Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།
   
   
   
   
   
   
   


 
previousསྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།next

སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།

སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་སྨད་འདུལ་བའི་མཁན་བརྒྱུད་ཀྱི་རྣམ་ཐར་ཡིད་ཆེས་ངོ་མཚར་བའི་གཏམ་ཉུང་གསལ་སྒྲོན་མེ་ཞེས་བྱ་བ། སྟོན་པ་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །ཐུབ་ཆེན་འགྲོ་བའི་བླ་མ་ཟས་གཙང་སྲས། །གང་གི་རིང་ལུགས་ཞིང་འདིར་གསལ་མཛད་པ། །མཁན་ཆེན་ཞི་འཚོ་བརྒྱུད་པར་བཅས་ལ་འདུད། །ཐབས་མཁས་ཤིང་རྟས་གདུལ་བྱ་ཐར་གླིང་དང་། །འཁྲིད་མཁས་མཁན་བརྒྱུད་རིམ་པར་བྱོན་པའི་ཚུལ། །ཉུང་ངུའི་ངག་གིས་ཡིད་ཆེས་ངོ་མཚར་གཏམ། །རྒྱ་ཆེན་གསལ་ནུས་ལེགས་བཤད་སྒྲོན་མེ་བྱ། །དེ་ལ་འདིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་རྒྱུན་ནི་བོད་ཡུལ་གྱི་འདུལ་བ་འཛིན་པ་ཐམས་ཅད་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ཡིན། དེ་ལྟར་ནའང་སྡོམ་རྒྱུན་རིམ་པ་གསུམ་བྱུང་སྟེ། དང་པོ་ནི། མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་བསྟན་པའི་ཉི་མ་བླ་ཆེན་པོ་ལ་བརྒྱུད་པ་སྨད་འདུལ་བའི་ལུགས། གཉིས་པ་ནི། ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨཱ་པཱ་ལ་ནས་པཱ་ལ་རྣམ་གསུམ་སོགས་ལ་བརྒྱུད་པ་སྟོད་འདུལ་བའི་ལུགས། གསུམ་པ་ནི། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལ་བརྒྱུད་པ་ཁ་ཆེའི་ལུགས་དང་གསུམ་ལས། འདིར་སྨད་འདུལ་བའི་མཁན་བརྒྱུད་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་ཚུལ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་བདག་ཅག་གི་སྟོན་པ་འདི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སངས་རྒྱས་ནས་སླར་ཡང་འཚང་རྒྱ་ཚུལ་སྟོན་པ་སོགས་གང་ལ་གང་འདུལ་གྱི་བཀོད་པ་ཚད་མེད་པར་སྟོན་པར་གསུངས་པ་དང་། ཡང་གྲངས་མེད་གསུམ་གྱི་བར་དུ་སློབ་ལམ་བཞིའི་མཐར་ཐུག་ས་བཅུ་པ་མན་ཆད་བགྲོད་དེ་འཛམ་བུའི་གླིང་འདིར་སངས་རྒྱས་པ་བཞིན་དུ་བྱེ་བ་ཕྲག་བརྒྱའི་ཞིང་ཀུན་ཏུ་སྐུ་མཉམ་དུ་བསྟན་ནས་དོན་མཛད་པར་གསུངས་པ་ལ་སོགས་པའི་ཚུལ་དུ་མ་ཡོད་ཀྱང་། འདིར་སྐབས་སུ་བབ་པ་ལུང་དང་སྔོན་འབྱུང་སོགས་འཁོར་ལོ་དང་པོའི་བཀའ་དགོངས་འགྲེལ་དང་བཅས་པ་ལས་འབྱུང་བ་ནི་སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་སེམས་བསྐྱེད། དེ་ནས་བཟུང་སྟེ་ཚོགས་ལམ་གྱི་བསྡུས་པའི་ཚོགས་བསྐལ་པ་གྲངས་མེད་གསུམ་དུ་བསགས་ཏེ། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །དེ་ནས་བསྐལ་པ་བརྒྱར་མཚན་བཟང་གི་རྒྱུ་བསྒྲུབས་ནས་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་འཁྲུངས། དེ་ནས་ཡུལ་དང་རིགས་དང་དུས་དང་བརྒྱུད་དང་བུད་མེད་དེ་ལྔ་ལ་གཟིགས་ནས་ཆུ་སྟོད་ཟླ་བའི་ཉ་ལ་གླང་པོ་ཆེ་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་ཕལ་ཆེར་རྫོགས་པར་དཔྱིད་ཟླ་ཐ་ཆུང་གི་ཚེས་བདུན་སྐར་མ་རྒྱལ་ལ་བབས་པ་ན་ལུམྦིའི་ནགས་ཚལ་དུ་བལྟམས་ཏེ། སྒྱུ་རྩལ་གྱིས་དྲེགས་པ་ཅན་རྣམས་ཚར་བཅད་ནས་བཙུན་མོའི་འཁོར་དང་བཅས་ཏེ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས་སོ། །དེ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་ལོ་དྲུག་ཏུ་དཀའ་བ་སྤྱད་དེ། རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་དགུང་ལོ་སོ་ལྔ་པ་ལ་ས་ག་ཟླ་བའི་ཉའི་སྲོད་ལ་བདུད་བཏུལ་ཞིང་སྐྱ་རེངས་འཆར་བར་ཕྱོགས་པ་ན། མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཚེ་རང་བྱུང་གི་བསྙེན་པར་རྫོགས་པར་གྱུར་ཏོ། །དེའང་ཚོགས་ལམ་ཆེན་པོའི་རྟེན་ལ་སྦྱོར་ལམ་དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་སྟན་ཐོག་གཅིག་ལ་མངོན་དུ་མཛད་པ་སྟེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐར་བརྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ། །དེ་ནས་ཞག་ཞེ་དགུ་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལས་བརྩམས་ཏེ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས་ལྔ་སྡེས་དགྲ་བཅོམ་པ་ཐོབ་བོ། །ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་ལ་སོགས་པ་ནས་རབ་བཟང་གི་བར་བཏུལ་ཏེ་དགུང་ལོ་བརྒྱད་ཅུ་པ་ས་གའི་ཉ་ལ་གྱད་ཡུལ་རྩྭ་མཆོག་གི་གནས་ཤིང་སཱ་ལ་ཟུང་གི་ཚལ་དུ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པར་སྟོན་པར་མཛད་དོ། །དེ་ལྟར་སྟོན་པ་སངས་རྒྱས་ལས་སྡོམ་རྒྱུན་ཇི་ལྟར་བརྒྱུད་ཚུལ་ནི། སྤྱིར་ས་གའི་ལྷས། གང་ཕྱིར་བསྙེན་པར་རྫོགས་པ་ནི། །གཞན་ཡང་བྱེ་བྲག་སྨྲ་བར་བརྗོད། །ཇི་ལྟར་གནས་པ་མཁྱེན་པས་ན། །འདྲེན་པ་རང་རྒྱལ་རང་བྱུང་གིས། །འཕགས་པ་ཀ་ཌཱི་ནྱ་སོགས། །ལྔ་སྡེ་རྣམས་ནི་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོད་སྦྱིན་མ། །ཚུར་ཤོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བས་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་ས་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་ལས་ལྷག་པས་ཀྱང་ནས་རུང་། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གའུ་ཏ་མ་ལྕི་ཆོས་ཀྱི། །ཞེས་བསྙེན་པར་རྫོགས་ཚུལ་བཅུ་གསུངས་པ་ལས། རང་བྱུང་གི་བསྙེན་རྫོགས་ནི། ཡུལ་གཞན་ལ་མ་བརྟེན་པར་སྲིད་པ་ཐ་མ་པའི་གང་ཟག་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་བརྙེས་པའི་ཚེ་རང་གི་ངང་གིས་རྫོགས་པ་ཡིན་ལ། འཕྲིན་དང་བཅུའམ་ལྔའི་ཚོགས་ཀྱིས་རྫོགས་པ་གཉིས་ནི་ཆོ་གའི་རིགས་བྱེད་ལ་བསྟེན་པ་ཡིན་ཞིང་། དེ་ལྷག་བདུན་པོ་སྟོན་པའི་ཐུགས་རྗེ་ལ་བརྟེན་ནས་རང་གི་ངང་གིས་བསྙེན་པར་རྫོགས་པ་ཡིན་པས་ཡུལ་སྟོན་པ་སངས་རྒྱས་ལ་བརྟེན་པའི་བསྙེན་རྫོགས་ཏེ་དེ་ལས་འདིར་ནི་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་པ་ཤཱ་རིའི་བུ་ལས་བརྒྱུད་པ་ཡིན་ནོ། ༈ །དེ་ལས་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ནི། ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་བྲམ་ཟེ་མོ་ཤཱ་ཱརི་ཀའི་སྲས་སུ་འཁྲུངས། མཚན་ཀུན་ཏུ་རྒྱུ་ཉེ་རྒྱལ། ཆུང་ངུ་ནས་རིག་བྱེད་ཐམས་ཅད་ལ་མཁས། མཁན་པོ་ཡང་དག་རྒྱལ་བའི་ཐད་དུ་ཚངས་པར་སྤྱོད་ཅིང་། སློབ་མ་བསྐྱང་བའི་ཚེ། མཁན་པོ་འདས་ཁར་སངས་རྒྱས་ལས་རབ་ཏུ་ཕྱུངས་ཤིག་ཅེས་ཁ་ཆེམས་བཞག་པ་དང་། རྒྱལ་པོའི་ཁབ་ཏུ་སོང་བ་ན་འཕགས་པ་རྟ་ཐུལ་མཐོང་བས་དད་དེ། ཁྱོད་ཀྱི་སྟོན་པ་གང། ཅིའི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ་ཞེས་དྲིས་པ་ལ་ཨ་ལན་བཏབ་པས། ཉེ་རྒྱལ་གྱིས་དེའི་ཆོས་སྟོན་ཅིག །རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། ཞེས་སོགས་གསུངས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་མཐོང་ནའང་། གཟུགས་ཀྱི་སྐུ་བལྟ་བའི་ཕྱིར་འགྲོའི་ཞེས་མའུ་གལ་གྱི་བུ་དང་འགྲོགས་ནས་སོང་བ་ལས། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཐོང་ནས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཚུར་ཤོག་ལ་ཚངས་པ་མཚུངས་པར་སྤྱད་པར་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས། སྐྲ་དང་ཁ་སྤུ་རང་བྱི་ཆོས་གོས་གསུམ་གྱོན་ཞིང་ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་སོ། །དེའི་ཚེ་བར་སྣང་གི་ལྷས། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་གྱུར། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་ཟླ་བ་ཕྱེད་འདས་པ་ན་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སེན་རིང་ལ་ཆོས་བསྟན་པས་ཆོས་མིག་ཐོབ་ཅིག་ཚུར་ཤོག་གི་དགེ་སློང་དུ་གྱུར་པའི་ཚེ་ཆོས་དེ་ཐོས་པས་ཤཱ་རི་བུས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བསྙེན་པར་གྱུར་ཏོ། ༈ །དེའི་མཁན་བུ་སྟོན་པའི་སྲས་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡབ་རྒྱལ་བུ་དོན་གྲུབ་སྟེ་རབ་ཏུ་བྱུང་ཁར་གྲགས་འཛིན་མའི་མངལ་དུ་བཞག་ནས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་བལྟམས་ཤིང་དེའི་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པས་ཁྱེའུའི་མིང་སྒྲ་གཅན་འཛིན་དུ་བཏགས། ལོ་དྲུག་པ་ལ་བཅོམ་ལྡན་འདས་བཙུན་མོའི་ཁྱིམ་དུ་གདུགས་ཚོད་ལ་བྱིན་པའི་ཚེ་ཞབས་ཕྱིར་འབྲངས་པ་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ནས་འཕགས་པ་ཤཱ་རིའི་བུ་ལས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད། སྟོན་པ་ལས་ཆོས་མང་དུ་བླངས་ཤིང་བསྒྲུབས་པས་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་གྱུར་ཏེ། ཐུབ་པ་ཆེན་པོས་བཀའ་བསྒོས་པ་བཞིན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱ་དང་བཅས་ཏེ་པྲི་ཡངྐུའི་གླིང་ན་བསྟན་པ་སྐྱོང་བཞིན་དུ་བཞུགས་སོ། ༈ །དེའི་མཁན་བུ་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ་ནི། ཡུལ་ཨོ་ཌི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང་རིག་པའི་གནས་བཅོ་བརྒྱད་སོགས་ལ་མཁས་པས་བྲམ་ཟེའི་ཁྱེའུ་རྣམས་ལ་གསང་ཚིག་ཀློག་ཅིང་གསན་པ་ལས། ནམ་ཞིག་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པས་ནང་གི་ནུས་པ་བརྙེས། དེའི་ཚེ་བྲམ་ཟེ་རྣམས་ཀྱིས་མྱོས་བྱེད་གསོལ་བ་ལ་བརྟེན་ནས་དམའ་དབབ་པར་འདོད་པ་ན་ཐམས་ཅད་ནུས་པས་ཚར་བཅད། དེ་ནས་ཡུལ་དབུས་སུ་བྱོན་ཏེ་འཕགས་པ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རིང་པོ་མ་ཐོགས་པར་དགེ་སློང་སྡེ་སྣོད་འཛིན་པ་ཆེས་མཆོག་ཏུ་གྱུར་ནས་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་སར་གཙུག་ལག་ཁང་བརྩིགས་པ་ནཱ་ལེནྡྲར་གྲགས་པ་སྟེ་ཐོག་མར་མྱ་ངན་མེད་ཀྱིས་བརྩིགས་ཤིང་དེ་རྗེས་ཐོ་བཙུན་སྐུ་མཆེད་ཀྱིས་ཆོས་གཞི་དར་བར་མཛད་པ་དེའི་མཁན་པོར་གྱུར་ནས་བསྟན་པ་ཆེས་ཆེར་རྒྱས་པར་མཛད། ཕྱིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་ཡུལ་ཀུན་ཏུ་རྒྱུ་བ་ན། མ་ར་ཧ་ཊར་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་དུ་གཟིགས་ཏེ་དེ་ཉིད་ཕྱག་རྒྱར་བརྟེན་པས་མདའ་བསྲང་བའི་བརྡ་ཐབས་ཀྱིས་ཀྱང་ངོ་སྤྲད་བ་ལྟར་གྱུར་ཏེ་མཆོག་གི་དངོས་གྲུབ་བརྙེས། མཚན་ཡང་ས་ར་ཧར་གྲགས་ཏེ། དོ་ཧ་རྡོ་རྗེའི་གླུ་མང་དུ་མཛད་ཅིང་དཔལ་གྱི་རི་ལ་གཤེགས་ནས་ད་ལྟའང་བཞུགས་ཞེས་ཟེར་ལ། ཡང་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་ཡང་གསུངས། སློབ་དཔོན་འདིའི་སྐུ་ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེ་བ་བྱུང་ཞེས་གྲགས་སོ། ༈ །དེའི་མཁན་བུ་འཕགས་པ་ཀླུ་སྒྲུབ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དརྦྷར་བྲམ་ཟེའི་རིགས་སུ་འཁྲུངས། ལྟས་མཁན་གྱིས་སྐྱེ་བོ་བརྒྱ་བྲམ་ཟེ་བརྒྱ་དགེ་སློང་བརྒྱ་རྣམས་ལ་སྟོན་མོ་དྲངས་ན་རིམ་པར་ཞག་བདུན། ཟླ་བ་བདུན། ལོ་བདུན་དུ་འཚོ། དེ་ལས་ལྷག་པའི་ཐབས་མེད་ཟེར་བ་ལྟར་ཕ་མས་ཀྱང་ཚུལ་བཞིན་བསྒྲུབས་ནས། དེ་སྲིད་དུ་རིག་བྱེད་ཀྱང་མཁས་པར་བསླབ། དུས་དེ་རྣམས་རྫོགས་སུ་ཉེ་བ་ན་གཡོག་དང་བཅས་ཏེ་འཁྱམས་སུ་བཏང་བས་ནཱ་ལེནྡྲར་སླེབ། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་བཟླར་བཅུག་པས་འཆི་བའི་འཇིགས་པ་ལས་གྲོལ། དེར་རབ་ཏུ་བྱུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པར་སྦྱང་། ལོ་ལོན་ནས་སྔར་གྱི་མཁན་པོ་ལས་བསྙེན་པར་རྫོགས་ཏེ་བསྟན་པ་བསྐྱང་། དབུ་མའི་ཚུལ་ལུགས་དར་བར་མཛད། ཉན་ཐོས་རྣམས་ལའང་ཕན་ཆེར་བཏགས། ཁྱད་པར་དུ་དགེ་ཚུལ་སློང་བསླབ་འཆལ་མང་པོ་དགེ་འདུན་གྱི་ནང་ན་དབང་ཆེན་གྱིས་གནས་པ་ཐམས་ཅད་བསྐྲད་པས་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས། སྡེ་པ་ཀུན་གྱི་བདག་པོ་མཛད། བཅུད་ལེན་སོགས་ཐུན་མོང་གི་དངོས་གྲུབ་མང་པོ་དང་བསད་གསོ་སོགས་ཀྱི་ནུས་པ་ཐམས་ཅད་ཀྱང་གྲུབ། ནཱ་ལེནྡྲར་ཐེག་ཆེན་གྱི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོར་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། རྨ་བྱ་ཆེན་མོའི་རིག་སྔགས་གྲུབ་པས་ཀླུ་ཡུལ་དུ་བྱོན་ནས་ཡུན་རིང་པོར་བཞུགས་ཤིང་ཆོས་གསུངས། ཤེར་ཕྱིན་རྒྱས་པ་སོགས་སྤྱན་དྲངས་ཏེ་མི་ཡུལ་དུ་བྱོན། སྔར་མཚན་དགེ་སློང་དཔལ་དང་ལྡན་པ་ཞེས་བྱ་བ་ཡིན་པ་ལས་དེ་ཕྱིན་ཀླུ་སྒྲུབ་ཅེས་གྲགས། རིགས་ཚོགས་སོགས་བསྟན་བཅོས་ཀྱང་མང་དུ་མཛད། མུ་སྟེགས་པའི་རྒོལ་བ་དང་ཐེག་ཆེན་ལ་སྡང་བའི་དགེ་སློང་བདེ་བྱེད་སོགས་རྩོད་པས་ཚར་བཅད། ལྷ་ཁང་དང་མཆོད་རྟེན་གྱིས་ཀྱང་ས་ཕྱོགས་ཐམས་ཅད་ཁྱབ་པར་མཛད། ཕྱིས་དཔལ་གྱི་རི་ལ་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱིས་འཁོར་དང་བཅས་ཏེ་སྔགས་སྤྱོད་ཀྱིས་བཞུགས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་སྐུ་ལ་མཚན་བཟང་པོ་སོ་གཉིས་ཀྱིས་བརྒྱན་པར་གྱུར། རྒྱལ་པོ་བདེ་བྱེད་ཀྱི་བུ་ཆུང་ངུ་སུ་ཤཀྟིའི་དོན་དུ་མགུལ་ཀུ་ཤས་བཅད་དེ་དབུ་སྦྱིན་པར་བཏང་ནས་བདེ་བ་ཅན་དུ་གཤེགས་སོ། །གང་དག་བྲམ་ཟེ་སྒྲ་གཅན་འཛིན་གྱི་མཁན་པོ་གནས་བརྟན་ནག་པོ་བ་བྱ་བ་ཡིན་ཞེས་འབྱུང་བ་དང་། ཀླུ་སྒྲུབ་ཀྱི་མཁན་པོ་དྲི་མ་མེད་པའི་གཟི་བརྗིད་ཅན་ཞེས་སྦྱོར་ལམ་པ་ཞིག་ཡིནཞེས་བ་དང་། སྒྲ་གཅན་འཛིན་གཉིས་ཀྱི་བར་དུ་ཐེག་ཆེན་དཔལ་གྱི་གྲགས་པ་ཞེས་བྱ་བ་བརྒྱུད་དགོས་གསུངས་ནའང་། སྔར་གྱི་མཁན་བརྒྱུད་སྔ་ཕྱི་ཐམས་ཅད་ཀྱི་ལོ་རྒྱུས་ལ་འདིར་བཤད་པ་ལྟར་ཡོད་ཅིང་། ཤཱ་རིའི་བུ། སྒྲ་གཅན་འཛིན་གཉིས། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་བསམ་ཡས་ཀྱི་གྱང་རིས་ལ་ཡོད་ཅེས་ཀུན་མཁྱེན་བུ་སྟོན་གསུང་བས་ཀྱང་འདི་ཁོ་ནར་དག་པར་སེམས་སོ། ༈ །འཕགས་པ་ཀླུ་སྒྲུབ་ཀྱི་མཁན་བུ་སློབ་དཔོན་ལེག་ལྡན་འབྱེད་ནི། ཡུལ་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་སུ་འཁྲུངས། ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པར་གྱུར། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་གྲུབ། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་བསྟན་པ་བསྐྱངས། དབུ་མ་རྩ་བ་ཤེས་རབ་ལ་སངས་རྒྱས་བསྐྱངས་ཀྱིས་བཞེད་པ་སུན་ཕྱུངས་ཏེ་འགྲེལ་པ་མཛད། དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲངས་པས་ལུགས་དེ་ཤིན་ཏུ་དར་བར་གྱུར། རིལ་བུའི་དངོས་གྲུབ་བསྒྲུབས་པས་གྲུབ་ཅིང་། མཐར་རྣམ་སྨིན་གྱི་སྐུ་ལུས་བོར་ནས་རིགས་སྔགས་འཆང་གི་གནས་སུ་གཤེགས་སོ། ༈ །དེའི་མཁན་བུ་སློབ་དཔོན་དཔལ་སྦས་ནི། ཡུལ་ཤར་ཕྱོགས་པ་སློབ་དཔོན་ལེགས་ལྡན་འབྱེད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གསུང་རབ་མཐའ་དག་ལ་སྦྱངས་པས་ཤིན་ཏུ་མཁས། རང་རྒྱུད་གོང་མའི་གྲུབ་མཐའ་འཛིན་པའི་དབུ་མ་པ་ཆེན་པོར་གྱུར། ཉན་ཐོས་དང་ཕྱི་རོལ་པའི་རྒོལ་བ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ཐེག་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་དོ། ༈ །དེའི་མཁན་བུ་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་ཌི་བི་ཤའི་ཡུལ་དུ་འཁྲུངས་ཤིང་། ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་པ་ཞིག་བྷངྒ་ལར་དཔལ་སྦས་ཀྱི་དྲུང་དུ་བྱོན་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཆོས་ཉན་པས། ལེགས་ལྡན་འབྱེད་ཀྱི་སྲོལ་འཛིན་དབུ་མ་པ་ཆེན་པོར་འགྱུར། དབུ་མ་བདེན་གཉིས་ལ་སོགས་བསྟན་བཅོས་ཀྱང་མཛད། འཕགས་པ་སྤྱན་རས་གཟིགས་ཡུན་རིང་པོར་བསྒྲུབས་པས་མཐར་ཡིད་བཞིན་ནོར་བུའི་འཁོར་ལོར་བསྒྱུར་བ་ཞལ་གཟིགས་ཏེ་མངོན་ཤེས་ཀྱང་གྲུབ། མདོ་སྡེ་དུ་མ་ཐུགས་ནས་འདོན་ཞིང་མུ་སྟེགས་ཀྱི་རྒོལ་བ་རྣམས་ཀྱང་རྩོད་པས་ཕམ་པར་མཛད་པ་ཡིན་ནོ། ༈ །དེའི་མཁན་བུ་གངས་ཅན་བསྟན་པའི་ཉི་མ་ཨཱ་ཙར་བློ་དྷི་སཏྭ་ནི། ཤར་ཕྱོགས་བྷདྒ་ལའི་ཡུལ་དུ་ས་ཧོ་རའི་རིགས་སུ་འཁྲུངས། སློབ་དཔོན་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཡོངས་གྲགས་ཤཱནྟ་རཀྵི་ཏ་སྟེ་ཞི་བ་འཚོའམ། དྷརྨཱ་ཤཱནྟི་གྷོ་ཥ་སྟེ་ཆོས་ཀྱི་ཞི་བའི་དབྱངས་ཞེས་ཀྱང་བྱ། ཐུན་མོང་གི་སྡེ་སྣོད་གསུམ་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཐུགས་སུ་ཆུད། རིག་པའི་གནས་སུ་གྱུར་པ་མཐར་དག་ཀྱང་མཁྱེན་པར་མཛད། ལྷག་པར་རང་རྒྱུད་གོང་མའི་རིག་ལུགས་འཛིན་པའི་དབུ་མ་བ་ཆེན་པོར་གྱུར། དབུ་མ་རྒྱན་ལ་སོགས་པའི་བསྟན་བཅོས་ཀྱང་མཛད་དེ་འཕགས་ཡུལ་དུ་བསྟན་པ་ཡུན་རིངས་སུ་བསྐྱངས། དེ་ནས་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་བཞེད་པ་ན། སང་ཤི་དང་གསལ་སྣང་གིས་རྒྱ་ནག་ཏུ་ཕྱིན་ཏེ་ཆོས་བམ་པོ་སྟོང་ཙམ་བླངས་ཀྱང་མ་ཞང་གི་ཆད་པས་འཇིག་ནས་སྦས། ཕྱིས་རྦ་གསལ་སྣང་མང་ཡུལ་གྱི་ཁད་དཔོན་ལ་བསྐོས་པས། དེར་གཙུག་ལག་ཁང་གཉིས་བརྩིགས་ཤིང་རྐྱེན་རིས་ཀྱང་བཅད། བལ་པོར་མཁན་པོ་ཞི་བ་འཚོ་བཞུགས་པ་མཇལ་དུ་ཕྱིན་ནས་སེམས་བསྐྱེད་ཞུས། བོད་ཡུལ་དུ་འབྱོན་པར་གསོལ་བས། བོད་ངའི་གདུལ་ཞིང་ཡིན་ཡང་ཁྲི་སྲོང་ལྡེའུ་བཙན་དང་ཁྱོད་མ་སྐྱེས་པས། ངས་འདི་ན་བོད་ཀྱི་རྒྱལ་རབས་དགུའི་བར་དུ་སྒུག་གིན་བསྡད་པ་ཡིན། ད་ཁྱོད་གཉིས་ཀྱང་ནར་སོན་པས་འོ་སྐོལ་རྣམས་ཀྱིས་བོད་དུ་བསྟན་པ་འཛུགས་པའི་དུས་ལ་བབ་ཅེས་གསུངས། དེ་ནས་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་ལ་མཆོད་པ་ཆེན་པོ་བྱེད་དུ་ཕྱིན། སླར་ལོག་སྟེ་དབུས་སུ་འོང་ནས། བཙན་པོ་ལ་མཁན་པོའི་གསུང་རྣམས་གསོལ་བས། བཙན་པོའི་ཞལ་ནས་མ་ཞང་གིས་ཆད་པ་བཅད་དོགས་ཡོད་པས་ཁྱོད་རང་མྱུར་དུ་སོང་། ངས་ལྐོག་ཏུ་འགོས་རྒན་དང་གྲོས་བྱས་ནས་ཐབས་ཀྱིས་སྤྱན་འདྲེན་དུ་བཏང་གི་གསུངས། དེ་ནས་འགོས་རྒན་གྱིས་གཡོ་ཆེན་པོས་མ་ཞང་གསོན་དུར་དུ་བཅུག་སྟེ། ཕོ་ཉ་མངགས་པས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་ལྷ་སར་ཆགས་ཕེབས། བཙན་པོས་བློན་པོ་རྣམས་ལ་ཨཱ་ཙརྱ་དེ་ཇི་ལྟར་འདུག་ལྟོས་ལ་ཤོག་ཅིག་བཟང་པོ་ཞིག་འདུག་ན་འདིར་ཡང་སྤྱན་འདྲེན་ནོ་གསུངས། བློན་པོ་རྣམས་ཀྱིས་ཕྱིན་ཏེ་དྲིས་པས་མཁན་པོའི་ཞལ་ནས། ཁོ་བོའི་ཆོས་ལུགས་ནི་རིགས་པས་བརྟགས་ནས་གང་འཐད་པ་དེ་བྱེད། མི་འཐད་པ་དེ་མི་བྱེད་པ་ཡིན་གསུངས། དེར་རྒྱལ་བློན་མཐུན་པ་སྤྱན་དྲངས་ཏེ་འོམ་བུའི་ཚལ་དུ་མཇལ། བཙན་པོས་ཕྱག་མཛད་པའི་ཚེ་ཨཱ་ཙརྱའི་ཞལ་ནས། འོ་སྐོལ་འོད་སྲུང་གི་བསྟན་པ་ལ་བལ་པོའི་མཆོད་རྟེན་གྱི་དྲུང་དུ་བོད་དུ་དམ་ཆོས་སྤེལ་བར་སྨོན་ལམ་བཏབ་པ་དེ་རྒྱལ་པོས་བསྙེལ་ལམ་གསུངས་པའི་ལན་དུ་མ་འཚལ་ཞུས་པ་ན་མཁན་པོས་བྱིན་གྱིས་བརླབས་ཏེ་བཙན་པོས་སྔོན་གྱི་སྐྱེ་བ་ཡང་དག་པར་རྗེས་སུ་དྲན། དེ་ནས་ཕོ་བྲང་རླུང་འཚུབས་ཀྱི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུག་སུ་བཅུག །ཟླ་བ་བཞིར་ཁ་ཆེ་ཨཱ་ནནྟས་ལོ་ཙཱ་བྱས་ནས་བཙན་པོ་ལ་དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་ཆོས་བཤད་པས། བོད་འདྲེ་རྣམས་ཁྲོས་ཏེ་ཕོ་བྲང་ཕང་ཐང་ཆུས་ཁྱེར། དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ཡུལ་ཁམས་རྣམས་སུ་ལོ་ཉེས་དང་མི་ནད་ཆེན་པོ་བྱུང་བས། བོད་འབངས་ཐམས་ཅད་ཀྱིས་ཆོས་བྱས་པས་ལན་ཟེར་ཆོས་བྱར་མ་བཏུབ་ནས། བཙན་པོས་མཁན་པོ་ལ་གསེར་ཕྱེ་བྲེ་གང་གི་ཡོན་ལན་གསུམ་ཕུལ་ནས། འདི་སྐད་ཅེས་ཨཱ་ཱཙརྱ་རེ་ཞིག་བལ་ཡུལ་དུ་བཞུད་ལ། དེ་བར་བོད་མི་རྣམས་ལྷ་ཆོས་མི་བྱེད་དུ་མི་རུང་བར་གླེངས་ཤིང་བརྔན་པ་རེ་སྦྱིན། ཞང་བློན་རྣམས་ཐབས་ཀྱིས་བྲིད་ནས་ཆོས་བྱར་བཏུབ་པའི་ཚེ་སླར་སྤྱན་འདྲེན་ནོ་ཞུས་པས། མཁན་པོའི་ཞལ་ནས། བོད་ཀྱི་འདྲེ་སྲིན་འདུལ་བ་ལ་སློབ་དཔོན་པདྨ་པཾ་བྷ་ཝ་བྱ་བ་ད་ལྟ་ས་སྟེང་ན་མཐུ་ཆེ་ཤེས་ཏེ་སྤྱན་དྲངས་ན་བཙན་པོའི་བསམ་པ་འགྲུབ་གསུང་། གསེར་འཁྱོར་བ་གང་བལ་པོའི་རྒྱལ་པོས་སྦྱིན་དགོས་གསུངས་ནས་བསྣམས། ལྷག་མ་རྣམས་བཙན་པོ་ལ་གཏད་དེ་ཕྱི་ལྟར་ན་བསྐྲད་པ་ལྟར་བྱས་ཏེ་གསལ་སྣང་དང་ལང་གྲོ་སྣ་རས་པལ་ཡུལ་གྱི་བར་དུ་བསྐྱལ། སླར་ལོག་ནས་གསལ་སྣང་ཆོས་ཀྱི་སྤྱན་པར་བསྐོས་ཏེ་འཁོར་སུམ་ཅུ་དང་བཅས་རྒྱ་ནག་ཏུ་ཕོ་ཉར་ཕྱིན། དེ་བར་ཞང་བློན་ཐམས་ཅད་བསྡུས་ནས་ཆོས་བྱེད་པའི་ཆས་སོ་གྲུབ་བའི་ཚེ་རྒྱ་རྗེས་ཕོ་ཉ་རྣམས་ལ་བྱ་དགའ་ཆེན་པོ་དང་། བཙན་པོ་ལ་དར་ཡུག་ཁྲི་ཕྲག་སོགས་སྐྱེས་མང་པོ་དང་བཅས་ཏེ་སླེབ། དེ་ནས་བལ་ཡུལ་དུ་སྤྱན་འདྲེན་གྱི་ཕོ་ཉ་བཏང་བས། སློབ་དཔོན་རྣམ་གཉིས་བྱོན་ཏེ་སློབ་དཔོན་ཆེན་པོ་པདྨས་བོད་འདྲེ་ཐམས་ཅད་བཏུལ་ནས། ད་ཕྱིན་ཆད་ལྷ་ཆོས་ཅི་དར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་དུ་བརྩིགས་ཤིག་གསུངས་པ་ལྟར། བསམ་ཡས་ཀྱི་གཙུག་ལག་ཁང་བརྩིགས་པས་ལོ་ལྔ་ལ་ལེགས་པར་འབྱོངས། དེ་རྗེས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ། ཨཱ་ཙརྱ་བོ་དྷི་སཏྭས་མཁན་པོ་མཛད་དེ་སད་མི་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་མང་པོ་རབ་ཏུ་བྱུང་ནས་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་པ་༡༠༨དང་ཡེར་པའི་སྒོམ་ཆེན་བརྒྱ་དང་བརྒྱད་ལས་དཔལ་གྱི་རྡོ་རྗེ་མ་གཏོགས་ཐམས་ཅད་འོད་ལུས་སུ་གྲུབ་བོ། །ལས་རྒྱུ་འབྲས་འདི་ཧ་ཅང་གིས་སྐྲག་གསུངས། མཆན། ཆུ་བོ་རི་༡༠༨དང་མཆིམས་ཕུ་༢༥རྣམས་སུ་སྒོམ་གྲྭ་ཆེན་པོ་རེ་བཙུགས་ཏེ་རབ་བྱུང་ཐམས་ཅད་ཀྱི་འཚོ་བ་བླ་ནས་སྦྱར། སྔགས་མཚན་ཉིད་ཀྱི་ཆོས་ཕལ་མོ་ཆེ་བསྒྱུར་ཞིང་ཉན་བཤད་ཀྱིས་གཏན་ལ་ཕབ། མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུས་གངས་ཅན་གྱི་ཡུལ་ཐམས་ཅད་མཛེས་པར་བྱས་སོ། །དུས་ཕྱིས་ཇོ་བོ་དཱི་པཾ་ཀ་རས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ། སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་ཅེས་བསྔགས་པ་མཛད། མཁན་པོ་དགུང་ལོ་དགུ་བརྒྱ་བཞེས་པའི་ཚེ་བོད་ཡུལ་དུ་བྱོན་ཞེས་གྲགས་པ་ནི་མཁན་པོ་ཉིད་ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་དང་དུས་མཉམ་པ་ཙམ་བྱས་ན་བོད་དུ་ཕེབས་པའི་བར་ལ་རགས་རྩིས་ལོ་བཞི་བརྒྱ་ལྷག་ཙམ་སོང་བས་དགུ་བརྒྱ་ཞེས་པ་ནི་ཕྱེད་ལོ་ཡིན་པར་མངོན་ལ། དེ་ལྟར་ན་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐེ་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་པ་དེ་ཡང་བློ་སེམས་དང་། འཚོ་ཞེས་པ་ཞི་འཚོ་ལ་འབྱོར་བ་མཁན་པོ་ཡིན་པར། འགོས་ལོ་ཙཱ་ཆེན་པོའི་བཞེད་པ་དང་། བོད་ཀྱི་རྒྱལ་རབས་དགུའི་བར་ཁྲི་སྲོང་སྒུག་གིན་བཞུགས་པ་སོགས་དང་ཡང་སྒྲིག་ནུས་སོ། །དེ་ནས་བོད་ཀྱི་ཡུལ་འདིར་ཡང་ལོ་བཞི་བཅུའི་བར་དུ་བསྟན་པར་བསྐྱངས། མཐར་བྲག་དམར་གྱི་ཕོ་བྲང་དུ་རྟས་ཕྲ་བརྒྱབ་པས་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས་སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སུ་གསོལ་རབ་བྱུང་གི་སྡེ་དབྱར་མཚོ་ལྟར་འཕེལ་ཞིང་རྒྱུན་མི་ཆད་པའི་ཕྱིར་དུ་མཆོད་རྟེན་གྱི་ཤར་ཕྱོགས་སུ་སྐུ་གདུང་འཇོག་པ་ཡིན་གསུངས། མཆན། ༈ དེའི་མཁན་བུ་རྦ་རཏྣ་ནི། ཡུལ་ཡར་ལུང་པ་ཡིན་ཟེར། རུས་རྦ། ཨཱ་ཙརྱ་བོ་དྷི་སཏྭ་སོགས་ལས་ཆོས་མང་དུ་སློབ་པའི་ཞང་བློན་དད་པ་དང་ཤེས་རབ་ཕུན་སུམ་ཚོགས་བར་མངའ་བ་ཞིག་ཡིན། ནམ་ཞིག་གི་ཚེ་བཙན་པོའི་ཞལ་ནས། ངའི་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་དག་ལ་དགེ་སློང་བཏུབ་བམ་ཞེས་ཞུས་པས། མཁན་པོའི་ཞལ་ནས། བཏུབ་བམ་སད་པར་བྱ་གསུངས་ཏེ། ལུག་གི་ལོ་དཔྱིད་ལ་ར་བའི་ཚེས་བརྒྱད་ཀྱི་ཉིན་ཨཱ་ཱཙཱརྱ་ཞི་བ་འཚོས་མཁན་པོ། དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་གཞན་བཅུ་པོས་ཁ་སྐོང་བྱས་ཏེ། བོད་མི་ལ་དད་པ་ཆེ་བ་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་མ་ཐག་ལྷའི་མངོན་ཤེས་དང་ལྡན་པས་བཙན་པོ་དགྱེས་ཏེ། དེའི་ཞབས་སྤྱི་བོར་བླངས་ནས་ཁྱོད་བོད་ཀྱི་རཏྣ་ཡིན་ནོ་ཞེས་བཀའ་སྩལ་པས་མཚན་རྦ་རཏྣ་ཞེས་གྲགས། མཚན་དངོས་དཔལ་དབྱངས་ཡིན་ཞེས་རྦ་བཞེད་ཆེ་བ་ནས་འབྱུང་གསུངས་ཏེ། བོད་ཀྱི་རབ་ཏུ་བྱུང་བ་ལ་སྔ་བ་འདི་ཡིན་ནོ། །བཙན་པོས་ད་དུང་རབ་ཏུ་བྱུངས་ཤིག་ཞུས་པས། སད་པར་བགྱི་གསུངས་ནས་རྦ་གསལ་སྣང་དང་པ་གོར་ཧེ་འདོད་ཀྱི་བུ་སོགས་རབ་ཏུ་བྱུང་ཞིང་། མཚན་ཡེ་ཤེས་དབང་པོ་དང་བཻ་རོ་ཙ་ན་རཀྵི་ཏ་སོགས་བཏགས་པར་བཤད། དེ་ནས་རྦ་རཏྣ་གནས་བརྟན་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་བསམ་ཡས་ཀྱི་པྲ་ཏི་ཧ་ནའི་མཆོད་པ་ཆེན་པོའི་དུས་སུ་དད་པ་ཅན་སུམ་བརྒྱ་ཙམ་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོས་ཡུན་རིང་དུ་བསྐྱངས་པའི་མཐར་ཇོ་མོ་ཡིད་བཞིན་འཁོར་ལོས་སྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་ཕྱུང་བ་སོགས་ངོ་མཚར་བའི་རྟགས་མང་པོ་བསྟན་ནས་སྐུ་གཤེགས་སོ། ༈ །དེའི་མཁན་བུ་ནི་བསྟན་པ་ཕྱི་དར་གྱི་རྩ་བ་སྨར་གཡོ་གཙང་གསུམ་ཞེས་གྲགས་ཤིང་གྲུབ་པ་དེ་ཉིད་ཡིན་ཏེ། འཛད་ཀྱི་གྱེར་མི་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང་། སྟོད་ལུང་བ་སྨར་ཤཱཀྱ་མུ་ནི་གསུམ་གྱིས་རྦ་རཏྣ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཛི་ན་མི་ཏྲ་དང་། དཱ་ན་ཤྲཱི་ལ་དང་། ཅོག་གྲུ་ཀླུ་དང་རང་གི་མཁན་པོ་སོགས་ལས་གསུང་རབ་ལ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ཏེ། དཔལ་ཆུ་བོ་རིའི་སྒོམ་གྲྭ་ན་བསམ་གཏན་སྒོམ་ཞིང་བཞུགས་པ་ལས། ལྕགས་བྱ་ལ་ཁྲིའུ་དུམ་བཙན་དར་མས་བསྟན་པ་བསྣུབས་པའི་ཚེ་ཀརྨ་ཤ་ཏམ་སོགས་འདུལ་མངོན་གྱི་དཔེ་ཆ་དགོས་པ་རྣམས་ཁྱེར་ནས། དང་པོར་སྟོད་ཕྱོགས་ལ་བྲོས། རྒྱལ་པོའི་ཁྲིམས་ཀྱིས་ཁྱབ་པས་འཇིགས་ཏེ་ཉིན་པར་ཡིབ་ཅིང་མཚན་མོ་ལམ་བཅད་དེ་སོང་བས་མངའ་རིས་སུ་སླེབ། དེར་ཡང་བཞུགས་མ་ནུས་པར་གར་ལོག་ནས་ཐོན་ཏེ་བྱང་སྟོད་བརྒྱུད་ཧོར་ཡུལ་དུ་བྲོས། ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་ལ་བརྟེན་ནས་བཞུགས་ཏེ་བསྟན་པ་དར་བར་བྱེད་དགོས་སྙམ་ནས་འབད་ཀྱང་དར་བར་མ་ནུས་པས་མདོ་སྨད་ལྷོ་ངོས་ཀྱི་བེ་རི་ཚ་མཚོ་ནས་ཚུར་ཐོན་ཏེ། རྨ་ཆུའི་བརྒྱུད་མདོ་སྨད་ཀྱི་དན་ཏིག་ཤེལ་གྱི་ཡང་དགོན་དུ་སྒོམ་ཞིང་བཞུགས་སོ། ༈ །དེ་ནས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་ཆོས་བློན་འབྲོ་སྟག་སྣང་ཁྲིད་གསུམ་རྗེ་ཞེས་པ་ཞིག་གི་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ལ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟི་གསལ་འབར་དུ་བཏགས། ཆུང་ངུ་ནས་རིགས་སད་དེ་ནོན་འཇམ་དཔལ་ལས་བཟླས་ལུང་བླངས། ཁང་རིན་ཆེན་རྡོ་རྗེ་ལས་བྱང་ཆུབ་ཏུ་སེམས་བསྐྱེད། སྐྱི་ལས་དབུ་ཚད་དང་། ནམ་དགའ་ལྡན་ལས་ཡོ་ག་གསན་ནས་མཁྱེན་པར་མཛད། ནམ་ཞིག་རྨ་ཆུ་ཁའི་ཕྱུགས་རྗིས་སྨར་གཡོ་གཙང་གསུམ་དན་ཏིག་ན་བཞུགས་པ་མཐོང་ནས། འདི་ལྟར་འདུག་ཅེས་མི་རྣམས་ལ་སྨྲས་པ་ཐོས་ཏེ། མུ་ཟི་གསལ་འབར་གྱིས་བལྟར་ཕྱིན་པས་མཐོང་ཙམ་གྱིས་དད་ནས། འཁོར་བའི་སྡུག་བསྔལ་བ སལ་ནས་ཐར་བ་ཡི། །བདུད་རྩིས་འགྲོ་བའི་སྡུག་བསྔལ་ཞི་བྱེད་པའི། །བསྟན་པ་ཕྱོགས་བཅུར་རྒྱས་པར་བྱ་བའི་ཕྱིར། །དང་པོར་བདག་གིས་རབ་ཏུ་དབྱུང་བར་བྱ། །སྙམ་དུ་དགོངས་ཏེ་རབ་ཏུ་བྱུང་པར་གསོལ་བས། འདུལ་བའི་པུ་སྟི་ཞིག་གཏད་ནས། འདི་ལྟོས་ལ་དད་ན་རབ་ཏུ་བྱུང་བར་བྱའོ་གསུངས། བལྟས་པས་ཆེས་དད་དེ་མཆི་མ་ཕྱུངས་ནས་ཞུས་པས། དེར་གཙང་གིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བསྒྲུབས་ཤིང་། མཁན་སློབ་ཀྱི་མཚན་ལས་གྲག་ཏེ་དགེ་པ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས་སྐད། དེ་ནས་བསྙེན་རྫོགས་ཞུས་པ་ལས་དགེ་སློང་ལྔ་མ་ཚང་བས་མི་འོང་གསུངས་པ་ལ། སྔར་ལྷ་ལུང་དཔལ་རྡོར་ཅན་གསུམ་ཀླང་ཐང་ན་འདུག་པ་མཐོང་ནས་འཚོལ་དུ་ཕྱིན་པས་རྙེད་དེ། འབྱོན་པར་ཞུས་པས་དཔལ་གྱི་རྡོ་རྗེའི་གསུང་ནས། ངས་རྒྱལ་པོ་སྡིག་ཅན་དངོས་སུ་གསད་པས་ཁ་སྐོང་མི་འོང་གི། ངས་བཙལ་ལ་བཏང་གིས་གསུངས་ཏེ། རྒྱ་ནག་གི་དགེ་སློང་ཉེ་ཝང་དང་གྱི་བན་བྱ་བ་གཉིས་འབད་པས་བཙལ་བས་རྙེད་དེ་བཏང་ངོ་། །དེ་ནས་སྔར་གྱི་མཁན་སློབ་གཉིས་ཀྱིས་མཁན་པོ་དང་ལས་སློབ། སྨར་གྱིས་གསང་སྟོན། རྒྱའི་དགེ་སློང་གཉིས་ཀྱིས་ཁ་སྐོང་བྱས་ནས་བསྙེན་པར་རྫོགས་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཆེན་པོར་གྱུར། འདུལ་བའི་བཤད་པ་དང་ལག་ལེན་ལ་མཁས་པར་སྦྱངས། བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པའི་ཚེ། དབུས་གཙང་གི་མི་བཅུ་མདོ་ཁམས་སུ་ཕྱིན་ནས་གཙང་ལ། བསྙེན་རྫོགས་ཞུས་པས། ང་རྒན་པས་མཁན་བུ་མི་འཁྱོངས་པས་བླ་ཆེན་པོ་ལ་ཞུས་ཤིག་གསུངས་པ་ལྟར་ཞུས་པས། ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་ལོན་པས་མི་བཏུབ་གསུངས་པ་ལ་གཙང་གི་ཞལ་ནས། དམིགས་བསལ་ལ་གང་ཟག་ཁྱད་པར་ཅན་གྱིས་བཏུབ་པས་གྱིས་གསུངས་ཏེ། བླ་ཆེན་གྱིས་མཁན་པོ་མཛད་ནས་ཆིག་རྫོགས་པར་མཛད་དོ། །དེ་ལ་ནུས་པ་ཅན་གྱི་མི་བཅུ་ནི་དབུས་ནས་ཀླགས་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་བ་པ་འབྲིང་ཡེ་ཤེས་ཡོན་ཏན། གཡོ་རུ་བ་རྦ་ཚུལ་ཁྲིམས་བློ་གྲོས། རཀྴི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློས་གྲོས་དང་ལྔའོ། །གཙང་ནས་མགུར་མོང་རབ་ཁ་བ་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤབ་སྒོ་ལྔ་པ་ཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་ཀར་དང་ལྔའོ། །དེ་ནས་ལོ་བཅུ་ཙམ་སོང་ནས་མེ་ཉག་སྒའི་ཡུལ་དུ་བྱོན་ཏེ། གོ་རོང་སེང་གེ་གྲགས་ལའང་འདུལ་བ་གསན་པས། ལུང་སྡེ་བཞི་བསྟན་བཅོས་དང་བཅས་པའི་གླེགས་བམ་བླ་ཆེན་པོ་ལ་སྦྱིན་ནས་བསྟན་པ་གསལ་བར་གྱིས་ཤིག་ཅེས་གདམས། དེ་ནས་དབུས་སུ་བྱོན་པར་བཞེད་པ་ལ་ལྷོ་བལ་ཡུལ་དུ་ཆོས་མང་པོར་སྦྱངས་པའི་ཀྭ་འོད་མཆོག་གྲགས་པ་བྱ་བ་ཁམས་སུ་བྱོན་ཟེར་བ་གསན་ནས་སླར་བཟློག་སྟེ། ཕར་ཕྱིན་དང་བྱང་ས་སོགས་ཐེག་པ་ཆེན་པོའི་ཆོས་མང་པོ་ལ་སྦྱངས། བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་ལ་རྫོགས་ཆེན་སེམས་ཕྱོགས་གསན་ཏེ། དེ་ལས་བརྒྱུད་པར་རོང་ཟོམ་ལ་མངའ་བར་གྲགས་ཤིང་། ཀུན་བྱེད་རྒྱལ་པོ་བཤད་རྒྱུད་བཞི་དང་བཅས་པ་ཨ་རོའི་ལུགས་ཀྱང་བླ་ཆེན་པོ་ནས་གྲུམ་ཤིང་གླག་ཅན་ལ་བརྒྱུད་དེ་དེང་སང་གི་བར་དུ་དར་བ་ཡོད་དོ། །ནམ་ཞིག་གི་ཚེ་མནལ་ལམ་དུ་གླང་ཆེན་ལ་ཆིབས་ཤིང་ནོར་བུ་བསྣམས་ནས་ཚོང་འདུས་ཀུན་ཏུ་བྱོན་པ་ལ་མི་ཀུན་ན་རེ། བཙུན་པ་ཁྱེད་ཀྱི་ནོར་བུ་བཟང་སྟེ། རེ་ཞིག་ཉོ་བའང་མེད་རིན་ཡང་མི་ཐེག་ཟེར། མནལ་སད་ནས་རེ་ཞིང་སྒྲུབ་པ་མཛད་པར་དགོངས་པ་ན། གཞི་བདག་གི་མི་མ་ཡིན་རྣམས་ཀྱིས་དད་པ་ཆེན་པོས་འབྱོན་པར་ཞུས་པ་ལྟར་དན་ཏིག་ཏུ་བྱོན་ནས་སྒོམ་པ་ལ་བཞུགས་ཤིང་། ས་ཕྱོགས་དེ་དག་ཏུ་གཙུག་ལག་ཁང་དང་མཆོད་རྟེན་མང་པོ་ཡང་བཞེངས་སོ། །དད་པ་ཅན་མང་པོ་རབ་ཏུ་བྱུང་བའི་མཁན་པོའང་མཛད། བརྒྱ་བྱིན་སོགས་ལྷ་རྣམས་ཆོས་ཉན་དུ་འོང་བར་གྲགས། འཁོར་རྣམས་ཀྱིས་ཀྱང་མདངས་ངོ་མཚར་བའི་སྣང་བ་འདི་དང་མི་འདྲ་བ་སྣང་བས་བླ་ཆེན་ཉིད་ངེས་པར་སྤྲུལ་པའི་སྐུ་ལགས་སམ་ཞུས་པས། ལན་དུ་སྤྲུལ་པ་མ་ཡིན། བདག་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་པ་སྣང་བ་ཐོབ་པ་ལ་ཞུགས་པའི་བནྡེ་དགེ་བ་རབ་གསལ་ཡིན། ཞེས་གསུངས། དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ཤིང་ཕག་གི་ལོ་ལ་སྐུ་གཤེགས་ཀར་བཀའ་འཕགས་པ་ཐོགས་མེད་དང་མཆེ་བའི་སྡེ་གཉིས་ཀྱིས་ཡུམ་གྱི་དགོངས་པ་མི་འདྲ་བར་བཀྲལ་བར། དེ་ཁོ་བོས་བྱམས་མགོན་ལ་དྲི་དགོས་ཏེ། སློབ་དཔོན་དེ་གཉིས་ཀྱང་ད་ལྟ་དགའ་ལྡན་ན་བཞུགས་ཞེས་གསུངས། ཡང་ཁོ་བོ་བྱམས་པ་མགོན་པོ་འཛམ་བུའི་གླིང་འདིར་མ་བྱོན་གྱི་བར་དུའང་འདི་དག་ཏུ་སྐྱེ་བ་བརྒྱད་ཙམ་ལེན་དགོས་གསུངས་ནས་དགའ་ལྡན་དུ་གཤེགས་སོ། ༈ །དེ་ཡང་བླ་ཆེན་པོའི་ཞལ་ནས། ཀླུ་མེས་བཙུན་པས་མཁན་པོ་གྱིས། ཚོང་གེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་བསྐོས་མཁས་པས་གནས་གཞི་ཟུངས། ལོ་སྟོན་མཐུ་ཆེ་བས་བསྟན་བསྲུང་གྱིས། ཞེས་གསུངས་པ་ལྟར། དབུས་གཙང་གི་མི་བཅུའི་ནང་ནས་མཁན་པོར་མངའ་གསོལ་བ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཡིན་ཏེ། མདོ་སྨད་ཀྱི་ཕྱོགས་ནས་མཁན་སློབ་ཀྱི་བཀའ་བརྒྱུད་མ་ཆད་པར་འདུག་ཅེས་ཐོས་པ་དད་ནས་མི་དགུ་དང་འགྲོགས་ཏེ་མདོ་སྨད་དུ་སྡོམ་པ་ལེན་དུ་ཕྱིན་ཞེས་ཀྱང་གྲགས། བསམ་ཡས་ནས་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་མི་བཅུ་ཁམས་སུ་བརྫངས་ཞེས་ཀྱང་འབྱུང་། གང་ལྟར་ཡང་མདོ་སྨད་སོང་སྟེ། བླ་ཆེན་པོས་མཁན་པོ། གཙང་རབ་གསལ་གྱིས་ལས་སློབ། གཡོ་དགེ་འབྱུང་གིས་གསང་སྟོན། སྨར་ཤཱཀྱ་མུ་ནི་དང་རྒྱའི་དགེ་སློང་གཉིས་ཀྱིས་ཁ་བསྐངས་ཏེ་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པས་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་ལུགས་དང་འདུལ་བའི་ལག་ལེན་ལ་མཁས་པར་སྦྱངས། གདམས་ངག་མང་པོའང་ནོས་ཏེ། ཀླུ་མེས་ཀྱིས་མཁན་པོར། ཁོ་བོ་ཅག་དབུས་གཙང་འགྲོ་བས་མཆོད་གནས་ཤིག་ཞུ་བྱས་པས། དབུ་ཞྭ་བཞེས་འཕྲོ་དེ་ཀ་ཕུད་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་ཤིག་གསུངས་ཏེ་དབུ་ལ་བསྐོན། ཡར་བྱོན་ཏེ་བསམ་ཡས་ན་བཙན་པོ་ཁྲི་བྱ་བ་བཞུགས་པ་ལ་སྣ་གཏད་ནས་དེར་ཕྱགས་ཕབས་པས། བཙན་པོས་ཀྱང་སྣ་ལེན་བྱས་ཏེ་ཁྱེད་རྣམས་ཀྱི་དཔོན་གང་ཡིན་ཟེར་བ་ལ་ཀླུ་མེས་ཡིན་ཞེས་སྨྲས་བས་དབུ་རྩེའི་ལྡེ་མིག་གཏད་དེ་དཀོར་མཛོད་ཀྱིས་གང་བར་གཟིགས་ནས་དེར་འདོན་མི་ཐུབ་པའི་ཅ་ག་མཛད་དེ། ངེད་མཁན་པོར་མངགས་པས་མཁན་པོ་དཀོར་ལ་འབགས་པ་མི་རིགས་པས་འདི་མི་འཛིན་ཞེས་བཙན་པོ་ལ་ལྡེ་མིག་གཏད། དེ་ནས་ཁམས་གསུམ་ཕུལ་བས་ཀྱང་མ་བཞེས། ཀ་ཆུ་ཕུལ་བས་གཡུ་རུའི་ལམ་རྒྱགས་བྱ་ཡི་གསུངས་ནས་བཞེས། ཕྱིས་ཀླུ་མེས་ཀྱིས་ཡོ་བྱད་མང་པོ་སྟ་གོན་བྱས་ཏེ་དབུ་རྩེ་གསོ་བར་བཞེད་པ་ན། སྦ་རག་གཉིས་ཀྱིས་བཟུང་བས་གསོར་མ་བཅུག །དེར་བཙན་པོས་བར་བྱས་ཏེ་ཀླུ་མེས་ཀྱིས་གསོས། ཕྱག་རྗེས་སྦ་རག་ལ་གཏོད་པར་བྱས་ཏེ་ལེགས་པར་གསོས། དབུ་རུར་ལ་མོ་ཆག་དེའུ། མི་ཆོས་ཀྱི་ས་ཁུལ་དུ་བ་གནས། གཞན་ཡང་ལ་མོ་ར་སྒྱེལ། ཡེར་པ་བ་རོངས། ཚོང་འདུས་གནས་སོགས་མཐའ་ཡས་པ་བརྩིགས་པས་ས་སྟེང་ཐམས་ཅད་ཀླུ་མེས་དཔོན་སློབ་ཀྱིས་གནས་ཡམ་ཤུད་ཀྱི་མཁན་བུ་དགེ་བཤེས་གྲྭ་པས་ཀྱང་གནས་གཞི་བརྒྱ་དང་རྩ་བརྒྱད་གཏིང་བར་གྲགས་གསུངས། མཆན། གཞིས་ཁྱབ་པ་ལྟར་གྱུར། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔོན་འགྱུར་བའི་བཀའ་བསྟན་གྱི་གླེགས་བམ་ཆུད་མ་ཟོས་པར་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་སྤྱན་དྲངས། དད་པ་ཅན་མང་པོ་མཚོ་ལ་ངང་པ་འདུ་བ་ལྟར་འདུས་ནས་ཉིན་རེ་བཞིན་ཡང་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ་སྟེ། དེ་ཡང་གཙོ་བོར་ཀླུ་མེས་དང་སྣ་སྣམ་སོགས་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་སོ་གཉིས། དྲལ་མ་གྲངས་ལས་བརྒལ་བ་བྱུང་བར་གྲགས། དེ་ལྟར་བསྟན་པ་ཡུན་རིང་དུ་བསྐྱངས་མཐར་ཚེ་སྤོང་གི་སེར་ཕུག་པར་བཞུགས་ནས་ཐང་དུ་བྱོན་པའི་ལམ་དུ་སྐུ་གཤེགས་ཏེ། གདུང་མཆོད་རྟེན་འོད་ཅན་མཉམས་པར་བཞུགས་སོ། ༈ །དེའི་མཁན་བུ་ཀ་ཆུ་བ་གཟུས་རྡོ་རྗེ་རྒྱལ་མཚན་ནི། གཞོན་ནུ་ནས་གཞི་དད་པ་རྐྱེན་གྱིས་སད་དེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཀླུ་མེས་ཀྱིས་མཁན་པོ་དང་། གྲུ་མེར་གྱིས་ལས་སློབ་བྱས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོའི་དྲུང་དུ་རྒྱ་ཆེར་འགྲེལ་དང་བམ་པོ་ལྔ་བཅུ་པ་ལ་སོགས་འགྲེལ་ཆེན་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། དུས་ཕྱིས་རང་གི་མཆེད་གྲོགས། ལོ་ཙཱ་བ་རླུང་སྐྱོ་རྣམ་གཉིས་ལའང་འཆད་ཉན་མཛད་སྐད། རོང་ཟོམ་དང་པོའི་གནས་གཞི་ངང་ཆུང་དཔལ་གྱི་རྒྱལ་མོས་བཞེངས། གསོས་ཏེ་གཙུག་ལག་ཁང་བཞེངས་ཤིང་། དེར་འདུལ་བའི་བཤད་གྲྭ་གཙུགས་པ་སོགས་བཤད་སྒྲུབ་ཀྱི་བྱ་བས་བསྟན་པ་བསྐྱངས་ཏེ། སེམས་ཅན་རྣམས་བདེ་བ་ལ་བཀོད། སློབ་མའང་བསམ་གྱིས་མི་ཁྱབ་པ་ལས་ཐུགས་ཟིན་གྱི་བུ་ཆེན་བཞི་ནི། འཛིན་པ་ཤེར་འོད། སྣེ་པོ། གླེན་ཚུལ་བྱང་། སྦོ་ཆུང་ཚུལ་ཁྲིམས་འབྱུང་གནས་རྣམས་སོ། ༈ །དེའི་མཁན་བུ་སྣེ་པོ་གྲགས་པ་རྒྱལ་མཚན་ནི། ཡུལ་རོང་ལྷོ་ཚ་བ། རུས་ཞང་། གཟུས་ལས་རབ་ཏུ་བྱུང་ཤིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་ཏེ་མཁས་པར་བྱས་ནས། མཁར་ཕུག་དང་། དམུར་འདུལ་བའི་བཤད་གྲྭ་གཙུག །སློབ་མ་སོག་ཚུལ་ཁྲིམས་བླ་མ་མཁས་པ་མང་པོ་ཐོན། ༈ །དེའི་མཁན་བུ་འབྲེ་ཤེས་རབ་འབར་ནི། སྣེ་པོ་ལས་རབ་ཏུ་བྱུང་ཞིིིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་མཁས་པར་སྦྱངས། རྔོག་ལེགས་ཤེར་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་དང་བསྡེབས་ནས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལ་ཆོས་མང་དུ་གསན། ཁྱད་པར་དུ་བསྟན་པ་སྔ་དར་གྱི་ཕ་རོལ་ཏུ་ཕྱིན་པའི་བཤད་འགྲོས་ལ་མཆོག་ཏུ་མཁས། ཕྱིས་རྔོག་ལོ་ཆེན་པོ་ལ་ཡང་ཤེར་ཕྱིན་འཆད་ཉན་མཛད་པས་རྔོག་ལོའི་ཐུགས་སྲས་དམ་པར་གྱུར། སྐྱོ་གནས་སྙིང་སོགས་སུ་ཆོས་གཞི་བསྐོར་ཞིང་། ཤེར་ཕྱིན་མདོ་བསྟན་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད། ཆོས་འཆད་པའི་ཚེ་ལྷ་རྣམས་ཆོས་ཉན་དུ་འོང་བར་ཡང་གྲགས། སློབ་མ་ཡང་ཨར་བྱང་ཆུབ་ཡེ་ཤེས་སོགས་བསྟན་པའི་བདག་པོ་མཐའ་ཡས་པ་ཐོན་ཏོ། ༈ །དེའི་མཁན་བུ་བྱ་འདུལ་བ་འཛིན་པ་བརྩོན་འགྲུས་འབར་ནི། གཙང་རོང་གཡུང་དུ་ལྕགས་ལུག་ལ་འཁྲུངས། འབྲེ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོག་ཚུལ་ཁྲིམས་བླ་མ་ལ་འདུལ་བ་གསན། ཁོང་གཤེགས་རྟིང་རྒྱ་འདུལ་དང་རྨ་ཚོ་བླ་ཟུར་དུ་བྱས་བའི་དྲུང་དུ་སྦྱངས་པས་མཁས་པར་མཁྱེན་ཏེ། འདུལ་བ་བྱ་ལ་ཐུགས་ཞེས་པའི་ཁ་སྐད་ཀྱང་བྱུང་། གཞན་ཡང་ཞང་གཡེལ་བ་ལས་དབུ་ཚད། ཟངས་མཁར་ལོ་ཙཱ་བ་ལ་ཡོ་ག །སྟོད་ལུང་པ་ཆེན་པོ་ལ་བཀའ་གདམས་རྣམས་གསན། དེ་རྗེས་ཟུལ་ཕུར་བཤད་གྲྭ་བཙུགས། བེ་ཧར་གྱི་བཙུན་ཆུང་ངུ་སྤྲུལ་ནས་ཞབས་ཏོག་བྱས་པས་འདུལ་བ་དང་འགལ་བ་ན་བཟའི་སྤུ་ཕྱིར་བསྟན་གཅིག་པུ་ལས་མ་མཐོང་བས་དད་དེ་བྱ་ཊི་ཀ་ལ་སློབ་གཉེར་བྱེད་པ་རྣམས་ཀྱིས་གྲོགས་བྱེད་པར་ཁས་བླངས། ལོ་དགུར་ཚོགས་པ་བསྐྱངས་རྗེས་སྒྲུབ་པ་ལ་བཞུགས། སློབ་མ་འགྲོ་དོན་ནུས་པ་བདུན་ཅུ་རྩ་དྲུག་ཙམ་བྱུང་། དགུང་ལོ་དོན་དྲུག་པ་ལ་ཟུལ་ཕུའི་གཟིམ་ཆུང་དུ་སྐུ་གཤེགས། ༈ །དེའི་མཁན་བུ་རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ་ནི། བྱ་འདུལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། འདུལ་བའི་སྡེ་སྣོད་ལ་སྦྱངས་པས་ཤིན་ཏུ་མཁས་པར་གྱུར་ཏེ། བྱ་འདུལ་ཕྱི་སློབ་མའི་གཙོ་བོ་ཡིན། ཉང་སྟོད་མཁར་ལུང་དུ་འདུལ་གྲྭ་བསྐྱངས་པས། བྱའི་སྣག་དབོན་ཟུལ་ཕུའི་གདན་ས་བ་རོག་འདིའི་སློབ་མ་ན་བཟའ་འཕྲེང་གསོལ་བར་གྲགས་པ་དེ་ཡིན། ཆོས་དབང་སོགས་སློབ་མ་གཤེས་གཉེན་མང་པོ་ཐོན་ཏོ། ༈ །དེའི་མཁན་བུ་དཔལ་ལྡན་གྲོ་མོ་ཆེ་བ་ནི། བྱའི་ལོ་ལ་ཆུ་སྒར་དུ་འཁྲུངས། གདུང་རུས་གྲོ། རྩིས་འདུལ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་འདུལ་བའི་སྡེ་སྣོད་ལ་སྦྱངས། མཚན་བདུད་རྩི་གྲགས། རྡོ་སྟོན་དང་ཞང་བཙུན་ལས་ཤ་ར་བའི་གདམས་པ་རྣམས་ནོས་ཤིང་། ཆུ་མིག་པ་ཤེར་གྲགས། མུ་སྨན་པ། སངས་རྒྱས་དབོན་སྟོན། ལྷ་སྤྱིལ་བུ་པ། རས་པ་དར་རྒྱལ། གྲགས་ཕུ་ལུང་པ་འཇམ་དབྱངས་རྒྱལ་མཚན། དྲེའུ་ལྷས་པ། འགོས་རིང་། ཆུ་ནག་པ་རྨར་ཤཱག་སེང་། གཙང་ནག་པ་སོགས་ལས་གསན་པ་རྒྱ་ཆེར་མཛད། སངས་རྒྱས་སོ་ལྔ་དང་རྗེ་བཙུན་སྒྲོལ་མ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། སྣར་གདན་རབས་བཞི་པ་ཡིན། ཐང་གི་གདན་སར་ཕེབས་ནས་ལོ་སུམ་བཅུ་རྩ་དགུའི་བར་དུ་འཕྲིན་ལས་བསྐྱངས། དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་སོ། ༈ །དེའི་མཁན་བུ་མཆིམས་ཆེན་ནམ་མཁའ་གྲགས་ནི། ཉང་སྟོད་སྟག་ཚལ་དུ་རྟའི་ལོ་ལ་འཁྲུངས། གཞོན་ནུ་ནས་དཔལ་ལྡན་གྲོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་ཀྱི་གཞུང་རྣམས་མཁས་བར་སྦྱངས། མཛོད་ཀྱི་ཊཱིཀ་ཆེན་སོགས་བསྟན་བཅོས་ཀྱང་མང་དུ་མཛད། དཔལ་ལྡན་གྲོ། ཞང་སྟོན། མཆིམས་བློ་བརྟན་སངས་རྒྱས་གདན་རབས་དྲུག་པ། སྒོམ་པ་སྟེ་བཞི་ལ་བཀའ་གདམས་ཀྱི་སྐོར་དང་། བཀྲ་ཤིས་སྒང་པ་ལ་བྱང་སེམས་ཟླ་རྒྱལ་བའི་དབུ་མའི་གདམས་པ་སོགས་གསན། ཆུ་མིག་ཆོས་འཁོར་གྱི་གྲལ་གྱི་གཙོ་བོ་མཛད། འགྲོ་མགོན་འཕགས་པ་སོགས་ཆེ་དགུ་ཐམས་ཅད་ཀྱིས་བཀུར། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྣར་ཐང་གི་གདན་སར་ལོ་སུམ་གདན་རབས་བདུན་པ་ཡིན། ཅུ་རྩ་དྲུག་གི་བར་དུ་ཚོགས་པ་བསྐྱངས་ནས་བྱི་བའི་ལོ་ལ་སྐུ་གཤེགས་སོ། ༈ །དེའི་མཁན་བུ་གྲགས་པ་ཤེས་རབ་ནི། ཉང་སྟོད་དུ་ལུག་གི་ལོ་ལ་འཁྲུངས། གདུང་ཟེའུ་སྟེ། མཁན་ཆེན་འདུལ་བ་འཛིན་པ་གྲགས་པ་བརྩོན་འགྲུས་ཀྱི་གཅུང་པོ་ཡིན། མཆིམས་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་པོ་དང་གཅེན་ལས་གཞུང་བཤད་དང་གདམས་པ་མཐའ་ཆོད་པ་གསན། གཅེན་འདུལ་འཛིན་གྱི་རྗེས་སུ་མཁན་པོར་བཞུགས་ནས་ལོ་བཅུ་གཉིས་ཀྱི་བར་དུ་གདན་སྣར་ཐང་གི་གདན་རབས་བཅུ་གཅིག་པ་ཡིན། ས་བསྐྱངས་སོ། ༈ །དེའི་མཁན་བུ་མཁན་ཆེན་བློ་བཟང་གྲགས་པ་ནི། ཉང་སྟོད་སྨོན་གྲོའི་ཕུ་ཁའུར་འཁྲུངས། གདུང་རུས་མཆིམས་སམ་ཟེའུ་པ། གྲགས་ཤེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟེའུ་པ་སྐུ་མཆེད་དང་། རྒྱང་རོ་བྱང་ཆུབ་འབུམ་སོགས་བླ་མར་བརྟེན། མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་ལ་མཁྱེན་རྟོགས་རྒྱས། གྲགས་ཤེས་བས་གདན་ས་གཏད་ནས་ལོ་སོ་དགུའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། གྲྭ་སར་ཤ་ཁྲིམས་དང་གླིང་ནང་དུ་ཁམས་པ་མི་བརྟེན་པ་སོགས་བཅའ་ཁྲིམས་ཀྱང་དམ་པར་མཛད་དེ་ཡོས་ལོ་ལ་སྐུ་གཤེགས། ༈ །དེའི་མཁན་བུ་ཀུན་དགའ་རྒྱལ་མཚན་ནི། ཆུ་སྒོའི་ལུང་བྱ་བར་སྟག་གི་ལོ་ལྕགས་རི་ཆེན་མོ་ཡང་དཔོན་སྙན་གྲགས་ཀྱིས་འདི་དུས་བརྩིགས། ལ་འཁྲུངས། གདུང་རུས་གྲོ། མཆིམས་བློ་བཟང་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། གཞུང་གདམས་ངག་ཐམས་ཅད་དང་བཀའ་བཅུ་གཞོན་སེང་སོགས་ལས་ཀྱང་ཆོས་མང་དུ་གསན། མཁན་པོ་གཤེགས་པའི་ལོ་དེ་ཀ་ལ་གདན་སར་ཕེབས་ནས་ལོ་ཉི་ཤུ་རྩ་བདུན་གྱི་བར་དུ་བསྐྱངས་ཤིང་། བསླབ་བཏུས་ཀྱི་ཊཱི་ཀ་སོགས་བརྩམས་པའང་མང་དུ་མཛད་ནས་སྦྲུལ་ལོ་ལ་གཤེགས། ༈ །དེའི་མཁན་བུ་གྲུབ་པ་ཤེས་རབ་ནི། སྣར་ཐང་གི་ཉེ་འཁོར་རོང་གུ་ཞེས་པར་མེ་བྱ་ལ་འཁྲུངས། གདུང་རུས་དབང་ཡིན། དགུང་ལོ་བཅུ་པ་ལ་ཀུན་རྒྱལ་པ་ལས་རབ་ཏུ་བྱུང་ཞིང་མཚན་གྲུབ་པ་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་དེ་ཉིད་དང་། སློབ་དཔོན་གྲགས་པ་རྒྱ་མཚོ་སོགས་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་གཉིས་དང་། ཡོན་ཏན་འོད། སློབ་དཔོན་སྐལ་བཟང་པ་སོགས་བླ་མ་མང་པོ་བསྟེན་ནས་མོད་སྔགས་ཀྱི་གཞུང་ལུགས་གདམས་ངག་དང་བཅས་པ་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་གཉིས་པ་ལ་མཁན་སར་ཕེབས་ནས་ལོ་སུམ་ཅུ་བསྐྱངས། དེ་རྟིང་ཉིད་ཀྱི་དབོན་པོ་བསོད་ནམས་མཆོག་གྲུབ་ལ་གདན་ས་གཏད་དེ་ལོ་ལྔ་ཟུར་བཞུགས་མཛད་ནས་རེ་བདུན་ལ་སྐུ་གཤེགས། དེ་ལྟར་གྲོ་མོ་ཆེ་པ་ནས་གྲུབ་ཤེའི་བར་སྣར་ཐང་གི་གདན་སར་ཕེབས་པ་ཤ་སྟག་སྟེ། དཔལ་དཱི་པཾ་ཀ་རས་སྣར་ཐང་གི་སའི་ཐད་དེར་ཕྱག་མཛུབ་གཏད་དེ། ས་ཕ་གིར་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན། ཞེས་ལུང་བསྟན་པ་ལྟར་གནས་བརྟན་གྱི་རྣམ་འཕྲུལ་འབའ་ཞིག་ཡིན་པར་གསུངས་སོ། ༈ །དེའི་མཁན་བུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་པཎ་ཆེན་དགེ་འདུན་གྲུབ་ནི། རུ་ལག་གི་ས་ཆ་གུར་མ་རུ་བར་ལྕགས་ལུག་ལ་འཁྲུངས། གདུང་རུས་ངར་ཚོ། མཚན་པདྨ་རྡོ་རྗེ། དགུང་ལོ་བཅོ་ལྔ་པ་ལ་སྣར་ཐར་དུ་མཁན་པོ་གྲུབ་པ་ཤེས་རབ་དང་། སློབ་དཔོན་གྱང་པའི་ཆེན་པོ་བློ་ལྡན་པས་མཛད་དེ་དགེ་ཚུལ་དུ་བསྒྲུབས། མཚན་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བཏགས། དགུང་ལོ་ཉི་ཤུ་པ་ལ་སྔར་གྱི་མཁན་སློབ་གཉིས་ཀྱི་སྟེང་གསང་སྟོན་གྲགས་པ་ཤེས་རབ་དང་། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། ཐུགས་སྦྱོང་མཛད་པའི་ཡོངས་འཛིན་གྱི་གཙོ་བོ་མཁན་ཆེན་གྲུབ་པ་ཤེས་རབ་དང་། སྣར་ཐང་པ་ཤེས་རབ་སེང་གེ། ལས་སྨོན་གྱིས་འབྲེལ་པ་རྗེ་རིན་པོ་ཆེ་ཡབ་སྲས་ཡིན། གཞན་ཡང་ཀུན་བཟང་ངོར་སྟོན། བོ་དོང་པཎ་ཆེན། སེམས་དཔའ་ཐུགས་རྗེ་དཔལ་བ། སཾ་གྷ་ཤྲཱི། གྲོ་སའི་དམར་སྟོན་ཁུ་དབོན། ཐང་ཆེན་ཉི་མ་རྒྱལ་མཚན། ཨ་བྷ་ཡ་དོན་ཡོད་པས་ལུང་བསྟན་པའི་བླ་མ་འཆད་ཀའི་ལྷ་རིན་པོ་ཆེ་དང་། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་གཉིས་ཏེ། དེ་ལ་སོགས་པའི་བཤེས་གཉེན་ལྔ་བཅུ་ཙམ་བརྟེན་ནས་མདོ་སྔགས་རིགས་གནས་དང་བཅས་པའི་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར་པས་བོ་དོང་པཎ་ཆེན་གྱིས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། སྣར་ཐང་བྱང་ཆེན་དུ་སྒྲུབ་པ་མཛད་པས་ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། འཇིགས་བྱེད་དང་སྒྲོལ་མའི་ཞལ་གཟིགས། འདོད་ཁམས་མ་བྲན་དུ་ཁོལ། རྩ་བར་སྣར་ཐང་པའི་དགེ་བཤེས། ཕྱིས་རྗེའི་གྲུབ་མཐའ་འཛིན་པར་བྱུང་ཡང་། སྡེ་རིས་དང་གྲུབ་མཐའི་ཕྱོགས་རིས་མི་མཛད་པར་ཀུན་ལ་དག་སྣང་སྦྱོང་། མཁས་པའི་བྱ་བ་དབུ་ཚད་འདུལ་བ་སོགས་གཞུང་ལུགས་མང་པོར་དགོངས་འགྲེལ་བརྩམས། བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་དང་ལྷ་ཆེན་བཞེངས་ཤིང་དགེ་འདུན་མང་དུ་བསྡུས་ཏེ། སྐུ་ཚེ་ཧྲིལ་པོར་འཆད་ཉན་གྱིས་བསྟན་པ་བསྐྱངས་ནས། དགུང་ལོ་གྱ་ལྔ་པ་ཤིང་རྟ་ལ་དགའ་ལྡན་དུ་གཤེགས་སོ། ༈ །དེའི་མཁན་བུ་གནས་སྙིང་བ་ཀུན་དགའ་བདེ་ལེགས་ནི། སྔོན་སློབ་དཔོན་པདྨ་སམྦྷ་ཝའི་དངོས་སློབ་རྒྱང་འཇམ་དཔལ་གསང་བའི་གདུང་རབས་བརྒྱད་ཅུ་རྩ་བརྒྱད་ཀྱི་བར་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པའི་གདུང་རིམ་པར་བྱོན་པ་ལས་ཡབ་རིན་ཆེན་རྣམས་གཉིས་ཀྱི་སྲས་སུ་ཉང་སྟོད་དུ་འཁྲུངས། པཎ་ཆེན་དགེ་འདུན་གྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་བསྩལ། མཁན་པོའི་དྲུང་དུ་གཞུང་ལུགས་གདམས་ངག་དང་བཅས་པ་ལ་མཁས་པར་སྦྱངས། འབྲས་སྤུངས་དང་འོལ་དགའ་སོགས་སུ་ཡང་ཕེབས། ཉང་སྟོད་ཕྱོགས་སུ་བློ་གསལ་མང་པོའི་དོན་མཛད་དོ། ༈ །དེའི་མཁན་བུ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནི། རྟ་ནག་རྡོ་རྗེ་གདན་དུ་ཀུན་དགའ་རྒྱལ་མཚན་པའི་སྲས་སུ་འཁྲུངས། དགུང་ལོ་བཅུ་པ་ལ་པཎ་ཆེན་ལུང་རིག་རྒྱ་མཚོར་གཙུག་ཕུད་ཕུལ། མཚན་དགེ་འདུན་རྒྱ་མཚོ་ཞེས་བསྩལ། ལོ་དེ་ཉིད་ཀྱི་ནང་དུ་ཀུན་དཀའ་བདེ་ལེགས་པས་མཁན་པོ། པཎ་ཆེན་ལུང་རིག་རྒྱ་མཚོས་སློབ་དཔོན། དབུ་མཛད་སངས་ཚུལ་བས་དུས་གོ་བ་མཛད་དེ་དགེ་ཚུལ་བཞེས། དགུང་ལོ་ཉི་ཤུ་པ་ཡོས་ལོ་དབོ་ཟླའི་ཚེས་བརྒྱད་ལ་མཁན་པོ་སྔ་མ་ཉིད་དང་། ལས་སློབ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གསང་སྟོན་སངས་རྒྱས་དཔལ་བཟང་། དུས་གོ་བ་འོ་ལ་དགའ་སངས་བཟང་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཚིགས་སྔ་ཕྱིའི་མཁན་སློབ་རྣམས་དང་། པཎ་ཆེན་ནོར་བཟང་རྒྱ་མཚོ། ཡབ་ཀུན་རྒྱལ་བ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐོན་ཡོན་རྒྱམ་སོགས་བཤེས་གཉེན་མང་པོ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས། ཚིག་དོན་མཐའ་དག་ཐུགས་སུ་ཆུད། རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེ་འབྲས་བཀྲ་ཤིས་ལྷུན་པོ་རྣམས་ཀྱི་ཁྲིར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་གདུལ་བྱ་བསྐྱངས། དགུང་ལོ་རེ་བརྒྱད་པ་ཆུ་སྟག་ནག་ཟླའི་ཚེས་བརྒྱད་ལ་དག་པའི་ཞིང་དུ་སྐུ་གཤེགས། ༈ །དེའི་མཁན་བུ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ནི། ཡུལ་འོལ་དགའ་གྱང་གསར་དུ་ཤིང་གླང་ལོར་འཁྲུངས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བསམ་གཏན་གླིང་། སེ་ར་སྨད། རྒྱུད་སྟོད་རྣམས་སུ་མདོ་སྔགས་ཀྱི་གཞུང་ལུགས་ལ་སྦྱངས། རྒྱུད་སྟོད་དང་ཤར་རྩེའི་གདན་ས་ནས་དགུང་ལོ་ང་བཞི་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་བསྙེན་རྫོགས་བཞེས་པའི་མཁན་པོའང་ཡིན། དྲུག་ཅུ་པ་ལ་བདེ་བ་ཅན་དུ་ཟུར་བཞུགས་མཛད། རེ་གསུམ་པ་ལ་སྐུ་གཤེགས་སོ། ༈ །དེའི་མཁན་བུ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ནི། ཡུལ་སྟོད་ལུང་རམ་པའི་གད་པ་ཁར་མེ་ཁྱི་ལ་འཁྲུངས། བདེ་བ་ཅན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐྱོར་མོ་ལུང་། ར་བ་སྟོད་རྒྱུད་རྣམས་ཀྱི་གྲྭ་སར་གཞུང་ལུགས་ལ་སྦྱངས་པས་འཇིགས་པ་མེད་པའི་སྤོབ་པ་ཐོབ། ར་བ་སྟོད་ཀྱི་འཆད་ཉན་རྒྱུད་སྟོད་དང་ཤར་རྩེ་སྦྲེལ་བའི་བླ་ནས་ང་བདུན་པ་ལ་དགའ་ལྡན་གྱི་ཁྲིར་ཕེབས། རེ་བཞི་པ་ལ་རྒྱལ་ཁང་རྩེར་ཟུར་བཞུགས་མཛད་དེ་ཕྲིན་ལས་རྣམ་པར་དཀར་བའི་ངང་ནས་དགུང་ལོ་དོན་བཞི་པ་ལ་སྐུ་གཤེགས། ༈ །དེའི་མཁན་བུ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ནི། གྲྭ་བྱམས་པ་གླིང་གི་དགོན་ཞོལ་དུ་ཆུ་བྱ་ལ་འཁྲུངས། ཆུང་ངུ་ནས་དྭགས་པོ་གྲྭ་ཚང་དུ་གསན་སྦྱོངས་ལ་ཕེབས། དེའི་སློབ་དཔོན་བློ་བཟང་ཆོས་འཕེལ་ལས་རབ་ཏུ་བྱུང་སྟེ། མཚན་དཀོན་མཆོག་ཆོས་འཕེལ་དུ་བཏགས། དེ་རྗེས་ར་བ་སྟོད་དང་རྒྱུད་སོགས་ཀློག་པའི་གྲྭ་མང་པོར་བྱོན་ཏེ་འཆད་ཉན་མཛད་པས་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཏུ་གྱུར། དགུང་ལོ་ཉི་ཤུ་རྩ་བཞི་པ་ལ་རྒྱལ་ཁང་རྩེ་པ་ལས་བསྙེན་པར་རྫོགས། ར་བ་སྟོད་དང་རྒྱུད་སྟོད་བློ་གསལ་གླིང་རྣམས་ཀྱི་འཆད་ཉན། གསང་ཕུ་གླིང་གླིང་སྨད་ཀྱི་ཁྲིར་ཤར་རྩེ་དང་དགའ་ལྡན་གྱི་ཁྲི་རྣམས་སུ་ཕེབས། རྗེ་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་པས་མཚན་ཉིད་ཀྱི་གཞུང་ལུགས་རྣམས་གསན་ནས་ཏི་ཤྲཱིར་བཀུར། འཆད་མཁས་ཤིང་ཐུགས་དགོངས་བཟང་བས་ཞལ་སློབ་དགེ་བའི་བཤེས་གཉེན་མང་དུ་ཐོན། རྗེས་སུ་སློབ་མ་ཐམས་ཅད་ཚུལ་གནས་ལུང་རིགས་སྨྲ་བ་ལ་སྦྱོར། སྡེ་རིས་ཀྱི་ཆགས་སྡང་མི་མངའ་བའི་དབང་གིས་སྡེ་གཟར་སློང་བའི་གྲོས་ལ་རང་མི་འཇུག་ཅིང་གཞན་དག་ཀྱང་བསྲུང་བར་མཛད་པས་རང་ཕྱོགས་པ་རྣམས་ཀྱིས་ཀྱང་གཙང་ཞེན་པ་ཞེས་ཕྱོགས་འབུལ་ཞུ་བ་བྱུང་ཞེས་རྗེ་ཐམས་ཅད་མཁྱེན་པས་བསྔགས་པར་མཛད་པ་ཡིན་ནོ། །དགུང་ལོ་དོན་བཞི་པ་མེ་ཁྱི་ལ་དབུར་སྟོད་གསང་སྔགས་མཁར་དུ་སྐུ་གཤེགས། ༈ །དེའི་མཁན་བུ་དོན་གྱི་སླད་དུ་མཚན་སྨོས་ན་བདག་གི་མཁན་པོ་དཀོན་མཆོག་བསྟན་འཛིན་ནི། ཆུ་མོ་ཕག་གི་ལོ་ལ་དབུ་རུ་ཁ་རག་ཏུ་སྐུ་འཁྲུངས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྐུ་ན་ཕྲ་མོ་གྲྭ་སར་བཞུགས་དུས་ནས་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་དུས་དབང་གིས་འབྱུང་བར་ཉེ་བ་རྣམས་ཀྱིས་ཀྱང་མ་གོས་པས་བཙུན་གཅིག་མར་གྲགས། ར་བ་བསྟོད་དང་བློ་གསལ་གླིང་སོགས་སུ་མཚན་ཉིད་ཀྱི་གཞུང་ལུགས་རྣམས་ལ་མཁས་པར་སྦྱངས། རྗེ་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་དང་རང་གི་མཁན་པོ་ཁྲི་རིན་པོ་ཆེ་སོགས་བཤེས་གཉེན་དུ་མ་ལས་གཞུང་གདམས་ངག་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། གཉལ་སྡེ་དྲུག་གི་མཁན་པོ་ལོ་བཅོ་ལྔ་སྐོར་དང་། དེ་རྗེས་ཉང་སྟོད་དཔལ་འཁོར་ལོ་བདེ་ཆེན་གྱི་མཁན་པོར་ཕེབས་ནས་གྲུབ་མཐའི་ཕྱོགས་ཆ་དང་བྲལ་བར་ཡུན་རིང་དུ་བསྐྱངས་པས་ས་ཞལ་དགེ་གསུམ་གྱི་གྲྭ་པ་ཐམས་ཅད་ཀྱིས་སྤྱི་མི་ལྟར་བཀུར་ཞིང་བསྔགས། དེ་ནས་གདན་ས་ཡང་སྟོད་པ་ངག་དབང་ཕྲིན་ལས་ལ་གཏད་དེ་དབུར་སྟོད་གསང་སྔགས་མཁར་དུ་ལོ་ཤས་ཐུགས་དམ་ལ་བཞུགས་ནས་དགུང་ལོ་རེ་གཉིས་པ་ཤིང་ཕོ་བྱི་བ་ལ་སྐུ་གཤེགས་སོ། ༈ །དེ་ཉིད་ཀྱི་སྡོམ་ཕྲུག་བདག་མཁན་པོའི་མིང་བཏགས་གཉོས་ཀྱི་དགེ་སློང་དྷརྨ་ཤྲཱི་ནི། མཆོག་གི་དངོས་གྲུབ་བརྙེས་པ་ཡེ་ཤེས་ཀྱི་སྐུ་ཅན་རྗེ་བཙུན་ཐམས་ཅད་མཁྱེན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་སྡོམ་བརྩོན་མཁན་ཆེན་པོ་རྒྱལ་སྲས་བསྟན་པའི་ཉི་མ་གཉིས་ཀྱི་རིགས་ཀྱི་གཅུང་དུ་སྐྱེེས། གཅེན་རྣམ་གཉིས་ཀྱི་བཀའ་དྲིན་གྱི་ཆུང་ངུ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་མཇལ། ཁྱད་པར་རང་ལོ་ཉི་ཤུ་རྩ་བདུན་པ་ལྕགས་ཕོ་སྤྲེའུའི་ལོའི་དུས་ཚིགས་ལྔ་ལས་དབྱིད་ཟླ་དང་པོའི་དུས། དཔྱིད་འབྲིང་ནག་ཟླའི་ཡར་ངོའི་ཚེས་བཅུ་གསུམ། ཉིན་གྱི་དུས་སུ་ཕྱི་དྲོའི་ཉི་མ་བརྒྱད་ཆ་ལུས་པ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ་མཁན་སློབ་སྦྲགས་མ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་དཀོན་མཆོག་བསྟན་འཛིན། གསང་སྟོན་རབ་འབྱམས་པ་བློ་བཟང་སྐྱེས་མཆོག །དུས་གོ་བ་རབ་འབྱམས་པ་ཕུན་ཚོགས་ལེགས་འབྱོར། གྲོགས་དན་པ་དགེ་སློང་བློ་བཟང་ཀུན་དགའ། ཁ་སྐོང་བ་དགེ་སློང་ངག་དབང་ཆོས་འཛིན་ཏེ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། རང་བྱུང་འཕགས་པའི་གཙུག་ལག་ཁང་ཆེན་པོ་པོ་ཊ་ལར། གྲོགས་རང་གི་གཅུང་དང་དགེ་སློང་བཟོད་པ་བཅས་ཚིགས་གསུམ་དུས་གཅིག་ལ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས་པས་དགེ་སློང་གི་དངོས་པོ་ཐོབ། དེ་ཉིན་བསྒྲུབ་བྱ་གཉིས་བྱུང་བའི་ངེད་རྣམས་དང་པོ་ཡིན། ཆ་གཉིས་པ་ལ་རྟ་ཚབ་རྗེ་དྲུང་རིན་པོ་ཆེའི་ཞབས་ཕྱི་བ་དགེ་སློང་ངག་དབང་ཚུལ་ཁྲིམས་དང་བློ་གསལ་རྒྱ་མཚོ་གཉིས་སོ། །མཆན། འདུལ་བའི་བརྡའ་ཆད་དང་ལག་ལེན་ཕྲན་བུ་གཅེན་རྒྱལ་པའི་སྲས་པོ་དང་གུང་ཐང་པཎ་ཆེན་གཉིས་ལས་སྦྱངས་ཏེ་སྔོན་ནས་ཅུང་ཟད་ཤེས་ཤིང་། བསྙེན་པར་རྫོགས་པའི་ཕྱི་ལོ་དེར་གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཆོས་དར་ལས་འདུལ་བའི་བཤད་ཡམ་ཙམ་ཞིག་ཉན་ནས་བསམ་པའི་ཤེས་རབ་ཀྱིས་ཅུང་ཟད་བསྐྱངས་པས། གོ་བའི་སྣེ་ཟིན་ཙམ་གྱི་བག་ཆགས་བཞག་པ་ལགས་སོ། ༈ །ད་ནི་འཕྲོས་དོན་ཐོར་བུ་བརྗོད་པར་བྱ་སྟེ། བརྒྱུད་ཡིག་རྙིང་པ་ཁ་ཅིག་ཏུ་རྦ་རཏྣ་ནས་སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་བླ་ཆེན་པོ་ཞེས་འདྲེན་པ་ནི། སྨར་གཡོ་གཙང་གསུམ་བཀའ་དྲིན་ཆེ་བས་ངོ་མཚར་བརྒྱུད་པ་ལྟ་བུར་གསུམ་ཀ་བགྲངས་པ་ལས། བླ་ཆེན་གྱི་མཚན་མཐར་རབ་གསལ་གྱི་འཁྲུལ་གཞི་བྱས་ནས་གཙང་རབ་གསལ་ཆད་པར་སྣང་བས་ཡི་གེ་བྲིས་ནོར་འབྱམས་པ་ཡིན་ལ། ཁ་ཅིག་ཏུ་སྨར་དང་གཡོའི་བར་དུའང་ལེགས་རིན་ཆེན་ནམ་མཁའ་མཛོད་ཟེར་བ་ནི་སྨར་གཡོ་གཙང་གསུམ་ཀ་རཏྣའི་མཁན་བུ་ཡིན་པར་ཡོངས་སུ་གྲགས་པས་གནོད་དོ། །ཡང་བླ་ཆེན་པོ་ནས། སྦ་ཡེ་ཤེས་གཡུ་དྲུང་། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཟེར་བ་ནི། ཡིག་ཚང་འགའ་ཞིག་ཏུ། དབུས་གཙང་གི་མི་བཅུས། བླ་ཆེན་པོ་ལ་སྡོམ་པ་བླངས་ནས་བྱིངས་ཡར་ལོག །ཀླུ་མེས་ཀྱིས་གྲུམ་ལས་འདུལ་བ་ཉན་ཞིང་བསྡད་དོ། །ཞེས་འབྱུང་བའི་གཏམ་རྒྱུད་ཐོས་ཤིང་ཇི་བཞིན་པ་མ་འཁྱོལ་བའི་འཆལ་གཏམ་མོ། །ཡང་ཕྱོགས་གཏམ་ཅན་ཁ་ཅིག་ན་རེ། བླ་ཆེན་མཁན་བརྒྱུད་མ་དག་སྟེ། དེའི་རྒྱུ་མཚན་བླ་ཆེན་བསྙེན་པར་རྫོགས་པའི་ལས་ཀྱི་ཁ་སྐོང་ལ་རྒྱ་ནག་གི་དགེ་སློང་གཉིས་ཡོད་པ་དེ་རྣམ་དག་ཡིན་མིན་མི་ཤེས་པས། ལས་ཆགས་མ་ཆགས་ཐེ་ཚོམ་ཟ་བས། བླ་ཆེན་པོ་ལ། སྡོམ་པ་འཁྲུངས་མ་འཁྲུངས་ཐེ་ཚོམ་ཟ། ཁ་ཆེན་པཎ་ཆེན་ནས་བརྒྱུད་པ་ལ་དེ་འདྲའི་སྐྱོན་མེད་པས་སྡོམ་བརྒྱུད་དག་པ་ཡིན་ནོ། །ཞེས་སྨྲ་བ་མི་རིགས་ཏེ་སྤྱིར་རྒྱའི་དགེ་སློང་ཡིན་པས་རྣམ་དག་མ་ཡིན་པར་སྒྲུབ་མི་ནུས་ཤིང་། ཁྱད་པར་དེ་གཉིས་ལྷ་ལུང་དཔལ་གྱི་རྡོ་རྗེ་ཆོས་རྒྱུས་ཤིན་ཏུ་ཆེ་ཞིང་བསྟན་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་སུ་མཛད་པ་དེས། རང་ཉིད་རྒྱལ་པོ་སྡིག་ཅན་བསད་པས་ལས་ཀྱི་ཁ་སྐོང་མི་བཏུབ་པར་གཟིགས་ཏེ་ཁ་སྐོང་བར་འོས་པའི་དགེ་སློང་འབད་པ་ཆེན་པོས་བཙལ་ནས་བཏང་བར་ཡོངས་སུ་གྲགས་ཤིང་གྲུབ་པས་ན། རྣམ་དག་ཡིན་མིན་གྱི་ཐེ་ཚོམ་ག་ལ་དགོས། ལར་དུས་ཕྱིས་ཀྱི་མི་ཐེ་ཚོམ་ཆེ་ཟོས་པས་སྔོན་བླ་ཆེན་པོའི་ཐུགས་རྒྱུད་ལ་སྡོམ་པ་རྣམ་དག་མ་འཁྲུངས་པར་སྒྲུབ་པ་ནི་བཞད་གད་ཀྱི་གནས་སོ། །དེར་མ་ཟད་བླ་ཆེན་བརྒྱུད་པ་མ་དག་ན། ཁ་ཆེའི་པཎ་ཆེན་གྱིས་བྱང་རྡོར་རྣམ་གཉིས་དང་འཇམ་དབྱངས་ས་པཎ་གསུམ་བསྙེན་པར་རྫོགས་པ་ལའང་ལས་མ་ཆགས་པར་འགྱུར་ཏེ། རྒྱུ་མཚན་བྱང་ཆུབ་དཔལ་བའི་ལས་སློབ་ཤངས་པ་ཇོ་སྟོན་དང་། གསང་སྟོན་རྒྱང་རོ་གཞོན་རིན། རྡོ་རྗེ་དཔལ་བའི་ལས་སློབ་གཙང་པོ་པ་དང་། གསང་སྟོན་བསོད་རྒྱན། འཇམ་དབྱངས་ས་པཎ་གྱི་ལས་སློབ་སྤྱི་བོ་ལྷས་པ་དང་། གསང་སྟོན་མོ་རི་བ་རྣམས་པཎ་ཆེན་བོད་དུ་མ་བྱོན་གོང་དུ་བསྙེན་པར་རྫོགས་ཟིན་པའི་བླ་ཆེན་བརྒྱུད་པ་ཡིན་དགོས་ལ་དེ་ཡིན་ན་ཁྱོད་རང་གི་རིགས་པ་དེས་པཎ་ཆེན་སྡོམ་རྒྱུན་ཀྱང་མ་དག་པར་ཁས་བླངས་པར་འགྱུར་རོ། །ཡང་ཁ་ཅིག་བླ་ཆེན་དང་ཀླུ་མེས་ཀྱི་སྡོམ་པ་གང་ལས་བླངས་པའི་མཁན་པོ་ལ་མི་མཐུན་པའི་ལོ་རྒྱུས་སྣ་ཚོགས་བྱུང་བའི་ཕྱིར། ཡིད་ཆེས་བའི་གནས་སུ་རུང་བ་ཡེ་མི་འདུག་པས། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་མཁན་བརྒྱུད་ལ་མཁས་པ་རྣམས་ཐུགས་རྩིས་ཆེན་པོ་མཛད་ཅེས་བྲིས་ནས་དེའི་སྒྲུབ་བྱེད་ལ། འཇམ་དབྱངས་ས་པཎ་དང་། བདག་ཉིད་ཆེན་པོ་བཟང་པོ་དཔལ་དང་། ཏི་ཤྲཱི་ཀུན་བློ་དང་། མཁས་མཆོག་བུ་སྟོན་རྣམས་ཀྱིས་པཎ་ཆེན་སྡོམ་བརྒྱུད་ལས་བསྙེན་རྫོགས་བཞེས་པ་བཀོད་དོ། །དེ་ཡང་ཕྱོགས་གཏམ་སྟེ། ལོ་རྒྱུས་མི་འདྲ་བ་ནི་པཎ་ཆེན་སྡོམ་བརྒྱུད་ལའང་མང་སྟེ། རཏྣ་མི་ཏྲའི་རྗེས་སུ་དྷརྨ་པཱ་ལ་སྟེ་ཆོས་སྐྱོང་ཞེས་ཡིན་པ་ལ་ཆོས་བཟང་ཟེར་བ་དང་དེ་རྗེས་སུ་གུ་ཎ་པ་ཏི་སྟེ་ཡོན་ཏན་བདག་པོ་ཞེས་པ་ལ། ཡོན་ཏན་རྒྱ་མཚོ་ཞེས་ཁ་ཅིག་ཏུ་འབྱུང་བ་དང་། བྱང་རྡོར་རྣམ་གཉིས་ཆུ་ཤུལ་གྱི་སྤྲོག་མ་དགོན་པར་དུས་གཅིག་ལ་བསྙེན་པར་རྫོགས་པར་འདོད་པ་དང་། ཡང་བྱང་ཆུབ་དཔལ་བ་ཁྲོ་ཕུ་ལོ་ཙཱ་བའི་གཟིམ་ཁང་དུ་རྫོགས་ལ། རྡོ་རྗེ་དཔལ་པ་ཕྱིས་རྒྱན་གོང་དུ་རྫོགས་པས་དུས་མི་གཅིག་ཟེར་བ་དང་། ཡང་ཚོགས་ཆེན་པོའི་མཁན་པོ་ཡར་འབྲོག་སྒྲགས་མངའ་བ་བཀྲ་ཤིས་ཚུལ་ཁྲིམས་སམ་རྩིས་པ་ཤེར་མགོན་པའི་སྡོམ་ཕྲུག་ཏུ་འདོད་པ་དང་། སྙེ་མོ་བ་བསོད་ནམས་དཔལ་གྱི་སྡོམ་ཕྲུག་ཏུ་འདོད་པ་གཉིས་ཀྱང་འགལ་བ་སོགས་དེ་རིགས་ཀྱི་གཏམ་རྒྱུད་མ་དག་པ་གཉིས་ཀ་ལ་ཡོད་བཞིན་དུ་བླ་ཆེན་སྡོམ་བརྒྱུད་ཁོ་ན་ལ་སྐྱོན་འདོགས་པ་ནི། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ཉིད་བལྟ་ན་མེ་ལོང་དགོས་པས་བཙལ་བར་རིགས་སོ། །བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་དང་ཀུན་མཁྱེན་བུ་སྟོན་ཁ་ཆེ་པཎ་ཆེན་བརྒྱུད་པ་ལས་བསྙེན་རྫོགས་བཞེས་པ་བདེན་མོད། དེ་ལྟ་བུའི་མཁས་གྲུབ་བླ་ཆེན་བརྒྱུད་པ་ལའང་ཆེས་མང་སྟེ། རྒྱ་འདུལ་སོག་འཛིན། རྨ་ཚོ་བྱང་རྡོར། བྱ་འབྲེ་ཤེས་འབར། འདུལ་འཛིན། བརྩོན་འགྲུས་འབར། ཤ་མི་སྨོན་ལམ་རྡོ་རྗེ་སོགས་འདུལ་འཛིན་ཁྱད་པར་ཅན་མང་པོ་དང་། ལོ་ཆེན་མཁན་པོ་ཡེ་ཤེས་བཟང་པོ། རིན་ཆེན་བཟང་པོ། པུ་མཁན་པོ་རྒྱ་ལྷ་ཁང་པའི་གླན། ཏོ་བ། ཕུ་ཆུང་མཁན་པོ་རྒྱལ་ལྷ་ཁང་པའི་ཞང་། པ། ཤ་ར་བ་མཁན་པོ་བོ་ཏོ་བ། རྔོག་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ། འབྲིང་གི་མཁན་པོ་རྔོག་ལེགས་ཤེས། འབྲེ་ཤེས་རབ་འབར། སྣེ་པོ་གྲགས་པ་རྒྱལ་མཚན། དྭགས་མཁན་པོ་ཤ་བ་གླིང་པ། པོ་ལྷ་རྗེ། འགྲོ་མགོན་མཁན་པོ་བྱ་འདུལ། ཕག་གྲུ། བཅོམ་ལྡན་འདས་རིག་རལ་སོགས་མཐའ་ཡས་སོ། །དེས་ན་སྔོན་གྱི་མཁས་གྲུབ་རྒྱལ་བ་གཉིས་པ་ལྟ་བུའི་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་ཐུགས་རྒྱུད་ལ་སྡོམ་པ་རྣམ་དག་འཁྲུངས་མ་འཁྲུངས་ཀྱི་ཁ་ཚོན་གཅོད་པ་ནི་མཐའ་བྲལ་གྱི་ནམ་མཁའ་ཁབ་མིག་ཏུ་འཛུད་པར་འདོད་པ་དང་འདྲ་བས་མཛངས་པ་མ་ཡིན་ནོ། །མདོར་ན་སྔར་བསྟན་པ་རྒྱས་པའི་དུས་སུ་སྟོད་འདུལ་སྨད་འདུལ། ཁ་ཆེ་བརྒྱུད་པའི་སྡོམ་རྒྱུན་ཐམས་ཅད་ལ་གནས་བརྟན་སྡེ་སྣོད་འཛིན་པ་ཆེས་ཆེར་མཆོག་ཏུ་གྱུར་པའི་མཁན་རབས་མང་དུ་བྱུང་མོད། དེ་ལས་སྟོད་འདུལ་བ་པཱ་ལ་རྣམ་གསུམ་གྱི་སྡོམ་རྒྱུན་ནི་སྔོན་གྱི་དུས་སུའང་རྒྱུན་བྲེང་ངེ་བ་གཅིག་ལས་རྒྱ་ཆེར་མ་འཕེལ་ཞིང་དིང་སང་ནི་ཡོད་པའི་སྒྲ་མི་གྲག་གོ། །པཎ་ཆེན་སྡོམ་རྒྱུན་ཀྱང་ཚོགས་སྡེ་བཞི་ལས། དེང་སང་བྱིངས་རྫིང་བའི་སྡོམ་རྒྱུད་ཕྱོགས་གང་ན་ཡང་ཡོད་པ་མ་ཐོས་ཤིང་། གཞན་གསུམ་གྱི་སྡོམ་རྒྱུན་རང་རང་གི་ཚོགས་དེར་མ་ཆད་མོད། དེ་ལྟ་ནའང་། དགེ་འདུན་སྒང་པའི་སྡོམ་རྒྱུན་ཀར་ལུགས་པ་དང་། ཆོས་ལུང་པའི་སྡོམ་རྒྱུན་འབྲུག་ལུགས་པ་འདྲ་ལ་མ་ཆད་པ་ཙམ་ཡོད་པར་གྲགས་ཤིང་། ཚལ་མིག་པའི་སྡོམ་རྒྱུན་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལས་བརྒྱུད་ནས་དེང་སངས་ལུགས་པ་རྣམས་ལ་དར་རྒྱས་ཆེ། ཁ་ཆེ་པཎ་ཆེན་གྱི་ལུགས་འཇམ་དབྱངས་ས་སྐྱ་པཎྜི་ཏ་ནས་བརྒྱུད་དེ་ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོའི་ཕྲིན་ལས་ཀྱིས་རྒྱས་པར་མཛད་པ་དང་། སྨད་འདུལ་བའི་སྡོམ་རྒྱུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས་བརྒྱུད་པ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་ཀྱིས་རྒྱས་པར་སྤེལ་བ་སྟེ། དེ་ལྟར་སྡོམ་རྒྱུན་གཉིས་པོ་འདི་དེང་སངས་རྒྱ་བོད་ཧོར་གསུམ་སོགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་སྣང་ལ། སྨད་འདུལ་བའི་ལུགས་དེ་ལས་བརྒྱུད་པའི་ཁྱད་པར་ཅུང་ཟད་མི་འདྲ་བ་འདི་ཉིད་ཤིན་ཏུ་ཉག་ཕྲ་བར་གྱུར་པ་ན་གོང་མ་ཐམས་ཅད་མཁྱེན་གཟིགས་རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་ལུང་གིས་བླ་ཆེན་སྡོམ་རྒྱུན་རྣམ་པར་དག་པ་ཁ་རག་ཞལ་སྔ་ནས་ལ་བཞུགས་ཤིང་། ཁོང་འདུལ་བའི་ངང་ཚུལ་ཤིན་ཏུ་གཙང་བས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་ཁྱེད་ཀྱིས་ཞུས་ནས་མ་ནུབ་པར་གྱིས་ཤིག་ཅེས་སྩལ་བ་ལྟར་བསྒྲུབས་པས་འདུན་མ་ལེགས་པ་ཡིན་ནོ། །དེས་ན་འདི་བསམ་པར་རིགས་ཏེ། འཇམ་དབྱངས་ས་པཎ་ནས་བརྒྱུད་པ་འདི་ཉིད་སྔོན་དུས་སྐྱེས་ཆེན་མང་དུ་བྱོན་ཞིང་། ད་ལྟའི་དུས་སུ་ནི་གནས་བརྟན་སྡེ་སྣོད་འཛིན་པའི་སྐྱེས་མཆོག་དམ་པ་མང་དུ་སྣང་མོད་ཀྱིས། འོན་ཀྱང་བར་སྐབས་ཀྱི་མཁན་རབས་འགའ་ཞིག་མཚན་མ་ནུབ་ཙམ་ལས་ཀུན་གྱིས་མཐུན་སྣང་དུ་གྲུབ་པའི་བཤེས་གཉེན་གྲགས་ཆེ་བ་མ་བྱུང་བ་དང་། ངོར་ལུགས་ཀྱི་མཁན་བརྒྱུད་རྣམས་ཀྱང་སྔགས་ཀྱི་རྡོ་རྗེ་འཛིན་པའི་བཤེས་གཉེན་བརྒྱུད་མར་བྱོན་ཀྱང་འདུལ་བའི་ཕྱོགས་ལ་ཕྱག་བཞེས་ཅུང་ཟད་ལྷོད་པ་བཅས། དེ་རྣམས་དང་བསྟུན་ན་ད་ལྟའི་དུས་འདིར་བླ་ཆེན་པོའི་སྡོམ་རྒྱུན་ཁྱད་པར་ཅན་འདི་ཉིད་ཆེས་འཕགས་པར་གྲུབ་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་མཁན་པོ་དཀོན་མཆོག་བསྟན་འཛིན་ཡན་ཆད་མཁན་བརྒྱུད་ཐམས་ཅད་གནས་བརྟན་སྡེ་སྣོད་འཛིན་པ་ཤ་སྟག་གསེར་རིའི་ཕྲེང་བ་ལྟར་བཟང་ཟ་ར་ཚགས་སུ་བྱོན་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ཡིན་ཞིང་། གཞན་དུ་ན་སྡོམ་རྒྱུན་ལུགས་སོ་སོ་དེ་དང་དེའི་མཁན་བརྒྱུད་ལ་བཞུགས་པའི་བླ་མ་རྣམས་ཀྱི་ཐུགས་རྒྱུད་ཀྱི་སྤངས་རྟོགས་སྐྱེ་འཕགས་གང་ཡིན་ནི་བདག་ཅག་སོ་སྐྱེས་རྣམས་ཀྱི་སུ་ཅི་ཞིག་གཞལ་བར་ནུས་ཏེ། འཕགས་པའི་སྤྱོད་ཡུལ་ལས་གཞན་གྱིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་སྨད་འདུལ་བ་འདི་ལ་སྡོམ་རྒྱུན་ཙམ་དུ་མ་ཟད། སྔོན་གྱི་སྐྱེས་མཆོག་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས་བཤད་རྒྱུད་ཀྱང་དུས་ཀྱི་ཐ་མའི་ཐ་མ་ད་ལྟའི་བར་དུ་དར་ཤིང་རྒྱས་པར་ཡོད་ཅིང་། སྟོད་འདུལ་བའི་བཤད་རྒྱུད་ཀྱང་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་ལོ་ཙཱ་བ་རླུང་སྐྱོགས་གཉིས་ལ་འཆད་ཉན་མཛད་པས་སྨད་འདུལ་བའི་བཤད་རྒྱུན་ལ་འདྲེས་པའི་ཕྱིར་མ་ཆད་པར་སྣང་ངོ་། །དེ་ལྟར་ན་དངོས་ཅག་གིས་ཀྱང་རང་ལ་ནུས་པ་མ་མཆིས་རུང་། དམ་པ་རྣམས་ཀྱི་བྱིན་རླབས་ཅུང་ཟད་ཞུགས་པས་མཁན་པོའི་གཡར་ཁྲལ་བླངས་ནས་གང་སྤོབས་ཀྱིས་སྤེལ་ལོ་བགྱིས་པར། ད་ལྟའི་ལྕགས་སྦྲུལ་གྱི་ལོ་འདི་ཡན་ལ་སྡོམ་ཕྲུག་དགེ་སློང་ཉིས་བརྒྱ་ལྷག་ཙམ་དང་། དགེ་ཚུལ་སྟོང་ཕྲག་བརྒལ་བ་ཙམ་དུ་ཟིན་པ་ནི་ཆོས་ལྡན་གྱི་ཕྲིན་ལས་སུ་རློམས་པ་ལགས་པས། ཕྱིས་ནས་ཀྱང་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་པོའི་ཡོན་ཏན་མངའ་བ་རྣམས་ཀྱིས་གཅིག་ཏུ་བསྟན་པ་ལ་དགོངས་ཏེ། མཁན་པོ་གཏན་མེད་ཀྱི་ལུང་ཙམ་ལ་འཁྲིས་ནས་དགེ་སློང་བཞི་ཚོགས་ཀྱིས་བསྙེན་རྫོགས་འབོགས་པ་དང་། བསྒྲུབ་བྱ་ལོ་བདུན་དང་ཉི་ཤུ་མ་ལོན་པར་རབ་བྱུང་བསྙེན་རྫོགས་སྟེར་བ་དང་། བསྒྲུབ་བྱ་གསུམ་ལས་མང་བར་དུས་གཅིག་ཏུ་སྡོམ་པ་འབོགས་པ་དང་། གོས་བྱིན་རླབས་མཁན་པོ་ལས་གཞན་དག་གིས་ཀྱང་བྱེད་པ་དང་། ལས་ཆོ་ག་དཔེ་ཀློག་བྱེད་པ་དང་། ལས་གྲྭ་རྣམས་ཀྱིསཀྱང་ཆོ་ག་ལ་ཐུགས་མི་གཏོད་པར། འགྲོ་འདུག་དང་། ངག་བཟླས་བྱེད་པ་དང་། ལས་གྲྭ་གྱེས་ནས་ལས་སློབ་ཀྱི་གདམས་ངག་ཟུར་དུ་འདེབས་པ་སོགས་ཟོར་ཡང་མི་མཛད་པར་ཕྲ་ཞིབ་ཀྱི་ཕྱག་ལེན་རྣམ་པར་དག་བ་འདི་ཉིད་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་བའི་སྒོ་ནས་སྤྱིར་རྒྱལ་བའི་བསྟན་པ་སྤྱིར་དང་ཁྱད་པར་མཁན་ཆེན་ཞི་བ་འཚོའི་རིང་ལུགས་རྒྱས་པར་བྱ་བའི་ཕྱིར་དང་། ངེས་འབྱུང་གི་ཚུལ་ཁྲིམས་དོན་དུ་གཉེར་བའི་བློ་ལྡན་རྣམས་ཀྱི་རྒྱུད་ཆུད་མི་གཟོན་པར་བསྐྱང་བ་ལ་ནན་ཏན་དུ་མཛོད་ཅིག་ཅེས་གསོལ་བ་འདེབས་སོ། །དེ་ལྟར་ཉུང་ངུའི་ངག་གི་སྦྱོར་བ་ཡིས། །ངོ་མཚར་རྒྱ་ཆེན་གཏམ་ལ་དབང་བསྒྱུར་བའི། །མཁན་བརྒྱུད་རྣམ་པར་གསལ་བྱེད་སྒྲོན་མེ་འདི། །ཆོས་ཁུངས་བལྟ་འདོད་དཔལ་དུ་འགྱུར་སྙམ་སྤེལ། །དགེ་འདིས་ངེས་འབྱུང་ཚུལ་ཁྲིམས་གྲུར་ཞུགས་ཏེ། །བག་ཡོད་མཐུན་པའི་རླུང་གིས་ལེགས་བསྐུལ་ནས། །དོན་མཐུན་མ་གྱུར་འགྲོ་དང་ལྷན་ཅིག་ཏུ། །རྣམ་གྲོལ་གླིང་དུ་བ དེ་བར་ཕྱིན་གྱུར་ཅིག །ཅེས་སྔ་འགྱུར་སྡོམ་རྒྱུན་གྱི་མཁན་བརྒྱུད་ཇི་ལྟར་བྱོན་པའི་གཏམ་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི་རྣམ་པར་དཔྱོད་པའི་བློ་ཅན་རྣམ་ལ་ཆོས་ཁུངས་ཀྱི་ངེས་བ་སྦྱིན་པའི་སླད་དུ་ཚུལ་འདི་ལྟ་བུ་ཞིག་རྩོམ་ཞེས་རྒྱལ་ཀུན་སྤྱི་གཟུགས་སྐྱབས་མགོན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་གནང་བ་སྩལ་བ་སྤྱི་བོས་བླངས་ཏེ། གང་གི་བཀའ་དྲིན་གྱིས་འཚོ་བའི་སྨྱོས་ཀྱི་དགེ་སློང་དྷརྨ་ཤྲཱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་ཁྱུ་མཆོག་གི་ལོ་ལ་སྦྱར་བའོ། །འདིས་ཀྱང་མཁན་ཆེན་ཞི་བ་འཚོའི་རིང་ལུགས་རྣམ་པར་དག་པ་ཡུན་རིང་དུ་གནས་ཤིང་རྒྱས་པར་གྱུར་ཅིག། །།མདྒ་ལཾ།། །།


previousསྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།next