Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་དུས་བརྗོད་རེའུ་མིག་བཅས། ལོ་ཆེན་དྷརྨ་ཤྲཱི།
   
   
   
   
   
   
   
   


 
previousབསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་དུས་བརྗོད་རེའུ་མིག་བཅས། ལོ་ཆེན་དྷརྨ་ཤྲཱི།next

བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་དུས་བརྗོད་རེའུ་མིག་བཅས། ལོ་ཆེན་དྷརྨ་ཤྲཱི།

བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །ན་མཿསརྦ་ཛྙཱ་ཡ། དགེ་ལེགས་ཡོན་ཏན་ཀུན་གྱི་གཏེར། །སྲིད་མཚོར་བྱིང་བ་རྣམས་ཀྱི་སྐྱབས། །ཀུན་མཁྱེན་འགྲོ་བའི་བླ་མ་ལ། །རྟག་ཏུ་དང་བས་ཕྱག་བྱས་ཏེ། །ཉེས་བརྒྱའི་ཆུ་གཏེར་རབ་བསྒལ་ནས། །ཐར་པའི་གླིང་དུ་བགྲོད་བྱེད་པའི། །བསླབ་པ་ཡོངས་སྦྱོང་གཞི་གསུམ་གྱི། །ཆོ་ག་ལེགས་བཤད་གྲུ་ཆེན་བྱ། །འདི་ལ་གསུམ་སྟེ། གསོ་སྦྱོང་། དབྱར་གནས། དགག་དབྱེའོ། །དང་པོ་ནི། དུས་ངེས་པ་ཅན་དང་འབྲེལ་བ་མཐུན་པའི་གསོ་སྦྱོང་གི་དབང་དུ་བྱས་ཏེ། ཐོག་མར་ཚེས་གྲངས་ངེས་པའི་ཕྱིར་སྐུད་པ་ལ་སྨྱིག་མའི་ཐུར་མ་བཅོ་ལྔ་བརྒྱུས་པ་ཉི་མ་རེ་རེ་ཞིང་སྤོ་བས་ཟླ་བའི་མིང་གྲངས་ཡ་དྲུག་གི་མར་ངོའི་ཉིན་ཞག་བཅོ་ལྔ་པ་དོར་ཞིང་གཞན་རྣམས་མ་ཆད་པར་བགྲང་། གལ་ཏེ་ཟླ་བཤོལ་ཡོད་ཚེ་གང་ལ་བཤོལ་དོན་པའི་ཟླ་བ་དེ་ཐུབ་མི་ཐུབ་གང་ཡིན་ཀྱང་རུང་སྟེ། ཉིས་བརྩེགས་ཀྱི་ཕྱི་མ་ཉིད་ཐུབ་པར་རྩིས་ཏེ་བགྲང་ཚུལ་ངེས་པར་བྱས་ལ། དགེ་བསྐོས་ཀྱིས་དེ་ལ་བརྟགས་ནས་ཉིན་རེ་ཞིང་དགེ་འདུན་ལ་བརྗོད་ཅིང་མདོ་བསྐུལ་བར་བྱའོ། །དེ་ནས་གསོ་སྦྱོང་གི་དུས་ལ་བབས་པ་ན། སྦྱོར་བ་ནི། གཙུག་ལག་ཁང་སོགས་འདུ་བའི་གནས་བྱི་དོར་གྱིས་དག་པར་བྱ། དྲི་གཙང་ཁང་གི་དབུས་ལྟ་བུ་མདོ་འདོན་པ་པོའི་གོང་དུ་སྟོན་པའི་སྐུ་གཟུགས་ཁྲི་ལ་སྤྱན་དྲངས་པའི་སྤྱན་སྔར་མཆོད་པ་རྒྱས་པར་བཤམ། གཞི་བདག་ལ་དཀར་གཏོར་གཙང་མ་དང་། མདོ་འདོན་པ་པོའི་སེང་ཁྲི་སོགས་སྟན་རུང་བ་གོ་རིམ་བཞིན་དུ་བཤམ། དགེ་འདུན་བསྡུ་བའི་ཕྱིར། དགེ་ཚུལ་སློང་ངམ། གསོ་སྦྱོང་ལ་གནས་པའི་དགེ་བསྙེན་གྱིས་ཀྱང་རུང་སྟེ། གཎྜི་བརྡུང་བའི་གནས་སུ་སོང་ལ། དཀོན་མཆོག་ལ་ཕྱག་བྱས་ནས་ཤང་ཙ་ལན་གསུམ་སྔོན་དུ་འགྲོ་བས་ལས་ཀྱི་གཎྜི་རྒྱུད་གཅིག་དང་ཏོག་གསུམ་པ་བརྡུང་། ཅིའི་ཕྱིར་བརྡུང་ཞེ་ན། གསོ་སྦྱོང་གི་ཕྱིར་རོ། །ཞེས་གོ་བར་བྱ། དེ་ཡང་འདུ་བའི་སྔ་རོལ་དུ། དགེ་འདུན་རྣམས་ཀྱིས། གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་རང་རྒྱུད་ཀྱི་ལྟུང་བ་ལ་སོ་སོར་བརྟགས་ཏེ། ལྟུང་བ་བྱུང་བར་ཤེས་ན་བཤགས་བསྡམ་བྱིན་གྱིས་བརླབས་པ་གང་ལ་གང་འོས་ཀྱིས་ཕྱིར་བཅོས་ཏེ་འདུ་དགོས་པས། དེ་དག་གི་སྔགས་ནི། ལྷག་མའི་སྦོམ་པོ་ཡང་བ་དང་། ལྟུང་བྱེད་འབའ་ཞིག་པ། སོར་བཤགས། ཉེས་བྱས་ཀྱི་སྡེ་ཚན་ལས་གང་རུང་ཞིག་ཤེས་ན། དེས་ལྟུང་བ་ནང་མི་མཐུན་པའི་དགེ་སློང་གཅིག་གི་དྲུང་དུ་ཕྱིན་ཏེ། མཆིལ་ལྷྭམ་ཕུད། རྒན་ན་ཕྱག་བྱས། ཙོག་པུར་ཐལ་མོ་སྦྱར་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་ཞེས་སོགས་འོག་ནས་འབྱུང་བ་ལྟར་ལན་གསུམ་དང་མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱ། དེ་བཞིན་དུ་ཕམ་པའི་སྦོམ་པོ་ལྕི་ཡང་དང་། ལྷག་མའི་སྦོམ་པོ་ལྕི་བ་ནི་རིམ་པ་ལྟར་དགེ་སློང་དྲུག་དང་། ལྔ་དང་། བཞི་ཡན་ཆད་ཀྱི་མདུན་དུ་བཤགས་ཚིགས་དེ་ཁོ་ནས་བཤགས། གལ་ཏེ་དོགས་པ་དང་ཡིད་གཉིས་ཟ་ན་དགེ་སློང་སྡེ་སྣོད་འཛིན་པ་ལ་དྲིས་ཏེ་ཕྱིར་བཅོས་བྱ། དགེ་འདུན་ལྷག་མ་དང་སྤང་ལྟུང་ནི་གང་ཟག་ཁྱད་པར་ཅན་གྱིས་བཤགས་པས་འདག་ནའང་། གཞན་གྱིས་ཆད་ལས་ཀྱི་སྒོ་ནས་བཤགས་དགོས་པ་མ་གྲུབ་པར་ལས་ཀྱི་ཁ་སྐོངས་ལ་འདུན་ལྟུང་བ་དེ་ཐུན་མོང་པ་མིན་ཞིང་། བཤགས་པས་ཀྱང་མི་འདག་པས་ཐུན་མོང་མིན་པའི་བྱིན་བརླབ་བྱ་དགོས་ཏེ། ལྟུང་བ་མི་མཐུན་པའི་དགེ་སློང་གི་དྲུང་དུ་གཞན་སྔར་ལྟར་ལས། འདི་ལྟ་བུ་འདི་བྱུང་སྟེ། ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་སོགས་འོག་ནས་འབྱུང་བ་ལྟར་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །ཡང་ལས་གྲལ་དུ་འདུག་མ་ཐག་ཏུ་བྲན་ནམ། ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་ཚུལ་སྔར་ལྟར་དང་། ལས་བྱེད་པས་ནི་སེམས་ཀྱིས་བརླབ་པར་བཤད་དོ། །བསྡམ་བྱའི་ཉེས་བྱས་རྣམས་ནི་སྔར་བྱས་ལ་གནོད་འགྱོད་དང་ཕྱིས་མི་ཉམས་པར་བསྲུང་ཞིང་བསྡམ་པར་བྱའོ་སྙམ་དུ་བསམ་ཞིང་། དེ་ནས་ལས་དེ་མ་གྲུབ་བར་དུ་ཉེས་ལྟུང་གིས་མ་གོས་པར་བྱའོ། །དེ་ཡང་སྤྱིར་ཆོས་འདི་པའི་ཕྱིར་བཅོས་བྱེད་ཚུལ་ནི། ཕམ་པ་འཆབ་མེད་ལ་བསླབ་བྱིན་གྱིས་བཅོས། ལྷག་མ་འཆབ་བཅས་ལ་སྤོ་མགུ་དབྱུང་བ་སྟེར་སྤང་ལྟུང་དངོས་པོ་སྤངས་ལ་བཤགས། སོར་བཤགས་མཚམས་ཀྱི་ཕྱི་རོལ་དུ་སྨྲེ་སྔགས་དང་བཅས་པས་བཤགས། ལྟུང་བྱེད་འབའ་ཞིག་པ་དང་བཤགས་བྱའི་ཉེས་བྱས་རྣམས་རང་རང་གི་མིང་གིས་བཤགས། བསྡམ་བྱའི་ཉེས་བྱས་བསྡམ། བཤག་ཡུལ་མ་རྙེད་ན་བྱིན་གྱིས་བརླབ་པ་སྟེ། རང་རང་གི་ཆོ་གས་བཅོས་དགོས་པ་ཉིད་དོ། །དེ་ལྟ་ནའང་ལྟུང་བའི་མིང་རིགས་སོ་སོར་འབྱེད་མི་ནུས་པ་སོགས་ཀྱིས་དེ་རྣམས་ཇི་བཞིན་པ་མ་གྲུབ་པས། དེས་སང་གི་ཕྱག་ལེན་ལྟར་གནས་ཁང་གཅིག་ཏུ་འདུས་ནས་ཕན་ཚུན་བརྗོད་རེས་ཀྱིས་ཐམས་ཅད་དགེ་འདུན་ལས་བཤགས་ན། འོས་པའི་ཕྱག་དང་འདུག་ཚུལ་སྔར་ལྟ་བུས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླ། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ་ཞེས་དྲི། འཆགས་པ་པོས་མཐོང་ལགས། ལེན་པ་པོས་ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། འཆགས་པ་པོས་སྡོམ་ལགས། ཞེས་དང་ཐབས་ལེགས་བྱ། དེ་བཞིན་དུ་བྱིན་རླབས་ལའང་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་སོགས་ནས་ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་གསོ་སྦྱོང་མཛད་ལ། སླད་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །དེ་ལྟར་རྒྱུད་དག་པར་བྱས་ནས་གསོ་སྦྱོང་གི་གནས་དེར་དགེ་འདུན་ཐམས་ཅད་ཚོགས་ཏེ་མཆིལ་ལྷྭམ་ཕུད་ཅིང་གྲལ་ལ་འཁོད་པ་ན། དགེ་བསྐོས་ཀྱི་སྤྱོད་ལམ་འགྲེང་། ཐལ་སྦྱར་འདུད་པ་དང་བཅས་ཏེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་པའི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ཟླ་བ་ཡར་གྱི་ངོའི་གྲལ་ཚེས་བཅོ་ལྔ་པའམ། མར་གྱི་ངོའི་བཅུ་བཞི་པའམ་བཅོ་ལྔ་མངོན་དུ་གྱུར་པ་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་དེ་ཀློག་ཏུ་གསོལ། ཞེས་བསྐུལ་བས་དགེ་འདུན་རྣམས་བཞེངས། སྣམ་སྦྱར་གྱོན་ནས་རྒྱུད་ཆ་གསུམ་པ་འདོན་པར་བྱ་སྟེ། དེ་ལ་ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང་། སྤྲོ་ན། ཇི་སྙེད་སུ་དག་ཅེས་སོགས་ཀྱི་ཡན་ལག་བདུན་པའང་བྱའོ། །དེ་ནས་མདོ་གདོན་པའི་རྒྱུན་ནི། ཤེས་རབ་སྙིང་པོ་ལྟ་བུ་ཞིག་གི་མཇུག་ཏུ། དགེ་བར་གསུངས་ཤིག །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུང་། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ནས་བསྔོ་བའི་རྒྱུད་རྣམས་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་བརྗོད། དེ་ནས་གཏོར་མ་བཏང་བ་ནི། ཆབ་བྲན་ལ། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ རྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏོཏྟེ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང་། གཞན་ཡང་ནགས་ཚལ་དང་། རི་བོ་དང་། ཆུ་ཀླུང་དང་། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་དགེ་བསྐོས་ཀྱིས་སྤྱོད་ལམ་སྔར་ལྟར་འགྲེང་སྟེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་མིང་འདི་ཞེས་བགྱི་བ་གསན་དུ་གསོལ། དེང་དུས་བཟང་པོ་ལ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་སྟོན་པའི་བཀའི་ཆོས་ཉན་པ་སྦྱིན་དུ་གསོལ། ཅེས་བསྐུལ་ནས། ཐམས་ཅད་སྤྱོད་ལམ་བསྟུན། ཐལ་མོ་བསྣོལ། མདོ་འདོན་པ་པོ་ཁྲི་འཛེགས་ཏེ་འདི་སྐད་ཅེས། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང་། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམས་སྦྱོང་ཕྱིར། །དེ་བཞིན་གཤེག་པས་གསོ་སྦྱོང་ཞེས་གསུངས་སོ། །ཞེས་པས་གཉེན་པོས་བསླབ་པ་གསོ་ཞིང་། སྤང་བྱ་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཞེས་བྱ། གསོ་སྦྱོང་ལའང་ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་གཉིས་ལས་འདིར་ཕྱི་མ། དེ་ལའང་དུས་ངེས་ཅན་དང་། དུས་མ་ངེས་པར་བྱ་བ་གཉིས་ལས། འདིར་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པ་ལྟར་ཕྱག་ལེན་དུ་བགྱིད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་གཎྜི་བརྡུང་བ། དགེ་འདུན་བསྡུ་བ། དྲིས་པའི་ཚིག་གིས་ལན་གདབ་པ། སྟན་སྟབས་མི་ཉམས་པར་བྱ་བ་རྣམས་སྔོན་དུ་སོང་ནས། ཆོས་འཆད་ཉན་ཉམས་སུ་མྱོང་བ་ཆོས་སྒྲགས་ཀྱི་མདོ་དང་། དུས་བཟང་གི་མདོའི་དོད་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་མཛད་པ་ཕྱག་ལེན་དུ་གདའ་བས་གསན་པར་ཞུ། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡྷ་ར་དང་ལྷར་བཅས་གནོད་སྦྱིན་དང་། གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་བ། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་ཤིང་ཞིགས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤང་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་ཤིང་། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་བ་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་སྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་པས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། །བསྟན་བསྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །དབུ་བ་སྙིང་པོ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བཏོན་ནས། ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་མར་གྱུར་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བསྔོའོ། །དེ་ནས་སྐབས་འདིར་དགེ་ཚུལ་གྱི་གསོ་སྦྱོང་མཛད་པ་ནི། མདོ་དང་ཀརྨ་ཤ་ཏཾ་དུ་མ་བཤད་ཀྱང་། སུམ་བརྒྱ་པ་ལས། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །ཅེས་གསུངས་པ་ལྟར་ཏེ། དེ་ཡང་རྒྱུད་ཉེས་བྱས་ཀྱིས་མ་གོས་ན་དེས་ཆོག །གལ་ཏེ་གོས་ན་དེ་བཤགས་ཏེ་གསོ་སྦྱོང་བྱ་དགོས་པས། ཐོག་མར་ཉེས་བ་དེ་བྱུང་མ་ཐག་ཏུ་དགེ་སློང་གང་ཡང་རུང་བ་ཞིག་གི་དྲུང་དུ་སོང་སྟེ་བཤགས། དེ་ལྟར་མ་གྲུབ་ན་འདིར་དགེ་འདུན་གྱི་ནང་དུ་དགེ་སློང་ཞིག་གི་མདུན་དུ་བཤགས་ནའང་རུང་བས་ཕྱག་བྱས། ཙོག་པུར་འདུག་སྟེ་མཁན་པོའམ། སློབ་དཔོན་ནམ། གནས་བརྟན་ནམ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་འདི་ལྟ་བུའི་ཉེས་བྱས་འདི་བྱུང་སྟེ། ཞེས་སམ་དེ་ལྟར་མི་ནུས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། མཁན་པོའམ་ནས། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་དང་མཐོང་སྡོམ་ཐབས་ལེགས་བྱ། དེ་ནས་དངོས་གཞི་ནི། དགེ་སློང་ཞིག་གི་མདུན་དུ་ཕྱག་བྱས་ཙོག་པུར་འདུག་སྟེ། སྔར་ལྟར་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོ་སོགས་ཀྱིས་གཟུང་དུ་གསོལ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱས་ནས། ཐོས་པའི་ཉེ་འཁོར་ལས་ལོགས་སུ་བཀར་རོ། །དེ་ནས་དགེ་སློང་གི་གསོ་སྦྱོང་ནི། ལྟུང་བ་ཐུན་མོང་མ་ཡིན་པ་ཕྱིར་བཅོས་དགོས་པ་རྣམས་གོང་དུ་མ་གྲུབ་ན་འདིར་བྱ། གལ་ཏེ་ལྟུང་བ་ནང་མཐུན་པས་བཤགས་ཡུལ་མ་རྙེད་པ་རྣམས་ནི་ཐུན་མོང་གི་བྱིན་བརླབ་བྱ་སྟེ། དེའི་སྔགས་ནི་མདོ་འདོན་པ་པོས་ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་རྣམས་ཀྱིས་ལས་ལ་མི་སྒྲིབ་པར་བྱ་བའི་ཕྱིར་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་གི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ་མ་བྱས་པ་ཡིན་ན་འདི་ལྟར་བྱ་སྟེ། གནས་པ་བློ་མཐུན་བགྱི་བས། ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་གསོ་སྦྱོང་གི་གནས་སུ་བློ་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས། གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ནས། འདོམ་གང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །འདིར་གྲུབ་པ་ནི་བྲག་སྐྱིབས་ལྟ་བུ་རང་གྲུབ། བགྱིས་པ་ནི་སྐྱེས་བུའི་བྱེད་འཕྲོ། ལགས་པ་ནི་བྱས་ནས་ཟིན་པ་སྟེ་སྐབས་སུ་གང་བབ་བརྗོད་དོ། །དེ་དག་ནི་སྦྱོར་བའི་ཆོས་ཏེ། དེ་ལས་རྒྱུད་ཆ་གསུམ་འདོན་པ་དང་གཏོར་མ་བཏང་བ་ནི་ཉིན་རེ་ཞིང་ཡང་བྱར་རུང་ལ། ཆོས་བཤད་ཉན་ནི་ཉ་སྟོང་ཚེས་བརྒྱད་ཀྱི་དུས་བཟང་པོ་རྣམས་ཀྱི་མཚན་མོ་བྱ་བར་གསུང་པས་གསོ་སྦྱོང་གི་སྔ་ཕྱི་གང་དུ་བྱས་ཀྱང་རུང་བའི་ཕྱིར་མེད་མི་རུང་གི་སྦྱོར་བ་མ་ཡིན་ནའང་། འདིར་གསོ་སྦྱོང་གི་སྔོན་དུ་འབྲེལ་ཆགས་སུ་མཛད་པའི་ཕྱག་ལེན་ལྟར་སྦྱར་བས་སྦྱོར་བར་སོང་ཞིང་། ཐུན་མིན་གྱི་ལྟུང་བ་བཤགས་བསྡམས་བརླབ་པ་དང་། ཐུན་མོང་བ་གསོལ་བ་འབའ་ཞིག་གིས་བརླབ་པ་རྣམས་ནི་ལྟུང་བ་ཅན་དགེ་འདུན་གྱི་ལས་ལ་འཇུག་པ་ཐམས་ཅད་ཀྱི་སྔོན་འགྲོར་མེད་མི་རུང་གི་ཡན་ལག་ཏུ་སྣང་བས་གསོ་སྦྱོང་གིའང་སྦྱོར་ཆོག་གལ་ཆེ་ཤོས་ཏེ། འོན་ཀྱང་ལྟུང་བས་མ་གོས་པའི་གང་ཟག་ཁྱད་པར་ཅན་ལ་མི་དགོས་པས་མཐའ་གཅིག་ཏུ་ངེས་པར་དགོས་པའི་སྦྱོར་བར་མི་འགྱུར་ལ། གནས་ཀྱི་བློ་མཐུན་ནི། གཉུག་མར་གནས་པའི་དགེ་འདུན་གྱི་གཙུག་ལག་ཁང་ལྟ་བུ་བློ་མཐུན་མ་ཞིག་པ་ཡིན་ནམ་བྱས་ཀྱང་ཆོག །གཞན་དུ་ན་མེད་མི་རུང་གི་སྦྱོར་བར་འགྱུར་ཞིང་། ལས་ཀྱི་མཚམས་ཆེ་ཆུང་གང་རུང་གཅོད་པ་སོགས་ནི་འདིར་བཏང་སྙོམས་སུ་བྱས་སོ། །དེ་ནས་གསོ་སྦྱོང་གི་གཞི་དངོས་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས་ལས། དང་པོ་ནི་མདོ་འདོན་ཅིང་ཉན་པ་སྟེ། གནས་བརྟན་གྱིས། སོ་སོ་ཐར་པ་ལ་སྟོན་པའི་འདུ་ཤེས། རང་ཉིད་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཚུལ་འདི་ལ་བརྟེན་ན་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ། དེ་ལྟར་ཐུགས་ལ་བཞག་ནས་གསན་པར་ཞུ། ཞེས་བརྗོད་ལ། མཆོད་བརྗོད་རྣམས་ཀྱི་དུས་ཐལ་མོ་སྦྱོར་ཞིང། གཞན་གྱི་ཚེ་ཐལ་མོ་བསྣོལ་ནས་རབ་ཏུ་ཞི་བའི་ཚུལ་གྱིས། རྒྱ་གར་སྐད་དུ། པྲ་ཏི་མོ་ཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོ་ཐར་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེདྒེའི་སྒྲ་བསྒྲགས་པས། །ཐམས་ཅད་མཁྱེན་པ་དཀོན་ཅོག་མཛོད་བསྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་ཅོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བ་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་འདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་འབྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོ་ཐར། །མཉམ་པའི་ཕྱིར་ནི་འབད་པར་བགྱི། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོ་ཐར་པ་ཐོས་པ་དང་། །བཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་རྣམས་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ཅིང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཚེ་དང་ལྡན་པ་དག་སོ་ཀ་རྣམས་ཀྱི་འདས་པ་དང་། ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཞེས་པའི་སྐབས་ཀྱི་དུས་བརྗོད་ཚུལ་ནི། ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔས་སྟོན་ཟླ་རྫོགས་པས། དེའི་ཕྱི་ཉིན་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཤར་བའི་ཕྱིར། དེ་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ནས་འདི་ལྟར་བརྗོད་པར་བྱ་སྟེ། ཧོར་ཟླ་བཅུ་པའི་མར་ངོ་ལ། ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བའི་ཚེ་དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ། །བཅུ་གཅིག་པའི་ཡར་ངོ་ལ། གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །དེའི་མར་ངོ་ལ་ཕྱེད་དང་གཉིས་འདས། ཕྱེད་ལུས། བཅུ་གཉིས་པའི་ཡར་ངོ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ། །ཞེས་བརྗོད། དེ་བཞིན་དུ། དགུན་སྨད་ཀྱི་ཟླ་བ་གཉིས་དང་། དཔྱིད་ཟླ་བ་གཉིས། སོ་ཀའི་ཟླ་བ་གཉིས། དབྱར་ཟླ་བ་གཉིས། སྟོན་ཟླ་བ་གཉིས་རྣམས་རིགས་འགྲེ་ཤེས་པར་བྱ། གལ་ཏེ་ཟླ་ལྷག་ཡོད་ཚེ་གང་ལྷག་པའི་དུས་ཚིགས་དེ་ལ་བཤོལ་དང་བཅས་པའི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གསུམ་ནི་ལུས་སོ། །ཞེས་པ་ལྟ་བུ་སྐབས་དང་བསྟུན་ཏེ་བརྗོད་དོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པའང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པ་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ། །ཞེས་བརྗོད་མ་ཐག་དགེ་བསྐོས་ཀྱིས་བརྟགས་པས། མཚམས་ནང་གི་དགེ་སློང་ན་བ་སོགས་རྐྱེན་དབང་གིས་འདུ་མ་ནུས་པ་ཡོད་ན་འདུན་དག་ལེན་པའི་དགེ་སློང་བསྐོས་ལ། དེས་དེར་ཕྱིན་ནས་འདུན་དག་ལེན་ཏེ། དེ་འབུལ་བའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བའམ། དབང་མེད་པའམ། ཆོས་ལྡན་གྱི་བྱ་བས་གཡེངས་པ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། དེ་ནས་ལེན་པ་པོས་ནང་དུ་འོངས་ཏེ་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སོག་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིའོ། །ཞེས་ལན་གཅིག་བརྗོད། དེ་ནས་གནས་བརྟན་གྱིས། ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོ་ཐར་པ་གདོན་པར་བྱ། །འདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འགའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོ་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམས་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ། སོ་སོ་ཐར་པའི་མདོ་གདོན་པ་གདོན་ཏོ། །རང་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོ་ཐར་པའི་མདོ་འདོན་པ་གདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིང་། ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་མི་འགྱུར་རོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོ་ཐར་པའི་མདོ་འདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བ་དེས་དེ་བཞིན་དུ་འཛིན་ཏོ། །ལྷག་མ་ཐོས་པ་བསྒྲགས་པས་ཀྱང་རུང་བས་འདི་སྐད་ཅེས། ཚེ་དང་ལྡན་པ་དག །སླད་མ་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བ་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་བས་སྔར་གསན་པའམ། ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་མདོའི་ཆེ་བ་དང་མ་ལྷགས་པའི་འདུན་དག་ལེན་བརྗོད། གསོལ་བ་དང་རྣམ་བཞག་འཛིན་དུ་གཞུག་པ་སྔར་བྱ་བས་དངོས་གཞི་མདོ་འདོན་པ་ལ་སྔར་གསུངས་པ་ལས། འདིར་དིང་སང་གི་ཕྱག་ལེན་ལྟར་གླེང་གཞི་ཡན་རྫོགས་པར་བཏོན། དེ་མན་ཕམ་ལྷག་མ་ངེས་པ་དང་རིལ་འདོན་བཞི་པོ་ཐོས་པ་བསྒྲགས་པའི་དབང་དུ་བྱས་པ་སྟེ། སྤྲོ་ཞིང་ནུས་ན་ཇི་ལྟར་རིགས་པ་གདོན་པར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། སོ་སོར་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་འདི་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་དང་། གཞན་ཡང་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་པ་བརྗོད་པར་བྱའོ། །གཉིས་པ་དམིགས་བསལ་གྱི་གསོ་སྦྱོང་ནི། རྐྱེན་དབང་གིས་ལམ་དུ་ཡིད་ཀྱིས་བྱིན་གྱིས་བརླབས་པའམ། གནས་གཅིག་ན་རང་གཅིག་པུ་ལས་མེད་ན་འདུག་ལ། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོངས་བར་བྱ་ཞིང་། སོ་སོ་ཐར་པའི་མདོ་འདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །ཡང་དགེ་སློང་གཉིས་དང་གསུམ་ཡོད་ན་ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་སྟེ། བཙུན་པ་དགོངས་སུ་གསོལ། ཞེས་དང་། མཐར་བཙུན་པས་བཟུང་དུ་གསོལ་ཞེས་བརྗེ་ཞིང་ཐབས་ལེགས་བྱ། དེ་ཙམ་ཡང་མ་གྲུབ་ན། གསོ་སྦྱོང་གི་དུས་ལ་བབ་པ་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་སྔོན་དུ་བཏང་སྟེ། ཐུབ་པའི་སྔོན་གྱི་གསོ་སྦྱོང་། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་དང་། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པ་ཙམ་འདོན་ནོ། །དེ་དག་ནི་དུས་ངེས་པ་ཅན་གྱི་གསོ་སྦྱོང་སྟེ། གཞན་དུ་ངེས་མེད་བཀྲ་ཤིས་པའི་དང་། གནོད་པ་བཟློག་པའི་དང་། རྩོད་པ་བཟློག་པའི་གསོ་སྦྱོང་གསུམ་པ་ལ་ནི། སྦྱོར་དངོས་མཇུག་གསུམ་གྱི་ཆོ་ག་ཐམས་ཅད་སྔར་དང་འདྲ་བ་ལས། གསོལ་བའི་ལས་ཀྱི་ཚེ་གོས་སྦྱོང་བཅོ་ལྔ་པ་སྟེ། ཞེས་པའི་དོད་ལ། བཀྲ་ཤིས་ཀྱི་གོས་སྦྱོང་སྟེ། ཞེས་པ་ལྟ་བུ་དང་། དུས་བརྗོད་དུས། ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལྟ་བུ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་དང་པོའི་བར་ཞག་གསུམ་ནི་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་བདུན་ནི་ལུས་སོ། །ཞེས་བརྗོད་པ་ཙམ་ཁྱད་པར་རོ།། །།གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ། སྦྱོར་བ་ནི། སྔོན་དུ་གཙུག་ལག་ཁང་བྱི་དོར་བྱ་བ་དང་། རྟེན་དགྲམ་པ་སོགས་བྱ་ཞིང་། གནས་མལ་གྱི་གདན་སྤྱད་སོགས་སྟོབ་རྒྱུ་ཡིད་ན་སྟ་གོན་བྱས་ལ། དབྱར་སྔ་མ་ཡིན་ན། དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བ་རྫོགས་པ་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་རྫོགས་པ་ཧོར་ཟླ་བདུན་པའི་ཉིའི་ཉིན་པར་སྔར་བཞིན་གསོ་སྦྱོང་བྱས་ཚར་མ་ཐག་གནས་མལ་སྟོབས་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱ་སྟེ། ཇི་ལྟར་ན་ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོའམ། ཞེས་དྲིས་པའི་ལན་དུ། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། དེ་ནས་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་གནས་མལ་སྟོབ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནས་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་བོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་བསྐོས་པའི་དགེ་སློང་དེས་གནས་མལ་སྟོབས་པ་དང་ཚུལ་ཤིང་བྲིམ་པ་ཡང་བྱའོ། །གལ་ཏེ་གནས་མལ་སྟོབ་མི་དགོས་ན་ཚུལ་ཤིང་བྲིམ་པ་བསྐོ་བའི་ཆོ་ག་ནི། རྩོད་པ་ཞི་བྱེད་ནས་འབྱུང་བ་ལྟར་བརྗོད་དེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ། ཞེས་དྲི། སྤྲོ་ཟེར་ན། སྔར་གྱི་དབྱར་གྱི་གནས་མལ་སྟོབ་པ་ཞེས་པའི་དོད་དུ་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་ཞེས་བསྒྱུར་བས་གསོལ་གཉིས་ཀྱི་ལས་མཇུག་སྡུད་དང་བཅས་པ་བརྗོད་དོ། །དེས་ཚུལ་ཤིང་འཇམ་ཞིང་དྲང་བ་སྲིད་དུ་ཁྲུ་གང་པ་དྲི་བཟང་པོས་ཁ་བསྒྱུར་བ་དགེ་འདུན་གྱིས་གྲངས་ལས་མི་ཉུང་བ་རྣམས་གཟེབ་ཀྱི་སྲོག་མར་རས་དཀར་བཏིང་བས་དཀྲིས་པ་རྒན་པའི་མཐའ་བཞག་ལ། རང་ཉིད་འགྲེང་སྟེ་ཐལ་མོ་སྤྱར་ནས་དབྱར་གྱི་ཁྲིམས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང་། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང་། ལྟུང་བ་གླེང་དྲན་མི་བྱ་བ་འདི་དང་། ཆད་པས་གཅོད་པའི་ལས་མི་བྱ་བ་འདི་དང་། གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་འདི་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱ་བ་འདི་དང་། དགེ་འདུན་གྱི་སྤྱི་གདན་ལ་ཞབས་རྗེན་པར་མི་འཇོག་པ་འདི་དང་། ཞལ་བཤལ་བའི་ཆུ་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་འདོར་བར་བྱ་བ་ལ་སོགས་པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་བཞེས་ཤིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་སྨོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ། དགེ་འདུན་གྱི་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །ཞེས་བརྗོད་ནས་གྲལ་དུ་འདུག་གོ། །དེ་ནས་ལས་བྱེད་པས། ཚུལ་ཤིང་བཞེས་པ་དང་དབྱར་གནས་པར་ཞལ་གྱིས་བཞེས་པའི་སླད་དུ་དགེ་འདུན་རྣམས་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ། སང་ནང་བར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ། །དེ་ནས་བྲིམ་པ་པོས་དང་པོར་སྟོན་པའི་ཚུལ་ཤིང་དར་དང་མེ་ཏོག་གིས་དཀྲིས་པ་ལག་པའི་གུང་སྲིན་གཉིས་ཀྱིས་སྣ་གཉིས་ནས་བླངས་ཏེ་སྤྱི་བོར་རེག་གནས། འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཞེས་པར་མཛད་དོ། །ཞེས་བརྗོད་དེ་སྟོན་པའི་སྤྱན་སྔར་དབུལ། དེ་ནས་སོག་མ་སོ་སོའི་མདུན་དུ་ཁྱེར་ཏེ་གནས་བརྟན་ནས་རིམ་པར་བྲིམ་ཞིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་སྟན་ལས་ཕྱེད་འཕགས་ཏེ་རང་རང་གི་ཚུལ་ཤིང་བླངས་ནས་དལ་བུས་པང་དུ་བཞག །དགེ་སློང་རྫོགས་པ་དང་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི། འདི་ནི་དགེ་ཚུལ་འདི་དང་འདིའི་འོ། །ཞེས་རང་རང་གི་མཁན་སློབ་ཀྱིས་བླང། མཇུག་ཏུ་འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའི་འོ་ཞེས་གནས་བརྟན་གྱིས་བླང་། དེ་ནས་དགེ་སློང་དང་དགེ་ཚུལ་གཉིས་རིམ་པར་མ་འདྲེས་པར་བསྡུས་ནས་གྲངས་བཟུང་སྟེ། བྲིམ་པ་པོས་འགྲེང་སྟེ་ཐལ་མོ་སྦྱར་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །ཞེས་གོ་བར་བྱ་ཞིང་། གྲལ་ན་གནས་པ་རྣམས་ཀྱིས་བཞེས་སོ་ཞེས་ལན་ཟེར་བ་དགག་དབྱེའི་རིགས་འགྲེ་ལས་བཤད་ཁུངས་མེད་པས་མ་དག་གསུངས། དགེ་ཚུལ་འདི་ཉིད་ཀྱིས་བླངས་ཞེས་བརྗོད་པ་ནི་མདོར་མ་བཤད་ཀྱང་མཆིམས་ཆེན་གྱི་ཡི་གེ་ལྟར་ཕྱག་ལེན་དུ་མཛད་དོ། །དེའི་འོག་ཏུ་གནས་མལ་སྟོབ་པ་ནི། སྤྱིར་གནས་ཁང་དང་མལ་སྟན་སོགས་གཉུག་མར་གནས་པ་རྣམས་ལ་བསྟབས་ཟིན་པ་དག་ཡིན་མོད་ཀྱི། འོན་ཀྱང་གློ་བུར་བ་ལ་གསར་སྟོབ་དགོས་པ་དང་། དེར་མ་ཟད་སྟོབ་རྒྱུ་ཡོད་ན་སོ་སོར་སྟོབ་པར་བྱ་བ་སྟེ་བསྐོས་པས་གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་བཟུང་ནས། དང་པོར་གནས་བརྟན་གྱི་མདུན་དུ་འདུག་སྟེ། མཁན་པོའམ་སློབ་དཔོན་ནམ་གནས་བརྟན་གཙུག་ལག་ཁང་འདི་ནི་གོས་ཀྱི་རྙེད་པ་སོགས་ཡོ་བྱད་དང་ལྡན་པ་ལགས་ཀྱི་བཞེས་ཤིག །ཅེས་རྒན་རིམ་ནས་དགེ་ཚུལ་གྱི་མཐའི་བར་དུའང་རང་རང་གི་གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་གཏད་ཅིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་ལྷུང་བཟེད་ལྟར་བླང་ངོ་། །དེ་ནས་མལ་སྟན་ཡང་རིམ་པ་བཞིན་དུ། གདན་ཆ་འདི་ལ་དབྱར་ཚུལ་དང་མཐུན་པར་ལོངས་སྤྱོད་ཅིག །ཅེས་བྲིམས་ཚར་བའི་རྗེས་སུ་སྟོབ་པ་པོས་དགེ་འདུན་གྱི་མཐར་འགྲེང་སྟེ་ཐལ་མོ་སྦྱར་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱོད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གོ་བར་བྱས་ནས། སྤྱོད་ལམ་དེ་ཉིད་ཀྱིས་དབྱར་ཁས་བླང་བ་གོ་བར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་སང་གི་གདུགས་ལ། སྦྱིན་བདག་འདི་ཞེས་བྱ་བའམ་དམིགས་བསལ་མེད་ན་སྐྱེ་བོའི་ཚོགས་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་དུ་བཅས་པ་དུ་མ་དང་། ཞལ་ཏ་པ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བྱ་བ་དང་། བྲོ་གཡོག་པ་འདི་ཞེས་བྱ་བའམ་སོ་སོར་སྨོས་པ་འདི་རྣམས་ལ་བརྟེན་ཏེ་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་བརྗོད། དེ་ནས་བསྔོ་སྨོན་དང་ཤིས་བརྗོད་བྱས་ནས་གྲོལ་ཏེ་དབྱར་གྱི་སྦྱོར་བ་ཚུལ་འཇུག་གི་ཆོ་གའོ། །དེ་ནས་དབྱར་ཁས་བླང་བ་དངོས་གཞིའི་ཆོ་ག་ནི། དེའི་ཕྱི་ཉིན་ཚེས་བཅུ་དྲུག་གི་ནང་པར་རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པར་དགེ་སློང་གི་མདུན་དུ་ཁས་བླང་བར་བཤད་ཀྱང་། དེང་སང་འདུས་ནས་མཛད་པ་ཕྱག་ལེན་དུ་གདའ་བ་གཎྜི་བརྡུངས་ཏེ་འདུས་པ་དང་། དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། ཞེས་སོགས་ཀྱིས་རྒྱུད་ཆ་གསུམ་པ་དང་གཞི་བདག་ལ་གཏོར་མ་བཏང་། དེ་ནས་དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་མདུན་དུ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ཏེ། བཙུན་པ་དགོངས་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱ། དབྱར་ཕྱི་མ་ཡིན་ན་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་བསྒྱུར། སྦྱིན་བདག་སོགས་ཡོད་ན། གྲུམ་པ་བཅོས་པའི་སླད་དུ་ཞེས་པའི་མཇུག་ཏུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་འདི་ཞེས་བགྱི་བས། དབྱར་སྔ་མ་ཟླ་བ་གསུམ་ཞེས་སྦྱར་རོ། །དམིགས་བསལ་ཡུལ་མེད་ན་གནས་འདིར་དབྱར་ཟླ་བ་གསུམ་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པར་འགྱུར་ཏེ། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟར་དབྱར་ཁས་བླངས་པའི་རྗེས་སུ་ཇི་ལྟར་བསྒྲུབ་པའི་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་གནས་མལ་ལ་ལོག་པར་སྤྱད་མ་སྤྱད་བརྟག་པ་སོགས་བསྐོས་པའི་གང་ཟག་གི་བྱ་བ་དང་། དགེ་འདུན་སྤྱིའི་བྱ་བ་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་བརྩོན་ཅིང་། ལྷུང་བཟེད་ཁ་སྒྱུར་བ་སོགས་དོན་མང་བ་དང་བྱ་བ་མང་བ་སྤང་། འཁྲུག་སློང་གི་རྒྱུ་ལྟུང་བ་གླེང་བ། རྙེད་པ་བགོ་བ། འཐབ་རྩོད་བྱེད་པ་སྤང་། གཙུག་ལག་ཁང་ཐིགས་ཚགས་སོགས་ཀྱིས་བསྐྱང་། མཚམས་ཀྱི་ཕྱི་རོལ་ཏུ་ཞག་ཏུ་མི་སྡོད། འོན་ཀྱང་ཆོས་ལྡན་གྱི་དགོས་པའི་དབང་གིས་མཚམས་ཀྱི་ཕྱིར་ཞག་སྡོད་བྱེད་དགོས་ན་དབྱར་མི་རལ་བའི་སླད་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེ་ལ་དབྱར་གྱི་མཐའི་ཞག་དྲུག་མ་གཏོགས་པ་གང་ཟག་ལས་ཞག་གཅིག་ནས་བདུན་གྱི་བར་གང་རུང་བྱིན་གྱིས་བརླབ་པའི་ཆོ་ག་ནི། མཚམས་ནང་དུ་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །དེ་བཞིན་དུ་ཞག་གཅིག་དང་གཉིས་སོགས་གང་ཡིན་འདོན་པ་བརྗེ་བར་བྱའོ། །གལ་ཏེ་ཞག་བདུན་གྱིས་མི་འགྲུབ་པའི་དགེ་འདུན་ལ་སོགས་པའི་ཆོས་ལྡན་གྱི་ཆེད་དུ་འགྲོ་དགོས་ན། དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་ཐོབ་པར་བྱས་རྗེས་ཞག་བརྒྱད་ནས་བཞི་བཅུའི་བར་གང་དགོས་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་ཆོ་ག་ནི། དགེ་འདུན་གྱི་ཆེད་ཡིན་ན། ལས་བྱེད་པས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་སྤྲོའམ་དྲི། དེས་ཀྱང་སྤྲོ་ལགས་ཞེས་བྱ། རང་དོན་ཡིན་ན་དྲི་མི་དགོས་ཞེས་གཉགས་དབོན་གསུང་། དེ་ནས་རང་གིས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར་དགེ་འདུན་ལ་ཕྱག་བྱས་ཏེ་རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་ན མ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གནང་བ་སྦྱིན་པའི་ལས་དངོས་ནི། ལས་བྱེད་པས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱིས་གནས་འདི་ལགས་པ་ལས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང ། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩལ་ཏོ། །འདི་ནི་གསོལ་པའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་སྔར་ལྟར་ལས། གསོལ་ཏེ། དེའི་སླད་དུ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་ཞེས་པ་ནས། གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་འཛིན་ཏོ། །ཞེས་བརྗོད། དེ་ལྟར་དགེ་འདུན་ལས་གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ནང་གི་དགེ་སློང་ཞིག་གི་མདུན་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་སྔགས་ནི། སྔར་གྱི་ཞག་བདུན་པའི་ཆོ་ག་དེ་ཉིད་ལ། ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ་དགུང་བདུན་ཞེས་པའི་ཚབ་ཏུ། དགེ་འདུན་ནམ་ཆོས་ལྡན་སླད་དུ་དགུང་བརྒྱད་དམ་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། ཞེས་བསྒྱུར་བ་ཙམ་ཁྱད་པར་རོ།། །།གསུམ་པ་དགག་དབྱེའི་གཞིའི་ཆོ་ག་ལ། སྦྱོར་བ་ནི། དགག་དབྱེ་འབྱུང་བའི་ཞག་བདུན་ལ་སོགས་པའི་སྔ་རོལ་ནས་སྤྱོད་ཡུལ་གྱི་གྲོང་དུ་གོ་བར་བྱ་བ་དང་། འཁོན་ཡོད་ན་བཟོད་པར་གསོལ་བ་དང་། གཙུག་ལག་ཁང་བརྒྱན་པ་སོགས་བྱས་ལ། དབྱར་སྔ་མ་ཡིན་ན་སྟོན་ཟླ་འབྲིང་པོ་དབྱུག་པའི་ཟླ་བའམ། ཕྱི་མ་ཡིན་ན་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བའི་ཚེས་བཅུ་བཞིའི་མཚན་ཐོག་ཐག་འཆད་ནུས་པའི་དགེ་སློང་སྡེ་སྣོད་འཛིན་པ་ཡོད་ན་ཁྱིམ་པ་རྣམས་ཀྱང་ཉན་པར་བསྐུལ་ཏེ་ཆོས་བསྟན། དེ་ཙམ་མི་ནུས་ན་ཚེས་གྲང་བརྗོད་དེ་བསྐུལ་ནས་དུས་བཟང་གི་མདོ་འདོན་པ་ཙམ་ངེས་པར་བྱ་ཞེས་མཁན་པོ་མཆིམས་ཆེན་པོ་གསུང་། བཅུ་བཞི་མཚན་མོའི་ཐ་རྫོགས་པ་སྐྱ་རེངས་ཤར་བའི་མདུན་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔ་པར་གྱུར་བའི་སྔ་དྲོའི་དུས་སུ་རྩྭ་ཟོར་བ་སྟ་གོན་བྱ། ལས་ཀྱི་གཎྜིས་རྡུངས་ཏེ་དགེ་འདུན་ཐམས་ཅད་འདུས་པ་ན། ཐམས་ཅད་ཀྱིས་ཕན་ཚུན་དུ་ཕྱག་ཟིང་པོར་བྱས་ལ། འགྲེང་སྟེ་འདུད་པ་དང་བཅས་པས། དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །ཞེས་བྱས་ལ་འདུག་སྟེ། དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། ཞེས་བསྐུལ་ནས། རྒྱུད་ཆ་གསུམ་པ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་གདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་སུ་དགེ་ཚུལ་རྣམས་ཀྱི་བཤགས་པ་བྱེད་དགོས་ནའང་བྱས་ལ། དགེ་ཚུལ་རྣམས་བཀར་ཏེ། དེའི་འོག་ཏུ་མཚམས་ནང་དེ་ན་ཡོད་པའི་དགེ་སློང་ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པས་འདུན་པ་དང་དགག་དབྱེ་གཉིས་ཀ་འབུལ་བའི་སྔགས་ནི། དགེ་འདུན་གྱིས་བསྐོས་པའི་ལེན་པ་པོའི་དྲུང་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། དེ་ནས་ལྟུང་བ་ཤེས་པ་རྣམས་བཤགས་བསྡམ་བྱིན་གྱིས་བརླབ་པ་གང་ལ་གང་འོས་བྱ་སྟེ། དེ་ཡང་གསོ་སྦྱོང་གི་སྐབས་ལྟར་ལས་གྲལ་ལ་འདུ་བའི་སྔ་རོལ་དུ་བྱ་ཞིང་། དེར་མ་གྲུབ་ན་འདིར་བྱས་ལ། ལྟུང་བ་ཐུན་མོང་པ་རྣམས་ཀྱི་བྱིན་རླབས་ཀྱང་བྱའོ། །དེ་རྗེས་སྔ་རབས་པ་རྣམས་གནས་ཀྱི་བློ་མཐུན་མཛད་མོད། དེ་ལ་མཁས་པ་ཁ་ཅིག །དགག་དབྱེའི་ལས་དངོས་གཞི་དེ་གང་ཟག་གི་ལས་ཡིན་གྱི། དགེ་འདུན་གྱི་ལས་དངོས་མ་ཡིན་པས། དགེ་འདུན་གྱི་དགག་དབྱེའི་གནས་སུ་བློ་མཐུན་པར་བགྱིའོ། །ཞེས་འདོན་མི་རིགས་པའི་ཕྱིར་མི་འཐད་གསུང་། གང་ལྟར་ཀྱང་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བྱས་པ་དེ་ཉིད་ལས་གཞན་ཐམས་ཅད་ཀྱི་གནས་ཡིན་པས། དེ་མ་ཞིག་ན་ངས་གཞན་བྱེད་པ་ལ་བློ་མཐུན་བསྐྱར་ནས་བྱེད་མི་དགོས་པ་གསལ་བར་གསུངས་པས་གསོ་སྦྱོང་གི་ལག་ལེན་ཡོད་པའི་གཉུག་མར་གནས་པའི་དགེ་འདུན་གྱི་གནས་རྣམས་སུ་བྱེད་མི་དགོས་པར་གྲུབ་བོ། །དེ་ནས་དགག་དབྱེ་བྱེད་པ་པོ་བསྐོ་སྟེ། ལས་བྱེད་ལས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ་ཞེས་དྲི། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། ཡང་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་དགག་དབྱེ་བྱེད་པ་པོ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་བསྡུ་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིས་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བ་བཟོད་པ་དེ་དག་ནི་ཅང་མ་གསུངས་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱི་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། ཡང་ལས་བྱེད་པས། དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དེང་དགེ་འདུན་གྱི་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །ཞེས་བརྗོད། དེ་ནས་དགག་དབྱེ་དངོས་གཞིའི་ཆོ་ག་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས། དང་པོ་ལའང་གཉིས་ལས། ཐོག་མར་ཚུལ་ཁྲིམས་དང་ཆོས་རྣམས་པར་དག་པའི་ཕྱིར་ལྟུང་བའི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེས་རྩྭ་ཟོར་བ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་བྲེམས། དེ་རྗེས་དགེ་སློང་གསུམ་གསུམ་མན་ཆད་ཀྱིས་བསྐོས་པ་དེ་རྒན་ན་ཕྱག་བྱས། ཙོག་པུར་འདུག་སྟེ་ཡུལ་རྟེན་གཉིས་ཀས་རྩྭ་ཆུན་རྒྱ་གྲམ་དེའི་རྩ་བ་རང་རང་གི་རྐང་པས་མནན། རྩེ་མོ་ལག་གཉིས་ཀྱིས་བཟུང་སྟེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་མམ། རྐྱེན་དབང་གིས་མ་འགྲུབ་ན་གཉིས་སམ་གཅིག་བརྗོད་པས་ཀྱང་ཆོག །མཇུག་ཏུ་ཐབས་ལེགས་བྱའོ། །དེ་ནས་བསྐོས་པ་དེས་ཀྱང་གཞན་ཞིག་གི་དྲུང་དུ་དགག་དབྱེ་བྱས་རྗེས་རྩྭ་ཆུན་རྣམས་བསྡུས་པ་བགྲངས་ནས། འགྲེང་སྟེ་འདུད་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་འདིར་དགེ་སློང་འདི་སྙེད་ཀྱི་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱས་པའི་རྗེས་སུ་གྲལ་ན་འཁོད་པ་རྣམས་ཀྱིས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། དེ་ནས་རྙེད་པའི་སྒོ་དབྱེ་བའི་ཕྱིར་རྫས་ཀྱི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེས་རང་གི་རྫས་ཁབ་ཡན་ཆད་གང་རུང་ཞིག་ཐོགས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངམ། ཞེས་བརྗོད་པས། ཐམས་ཅད་ཀྱིས་ལེགས་པར་རུང་ངོ་། ཤིན་ཏུ་རུང་ངོ་། །ཞེས་བརྗོད། དེའི་འོག་ཏུ་དགེ་ཚུལ་རྣམས་བོས་ཏེ་དགག་དབྱེ་སྔར་བཞིན་བྱེད་དུ་བཅུག་ནས་དགེ་འདུན་ལ་གོ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། བསྐོས་པ་དེས་དགེ་སློང་དང་དགེ་ཚུལ་གྱི་དབྱར་རྙེད་རྣམས་བསྡུས་ཏེ་ལྷན་གཅིག་ཏུ་བགོ་བར་བྱ་ཞིང་། བསྔོ་བ་དང་ཤིས་བརྗོད་བྱས་ནས་ལྡང་བ་ནི་དགག་དབྱེའོ། །དེ་ཉིན་ཚེས་བཅོ་ལྔ་ཡིན་ཀྱང་གསོ་སྦྱོང་བྱ་མི་དགོས་ཏེ། དགག་དབྱེ་བྱས་པས་གསོ་སྦྱོང་ཡང་དེས་འགྲུབ་པའི་ཕྱིར། དེ་ལྟར་ཡང་ས་གའི་ལྷས། སྡིག་པ་དམན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། །དགག་དབྱེ་ཡང་ནི་དེ་ཉིད་ཡིན། །ཞེས་སོ། །རྒྱུ་མཚན་དེས་དབྱར་ཁས་མ་བླངས་པའི་རབ་བྱུང་དེ་ཉིད་གློ་བུར་དུ་ལྷགས་པ་གཞན་ཡོད་ནའང་དགག་དབྱེ་བྱེད་དགོས་པར་གྲུབ་བོ། །དེའི་ཕྱི་ཉིན་ཚེས་བཅུ་དྲུག་ལ་གནས་ལ་ལྷག་པར་ཆགས་པ་དང་དུབ་པ་སོགས་སྤང་བའི་ཕྱིར་རྒྱང་གྲགས་གཅིག་ཕན་ཆད་དུ་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །གཉིས་པ་དམིགས་བསལ་གྱི་དགག་དབྱེ་ནི། རྐྱེན་དབང་གིས་དབྱར་ཟླ་བ་གསུམ་གནས་པར་མི་ནུས་ན་ཟླ་བ་གཅིག་གམ་ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། མདོ་རྩ་བར། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །ཞེས་སོ། །ཡང་གསོ་སྦྱོང་གཉིས་སོགས་མ་སོང་བ་དང་ཉ་སྟོང་མ་ཡིན་པའི་དུས་སུའང་དམག་འཁྲུགས་སོགས་ཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་ཐམས་ཅད་གྱེས་དགོས་ན། དགེ་སློང་རྣམས་ཕན་ཚུན་གཅིག་གི་གཅིག་ལ་ཕྱག་བྱས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཞེས་པ་ནས། ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་པའི་བར་གསུམ་དང་། ཐབས་ལེགས་བྱའོ། །དགེ་འདུན་ཐམས་ཅད་མི་གྱེས་པར་གང་ཟག་འགའ་ཞིག་རྐྱེན་དབང་གིས་འགྲོ་དགོས་ནའང་རང་གི་མིག་སྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ཞིག་གི་དྲུང་དུ་ཆོ་ག་འདི་བྱར་རུང་བ་ཡིན་ནོ། །དེ་ནི་ཚོགས་ཀྱི་དགག་དབྱེའོ། །ཡང་དབྱར་བྱིན་གྱིས་བརླབས་ཏེ་སོང་བ་ལས་མཚམས་གཞན་གྱི་གཙུག་ལག་ཁང་དུ་དགག་དབྱེ་བྱེད་པ་དང་ཐུག་ན་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནའང་འཆགས་ཤིང་ཉེས་པ་མེད་དོ། །ཡང་དགག་དབྱེ་གང་དུ་བྱ་བའི་གནས་དེ་ན་དགེ་སློང་བཞི་ལས་མེད་ན། དགག་དབྱེ་བྱེད་པ་པོ་བསྐོར་མི་རུང་བས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོས་གོང་ལྟར་བྱ་ཞིང་། དགེ་སློང་གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བརྗོད་རེས་ཀྱིས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་མ་རྙེད་པ་དེའི་ཚེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། རང་གཅིག་པུ་ཡིན་ན་དངོས་གཞི་ཙམ་ལན་གསུམ་བརྗོད་དོ། །དེ་ནི་དགག་དབྱེ་བྱིན་གྱིས་བརླབ་པའི་ཆོ་གའོ། །གང་ཡང་འགྲོ་ལ་ཕན་བདེ་ཡི། །འབྱུང་གནས་ཐུབ་བསྟན་རིན་པོ་ཆེའི། །གཞིར་གྱུར་ལྷག་པ་ཚུལ་ཁྲིམས་ཀྱི། །སྙིང་པོ་དག་ཅིང་སྤེལ་པའི་ཕྱིར། །གཞི་གསུམ་ཆོ་ག་ཐར་གླིང་དུ། །བགྲོད་པའི་གྲུ་ཆེན་བཟང་པོ་འདི། །གཉོས་བཙུན་དྷརྨ་ཤྲཱིས་བསྡེབས། །བསྟན་དང་འགྲོ་ལ་ཕན་པར་ཤོག །ཅེས་པ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐྱབས་མགོན་བླ་མ་མཆོག་གི་བཀའ་སྩལ་མ་ཆོག་པར་བརྟེན་དགེ་སློང་རྨོངས་པ་དྷརྨས་རབ་མྱོས་ཀྱི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ཨོ་རྒྱན་དཔལ་འབྱོར་རོ། །ཕྱིས་མྱོས་ལྡན་ས་ཡོས་ཀྱི་ལོ་རྩོམ་པ་པོ་རང་ཉིད་ཀྱིས་དབྲི་བསྣན་ཅུང་ཟད་བགྱིས་སོ།། །།


previousབསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་དུས་བརྗོད་རེའུ་མིག་བཅས། ལོ་ཆེན་དྷརྨ་ཤྲཱི།next