅུའི་སྟེང་དུ་ཕྱོགས་བཅུའི་མགོན་པོ་དང་ལྷ་དམག་དུང་ཕྱུར་སོགས་སྲིད་པ་གསུམ་གྱི་དྲེགས་བྱེད་ཕོ་མོའི་ཚོགས་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་སྨུག་ནག་རི་རབ་ཀྱི་བྱང་ཕྱོགས་སུ་འཕྲོས་པས་ཡེ་ཤེས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས། ཧཱུཾ་དད་པ་དང་ནི་སོགས་ཤོ་ལོ་ཀ་གཅིག་དང་། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་


KMC025_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤྱན་དྲངས། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་གྲི་ད་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ་སོགས་ཤབྟའི་བར་གྱི་སོ་སོའི་མཐར་པྲ་ཏཱིཙྪ་སྭཱ་ཧཱ་བཏགས་པས་མཆོད། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་ལྷ་འཁོར་བཅས་སྤྱན་དྲངས་ཏེ་དབང་བསྐུར་བདུད་རྩིས་སྐུ་གང་ཆུ་ལྷག་སྤྱི་བོར་འཁྱིལ་བས་བླ་མ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་ཡིག་མཐིང་ནག་ལ་སྔགས་ཀྱིས་གཡས་སུ་བསྐོར་བ་ལས་འོད་ཟེར་སྨུག་ནག་འཁོར་འདས་གཉིས་ཀྱི་ཞིང་ཁམས་སུ་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོའི་སྐུར་གྱུར་པ་ཆར་རྒྱུན་འབབ་པ་བཞིན་དུ་རང་ལ་ཐིམ་པས་མཐུ་སྟོབས་ནུས་པ་རབ་ཏུ་འབར་ཞིང་། དྲེགས་བྱེད་ཐམས་ཅད་ཀྱི་སྲོག་སྙིང་ནུས་པ་བསྡུས་ནས་བྲན་དུ་འཁོལ་ཏེ་ཕྲིན་ལས་མཐའ་དག་འགྲུབ་པར་གྱུར་


KMC025_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྒོམས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བིང་ཎི་ཛཿ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་གུ་ཎ་ཧྲི་ད་རཀྵ་དུ་བིང་ཛཿ ཨོཾ་མ་ཧཱ་ཀཱ་ལ་རཱུ་པ་གུ་ཎ་ཤྲཱྀ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སུམ་སྦྲེལ་གྱི་སྔགས་འདི་བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླའོ། །དེ་ནས་རཀྵ་ཝརྟི་གསུམ་གྱི་མན་ངག་ལ། རང་ཉིད་ལེགས་ལྡན་གྱི་སྐུའི་ནང་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་དང་མཉམ་པའི་ཐུགས་ཀའི་ཐད་དུ་ཆོས་འབྱུང་སྔོན་པོའི་གཞལ་ཡས་ཁང་གི་དབུས་སུ་རང་སེམས་ཀྱི་ངོ་བོ་ཡི་དམ་གྱི་ལྷ་གདན་སྐུ་མདོག་ཆ་ལུགས་ཡོངས་སུ་རྫོགས་ལ། དེ་ཡང་གཡས་སུ་བསྲུང་བྱ་ཕོ་རིགས། གཡོན་དུ་མོ་རིགས། མཚམས་སུ་དཀོར་ནོར་རྟ་ཕྱུགས་ཞིང་ཁང་ལ་སོགས་པ་ཐམས་ཅད་ཀྱང་ཡི་དམ་ལྷའི་ངོ་བོར་གྱུར་པའི་སྟེང་ཕྱོགས་སུ་བླ་མ་ཡི་དམ་ཚོགས་སྤྲིན་གཏིབས་པ་ལྟར་བཞུགས་པས་བསྲུང་བྱ་རྣམས་བྱིན་གྱིས་རློབས་པར་གྱུར། ཅེས་བསྒོམས་ཞིང་རང་ཡི་དམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ཏེ་བཟླས་པ་


KMC025_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་གུར་ཐབས་ཀྱི་ནང་། རྩིབས་སོ་སོའི་རྩ་བའི་ཐད་ཀྱི་བར་སྣང་དུ་པདྨ་ཉི་མ་རོའི་གདན་བཅུ་ལ་ཧཱུཾ་བཅུ་ཡོངས་སུ་གྱུར་པ་ལས་སྲས་མཆོག་མགོན་པོ་བེར་ནག་ཅན་བཅུ་གྲི་གུག་དང་ཐོད་ཁྲག་འཛིན་པ་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པར་བསྒོམ། རང་ལེགས་ལྡན་གྱི་ཐུགས་ཀའི་འོད་ཀྱིས་འཁོར་རྣམས་ལ་བསྐུལ་བས། སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་འཕྲོས། དགྲ་བགེགས་བྱད་མ་ཐམས་ཅད་རང་དབང་མེད་པར་བཀུག །ལྷ་དང་ཕྲལ་མྱོས་པར་བྱས་ནས། འཁོར་ལོའི་རྩིབས་ཀྱི་སྣེར་བཞག་པས། འཁོར་ལོ་གཡོན་དུ་དྲག་ཏུ་འཁོར་བས་ལུས་རྡུལ་ཕྲན་ལྟར་གཏུབས་ཤིང་བརླག་པར་གྱུར་ཅིག །གཙོ་འཁོར་ཐམས་ཅད་ལས་མེ་དཔུང་སྨུག་ནག་ལ་ལ་འཚུབ། ལ་ལ་འཁྱིལ་ལ་ལ་ཆད་ཅིང་འབར་བས་སྔར་བསྒྲལ་བའི་ཤ་ཁྲག་རུས་པ་ཐམས་ཅད་ལྷག་མེད་དུ་བསྲེགས་པ་དང་། དེ་བཞིན་དུ་མེ་དཔུང་ཆེར་འབར་ཞིང་འཁྲུགས་པའི་གཟིས། གཞན་གྱི་བསམ་སྦྱོར་ངན་པའི་


KMC025_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་དང་རྦོད་གཏོང་རིག་སྔགས་ཀྱི་ནུས་པ་ཐམས་ཅད་དང་ཁྱད་པར་དམ་སྲི་བགེགས་རིགས་ཐམས་ཅད་རྡོ་རྗེའི་མེ་ཆར་དྲག་པོས་རྗེས་མེད་དུ་བསྲེགས་ཤིང་བསྐལ་པའི་འཐོར་རླུང་དྲག་པོས་མཐའ་མེད་དུ་གཏོར་བས་གྱུར། ཡང་། བདག་ཉིད་དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་ལས་ངོ་བོ་སྔགས་ལ་རྣམ་པ་འཐོར་རླུང་མེ་དཔུང་མཚོན་ཆའི་བུ་ཡུག་དཔག་ཏུ་མེད་པ་འཕྲོས་གནོད་བྱེད་ཐམས་ཅད་རང་དབང་མེད་པར་བཀུག །མཚོན་ཆའི་བུ་ཡུག་གི་དཀྱིལ་དུ་འཐུམས་ཏེ་སྲུང་འཁོར་གྱི་ཕྱི་ནས་གཡོན་ཕྱོགས་སུ་བསྐོར་བཞིན་ལྷོ་ནུབ་མཚམས་སུ་རྡུལ་ཕྲན་ཙམ་དུ་བརླག་པར་གྱུར། མཚོན་ཆ་དང་མེ་རླུང་རྣམས་ཀྱང་གུར་ཁང་དུ་གྱུར་པའི་མཚོན་ཆ་མེའི་བར་ལྷོ་ནུབ་མཚམས་སུ་རྡོ་རྗེའི་སྒྱོགས་དྲག་པོ་བཙུགས་པས་ཕ་རོལ་གྱི་སྲུང་བའི་མཁར་དང་བཟློག་པའི་སྒྱོགས་རྣམས་རུལ་རུལ་བཏང་བ་བསམ་ལ་སྔགས་མང་ཉུང་ཅི་རིགས་བཟླའོ། །དེ་རྣམས་ནི་སྲུང་བ་དང་བསད་པའི་མན་ངག་གོ །དེ་ནས་རང་ཉིད་ལེགས་ལྡན་གྱི་ཐུགས་


KMC025_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀར། རྡོ་རྗེ་ཕ་ལམ་ལས་གྲུབ་པའི་གུར་ཁང་ཟླུམ་པོའི་ཤེལ་ལྟར་དངས་པའི་ཕྱི་རོལ་དུ་རྡོ་རྗེ་ཕྱེད་འབུར་དུ་ཐོན་པས་གཏམས་པ། དེའི་ནང་དུ་ཆོས་འབྱུང་སྔོན་པོ་སྟོང་གསུམ་དང་མཉམ་པའི་ནང་དུ་རང་སེམས་ཀྱི་ངོ་བོ་ཡི་དམ་དུ་གསལ་བ་དེ་གནས་གྱུར་པའི་ལེགས་ལྡན་ནག་པོ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཆེས་ཆེར་འཇིགས་ཤིང་རབ་ཏུ་འབར་བ། དེའི་ཐུགས་ཀར་པདྨ་ཉི་མའི་སྟེང་དུ་ཧཱུཾ་ཡིག །གཙོ་བོའི་ཕྱི་རོལ་ཆོས་འབྱུང་གི་ནང་དུ་བསྲུང་བྱ་རྣམས་སྲས་མཆོག་ནག་པོའི་སྐུར་གྱུར། གཙོ་བོའི་དབུ་གཙུགས་ཏུ་བླ་མ་བརྒྱུད་པ་རྣམས་དང་། བར་སྣང་དུ་ཡི་དམ་ལྷ་ཚོགས་རྣམས་བཞུགས་པ་གསལ་བར་གྱུར། ཕྱིའི་ལེགས་ལྡན་ནང་གི་ལེགས་ལྡན་ལ་ཐིམ་པས་བདག་ཉིད་ལེགས་ལྡན་གྱི་སྐུའི་འོད་ཟེར་གྱིས་སྒྲིབ་པ་མེད་པར་གསལ་བའི་སྲུང་བའི་འཁོར་ལོ་ནང་ནས་རིམ་བཞིན་ཆོས་འབྱུང་དང་རྡོ་རྗེའི་གུར་གྱི་ཕྱི་རོལ་དུ་གུར་ཐབས་ཀྱི་འཁོར་ལོ་རྩིབས་བཅུ་པའི་ནང་གི་སྟེང་འོག་ཕྱོགས་མཚམས་སུ་སྲས་མཆོག་བཅུ་པོ་སྔར་བཞིན་དང་།


KMC025_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་དམར་ནག་རྩིབས་བཅུ་གུར་ཐབས་ཀྱི་ནང་དུ་པདྨ་ཉི་མ་རོའི་གདན་བཅུའི་སྟེང་དུ་ཧཱུཾ་བཅུ་ལས་མགོན་པོ་ཕྱག་བཞི་པ་མཐིང་ནག །གྲི་ཐོད་ཁ་སྦྱོར་དང་རལ་གྲི་དང་ཁ་ཊྭཱཾ་ག་འཛིན་པ་བཅུ་དང་དེའི་བར་སྟོང་ཐམས་ཅད་རིགས་ལྔའི་ཁྱུང་ལང་ལིང་དུ་རྒྱུ་བས་ཀླུ་གདོན་ཐམས་ཅད་སྐྲག་ཅིང་སྔངས་བར་བྱེད་པའི་གཟུགས་ཅན། རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་ཅིང་། གཤོག་པ་ལས་ཡེ་ཤེས་ཀྱི་མེ་འབར་བས་དགྲ་བགེགས་བྱད་མ་ཐམས་ཅད་རླག་པར་བྱེད་པ། དེའི་ཕྱི་རོལ་དུ་མཚོན་ཆ་རབ་ཏུ་གཟེངས་པའི་འཁོར་ལོ་རྩིབས་བཅུ་པ། དེའི་ཕྱི་རོལ་དུ་བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་འཁོར་ལོ་རྩིབས་བཅུ་པ། དེའི་ཕྱི་རོལ་དུ་བསྐལ་པའི་རླུང་ནག་དྲག་ཏུ་འཁྲུགས་པ། རང་ཉིད་དཔལ་ནག་པོ་ཆེན་པོ་དང་བསྲུང་བྱ་རྣམས་ཀྱི་བ་སྦུའི་ཁུང་བུ་ཐམས་ཅད་སྲས་མཆོག་ནག་པོའི་ཚོགས་ཀྱིས་གང་ཞིང་། དེ་ལས་འོད་ཟེར་འཕྲོས་པའི་ཁྲོ་ཆུང་གི་ཚོགས་ཀྱིས་སྲུང་འཁོར་ཕྱི་ནང་བར་མེད་


KMC025_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏམས་ཤིང་གར་ཁྱུག་ཁྱུག་བྱེད་པ། ལྷ་ཚོགས་ཐམས་ཅད་ཞལ་ནང་དུ་གཟིགས་པས་སྔགས་སྒྲ་སྒྲོགས་བཞིན་སྲུང་བའི་ལས་ལ་བརྩོན་པར་གྱུར། རང་གི་མགྲིན་པར་གསེར་གྱི་འཁོར་ལོ་རྩིབས་བཞི་པ་གཡས་སུ་འཁོར་བས་ངག་གི་ཉེས་པ་སྦྱངས་ཤིང་། དེ་ལས་སྐྱེས་པའི་ལྕེ་རྡོ་རྗེ་རྩེ་ལྔ་པ་ཉལ་ཐབས་སུ་གནས་པའི་རྩ་བར་ཨོཾ་རྩེ་མོར་ཨཱཿལྟེ་བར་ཧཱུཾ་གིས་མཚན་པར་གྱུར། ཞེས་དམིགས་པ་རྣམས་རིམ་པས་གསལ་བཏབ་ལ་སྔགས་ཅི་ནུས་བཟླའོ། །དེ་ནས་བསྲུང་བའི་འཁོར་ལོའི་ཕྱི་རོལ་གྱི་འོག་ཏུ་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་པ་ནག་ལ་རྩུབ་ཅིང་གཏིང་ཟབ་པ། ཕྱི་ནས་ཞེ་སྡང་གི་མེ་འབར་བ། ནང་ན་ཕྲག་དོག་གི་རླུང་དམར་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་འཐིབས་པ། གཤིན་རྗེ་ཕོ་མོ་རྣམས་ཧ་ཧའི་སྒྲ་སྐད་དི་རི་རི་སྒྲོགས་ཤིང་། མཚོན་ཆར་འབེབས་པའི་ནང་དུ་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་བཀུག་ནས་གཅིག་ཏུ་བསྡུས་ཏེ་མགོ་མཇུག་བཟློག་པའི་སྤྱི་བོ་མགྲིན་པ་སྙིང་ག་སྟེ་


KMC025_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསང་གནས་རྐང་མཐིལ་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པ་རེ་རེ་གཡས་སུ་འཁོར་བ། དེ་རྣམས་ཀྱི་བར་དྲུག་ཏུ་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་རྩེ་དྲུག་རྣོ་བའི་ངར་དང་ལྡན་པ་རེ་རེ་ཡོད་པའི་སོ་སོའི་སྟེང་འོག་གི་རྭ་དབུས་མ་དྲུག་པོ་སྲོག་ཤིང་ལྟར་བྱས་པའི་གཡོན་སྐོར་དུ་དྲག་ཏུ་འཁོར་བའི་རྩིབས་དང་རྭ་རྣམས་ཀྱིས་དགྲ་བགེགས་བྱད་མའི་ལུས་ངག་ཡིད་གསུམ་རྡུལ་ཕྲན་ལྟར་བརླག་ཅིང་། ལས་ངན་གྱི་དབང་གིས་ལུས་སུ་གྲུབ་པ་སླར་ཡང་རྡུལ་དུ་བརླག་པ་སོགས་བར་མཚམས་གོ་སྐབས་མེད་པར་གྱུར། ཡང་འཁོར་ལོས་གཏུབ་པའི་ཕུང་པོ་རྣམས་མེ་འབར་བས་བསྲེགས་ཏེ་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་གྱུར། དེ་ལྟ་བུའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བཞག་སྟེ་སྔགས་ཅི་ནུས་བཟླའོ། །དེ་ནས་བདག་ཉིད་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ། དེ་དག་ལས་ཀྱང་སྤྲུལ་པའི་དམག་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ། དགྲ་བགེགས་བྱད་མ་གནོད་བྱེད་མཐའ་


KMC025_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དག་རང་དབང་མེད་པར་བཀུག །སྲུང་འཁོར་གྱི་ལྷོ་ནུབ་མཚམས་སུ་མཚོན་དང་མེའི་བར་དུ་མཚོན་ཆའི་ཆར་ཕབས་ཏེ། སྲོག་བཅད་ཅིང་ལུས་རྡུལ་ཕྲན་ལྟར་གཏུབས་པའི་ཤ་ཁྲག་རྒྱ་མཚོར་འཁྱིལ་བ་དེ་ཉིད། སྤྲུལ་པའི་ཁྲོ་ཆུང་རྣམས་ཀྱིས་ཀཱ་པ་ལའི་སྣོད་ཀྱིས་བཅུས་ཏེ་བསྲུང་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་ཚང་གི་ཚུལ་དུ་དྲངས་པས་ལྷག་མེད་དུ་གསོལ་བར་གྱུར། ཡང་ཕྱོགས་བཅུར་གནས་པའི་དགྲེ་བགེགས་བྱད་མ་མཐའ་དག་རིགས་སྔགས་དང་མཚོན་ཆར་མེ་དཔུང་སོགས་ཀྱིས་བསྒྲལ་བ། སྤྲུལ་པའི་ལས་མཁན་རྣམས་སྟག་གཟིགས་དོམ་དྲེད་འཕར་སྤྱང་བྱ་ནག་ཁྱི་ནག་སོགས་སུ་གྱུར་ཏེ་ལྷག་མེད་དུ་ཟོས་པར་གྱུར། དེ་དག་གི་ཚེ་དཔལ་བསོད་ནམས་ཀྱི་ལྷག་མ་རྣམས་འོད་ཀྱི་རྣམ་པར་ཚུར་འདུས་ཏེ། བདག་དང་བསྲུང་བྱ་རྣམས་ལ་ཐིམ་པར་གྱུར། ཞེས་པའི་དམིགས་པ་རྣམས་དང་། བྱད་མ་དམིགས་བསལ་ཡོད་པའི་ཚེ་བྱད་མ་རང་གཤེད་འབེབས་པའི་དམིགས་པ་མན་ངག་གི་ཡི་གེ་ཚོར་འབྱུང་བ་ལྟར་གྱི་དམིགས་པ་རྣམས་ཀྱང་


KMC025_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་གསལ་འདེབས་ཤིང་སྔགས་ཅི་ནུས་བགྲང་བར་བྱའོ། །དེ་ནས་སྲུང་འཁོར་རྐྱང་པའི་ཚེ་ཐུན་གཏོར་ཟོར་དུ་བསྐུལ་བར་འདོད་ན། དམར་གཏོར་འགུགས་གཞུག་བྱེད་ཅིང་བསྒྲལ་བ་སྟབས་ཀྱི་དམིགས་པ་སྤྱི་ལྟར་དང་། བྱང་ཕྱོགས་དུར་ཁྲོད་ཡབ་ཡུམ་མམ། ལེགས་ལྡན་རྦད་བསྐུལ་འདོན། མཐར་གཏོར་མ་མེ་དཔུང་དང་མཚོན་ཆར་སོགས་སུ་བསྒོམས་ནས་དམིགས་བྱའི་ཕྱོགས་སུ་ཟོར་དུ་འཕེན། རྡོ་རྗེ་བཀའ་བཟློག་མ་གྱེར། རང་ཉིད་ལེགས་ལྡན་གནས་འགྱུར་ལོག་ཏྲི་པཱ་ལར་བསྒོམ་སྟེ། དྲང་སྲོང་དམོད་པའི་སྔགས་བཟླ་བ་དང་། མཐར་དམིགས་གནད་དང་བཅས་པ་ཐལ་མོ་དགུ་བརྡབ། རྗེས་དམིགས་མེད་ཀྱི་ངང་དུ་དར་གཅིག་བཞག་པ་དང་། དགེ་བ་བསྔོ་བའང་བྱའོ། ༈ །སྒྲུབ་པ་ཡིན་ན་ཐུན་མཚམས་ཀྱི་སྐབས་སུ། ཕྱིའི་སྲུང་འཁོར་མི་བསྡུ་བར། དེའི་ནང་དུ་སྤྱོད་ལམ་བྱེད་པའི་མོས་པའང་བྱའོ། ༈ །ཡང་སྒྲུབ་པ་ཤིན་ཏུ་གལ་ཆེ་བའི་དུས་ལྟ་བུར། ཐུན་གཏོར་གྱི་སྐབས་སུ་བབས་པ་དང་། སྲུང་འཁོར་གྱི་ལྟེ་


KMC025_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་། རང་ལེགས་ལྡན་གྱི་མདུན་དུ་མ་མགོན་འཁོར་བཅས་བསྒོམས་ནས་མཚལ་མ་གཞུང་བསྲང་། བསྟོད་པ་གྲུབ་ནས་བསྐང་བ་དང་བསྙེན་པ་ཅི་འགྲུབ་བྱ། དེ་ནས་གོང་སྨོས་ལྟར་གྱི་ཐུན་གཏོར་གཏོར་ཞིང་། ཁྱད་པར་དུ་བྱང་ཕྱོགས་དུར་ཁྲོད་མ་ཡབ་ཡུམ་དང་། ལེགས་ལྡན་རྦད་བསྐུལ། གསོན་ཅིག་མ་རྣམས་འདོན། བཟློག་པ་སོགས་སྔར་ལྟར་ལ། མཚམས་ཀྱི་སྐབས་ཡིན་ན་རྗེས་ཆོག་གྲོལ་དུས་བར་མི་དགོས། ཉིན་རེ་ཐུན་གསུམ་བཞི་ཙམ་བྱེད་ཅིང་། ཐུན་མཚམས་ཐུན་གཏོར་ཟོར་དུ་བསྐུལ། གྲོལ་ཉིན་མགོན་པོ་གཞུང་ལྟར་རྗེས་ཆོག་རྒྱས་པར་བྱ། ༈ །མཚལ་མ་དང་མི་འབྲེལ་བའི་རྒྱུན་ཁྱེར་ལྟར་བྱེད་ན། ཡིག་རྙིང་ཚོར་སྔ་ཐུན་ལ་བྱེད་པར་བཤད་ཀྱང་། སྤྱི་འགྲོ་ལྟར་ཕྱི་ཐུན་ལ་བསྒོམ་བཟླས་བྱེད་ཅིང་ཐུན་གཏོར་ཡང་མ་བྱས་ན་རུང་བས། དམིགས་མེད་དུ་འཇོག་པ་ཉིད་ཀྱིས་འཐུས་སོ། །གོང་དུ་སྨོས་པའི་སྔགས་ཀྱི་རིགས་ལ། ཡི་དམ་གྱི་སྔགས་ནི་རང་གི་གང་ཡིན་དེའི་ལྷ་སྔགས་སམ། ཕྱག་རྡོར་ལྟ་བུ་ལ་བྱ། དེ་ཕྱིན། ༼ཀ༽


KMC025_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཙནྜ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་གནོད་བྱེད་མཱ་ར་ཡ་ཧཱུཾ་ཕཊཿ ༼ཁ༽ ཨོཾ་ཙནྜ་མ་ཧཱ་ཀཱ་ལ་བཛྲ་དཾཥྚཱི་ འདི་སྐབས་བསྲུང་བྱ་གཞན་ཡིན་ན། གུ་རུ་དྷརྨཱ་ཀ་ར་ཞེས་པ་ལྟ་བུ་བསྲུང་བྱའི་མིང་འདུག ཎཱ་མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། ༼ག༽ ཨོཾ་ཙནྜ་མ་ཧཱ་ཀཱ་ལ་བཛྲ་དཾཥྚཱི་ཎཱ་གནོད་བྱེད་ཀཱ་ཝཱ་ཙི་སྟྭཾབྷ་ཡ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ། ༼ང༽ ཨོཾ་ཙནྜ་མ་ཧཱ་ཀཱ་ལ་གནོད་བྱེད་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ད་དུང་ཞལ་གྱི་གདམས་པ་ཆེས་ཟབ་རྣམས་ནི་བླ་མའི་ཞལ་ནས་མཉན་པར་བྱའོ། །ཞེས་པ་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་རང་ཉིད་ཀྱི་ཉམས་སུ་ལེན་པ་དང་། སློབ་བུ་རྣམས་ཀྱི་འདོད་པ་སྐོང་བའི་ཕྱིར། ཞལ་གདམས་འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ལག་ལེན་བདེ་བར་སྡེབ་པ་བདེ་ལེགས་སུ་གྱུར་ཅིག །ཤུབྷཾ། ༈ བླ་མ་དང་དཔལ་ཡེ་ཤེས་ཀྱི་མགོན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་མགོན་པོ་བེར་ཅན་རང་གི་ཆོ་ག་སྡང་བ་རྣམ་སྲེག་ལས་བཏུས་པ་འདིར་བསྐྱེད་རིམ་གྱི་སྐོར་ཕལ་ཆེར་གསལ་ཡང་ཟབ་གསང་གི་གནད་འགའ་དངོས་བསྟན་ལ་


KMC025_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་། སྒྲུབ་སྐོར་གྱི་ནང་ནས་ཀྱང་འཁྲུལ་སྡེབ་དཀའ་བའི་ཕྱིར་དམིགས་གནད་འགའ་ཞིག་བྲི་བ་ནི། ༈ སྤྱན་འདྲེན་གྱི་སྐབས་ཡེ་ཤེས་ཀྱི་འཁོར་ལོ་དང་། དཀྱིལ་འཁོར་པ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ནམ་མཁར་སྤྱན་དྲངས་པ་ལ། རང་ཉིད་ཀྱིས་སྤྲུལ་པའི་མཆོད་ལྷས་མཆོད་པར་མོས་ནས་དམ་ཡེ་བསྲེ། ༈ དམ་བཞག་གི་སྐབས་དཀར་པོའི་འདོད་དོན་གསོལ། ༈ དབང་བསྐུར་རྒྱས་གདབ་ཀྱི་ཚེ། པཀྴིའི་ཟབ་ཆོས་ཀྱི་དགོངས་པ་བདག་མདུན་ཞལ་སྦྱོར་མཉམ་སྒྲུབ་ཀྱི་དབང་གིས་མདུན་བསྐྱེད་དངོས་བསྟན་ལྟར་ལས་བདག་བསྐྱེད་ཀྱི་རིགས་བདག་པཀྴི་རང་ལ་བཀའ་བརྒྱུད་ཀྱི་བླ་མས་བསྐོར་ཏེ་བཞུགས་པར་མོས་པ་དང་། དབང་ལྷ་རང་ཉིད་དང་དབྱེར་མེད་དུ་མོས། ༈ ཕྱག་གིས་བཀུར་བའི་སྐབས་རང་གི་ཐུགས་ཀ་ནས་ཧཱུཾ་དཔག་ཏུ་མེད་པ་འཕྲོས་གདུག་པ་ཅན་ཚར་བཅད་གཟི་བརྗིད་ནུས་པ་བསྡུས་པ་ཁྲོ་ཆུང་མང་པོར་གྱུར་ནས་བདག་མདུན་ལ་ཕྱག་འཚལ་བར་བསྒོམ། མཐར་རང་ལ་བསྡུས་པས་གཟི་འོད་འབར་བར་བསྒོམ།


KMC025_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཆོད་པའི་སྐབས་རང་ཉིད་ལས་མཆོད་ལྷ་སྤྲོབསྡུ་བྱ། ༈ ཚོགས་ཀྱི་སྐབས་ཀྱང་དེ་དང་མཚུངས། ༈ གཏོར་བསྔོས་ཀྱི་སྨན་རག་གཏོར་མ་རྣམས་ཕུལ་བའི་མཇུག་ཏུ་འདོད་དོན་རྒྱས་པར་གསོལ། ༈ ལྷ་མགྲོན་རྣམས་སྐད་ཅིག་གིས་སྤྱན་དྲངས་ཏེ་ཕུལ། ༈ བསྟོད་པའི་སྐབས་བླ་མ་ལ་ཡི་དམ་གྱིས། ཡི་དམ་ལ་ཆོས་སྐྱོང་གིས། ཆོས་སྐྱོང་གཙོ་བོ་ལ་འཁོར་རྣམས་ཀྱིས་བསྟོད་པར་བསམ། ༈ གསོལ་ཀའི་ཚེ་ཕ་རོལ་གྱི་ལྷ་སྲུང་དང་དྲེགས་བྱེད་རྣམས་ཀྱི་ནུས་མཐུ་མདུན་བསྐྱེད་ལ་བསྟིམ་པས་གཟི་བྱིན་ནུས་མཐུ་འབར་བར་བསམ། རང་ཉིད་ཀྱིས་བེར་ཅན་ཡབ་ཡུམ་ལ་འོད་ཀྱིས་བསྐུལ། དེས་ནོར་ལྷ་ལ་བསྐུལ་ནས་ནོར་སྒྲུབ་ཀྱི་དམིགས་པ་འདོད་ནའང་བྱ། ༈ བསྐང་བ་ནི་དམ་ཚིག་ཆག་ཉམས་བསྐང་བ་སྟེ། མཐར་མ་མགོན་རྡོར་སེམས་ཀྱི་ངོ་བོ་ཉིད་དུ་མོས་པའི་སྤྱི་བོར་ཨོཾ་དཀར་པོ་ལ་ཡིག་བརྒྱ་དཀར་པོས་བསྐོར་བ་མགྲིན་པར་ཨཱཿདམར་པོ་ལ་ཡིག་བརྒྱ་དམར་པོས་བསྐོར་བ། སྙིང་གར་ཧཱུཾ་མཐིང་ག་ལ་ཡིག་བརྒྱ་མཐིང་གས་


KMC025_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་དམིགས་ནས། ཨོཾ་ས་མ་སོགས་བཟླས་པའི་མཐུས་དག་བྱེད་ཀྱི་བདུད་རྩི་བྱུང་། རང་གི་དམ་ཚིག་ཆག་ཉམས་བཀྲུས་ལུས་གང་བདེ་སྟོང་མི་ཕྱེད་པའི་དམ་ཚིག་བཟུང་བ་མོས། ཚེ་རབས་སྔོན་ནས་སོགས་གཟུངས་ཀྱང་བརྗོད་པ་གལ་ཆེ། ༈ བཟླས་རིམ་གྱི་ཚེ་ཐུགས་དམ་བསྐུལ་བའི་རྗེས་སུ་བཟླས་རིམ་གྱི་མན་ངག་མང་ཡང་ཨ་རཱ་གའི་ཟིན་བྲིས་ལྟར་དོ་ལིའི་བཟླས་པ་དང་སྦྱར་བའི་ཡན་ལག་བཞི་ལྡན་གྱིས་ཞལ་སྦྱོར་གསུང་སྙིང་བཟླ། ལས་སྦྱོར་གཙོ་བོའི་སྐབས་མདུན་བསྐྱེད་དམ་ལ་བཞག་པས་དྲག་པོའི་ལས་ལ་བསྐུལ་བས་ཤིན་ཏུ་ཁྲོས་པར་བསམ་ཞིང་མཐར་ཞལ་སྦྱོར་གྱི་ཤཱ་ས་ན་མང་དུ་བཟླས་པའི་ཚེ་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་ འཚེར་ལ་རྩུབ ་པ་འཕྲོས་པས་གདུག་པ་ཅན་མཐའ་དག་ཕྱེ་མར་བརླག་ཅིང་། ཁ་རྗེ་མཐུ་ནུས་ཚུར་བསྡུས་པས་དྲག་པོའི་ལས་ཀྱི་མཐུ་སྟོབས་ཅན་དུ་གྱུར་པར་བསྒོམ། སྲིད་གསུམ་ཟས་སུ་ཟོས་ཀྱང་ཆགས་ཐོགས་མེད་པའི་ཏིང་ངེ་འཛིན་བརྟེན་པོ་བྱ། ༈ ལས་འགྲིག་གི་ཚེ་


KMC025_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་སྣོད་ཧོཾ་ཁུང་གི་ནང་དུ་གཏོར་མ་དམིགས་བྱ་འགོ་མཇུག་བཟློག་ནས་ཡོད་པའི་སྙིང་གར་ནྲྀ་སྔོ་ལྗང་གསལ་བར་བསྒོམ། བདེན་ཚིག་བརྗོད་པའི་དགུག་གཞུག་སྐབས། བླ་བླ་རྟགས་དང་། སྲོག་ནྲྀ་ཡིག །ལུས་དབྱིབས་བཅས་སྤྲུལ་པའི་ཚོགས་ཀྱིས་བཀུག་ནས་ཆར་པ་བབ་པ་བཞིན་གཏོར་མ་ལ་བསྟིམ་པས་དགྲ་བོ་དངོས་སུ་བསམ། བསྒྲལ་ལས་རྒྱས་པ་མ་ལྕོགས་ཀྱང་། བདག་མདུན་གྱི་ཞལ་ནས་དྲག་པོའི་སྔགས་ཀྱི་སྒྲ་བསྒྲགས་པས་གནམ་ལྕགས་ལྷུང་བ་ལྟ་བུའི་སྔགས་ཀྱི་ཆར་བབ་པས་དགྲ་བོའི་སྲོག་ཡིག་ནག་ཐུམ་ཐུམ་བསད་པར་བསྒོམས་ནས་བདུད་ཀྱི་ཤཱ་ས་ན་བརྗོད་ཅིང་། མདུན་བསྐྱེད་ཡབ་ཀྱི་གྲི་གུག་ལས་ཧཱུཾ་མཐིང་ནག །ཡུམ་གྱི་ཁ་ཊྭཱཾ་ག་ལས་ཛཿདམར་ནག་འཕྲོས། དམིགས་བྱའི་སྣ་བུག་དུ་ཧཱུཾ་ཞུགས། གསང་ལམ་ནས་ཛཿཞུགས། གཉིས་ཀ་སྙིང་ཁར་སླེབ་པས་སྟེང་མ་གནམ་ལྕགས་ཀྱི་གྲི་གུག་གི་ཙཀྲ་རྩིབས་དྲུག་པར་གྱུར། འོག་མ་ཟངས་ཀྱི་གྲི་གུག་གི་འཁོར་ལོར་གྱུར་པར་བསྒོམས་ནས། གཡས་སྟེང་


KMC025_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ འོག་ དུ་འཁོར་བས་ཏིལ་ཙམ་དུ་གཏུབས་པས་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་དུ་གྱུར་པ། བདུད་རྩིར་བྱིན་གྱིས་བརླབས་པ་དེ་མ་མགོན་འཁོར་བཅས་ཀྱིས་ཧབ་ཐོབས་སུ་གསོལ་བར་བསམ་སྟེ། ཡབ་ཡུམ་གྱི་བསྐུལ་ཆ་རེའི་མཚམས་སུ་རྦད་སྔགས་ལ་ཁཱ་ཧི་སྦྱར་བས་འབུལ་བ་དང་། དེ་བཞིན་དུ་ཛ་བརྡུང་ནས་འབྱུང་བའི་དྲག་པོའི་དམིགས་པ་རྣམས་རེས་མོས་སུ་བསྐུལ་ཆ་རེ་དང་རེ་རེ་སྦྱར། ཆ་མཚམས་རོལ་མོའི་འོག་ཏུ་སྔ་མ་ཨོཾ་ཨེ་ཨཱ་ར་ལིས་འབུལ། བསད་དམིགས་རྗེས་མའི་གཏོར་མ་བྱིན་རླབས་ཀྱི་ཕྱིར་བདུད་རྩི་གཏོར། འབྲུ་གསུམ་བརྗོད་པ་སོགས་འགྲེ། ༈ ལམ་སེལ་སྐབས་དགྲ་བོའི་ལུས་ངག་ཡིད་གསུམ་ལ་ལམ་ཤུལ་ཆེན་པོ་གཏོང་བར་བསྒོམ། ༈ དྲག་བསྐུལ་གྱི་ཚེ། གསོན་ཅིག་མ་ལ་བདག་ཉིད་ཀྱང་ཁྲོས་པའི་ཉམས་དང་། མདུན་བསྐྱེད་ཀྱང་ཤིན་ཏུ་ཁྲོས་པར་བསམ། གཏོར་མ་འཕེན་པ་ན། བདག་ཉིད་ཀྱིས་བསྐུལ་བའི་མདུན་བསྐྱེད་ལས་སྤྲོས་པ་ལས་ཀྱི་མགོན་པོ་མ་རུང་པ་རྡོ་རྗེ་ཕ་ལམ་གྱི་


KMC025_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཞིག་གིས་གཏོར་མ་ལྕགས་བསྲེགས་ཀྱི་གྲི་གུག་དམར་ལིང་ངེ་བའམ། དུག་དང་མཚོན་དང་ནད་ཀྱི་ཕུང་པོར་གྱུར་པ་ལག་གཡས་ཀྱིས་བཏེགས་ནས་གཟའ་རྒྱུག་པ་ ལས་ཀྱི་རྡོ་རྗེ་འདི་ལྟར་བསྐྱེད་ཀྱང་རུང་ བཞིན་སྐད་ཅིག་གིས་སོང་སྟེ། དགྲ་བོ་མི་ནོར་ལྷ་སྲུང་དང་བཅས་པར་བརྒྱབ་པས་ཐལ་བ་རྡུལ་ཕྲན་བཞིན་དུ་ལྷག་མ་མེད་པར་བཏང་བར་བསམ་ནས་དྲག་སྔགས་རྣམས་དང་ལོ་ཏྲི་པཱ་ལའི་ཡང་བཟློག་བྱ། སེང་གདོང་མའི་བཟློག་པ་སོགས་ཀྱང་བྱ། སླར་ལས་མཁན་དམག་རྒྱལ་བ་བཞིན་ཧཱ་ཧཱ་ཧཱི་ཧཱིའི་སྒྲ་སྒྲོགས་བཞིན་པར་ཚུར་ལོག་ནས་མདུན་བསྐྱེད་ལ་ཐིམ་པར་བསྒོམ། དཀྱིལ་འཁོར་གྱི་ཕྱི་རོལ་སྲུང་བའི་འཁོར་ལོ་གསལ་བས་གནོད་བྱེད་སླར་མི་འཇུག་པའི་ངེས་ཤེས་བརྟན་པོ་བསྒོམས་ཤིང་བགེགས་ལྷག་མ་གཏོར་བྲོ་བརྡུངས་ནས་མནན། ༈ རྗེས་ཆོག་གི་མཆོག་གི་གྲུབ་པ་ཡན་ལག་བཅས་དངོས་གྲུབ་བླང་བའི་དམིགས་པ་རྒྱས་པ་རྣམས་དང་། རང་ཉིད་ཀྱིས་སྤྲུལ་པའི་མཆོད་ལྷས་མཆོད་བསྟོད་གཏང་རག་རྒྱས་


KMC025_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞིང་ཉེས་གྱུར་རྣམས་ཞེ་ཐག་པར་སྟོབས་བཞིའི་བཤགས་པ་དང་ཡིག་བརྒྱ་བགྲང་། བྱང་ཆུབ་ཀྱི་བར་དུ་བསྟན་སྲུང་དང་མི་འབྲལ་བར་བསྙེན་ནས་རྒྱལ་བའི་ཕྲིན་ལས་མཆོག་ལ་འཇུག་པའི་སྨོན་ལམ་གདབ། མདུན་བསྐྱེད་དཀྱིལ་འཁོར་གྱི་ཡེ་ཤེས་རྟེན་ལ་བཞུགས་སུ་གསོལ། དམ་ཚིག་པ་རྣམས་རང་གི་སྙིང་ཁར་བསྡུ། བདག་བསྐྱེད་ཀྱང་སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་ཧཱུཾ་ལ་བསྡུ། དེ་ཡང་ཡལ་བའི་གཉུག་མ་སྐྱོངས་ཤིང་མཐར་ཁྲོ་བོ་གཅེར་བུ་ཕྱག་གཉིས་པ་གྲི་ཐོད་ཐོགས་པ་ཞིག་ཏུ་ལོངས་ཏེ་སྣང་སྲིད་སྒྱུ་མ་ལྟ་བུའི་སྤྱོད་པས་ཕྲིན་ལས་རབ་འབྱམས་བསྒྲུབ་བར་བྱ་ཞིང་མཐར་བསྔོ་བ་སྨོན་ལམ་རྒྱས་པར་བྱའོ། །ཞེས་བེར་ཅན་གྱི་གཞུང་སྒྲུབ་ཐབས་ཀྱི་དངོས་བསྟན་གསལ་བའི་དམིགས་པ་རྣམས་དོར། ཤུགས་བསྟན་གོ་དཀའ་བ་དང་། མན་ངག་གནད་ཆེ་བ་རྣམས་རྒྱུན་ཁྱེར་དུས་གཏོར་ལ་གང་དགོས་མ་སྦས་པ་ཞལ་སྦྱོར་བདག་བསྒོམ་ལྟར་ཉུང་ངུར་བཀོད་པའི་ཉེས་ཚོགས་དམ་ཅན་རྒྱ་མཚོར་བཤགས་ཤིང་དགེ་བས་


KMC025_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་བསྟན་མཆོག་ཏུ་འབར་བར་གྱུར་ཅིག །བསྒྲུབ་པའི་དབང་གིས་མཆོག་བསྒྲུབ་དང་། བསྟན་དགྲ་བསྒྲལ་བ་སོགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་རྣམས་ནི་བླ་མའི་ཞལ་ལས་མཉན་པར་བྱའོ། །ཞེས་པ་སི་ཏུའི་མིང་ཅན་གྱིས། མཉན་པ་མཆོག་སྤྲུལ་རིན་པོ་ཆེར་གདམས་པར་བྱ་བའི་ཆོས་དེ་དམ་མེད་ལ་གསང་རྒྱ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྲུང་འཁོར་གྱི་ཡིག་ཆུང་།next