Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེའི་ཁ་སྐོང་ངེས་ཤེས་འདྲེན་པའི་ཕོ་ཉ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
   
   
   
   
   
   


 
previousསྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེའི་ཁ་སྐོང་ངེས་ཤེས་འདྲེན་པའི་ཕོ་ཉ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།next

སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེའི་ཁ་སྐོང་ངེས་ཤེས་འདྲེན་པའི་ཕོ་ཉ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེའི་ཁ་སྐོང་ངེས་ཤེས་འདྲེན་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རྣམ་འདྲེན་སྟོང་རྩའི་དབུས་ན་པད་དཀར་ལྟར། །ངོ་མཚར་ཐུགས་བསྐྱེད་ཕྲིན་ལས་ཆེས་འཕགས་པ། །རྩོད་ལྡན་འགྲོ་བའི་སྐྱབས་གཅིག་ཟས་གཙང་སྲས། །ཁྱོད་ཞབས་ཡན་ལག་དང་པོའི་རྒྱན་དུ་མཆོད། །གངས་ལྗོངས་མུན་གླིང་མཆོད་ཡོན་ཐུགས་བསྐྱེད་གཟི། །ཉི་ཟླའི་སྣང་བས་མཛེས་ལས་ཐུབ་པའི་བསྟན། །ངུར་སྨྲིག་རྒྱལ་མཚན་ཐོག་མར་སྒྲེང་མཛད་མགོན། །མཁན་ཆེན་ཞི་འཚོའི་བཀའ་དྲིན་བསམ་གྱིན་དད། །རྒྱལ་བའི་གདུང་འཛིན་སྡོམ་བརྩོན་དམ་པའི་ཕུལ། །ལྔ་རིག་སྨྲ་བའི་དབང་པོ་དྷརྨ་ཤྲཱི། །རིམ་བྱོན་མཁན་རབས་གསེར་རིའི་ཕྲེང་བ་ལ། །ཀུན་ནས་མོས་བློས་བསྟོད་ཕྱག་ལན་བརྒྱར་འབུལ། །འདི་ན་བསྟན་རྩ་སོ་ཐར་འདུལ་བའི་ཁྲིམས། །ཐམས་ཅད་ཡོད་སྨྲའི་ལུགས་བཟང་གསེར་འགྱུར་རྩིས། །རྣམ་མང་མོས་ལྡན་ལྕགས་ཁམས་རིན་ཆེན་དུ། །བསྒྲུབས་པའི་ལོ་རྒྱུས་ཁ་སྐོང་མདོ་ཙམ་གླེང་། །དེའང་གངས་ཅན་བོད་ཀྱི་ལྗོངས་སུ་མངའ་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྒྱ་གར་འཕགས་པའི་ཡུལ་ནས་མཁན་སློབ་པཎ་གྲུབ་མང་པོ་སྤྱན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པ་གཞིར་བཞེངས་སུ་བཙུགས་པར་མཛད་པ་ན། མཁན་ཆེན་ཞི་བ་འཚོའི་ཞལ་སྔ་ནས་སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་བར་མཛད་པ་ནས་བཟུང་བསྟན་རྩ་འདུལ་བ་འཛིན་པའི་སྡེ་ཆེན་པོ་བྱུང་། བར་སྐབས་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབ་པར་ཕྱོགས་པ་ན་སྨར་གཡོ་གཙང་གསུམ་གྱིས་འདུལ་བའི་ཕྱག་དཔེ་བསྣམས་ནས་ཁམས་སུ་བྲོས་ཏེ་བཞུགས། གླང་དར་བཀྲོང་རྗེས་བླ་ཆེན་དང་དབུས་གཙང་གི་མི་བཅུས་སྡོམ་རྒྱུན་བླངས་ནས་སླར་དབུས་གཙང་དུ་འདུལ་བསྟན་ཉམས་པ་གསོས་ཤིང་རིམ་པར་འཕེལ་རྒྱས་བྱུང་པ་ལ་སྨད་འདུལ་དུ་གྲགས་ཏེ་དོན་ལ་དཔལ་ལྡན་ཞི་འཚོའི་སྡོམ་རྒྱུན་འདི་ལ་ཟེར། དེ་ལྟར་སྨད་འདུལ་སྡོམ་རྒྱུན་དབུས་གཙང་སྟོད་སྨད་དང་། ཀཿཐོག་པ་དམ་པ་བདེ་གཤེགས་སོགས་ཀྱིས་སྤེལ་བ་ནས་མདོ་ཁམས་ཕྱོགས་སུ་མ་ཉམས་པར་གནས་བཞིན་པའི་ཐོག །ཕྱིས་རིག་འཛིན་གཏེར་བདག་གླིང་པས་གཡོ་རུ་གྲྭ་ཕྱིར་སྔ་འགྱུར་གྱི་ཆོས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་གསར་དུ་ཕྱག་བཏབ་ཟིན་རྗེས་སྐུའི་གཅུང་ལོ་ཆེན་དྷརྨ་ཤྲཱི་ཉིད་སྔར་དགུང་གྲངས་ཉི་ཤུ་པར་༧གོང་ས་ཀུན་མཁྱེན་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཟིན་ནའང་། ཕྱིས་རྒྱལ་མཆོག་ལྔ་པ་ཆེན་པོ་རང་གི་ལུང་ལས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་སྨད་འདུལ་བའི་སྡོམ་རྒྱུན་འཛིན་དགོས་པ་ཡིན་པས། དེའི་སྡོམ་རྒྱུན་ཁ་རག་ཞལ་སྔ་ནས་ལ་བཞུགས་ཤིང་ཁོང་འདུལ་བའི་ངང་ཚུགས་ཀྱང་ཤིན་ཏུ་བཟང་བས་དེར་བསྐྱར་བསྒྲུབ་གྱིས་ཞེས་བཀས་བསྐུལ་བ་ལྟར་ལོ་ཆེན་དགུང་ལོ་ཉེར་བདུན་པར་སླར་ཡང་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིག་གསུམ་བར་མ་ཆད་པའི་ཆོ་གས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། གུང་ཐང་པཎ་ཆེན་ལ་སོགས་པ་བཤེས་གཉེན་གཞན་དུ་མ་ལས་འདུལ་བའི་བཤད་རྒྱུན་དང་བརྡ་ཆད་ཕྱག་ལེན་སོགས་མཁས་པར་གསན། ཕྱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙང་གྲྭ་གསར་བཙུག་གི་མཁན་པོའི་ཁྲིར་ཕེབས་ཏེ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་གཙང་བས་ཆོས་སྡེ་ཆེན་པོ་བསྐྱངས་ཤིང་། སྔ་འགྱུར་མཁན་བརྒྱུད་རྣམ་ཐར་དང་། གཞི་གསུམ་གྱི་ཆོ་ག་སོགས་སོ་ཐར་འདུལ་བའི་ཕྱོགས་སུ་གལ་ཆེ་བའི་ཡིག་ཆའང་མང་དུ་མཛད་པ་བཅས་ཀྱི་དམ་ཆོས་འདུལ་བའི་བསྟན་རྒྱུན་ལ་ཆེས་བཀའ་དྲིན་གྱི་ཕུལ་དུ་གྱུར། གཞན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རྣམ་ཐར་ཞིབ་ཏུ་ནི་རྗེ་ཉིད་ཀྱི་མཛད་རྣམ་ཞལ་གསུངས་མ་ལྟར་དང་། འདིར་དམིགས་གསལ་དུ་བརྗོད་བྱ་ལོ་ཆེན་རང་ཉིད་ལ་ཐུག་གི་བར་སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་དཀྱུས་བཞིན་ཤེས་པར་བྱས་ལ། ༈ །དེ་ནས་དྷརྨ་ཤྲཱིའི་མཁན་བུ་རབ་འབྱམས་པ་འགྱུར་མེད་ཨོ་རྒྱན་ཆོས་གྲགས་ནི། གཡོ་རུ་གྲྭ་ཕྱིན་སྐུ་འཁྲུངས་ཤིང་། གཞོན་ནུ་ཉིད་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་ཞུགས་ཏེ་ཡོན་ཏན་ཐམས་ཅད་ཀྱི་ཕྱི་མོ་ཡི་གེ་འབྲི་ཀློག་ནས་བརྩམས་རིམ་པར་ཆོ་ག་ཆོས་སྤྱོད་བློར་འཛིན་གདངས་དབྱངས་ཕྱག་རྒྱ་རོལ་མོ་དཀྱིལ་འཁོར་བྲིས་ཐིག་གཏོར་བཟོས་མཚོན་པའི་ཕྱག་ལེན་ཆེ་ཕྲ་གང་ལའང་བྱང་ཆུབ་ཅིང་རང་རྐྱ་ཕེར་བ་བསྟན་པའི་མིག་རྒྱན་དུ་གྱུར། མཁན་ཆེན་རྡོ་རྗེ་འཛིན་པ་ལོ་ཆེན་ཆོས་དཔལ་རྒྱ་མཚོ་གཙུག་གི་ནོར་བུར་བསྟེན་ནས་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་སྡོམ་རྒྱུན་གསན་ཅིང་། གཞི་གསུམ་གྱི་ཕྱག་ལེན་ལ་སྦྱངས་བརྩོན་ཕུལ་དུ་ཕྱིན་པར་མཛད། ལྷག་པར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལས་སྔ་འགྱུར་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་སྨིན་གྲོལ་རྒྱབ་བརྟེན་གྱི་རིམ་པ་ཤིན་ཏུ་མང་བར་གསན། ལོ་ཆེན་དྷརྨ་ཤྲཱི་ལས་རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་ཁྲིད་ཁོ་ནའང་ལོ་བཅུ་གཉིས་ཀྱི་བར་དུ་ལོ་རེར་ཚར་གཉིས་རེ་གསན་ཅིང་། དེ་རྗེས་ཆོས་གྲྭ་ཆེན་པོར་ལོ་མང་དུ་སྐྱོར་དཔོན་གྱི་ཁུར་བཞེས་ཏེ་རྒྱུད་ཀྱི་བཤད་ཁྲིད་མན་ངག་མཐའ་དཔྱད་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར་ཏེ་སྔགས་རབ་འབྱམས་པའི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ། གཞན་ཡང་བཀའ་གཏེར་དུ་མའི་སྒྲུབ་པ་ཕྱག་བཞེས་དང་འབྲེལ་བའི་མན་ངག་ལ་རང་བྱན་ཚུད་པས་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པ་བླར་འདེགས་པའི་ཞབས་ཏོག་ཕུལ་དུ་ཕྱིན་ཏེ་གཏེར་ཆེན་སྐུ་མཆེད་ཀྱི་ཐུགས་ཟིན་སྲས་ཀྱི་དྭངས་མར་གྱུར་ཏོ། ༈ །དེའི་མཁན་བུ་སྨིན་གླིང་རྡོར་འཛིན་འགྱུར་མེད་ཆོས་ལྡན་ནི། འཁྲུངས་ཡུལ་གྲྭ་ཕྱི། གཞོན་ནུའི་དུས་ནས་སྨིན་གླིང་གི་གྲྭ་སར་ཞུགས་ཏེ་དཔེ་ཆ་འབྲི་ཀློག་དང་ཚོགས་འདོན་བློར་འཛིན་གྱིས་མཚོན་སློབ་སྦྱོང་མང་པོས་ཤེས་རབ་ཀྱི་སྒོ་ཕྱེས། ཅུང་ནར་སོན་ནས་ཐུན་མོང་རིག་གནས་དང་། ཐུན་མོང་གཞུང་ལུགས་མང་པོར་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་པར་མཁན་པོ་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ལས་རང་ལུགས་འདུལ་བའི་སྡོམ་རྒྱུན་གྱི་བསྙེན་པར་རྫོགས་པ་གསན་ཅིང་། གཞི་གསུམ་གྱི་ཆོ་ག་སོགས་མདོ་ཕྱོགས་ཀྱི་བཤད་ཁྲིད་ལག་ལེན་དང་། ཁྱད་པར་སྒྱུ་འཕྲུལ་གསང་སྙིང་སོགས་སྔགས་རྒྱུད་ཀྱི་བཤད་པ་ལ་རྩལ་དུ་བཏོན་པས་སྔགས་རམ་པའི་མཚན་ཐོགས་ཤིང་བསྟན་པ་ལ་མཛད་རྗེས་ཆེ། ལྷག་པར་བོད་དུ་བསྟན་དགྲ་སོག་པོ་ཇུན་གར་བའི་རྒོལ་ངན་སླེབས་ཏེ་རང་བསྟན་ལ་ཡོ་འཁྱོམ་ཅི་རིགས་འབྱུང་སྐབས་གོང་གི་སྔགས་རམ་པ་ཨོ་རྒྱན་ཆོས་གྲགས་དང་འདི་གཉིས་ཀྱིས་སྨིན་གླིང་གི་བསྟན་པའི་སྲོག་རྩ་བཟུང་བས་ན་སྐུ་དྲིན་ཤིན་ཏུ་ཆེའོ། ༈ །དེའི་མཁན་བུ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི། སྨྱོས་གདུང་རྒྱལ་སྲས་དྲིན་ཆེན་རིན་ཆེན་རྣམ་རྒྱལ་གྱི་སྲས་སུ་སྐུ་བལྟམས། སྐུ་གཞོན་ནུ་ནས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་བསྟེན་ནས་གསན་བསམ་ཕྱོགས་མེད་དུ་མཛད། ཐུན་མོང་རིག་གནས་དང་། ཐུན་མིན་གཞུང་ལུགས་མཐའ་དག་ལ་སྦྱངས་བརྩོན་ཕུལ་དུ་བྱུང་བས་མཁས་པའི་རྩེ་མོར་སོན། དགུང་ལོ་བཅོ་ལྔ་པར་རབ་འབྱམས་པ་འཕེལ་རྒྱས་ལས་དགེ་ཚུལ་གྱི་སྡོམ་པ་ནོས། དགུང་ལོ་ཉི་ཤུ་པར་རབ་འབྱམ་པ་འགྱུར་མེད་ཆོས་ལྡན་ལས་བསྙེན་པར་རྫོགས་པ་གསན། འདུལ་བའི་བརྡ་ཆད་དང་ཕྱག་ལེན་ལ་བྱང་ཆུབ་པས་མཁས་བཙུན་བཟང་པོའི་ཁྱུ་མཆོག་ཏུ་གྱུར། ཁྱད་པར་ཡབ་རྗེ་དྲིན་ཆེན་རིན་ཆེན་རྣམ་རྒྱལ་ལས་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་བཀའ་མ། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་གཏེར་མའི་ཕྱོགས་མང་པོའི་སྨིན་གྲོལ་མན་ངག་རྒྱབ་བརྟེན་དང་བཅས་པ་གསན། རང་དོན་ཉམས་བཞེས་དང་གཞན་དོན་འཆད་སྤེལ་གྱི་ཕྲིན་ལས་ཤིན་ཏུ་རྒྱ་ཆེ་ཞིང་། ལྷག་པར་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་བསྐྱངས་པས་སྔ་འགྱུར་བ་སྤྱི་ལ་བཀའ་དྲིན་ཕུལ་དུ་བྱུང་བ་ཡིན་ནོ། ༈ །དེའི་མཁན་བུ་རྒྱལ་སྲས་རིག་འཛིན་བཟང་པོ་ནི། དཔལ་ལྡན་སྨྱོས་ཀྱི་གདུང་བརྒྱུད་དུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་དགེ་བའི་བཤེས་གཉེན་དུ་མ་ལས་གསན་བསམ་རྒྱ་ཆེན་པོ་མཛད། དགུང་ལོ་ཉེར་གཅིག་པར་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ཤིང་། གཞི་གསུམ་གྱི་ཕྱག་ལེན་སོགས་མདོ་ཕྱོགས་ལ་གསན་སྦྱོང་ཞིབ། ཁྱད་པར་རང་ལུགས་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོས་སུ་ནོས། ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཁྲི་ལ་བཞུགས་སྐབས་མདོ་ཁམས་སྡེ་དགེ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དགུང་ལོ་ཉེར་གཅིག་བཞེས་པ་དབུས་ཕེབས་སྐབས་མཁན་ཆེན་རིག་འཛིན་བཟང་པོ་འདི་ཉིད་ཀྱི་གཙོས་དད་པའི་དགེ་འདུན་གྲངས་ཚང་བའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་སོགས་བསྟན་པ་འཕེལ་རྒྱས་ཀྱི་སོན་རྩ་ལྟ་བུར་གྱུར་ཏེ་མཁས་བཙུན་བཟང་པོའི་མཛད་པ་ཕུལ་དུ་བྱུང་བ་ཡོངས་ལ་གྲགས་སོ། ༈ །དེའི་མཁན་བུ་མཁན་ཆེན་པདྨ་བཀྲ་ཤིས་ནི། མདོད་ཁམས་སྒང་དུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་དམ་པའི་རིགས་སད་དེ་ཡོན་ཏན་གསན་སྦྱོང་ལ་དོན་གཉེར་ཆེ། རུ་དམ་བསམ་གཏན་ཆོས་གླིང་དུ་གཞུང་ལུགས་རབ་འབྱམས་ལ་གསན་བསམ་རྒྱ་ཆེན་པོ་མཛད། དགུང་ལོ་ཉི་ཤུ་པར་རྒྱལ་སྲས་རིག་འཛིན་བཟང་པོ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས། མདོ་སྔགས་རིག་གཞུང་དང་བཅས་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་རྩལ་རྫོགས། མཁས་བཙུན་བཟང་པོའི་ཡོན་ཏན་རྨད་དུ་བྱུང་བ་མངའ་ཞིང་། མདོ་ཁམས་རྫོགས་ཆེན་པའི་མཁན་པོའི་ཁྲི་ལ་ཡུན་རིང་པོར་བཞུགས་ཏེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་མདོ་སྔགས་བསྟན་པའི་ཕྲིན་ལས་རྒྱ་ཆེར་སྤེལ། སྐུ་ཚེའི་སྨད་ལ་ཡང་དག་སྤོང་བ་པའི་བརྟུལ་ཞུགས་དང་དུ་བཞེས་ཏེ་ངེས་མེད་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་མཉམ་པར་མཛད་དོ། ༈ །དེའི་མཁན་བུ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ནི། མོད་ཁམས་རྫ་སྟོད་དགེ་མང་གི་ཕྱོགས་སུ་སྐུ་འཁྲུངས། འདི་ཉིད་མཁན་ཆེན་བོ་དྷི་སཏྭ་དང་ལོ་ཆེན་བཻ་རོ་ཙ་ན་ཟུང་འཇུག་གི་རྣམ་འཕྲུལ་དུ་དམ་པའི་ལུང་གིས་ཟིན། སྐུ་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། ཐེག་པ་ཆེན་པོའི་རིགས་སད་ཅིང་མཁྱེན་རབ་ཀྱི་རྩལ་ཁ་ཤིན་ཏུ་ཆེ། རིམ་པར་མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་རྒྱལ་བའི་མྱུ་གུ། རྡོ་གྲུབ་ཀུན་བཟང་གཞན་ཕན་སོགས་ཁམས་ཕྱོགས་དང་། ཡུལ་དབུས་སུ་བྱོན་ནས། སྨིན་གླིང་ཁྲི་མཁན། རྡོ་བྲག་རིག་འཛིན་ཆེན་པོ་ཡབ་སྲས། ལྷོ་བྲག་ལྷ་ལུང་གསུང་སྤྲུལ་ཡབ་སྲས་སོགས་ཕུལ་བྱུང་མཁས་བཙུན་གྲུབ་པའི་རྣམ་ཐར་བསམ་མི་ཁྱབ་པ་ལ་མངའ་དབང་འབྱོར་བའི་སློབ་དཔོན་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས། ཐུན་མོང་རིག་གནས། ཐུན་མིན་མདོ་སྔགས་གཞུང་ལུགས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་བཀའ་མ་དང་། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་བའི་གཏེར་མའི་ཕྱོགས་རྣམས་ཀྱི་དབང་ལུང་མན་ངག་བཤད་ཁྲིད་མཐའ་ཡས་པ་གསན་ཅིང་བརྒྱུད་འཛིན་བཀའ་བབས་ལུང་ཐོབ་ཀྱི་བདག་པོར་མངའ་བརྙེས། བར་སྐབས་སུ་སྟོད་གངས་རི་ཏི་སེ་ནས་སྨད་རྒྱ་ནག་གླང་ཆེན་འགྱིང་རི་ཡན་སྒྲུབ་གནས་ཁག་ཏུ་གནས་འབྲེལ་བསྙེན་སྒྲུབ་ལ་གཞོལ་ཏེ་གྲུབ་པའི་ས་མཐོར་གཤེགས། ཚངས་སྤྱོད་རྣམ་དག་གོས་དཀར་ལྕང་ལོའི་ཆ་ལུགས་སུ་བཞུགས་ཤིང་། ངེས་མེད་ཀྱི་གནས་སུ་སྒྲུབ་པའི་རྒྱལ་མཚན་ཁོ་ན་འཛུག་པར་དགོངས་བཞིན་ཡོད་ནའང་། ཉིན་གཅིག་གི་ཚེ་ན་འདི་ལྟར་བསྟན་པ་སྤྱིའི་ལམ་སྲོལ་སྔར་ཆོས་རྒྱལ་ཆེན་པོས་བཀའ་བཅད་པ་བཞིན་སྤྱོད་པ་མཁན་པོ། ལྟ་བ་ཀླུ་སྒྲུབ། ཉམས་ལེན་པདྨ་དང་བི་མ་ལའི་ལུགས་ལྟར་བྱས་ན་སྔ་འགྱུར་བའི་བསྟན་པ་འདི་ཉིད་དུས་ཀྱི་མཐར་ཡང་ཅུང་ཞིག་མི་ནུབ་དར་རྒྱས་སུ་འགྱུར་ངེས་སྙམ་པ་ཐུགས་ལ་གློ་བུར་དུ་འཁྲུངས་པ་ལྟར་དེ་ཁོ་ན་ཕྱག་བཞེས་སུ་བསྟར་རྒྱུའི་ཐུགས་དམ་བཅས་པ་བཞིན། རྫོགས་ཆེན་མཁན་རབས་དང་པོ་པདྨ་བཀྲིས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་འདུལ་བའི་གནང་བཀག་ལ་ཚུལ་བཞིན་བསླབ་པས་ངང་གིས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་འཕགས་པ་ཉེ་བར་འཁོར་དང་མཚུངས་པར་བསྔགས་འོས་སུ་གྱུར། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ལུང་བསྟན་པ་ལྟར་རུ་དམ་རྫོགས་ཆེན་དགོན་དུ་ཕེབས་པ་དང་། རྫོགས་སྤྲུལ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་སྔ་ནས་ཉིད་རྫོགས་ཆེན་དགོན་དུ་བཞུགས་ནས་བསྟན་པ་བཤད་སྒྲུབ་ཀྱི་གཞུང་སྲོང་དགོས་པའི་བཀའ་ལུང་གནང་བ་ལྟར། མདོ་སྔགས་བསྟན་བཅོས་ཀྱི་གཞུང་བཤད་ཅི་རིགས་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཟང་པོའི་རྒྱུན་བསྐྱངས་པས་མདོ་ཁམས་ཕྱོགས་ཀྱི་རྙིང་ཕྱོགས་རྣམས་སྨོས་ཅི། གྲུབ་མཐའ་གཞན་གྱི་དགོན་སྡེ་སྔར་དབྱར་གནས་སོགས་མེད་པ་རྣམས་སུའང་ངང་གིས་ཁྱབ་ཅིང་། བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་ཀྱང་ཇེ་འཕེལ་དུ་གྱུར། ལྷག་པར་སྔ་འགྱུར་བཀའ་མའི་ཆོས་སྡེ་མོད་སྒྱུ་སེམས་གསུམ་གྱིས་གཙོས་པའི་རྒྱུད་ལུང་མན་ངག་སྒྲུབ་ཕྲིན་སྐོར་རྣམས་བཀའི་བསྡུ་བ་གནང་ཞིང་འཕྲུལ་སྤར་དུ་བསྐྲུན་ཏེ་འཆད་སྤེལ་ཡང་དང་ཡང་དུ་གནས་བ་ལ་བརྟེན་ནས་ད་ལྟའི་བར་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མི་ནུབ་དར་ཞིང་རྒྱས་པའི་གསོས་སུ་གྱུར་པ་ནི་དམ་པའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཁོ་ནར་ངེས། མཐར་ཞིང་བརྗེ་ཁར་ཁོ་བོ་སྟོན་པ་མཆོག་དེའི་བརྟུལ་ཞུགས་ཀྱི་རྗེས་སུ་སློབ་པའི་རྟེན་འདི་ལས་མ་འགྱུར་བར་ཤི་ན་རང་དོན་དུ་འགྱོད་པ་གང་ཡང་མེད་ལ། གཞན་དོན་དུ་ནི་ཕྱོགས་གང་ནས་ཀྱང་བསྟན་པའི་བྱ་བ་དེའི་འཕྲོ་མཐུད་དེ་བརྩོན་པ་མི་ལྷོད་པ་སྨོན་ལམ་གྱི་དབང་གིས་འོང་ཞེས་འདའ་ཁའི་ཞལ་ཆེམས་སྩལ་ཏེ་ཞིང་ཁམས་སུ་གཤེགས་སོ། ༈ །དེའི་མཁན་བུ་ཐུབ་བསྟན་རྒྱལ་མཚན་ནི། མོད་ཁམས་རྫོགས་ཆེན་གླིང་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་སྐྱེས་བུ་དམ་པའི་གོ་སར་བཞུགས། གཞོན་ནུའི་དུས་ནས་ཐུན་མོང་རིག་གནས། ཐུན་མིན་གཞུང་ལུགས། ཁྱད་པར་བཀའ་གཏེར་ཟབ་དོན་རྒྱ་མཚོའི་མན་ངག་ཡོངས་སུ་རྫོགས་པ་གཞན་དྲིང་མི་འཇོག་པར་གསན། ལྷག་པར་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་འདུལ་བ་སོ་ཐར་གྱི་སྡོམ་རྒྱུན་རང་ལུགས་ཞི་འཚོའི་བཀའ་སྲོལ་ཉིད་གསན་ཅིང་། གནང་བཀག་བསླབ་པའི་ཚུལ་ལ་ཕྱག་ལེན་ཤིན་ཏུ་གཙང་། རང་དོན་ཉམས་བཞེས། གཞན་དོན་འཆད་སྤེལ་སོགས་མཛད་པ་ཕྲིན་ལས་རྒྱ་ཆེ་ཞིང་། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་མཐའ་དབུས་ཀུན་ཏུ་སྤེལ་བར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཉིད་དོ། ༈ །དེའི་མཁན་བུ་ཚུལ་ཁྲིམས་རྡོ་རྗེ་ནི། དཔལ་ལྡན་སྨྱོས་རིགས་སུ་སྐུ་བལྟམས། གསན་བསམ་རྒྱ་མཚོའི་ཕ་མཐར་སོན་ཅིང་། དགུང་ལོའི་དུས་སྐབས་དང་བསྟུན་ཏེ་མཁན་ཆེན་ཐུབ་བསྟན་རྒྱལ་མཚན་ལས་བསྙེན་པར་རྫོགས་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་ཁྲི་ལ་བཞུགས། སྤྱིར་མདོ་སྔགས་ཆོས་ཚུལ་རབ་འབྱམས་འཆད་སྤེལ་སོགས་བསྟན་པ་ལ་མཛད་པ་རྒྱ་ཆེ། ལྷག་པར་དགོན་སྡེ་ནང་གི་དགེ་འདུན་གསར་བུས་མཚོན་ཁམས་བོད་ཕྱོགས་ཀུན་ནས་རང་ལུགས་སྡོམ་རྒྱུན་དོན་དུ་གཉེར་བ་རྣམས་ལ་བསླབ་ནོར་གྱི་རྒྱུན་སྤེལ་བར་མཛད་པས་བསྟན་པ་མི་ནུབ་ཡུན་དུ་གནས་པའི་བཙས་སུ་གྱུར་ཏོ། ༈ །དེའི་མཁན་བུ་འགྱུར་མེད་ངག་དབང་ནོར་བུ་ནི། གཡོ་རུ་གྲྭའི་ཕྱོགས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་སྨིན་གྲོལ་གླིང་གི་གྲྭ་སར་བཞུགས་ཏེ་འབྲི་ཀློག་ནས་བརྩམས་ཐུན་མོང་གི་བཅའ་སྒྲིག་སློབ་གཉེར་ཆོ་ག་ཆོས་སྤྱོད་བློར་འཛིན་གར་ཐིག་དབྱངས་རོལ་གཏོར་བཟོ་སོགས་ཀྱིས་མཚོན་དགོན་སྡེའི་ཕྱག་ལེན་ཆེ་ཕྲ་གང་ལའང་མཁས་པའི་རྩེར་སོན་ཏེ་བསྟན་པའི་མིག་རྒྱན་དུ་གྱུར། ཐུན་མོང་མ་ཡིན་པའི་རིག་གཞུང་སྨིན་གྲོལ་བསྐྱེད་རྫོགས་ཟབ་གནད་ལ་ཐོས་བསམ་སྒོམ་གསུམ་གྱི་རྩལ་རྫོགས། ལྷག་པར་མཁན་ཆེན་ཚུལ་ཁྲིམས་རྡོ་རྗེ་གཙོ་བོར་གྱུར་པའི་དགེ་བའི་བཤེས་གཉེན་རྣམས་ལས་སྡོམ་པ་གསུམ་གྱི་བདུན་རྩིས་ཐུགས་རྒྱུན་གཏམས། མདོ་སྔགས་གཉིས་ཀྱི་གཞུང་དང་བཀའ་གཏེར་མན་ངག་ལས་ཁྲིགས་ཀྱི་སྐོར་ལ་མཁས་པའི་ཕུལ་དུ་ཕྱིན། ཚོགས་ཆེན་གྱི་བྱང་འདྲེན་བགྲང་བྱ་བཅུ་ཕྲག་ལྷག་པ་མཛད་ཅིང་། དེ་ནས་རྡོར་འཛིན་མཁན་པོའི་གོ་སར་ཕེབས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་གི་འདུས་སྡེས་མཚོན་ལྔ་འགྱུར་ཆོས་སྡེ་རྣམས་སུ་མདོ་སྔགས་ཀྱི་ཕྱག་བཞེས་གཙང་མ་རང་ལུགས་མ་ཉམས་པའི་རྒྱུན་བསྐྱངས་པར་མཛད་དོ། ༈ །དེའི་མཁན་བུ་གཅུང་འགྱུར་མེད་ངག་དབང་ཆོས་ཀྱི་གྲགས་པ་ནི། བཻ་རོ་དངོས་སྣང་སྨིན་གླིང་གཏེར་ཆེན་མཆོག་གི་གདུང་རབས་ཆོས་རྒྱུན་དང་བཅས་པ་མི་ཉམས་འཛིན་སྤེལ་གྱི་བཀའ་བབས་གཏེར་སྟོན་རང་རིག་རྡོ་རྗེའི་རིགས་དབོན་དུ་སྐུ་འཁྲུངས། གཞོན་ནུ་ཉིད་ནས་ཁམས་དབུས་ཀྱི་བཤེས་གཉེན་མང་པོ་ཚུལ་བཞིན་བསྟེན་ནས་སྨིན་གྲོལ་མན་ངག་རྒྱ་མཚོ་ལྟ་བུ་གསན་བསམ་སྒོམ་གསུམ་མཛད་ཅིང་། དགུང་ལོ་ཉེར་གཅིག་པར་རྡོར་འཛིན་མཁན་ཆེན་ངག་དབང་ནོར་བུ་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་ཀུན་སྤྱོད་ཤིན་ཏུ་གཙང་མ་ལ་རྟག་ཏུ་ཐུགས་གཞོལ། ཇི་ཞིག་ན་སྨིན་གླིང་ཁྲི་ཚབས་ཀྱི་མཚན་གནས་བཞེས་དགོས་བྱུང་བ་ལ་བརྟེན་ནས་སྨིན་དགོན་མ་ལག་དང་བཅས་པར་གཟིགས་བསྐྱངས་ཀྱིས་སྣོད་བཅུད་གང་སར་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱི་འཛིན་སྤྲས་ཕུལ་དུ་བྱུང་བས་བསྟན་པ་རྨང་ནས་གསོས་སོ། ༈ །དེའི་མཁན་བུ་ངག་དབང་ཆོས་ཀྱི་བློ་གྲོས་ནི། ཞྭ་དེའུ་འཁྲུལ་ཞིག་མདོ་སྔགས་གླིང་པའི་ཡང་སྲིད་དེ་མ་ཐག་པ་སྟེ། ཡར་འབྲོག་ཕྱོགས་སུ་སྐུ་བལྟམས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་བ་ལ་དགྱེས་ཤིང་དགུང་གྲངས་སོན་ནས་རྡོར་འཛིན་མཁན་པོ་ངག་དབང་ནོར་བུའི་མཁན་བུ་སྨིན་གླིང་གདུང་བརྒྱུད་ཀྱི་གཅུང་འགྱུར་མེད་ངག་དབང་ཆོས་ཀྱི་གྲགས་པ་ལས་བསྙེན་པར་རྫོགས། གཞན་ཡང་གྲུབ་མཐའ་རིས་སུ་མ་ཆད་པའི་ཡོངས་འཛིན་དུ་མ་ལས་མདོ་སྔགས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཤིན་ཏུ་མང་བར་གསན་བཞེས་དང་། འཁོར་ལོ་གསུམ་གྱི་མཛད་པ་བཟང་པོ་བསྟན་པའི་ལྷག་ཞབས་འདི་ལ་དཔེར་འོས་པ་མཛད། ལྷག་པར་སྔ་འགྱུར་ཞི་འཚོའི་འདུལ་བའི་སྡོམ་རྒྱུན་གྱི་སྲོག་རྩ་འཛིན་པར་མཛད་པས་ན་ཆོས་བཀའ་དྲིན་གྱི་ཕུལ་དུ་ཕྱིན་པ་ཡིན་ལ། ད་དུང་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ནས་བསྟན་པའི་སྒྲོན་མེ་ཡུན་རིང་དུ་མཛད་པར་སྙིང་ནས་སྨོན་ནོ། ༈ །ཡང་ཡར་འབྲོག་སྟག་ལུང་བྱང་གཏེར་གྱི་ཆོས་སྡེ་སྐྱོང་བ་རྔོག་ཆོས་སྐུ་རྡོ་རྗེའི་རྣམ་འཕྲུལ་ཀུན་བཟང་ཆོས་སྐུ། དེའི་ཡང་སྲིད་སྐུ་ཕྲེང་གཉིས་པ་ཐུབ་བསྟན་ཆོས་ཀྱི་ཉི་མ། སྐུ་ཕྲེང་གསུམ་པ་བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་བཟང་པོའམ། ཡོངས་གྲགས་སུ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེར་གྲགས་པ་འདི་ཉིད་སྤྱིར་སྐུ་གཞོན་ནུའི་དུས་ནས་མ་དགོན་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སྒྲིག་ཞུགས་ཐོག་རང་ཁོངས་སྐུ་ཡོན་གྱི་རིགས་རྣམས་གསན་སྦྱོང་མཐར་ཐོན་ཅིང་། ཡོངས་འཛིན་དགེ་བའི་བཤེས་གཉེན་མང་དུ་བསྟེན་པ་ལས་ཐུན་མོང་རིག་གཞུང་། ཐུན་མིན་རྒྱུད་ལུང་མན་ངག་གི་སྨིན་གྲོལ་གསན་བསམ་རྒྱ་ཆེ། ལྷག་པར་རྡོར་འཛིན་འགྱུར་མེད་ངག་དབང་ནོར་བུའི་མཁན་བུ་སྨིན་གླིང་གདུང་བརྒྱུད་ཀྱི་གཅེན་མཁན་ཁྲི་འགྱུར་མེད་མཁྱེན་བརྩེ་ནོར་བུའི་དྲུང་ནས་རང་ལུགས་ཞི་འཚོའི་སྡོམ་རྒྱུན་གྱི་བསྙེན་པར་རྫོགས་པ་བཞེས་ཤིང་། གཞི་གསུམ་གྱི་ཕྱག་ལེན་ཤིན་ཏུ་ཞིབ། རིམ་བཞིན་རང་གཞན་དགོན་སྡེ་མང་པོའི་དགེ་འདུན་སོགས་ཕྱོགས་མཐའི་དོན་གཉེར་ཅན་རྣམས་ལ་བསྙེན་པར་རྫོགས་པའི་བསླབ་ནོར་གྱི་དགའ་སྟོན་ཅི་དགར་སྩལ་བས་དཔལ་ལྡན་ཞི་བ་འཚོའི་ཕྲིན་ལས་རྒྱ་ཆེར་སྤེལ་བའི་ཐུགས་བསྐྱེད་ལྷུར་བཞེས་པའི་ངང་ནས་ད་ལྟ་འཚོ་ཞིང་གཞེས་བཞིན་པ་འདི་ལགས་ཏེ། ད་དུང་བགྲང་བྱ་བརྒྱ་ཕྲག་བརྒལ་བར་ཞབས་པད་བརྟན་ཅིང་མཁན་སློབ་གཉིས་ཀྱི་བསྟན་པའི་སྒྲོན་མེ་ཡུན་རིང་དུ་སྤོར་བར་མཛད་པར་སྙིང་ནས་སྨོན་ནོ། །ཡང་སྔར་ཀཿདམ་པ་བདེ་གཤེགས་སོགས་ནས་བཟུང་ཁྱད་པར་འཕགས་པའི་སྐྱེས་ཆེན་རིམ་པར་བྱོན་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་མདོ་ཁམས་བོད་ཆེན་པོའི་ཕྱོགས་ཀྱི་སྔ་འགྱུར་དགོན་གནས་ཆོས་སྡེ་རྣམས་སུ་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་སོ་ཐར་གྱི་ཕྱོགས་ལ་རང་ལུགས་ཞི་འཚོའི་སྡོམ་རྒྱུན་མ་ཉམས་པར་གནས་བཞིན་པ་ལ། བར་ལམ་རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་སྐབས་ནས་བརྒྱུད་པའི་བཀའ་སྲོལ་ཤིན་ཏུ་མང་བར་གྱེས་པའི་རྣམ་གྲངས་མཐའ་ཡས་པ་ནི་འདིར་བསྡུ་ཞིང་བརྗོད་པའི་སྐབས་མ་རྙེད་མོད། ད་ལྟའི་དུས་སུ་མདོ་སྔགས་བསྟན་པའི་སྲོག་རྩ་མི་ཆད་པའི་སླད་དུ་འཁོར་ལོ་གསུམ་གྱི་ཕྲིན་ལས་སྤེལ་བ་ལ་ནམ་ཡང་ཞུམ་པ་མེད་པའི་ཐུགས་བསྐྱེད་ཅན་ནི་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་བསྟན་པའི་མངའ་བདག་གྲུབ་དབང་པདྨ་ནོར་བུའི་མཆོག་སྤྲུལ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔལ་བཟང་པོ་ཞེས་བསྟན་འགྲོའི་དཔུང་གཉེན་དམ་པར་འཚོ་གཞེས་ཀྱི་སྐལ་བཟང་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ལགས་ན། ད་དུང་ཡང་སྐུ་ཚེའི་འདུ་བྱེད་འཚི་མེད་རྡོ་རྗེའི་ངོ་བོར་བདག་གིར་བཞེས་ཏེ་མཁན་སློབ་ཆོས་གསུམ་གྱི་བསྟན་པའི་འོད་སྟོང་ནམ་མཁའ་ཇི་སྲིད་དུ་བརྡལ་བར་གསོལ་བ་འདེབས་པ་ལགས་སོ། །མཚུངས་མེད་སྟོན་པའི་ཞལ་སྐྱིན་མཁན་རབས་ཕྲེང་། །ཇི་ལྟར་བྱོན་པའི་ལོ་རྒྱུས་ཏམྦུ་ར། །སྐལ་བཟང་རྣ་བར་འཇེབས་ལས་ཡིད་ཆེས་ཀྱིས། །ངེས་ཤེས་འདྲེན་པའི་ཕོ་ཉར་འགྱུར་ལ་རེ། །ཚུལ་འདི་ངུར་སྨྲིག་འཛིན་པའི་བཤེས་རྣམས་ལས། །རྨོངས་བླུན་ཕ་ཇོ་བདག་ལྟའི་ཁུར་མིན་ཀྱང་། །དམ་པའི་རྣམ་ཐར་དབྱིངས་སུ་ཡལ་དོགས་ནས། །གསུང་སྒྲོས་ཡི་གེར་བཀོད་ལ་ཉེས་མེད་སྙམ། །འོན་ཀྱང་ནོར་བ་མཆིས་ན་རང་གི་སྐྱོན། །ལགས་ཕྱིར་མཁས་དབང་ཚོགས་ཀྱིས་བཟོད་བཞེས་གསོལ། །དོན་མཐུན་དངོས་པོའི་ཚུལ་བརྗོད་དགེ་བ་གང་། །བསྟན་པ་རིན་ཆེན་རྒྱས་པའི་དཔལ་དུ་ཤོག །རབ་མཛེས་ཆོས་གོས་གསུམ་གྱིས་ལུས་བརྒྱན་ཅིང་། །ལེགས་གསུང་སྡེ་སྣོད་གསུམ་གྱིས་ངག་རབ་བརྒྱན། །ཁྱད་ནོར་བསླབ་པ་གསུམ་གྱིས་སེམས་བརྒྱན་ཏེ། །སྲིད་ན་ཟླ་བྲལ་འཕགས་པའི་ས་ཐོབ་ཤོག །ཅེས་སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེའི་ཁ་སྐོང་ངེས་ཤེས་འདྲེན་པའི་ཕོ་ཉ་ཞེས་བྱ་བ་འདིའང་། བསྐལ་ངན་དུས་ཀྱི་རླུང་དམར་ཆེས་ཆེར་འཚུབས་པའི་སྐབས་འདིར་བསྟན་པའི་སྒྲོན་མེ་བཟང་པོ་ཡུན་དུ་མི་མནལ་བའི་ཆ་རྐྱེན་ཁོ་ནར་དམིགས་ཏེ། སྔ་འགྱུར་བཀའ་མའི་ཆོས་སྡེ་ཡོངས་རྫོགས་ཀྱི་བཀའི་བསྡུ་བ་ལྷུར་ལེན་པའི་སྐབས་ཐོག་མའི་གཞི་རྩ་མདོ་ཕྱོགས་འདུལ་བའི་ཡིག་ཆ་སོ་ཐར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ལོ་ཆེན་དྷརྨ་ཤྲཱིའི་གསུང་གི་ཁ་སྐོང་དུ་ད་ལྟའི་བར་གྱི་མཁན་རབས་ཀྱི་ལོ་རྒྱུས་ས་བོན་ཙམ་མེད་དུ་མི་རུང་བར་མཐོང་ནས། རང་གི་འདྲེན་པ་བཤེས་གཉེན་དམ་པ་རྣམས་ཀྱི་གསུང་སྒྲོས་ལ་སྒྲོ་སྐུར་གྱིས་མ་བསླད་པར་མདོར་བསྡུས་སྙིང་པོར་དྲིལ་བའི་ཚུལ་གྱིས་བྲིས་པ་སྟེ། ལྷ་རིགས་ཤཱཀྱའི་དགེ་བསྙེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་ཤར་ཕྱོགས་མོན་གྱི་དགེ་བསྙེན་ཀུན་བཟང་དབང་འདུས་སོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་མི་ཉམས་གོང་ནས་གོ ང་དུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མདྒ་ལཾ།། །།


previousསྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེའི་ཁ་སྐོང་ངེས་ཤེས་འདྲེན་པའི་ཕོ་ཉ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ།next