Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་། འགྱུར་མེད་རྡོ་རྗེ།
   
   


 
previousཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་། འགྱུར་མེད་རྡོ་རྗེ།next

ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་། འགྱུར་མེད་རྡོ་རྗེ།

ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། འགྲོ་ཀུན་དོན་དུ་ཐུགས་བསྐྱེད་ནས། །བྱང་ཆུབ་མངོན་མཛད་རྫོགས་སངས་རྒྱས། །སྲས་དང་བཅས་ལ་གུས་བཏུད་ནས། །སེམས་བསྐྱེད་ཆོ་ག་མདོ་ཙམ་བཤད། །འདིར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་ཆོ་ག་རྒྱལ་སྲས་ཞི་བ་ལྷའི་ལུགས་བཞིན་དུ་བསྒྲུབ་པ་ལ། སྦྱོར་བ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྦྱོར་བ་གཞི་བཅའ་བ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཐུབ་པ་ཆེན་པོའི་སྐུ་གཟུགས་སོགས་རྟེན་ཁྱད་པར་ཅན་གྱི་དྲུང་དུ་མཆོད་པའི་རྫས་རྒྱ་ཆེན་པོ་དང་གཏོར་མ་གསུམ་ལ་སོགས་པ་བཤམས་ཏེ། སློབ་དཔོན་ཁྲི་སྟན་བཟང་པོ་ལ་འདུག་ནས། ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པར་འདོད་པའི་བརྩེ་བ་དང་། ཁྱད་པར་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་ལྷག་བསམ་དང་ལྡན་པས་འདི་སྐད་ཅེས་བརྗོད་པར་བྱའོ། །འོ་སྐོལ་རྣམས་རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ཁ་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལོན་པ་ཞིག་ཅི་ནས་ཀྱང་འབད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེ་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང་། དམ་པའི་ཆོས་ཀྱི་ནང་ནས་ཀྱང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་པས། དེ་ལྟ་བུའི་ཡོན་ཏན་ལྡན་པའི་སེམས་བསྐྱེད་ཀྱི་ཆོ་ག་བསྒྲུབ་པ་ལའང་། སྡོང་པོ་བཀོད་པ་དང་། ནམ་མཁའ་སྙིང་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། འཕགས་པ་འཇམ་དཔལ་ནས་བརྒྱུད་དེ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་སྲས་ཞི་བ་ལྷ་སོགས་ཀྱི་ཕྱག་བཞེས་དབུ་མ་ལུགས་སུ་གྲགས་པ་དང་། བྱང་ཆུབ་སེམས་དཔའི་ས་ཆེན་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། མགོན་པོ་བྱམས་པ་ནས་བརྒྱུད་དེ་འཕགས་པ་ཐོགས་མེད་སྐུ་མཆེད་དང་། སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་དང་ཇོ་བོ་ཨ་ཏི་ཤ་སོགས་ཀྱི་ཕྱག་བཞེས་སེམས་ཙམ་ལུགས་སུ་གྲགས་པ་གཉིས་ཡོད་པ་ལས་འདིར་སྔ་མ་བཞིན་དུ་སྒྲུབ་པར་བགྱིད་པས། དེ་ལ་ཐོགས་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པར་བསྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པའི་རང་བཞིན་གཏན་ལ་དབབ་པའི་ཚུལ་དང་བཞི་ལས། དང་པོ་ལ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་གང་ཟག །ཇི་ལྟར་ལེན་པའི་ཆོ་ག་དངོས་བཤད་པའོ། །དང་པོ་ནི། ཐེག་པ་ཆེན་པོ་ལ་མོས་ཤིང་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། བྱང་སེམས་ཀྱི་སྡེ་སྣོད་སྤྱི་དང་ཁྱད་པར་བྱང་སྡོམ་འབོགས་པ་དང་བསླབ་བྱ་ལ་དཀྲི་མཁས་ཤིང་། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དང་བྲལ་བ་སྟེ། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་སོ། །ལུགས་འདི་ལ་སེམས་བསྐྱེད་གསར་དུ་ལེན་པ་དང་ཉམས་པ་གསོ་བ་གཉིས་ཀ་སློབ་དཔོན་མ་འབྱོར་ན་རྟེན་གྱི་དྲུང་དུ་བླངས་པས་ཀྱང་རུང་བཤད་དོ། །གཉིས་པ་ནི། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་ལྷ་མ་གཏོགས་སེམས་ཅན་བརྡ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་པ་ཀུན་ལ་སྐྱེ་བར་བཤད་པ་དང་། ཁྱད་པར་ཤེས་རབ་ཀྱི་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་རྟོགས་ཤིང་། སྙིང་རྗེས་འགྲོ་ཀུན་ཕན་བདེ་ལ་འགོད་འདོད་ཀྱི་བྱམས་སྙིང་རྗེ་ཁྱད་པར་ཅན་དང་ལྡན་པས་བྱང་སེམས་ཀྱི་བསླབ་པ་ལ་སློབ་པར་འདོད་བཞིན་དགོས་སོ། །གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ་སྦྱོར་བ། དངོས་གཞི། རྗེས་སོ། །སྦྱོར་བ་ལ་བཞི་སྟེ། གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས་པ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་ཅན་གྱི་ཚོགས་བསགས་པའོ། །དང་པོ་ལའང་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ། ཞི་བ་མྱང་འདས་ཀྱི་མཐའ་ལ་ཤེས་པ་དགག་པ། མཐའ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ་གྱི་དང་པོ་ནི། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་མི་རྟག་པ་དང་། སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་དྲན་པར་བྱ་སྟེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་ན་ཚུལ་དེའི་ཕྱིར་བཤེས་སྤྲིང་དང་། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་གཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་བ་ལྟར་འཁོར་བ་ལས་ངེས་པར་འབྱུང་ཞིང་དམ་ཆོས་སྒྲུབ་པ་ལ་སྤྲོ་ཤུགས་ཆེན་པོས་བློ་འཁུར་བར་བྱའོ། །གཉིས་པ་ནི། ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་སྒོམ་པ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་འདུག་པས། དེ་སྤངས་ནས་རང་ཉིད་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཐོབ་པར་བྱ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེས་གཞན་དོན་མི་ནུས་ལ། འཁོར་བའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མ་བྱས་པའི་དྲིན་ཅན་ཡིན་པས། དེ་རྣམས་ཀྱི་དོན་མི་བྱེད་པར་རང་ཉིད་ཞི་བདེ་སྒྲུབ་པ་ནི་དྲིན་མི་ཤེས་པས་ཁྲེལ་མེད་པའི་སྤྱོད་པར་འགྱུར་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་མཐར་བྱེད་ན་དེ་བས་ཁྲེལ་བོར་མེད། །ཅེས་གསུངས་པས་གཞན་དོན་བོར་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བློ་སྤང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་ནི། སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་སྟེ། འོ་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྤངས་དགོས་ཤིང་སྡུག་བསྔལ་སྤངས་པའི་མྱང་འདས་དེ་ཡང་ཐོབ་པར་མི་བྱེད་ན། ཅི་ཞིག་ཐོབ་པར་བྱ་བ་ཡིན་སྙམ་ན། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། སེམས་ཅན་སིང་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐོབ་བརྟན་ནས། །འཕགས་པ་འཁོར་བ་མྱ་ངན་འདས་མི་འགྲོ། །ཞེས་གསུངས་པ་ལྟར་ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་ན་རང་དོན་སྤང་རྟོགས་མཐར་ཕྱིན། གཞན་དོན་མཁའ་ཁྱབ་ཀྱི་ཕྲིན་ལས་འཁོར་བ་ཇི་སྲིད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས། དོན་གཉིས་མཐར་ཕྱིན་པ་དེ་ཉིད་ཐོབ་བྱ་ཡིན་ཅིང་། དེ་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང་། སྡུད་པ་ལས། དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དང་ཀུན་ཏུ་ག་ལ་འབྱུང་། །ཞེས་གསུངས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་སྤྲོ་བ་ཤུགས་དྲག་ཏུ་བསྐྱེད་པ་རྣམས་ནི་ལམ་འདིའི་གཞི་ཡིན་པས་རྒྱས་བསྡུས་ཅི་རིགས་པས་སློབ་མའི་བརྒྱུད་ལ་འབྱོར་ངེས་སུ་བརྡ་སྤྲད་པར་བྱའོ། །གཉིས་པ་ནི། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་སྟེ། སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་མཎྜལ་ཕུལ་ལ། བདག་ཅག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྩོལ་དུ་གསོལ་སྙམ་པའི་འདུན་པ་ཆེན་པོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད་ཅིག །སློབ་དཔོན་དགོངས་སུ་གསོལ། རིགས་ཀྱི་བུ་བདག་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྩོལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གསུམ་པ་ནི། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ་སྟེ། སྐྱབས་འགྲོའི་ཡུལ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པ། དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན། དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར། རྒྱུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་ཀུན་ནས་བླངས་ཏེ། ངོ་བོ་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་པ་ལ་སངས་རྒྱས་ཐོབ་དགོས། དེ་ཐོབ་པ་དཀོན་མཆོག་གསུམ་ལ་རག་ལས་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པའི་དད་པ་ཆེན་པོ་དང་ལྡན་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད་ཅིག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་བརྗོད་ལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད། དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲོགས་སུ་བཟུང་བར་བགྱིའོ་སྙམ་པ་ལ་བློ་བརྟན་པར་མཛོད། བཞི་པ་ནི། ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པ་སྟེ། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁར་སེང་གེའི་ཁྲི་སྟན་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ། སྟོན་པ་བཅོམ་ལྡན་འདས་ཤཱ་ཀྱའི་དབང་པོ་ལ་འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོ་བྱས་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ནས། དེ་དག་གི་ཞབས་ཀྱི་རྡུལ་ཕྲ་རབ་རེ་རེ་ལའང་། རང་གི་ལུས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ་སྤྲུལ་མཁའ་མཉམ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ཕྱག་འཚལ་བར་བསམས་ནས་གནས་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་པ་འདིའི་རྗེས་ཟློས་མཛོད་ཅིག །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་དག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་བརྗོད་ཅིང་ཕྱག་བྱ། འདི་ནི་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་གོ། །དེ་ནས་རང་གཞན་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་རྒྱ་མཚོ་རྒྱ་ནམ་མཁའི་མཐའ་དང་མཉམ་པ། ངོ་བོ་བཟང་ཞིང་དགེ་བ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་འབྱུང་བ་རྣམས་ཀྱིས་ཡང་དག་པར་མཆོད་པར་མོས་ལ་འདིའི་རྗེས་ཟློས་མཛོད་ཅིག །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙམ་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་ཆབ་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདི་ནི་འདོད་ཆགས་ཀྱི་གཉེན་པོ་སྟེ་མཆོད་པའི་ཡན་ལག་གོ། །དེ་ནས་རང་གཞན་ཐམས་ཅད་ཀྱི་བཅས་པ་དང་རང་བཞིན་གྱི་སྡིག་ལྟུང་སྔར་བྱས་ལ་འགྱོད་པ་དུག་འཐུང་བ་ལྟ་བུ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་དང་ལྡན་པས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དཀོན་མཆོག་རིན་པོ་ཆེ་མཁྱེན་སྙམ་ནས་བཤགས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ནས་འདིའི་རྗེས་ཟློས་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །འདི་ནི་ཞེ་སྡང་གི་གཉེན་པོ་སྟེ་བཤགས་པའི་ཡན་ལག་གོ། །དེ་ནས་འཕགས་པ་དང་སོ་སྐྱེའི་རྒྱུད་ཀྱི་བསྡུས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཤིན་ཏུ་དགའ་ཞིང་ཡིད་རང་བའི་བློ་བསྐྱེད་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །འདི་ནི་ཕྲག་དོག་གི་གཉེན་པོ་སྟེ་རྗེས་སུ་ཡི་རང་བའི་ཡན་ལག་གོ། །ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་བདེ་བར་གཤེགས་པ་གང་དག་གདུལ་བྱའི་རྐྱེན་དབང་གིས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ་སྙམ་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །འདི་ནི་གཏི་མུག་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་གོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བདེ་བར་གཤེགས་པ་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པའི་ཆེད་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་རྣམས་ལ་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་བསམ་པས་འདིའི་རྗེས་ཟློས་མཛོད། མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །འདི་ནི་ལོག་ལྟའི་གཉེན་པོ་སྟེ་གསོལ་བ་གདབ་པའི་ཡན་ལག་གོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་དེ་དག་གིས་མཚོན་ཏེ་བདག་གཞན་འཁོར་འདས་ཐམས་ཅད་ཀྱིས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདི་ནི་ཐེ་ཚོམ་གྱི་གཉེན་པོ་སྟེ་བསྔོ་བའི་ཡན་ལག་གོ། །དེ་དག་གིས་ནི་སྦྱོར་བའི་ཆོ་ག་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞི་ལ། བློ་སྦྱོང་བ་དང་། དམ་བཅའ་བ་སྟེ་གཉིས་ལས། དང་པོ་ནི། འཁོར་བ་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མར་གྱུར་པའི་དྲིན་ཅན་གྱི་སེམས་ཅན་འདི་དག་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་བས་གཟིར་ཏེ་འདུག་པས། འདི་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་བསལ་ཞིང་བདེ་བ་བླ་ན་མེད་པ་ལ་འགོད་པའི་ཆེད་དུ་བདག་གི་ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་དེ་དག་གི་དོན་ཀུན་འགྲུབ་པའི་རྒྱུར་འཕངས་པ་མེད་པར་གཏོང་ཞིང་། དཀའ་སྤྱད་དང་སྡུག་བསྔལ་ཐམས་ཅད་དགའ་ཞིང་སྤྲོ་བས་དང་དུ་བླང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད་ཅིག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །འཕངས་པ་མེད་པར་བཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་བློ་སྦྱངས་ནས། གཉིས་པ་དམ་བཅའ་བ་སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་དོན་དམ་སྤྲོས་པའི་མཐའ་ལས་འདས་ཀྱང་། ཀུན་རྫོབ་བདག་གཞན་བདེ་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདེན་མེད་ཡིན་ཡང་། དེ་ལྟར་མ་ཤེས་པར་བདེན་འཛིན་ཨ་འཐས་པས་འཁོར་བ་ན་སྡུག་བསྔལ་མི་ཟད་པས་རྟག་ཏུ་མནར་བའི་སེམས་ཅན་འདི་དག་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་ཕ་མ་བྱས་ཏེ། ཕན་བདེ་མཐའ་དག་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་སྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་རང་རེ་ལས་མེད་པར་བྱས། རང་རེའི་ཆེད་དུ་ཡང་ལུས་སྲོག་གྲངས་མེད་པར་གཏང་བའི་དྲིན་ཅན་ཤ་སྟག་ཡིན་ཀྱང་། བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་དང་ནི་ལྡན། བདེ་བ་སྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རྨོངས་པ་འདི་དག་སྡུག་བསྔལ་ཅན་གྱི་འཁོར་བ་ལས་སྒྲོལ་དགོས། དེ་ཡང་ད་ལྟ་བདག་ལ་དེའི་ནུས་པ་མེད་པས། ནུས་པ་དང་ལྡན་པའི་སངས་རྒྱས་དེ་ཉིད་ཐོབ་དགོས་པར་འདུག །དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་ནས། འཇུག་པ་བྱང་ཆུབ་སེམས་དཔའི་བསླབ་བྱ་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡོངས་སུ་བསླབས་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཚོགས་གཉིས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྒྲིབ་གཉིས་དང་བྲལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བསམ་ཞིང་དགོངས་གསོལ་བརྗོད་པ་ན་སངས་རྒྱས་བྱང་སེམས་རྣམས་ཀྱིས་བདག་གི་བསམ་སྦྱོར་ཇི་ལྟ་བཞིན་དུ་མཁྱེན་ངེས་སྙམ་དུ་བླ་མ་དཀོན་མཆོག་ལ་དད་པ་ཆེན་པོ། སེམས་ཅན་ལ་སྙིང་རྗེ་ཆེན་པོ། སངས་རྒྱས་ལ་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་འདུ་ཤེས་གསུམ་དང་མ་བྲལ་བའི་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད་ཅིག །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། རང་རང་གི་མིང་ནས་བརྗོད་དེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་དང་། ཀུན་སློང་བཅོས་པ་སྔར་སྨོས་པ་ལས་སྙིང་པོ་ཙམ་བརྗོད་ནས། གཉིས་པ་དང་གསུམ་པའི་རྗེས་ཟློས་ཀྱང་སྔར་བཞིན་བྱ་སྟེ། མཚམས་སྦྱོར་རྣམས་བརྡ་འཕྲོད་པ་དང་། ཚིགས་བཅད་རྣམས་དལ་ཞིང་སྐབས་ཕྱེད་པར་བརྗོད་དོ། །གསུམ་པའི་རྗེས་ཟློས་རྫོགས་པ་དང་། དེས་ཁྱེད་ཀྱི་རྒྱུད་ལ་སྨོན་པ་དང་། འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པ་ཡིན་པས་ཐོབ་ཤེས་ཀྱི་དགའ་བ་མཛད་འཚལ། ཞེས་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ་དགའ་བ་བསྒོམ་པ་དང་། གཏང་རག་འབུལ་བ་གཉིས་ལས། དང་པོ་ལ་རང་དགའ་བ་བསྒོམ་པ་དང་། གཞན་དགའ་བ་བསྐྱེད་པ་གཉིས་ལས། དང་པོ་རང་དགའ་བ་བསྒོམ་པ་ནི། བདག་གི་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་ཞིག་བླངས་ཀྱང་སེམས་དང་མ་ལྡན་པས་དོན་མེད་པ་ཁོ་ནར་སོང་། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས་དོན་ཆེན་པོ་གྲུབ་སྙམ་དུ་དགའ་བ་བསྒོམ་པར་བྱའོ། །དེ་ཙམ་དགའ་བ་བསྒོམས་པའི་ཕན་ཡོན་ཅི་ཡོད་སྙམ་ན་མཐའ་ཡས་པའི་ཕྱིར་བརྗོད་པར་མི་ནུས་མོད། ཆ་ཤས་ཙམ་བརྗོད་ན་མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྦྱོང་པ། ཕན་ཡོན་དཔེས་བསྟན་པ། བསོད་ནམས་རྒྱུད་ཆགས་སུ་འབྱུང་བ། ཕན་ཡོན་མཐའ་ཡས་པ་རྣམས་ལས། དང་པོ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་ཆུད་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་གྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གིས་ནི་ངེས་པར་བསྲེག་པར་བྱེད། །ཅེས་གསུངས་སོ། །གསུམ་པ་ནི། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་སོ། །བཞི་པ་ནི། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །ནམ་ཡང་ལྡོག་པ་མེད་སེམས་ཀྱིས། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །ལྔ་པ་ནི། དཔལ་སྦྱིན་གྱིས་ཞུས་པའི་མདོར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའ་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོར། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་བྱང་ཆུབ་ཆེན་པོའི་རྒྱུ་འབྲས་ཀྱི་ཕན་ཡོན་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ལ་དགའ་སྤྲོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད་ཅིག །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཅི་ཞིག་ལྟར་ལྟས་ན། །བྱང་ཆུབ་སེམས་ནི་བདག་ལ་རྙེད། །ཅེས་ལན་གཅིག་བརྗོད། གཉིས་པ་གཞན་དགའ་བ་བསྐྱེད་པ་ནི། བདག་གིས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་འགྲོ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་མགྲོན་དུ་བོས་པ་ཡིན་པས་དགའ་བར་གྱིས་ཤིག་སྙམ་པས་འདིའི་རྗེས་ཟློས་མཛོད་ཅིག །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད་དོ། །གཉིས་པ་གཏང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། བཀའ་དྲིན་རྗེས་སུ་དྲན་པས་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་རྒྱས་བསྡུས་ཅི་རིགས་པ་དང་ལུས་དབུལ་བ་རྣམས་བྱས་ནས། གཏོར་མ་གསུམ་གྱི་དང་པོ་བླ་མ་དཀོན་མཆོག །གཉིས་པ་ཆོས་སྐྱོང་སྲུང་མ། གསུམ་པ་གནས་དང་གཞིའི་བདག་པོ་རྣམས་ལ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཚུལ་ལ། བསླབ་བྱ་ངོས་བཟུང་བ་དང་། དེ་ཉིད་བསྲུང་ཚུལ་གྱིས་འགག་བསྡུ་བའོ། །དང་པོ་ལ་སྨོན་འཇུག་སྤྱིའི་བསླབ་བྱ་དང་། བྱེ་བྲག་སོ་སོའི་བསླབ་བྱའོ། །དང་པོ་སྤྱིའི་བསླབ་བྱ་ལ་བསྒྲུབ་པར་བྱ་བའི་ཆོས་གསུམ་དང་། ཤེས་པར་བྱ་བའི་ཆོས་བཞི་ལས། དང་པོ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དེ་ལ་འདུན་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་དང་། སེམས་ཅན་བློས་མི་འདོར་བའོ། །དེར་མ་ཟད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་མི་ཉམས་པར་བསྲུང་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀློག་པ་དང་། རྒྱུན་དུ་བག་ཡོད་བསྟེན་པའོ། །གཉིས་པ་ནི། ལྟུང་བ་དང ། ལྟུང་བ་མེད་པ་དང་། ལྟུང་བའི་གཟུགས་བརྙན་དང་། ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ལེགས་པར་ཤེས་པར་བྱའོ། །མདོར་ན་བྱང་ཆུབ་སེམས་དཔས་བསྒྲུབ་པའི་བསླབ་བྱ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །གཉིས་པ་བྱེ་བྲག་གི་བསླབ་བྱ་ལ་སྨོན་པ་དང་འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་ལ་སྐྱེས་བུ་དམ་པའི་སྨོན་པ་གསུམ་དང་། སྤང་བྱ་ནག་པོའི་ཆོས་བཞི་དང་། བསྒྲུབ་བྱ་དཀར་ཆོས་བཞི་ལ་བསླབ་པའོ། །དང་པོ་ནི། སེམས་ཅན་གྱི་དོན་དུ་རྫོགས་བྱང་ཐོབ་པར་བྱའོ་སྙམ་པ་འབྲས་བུ་ལ་སྨོན་པ་དང་། སང་ལམ་ཐམས་ཅད་ལ་བསླབ་པར་བྱའོ་སྙམ་པ་ཐབས་ལ་སྨོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱའོ་སྙམ་པ་ཕྲིན་ལས་ལ་སྨོན་པའོ། །གཉིས་པ་ནི། བླ་མ་དང་སྦྱིན་གནས་བསླུ་བ་དང་། ཐེག་པ་ཆེན་པོའི་གང་ཟག་ལ་མི་བསྔགས་པར་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུ་བྱེད་པ་དང་། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་སྟེ་ནག་པོའི་ཆོས་བཞི་པོ་དེ་སྤོང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་ནི། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། གཡོ་སྒྱུ་སྤངས་ཏེ་ལྷག་པའི་བསམ་པས་གནས་པ་དང་། གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པའི་དགེ་བ་ལ་འགོད་པ་སྟེ། དེ་ལྟར་དཀར་པོའི་ཆོས་བཞི་པོ་དེ་ལ་བསླབ་པས་ནི་ནག་པོའི་ཆོས་བཞི་པོ་དེ་ཡང་ཤུགས་ལ་ཁེགས་པ་ཡིན་ནོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། སྤང་བྱ་དང་བསྒྲུབ་བྱ་གཉིས། དང་པོ་ལ་རྩ་བའི་ལྟུང་བ་དང་ཡན་ལག་གི་ལྟུང་བའོ། །དང་པོ་ལ། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། བློན་པོ་ལ་འབྱུང་ཉེ་བ་ལྔ། ལས་དང་པོ་པ་ལ་འབྱུང་ཉེ་བ་པ་བརྒྱད། ཐུན་མོང་དུ་སྨོན་སེམས་བཏང་བའོ། །ལྡུང་བ་དེ་དག་འབྱུང་བའི་རྟེན་ནི་བྱང་སེམས་ཀྱི་སྡོམ་ལྡན། སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་སོགས་མ་ཡིན་པ་ཞིག་དགོས་ཏེ་སྨྱོ་བ་སོགས་ཀྱི་རྟེན་ལ་རྩ་ལྟུང་གང་ཡང་མི་འབྱུང་ཞིང་། འདི་དག་ལ་ཀུན་སློང་ཉོན་མོངས་མི་དགོས་ཏེ། བྱ་བར་འོས་པ་དང་མི་འོས་པའི་འཇུག་ལྡོག་ལོག་པ་ལས་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོ་རྒྱལ་པོ་ལ་འབྱུང་བར་ཉེ་བ་ལྔ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའམ་རྐུ་བ་དང་། དམ་པའི་ཆོས་སྤོང་བའམ་སྤོང་དུ་འཇུག་པ། དགེ་སློང་རབ་ཏུ་འབྱུང་བ་ལ་ཡོ་བྱད་འཕྲོག་པ་སོགས་ཀྱི་སྒོ་ནས་གནོད་པར་བྱེད་པ་དང་། མཚམས་མེད་ཀྱི་ལས་ལྔ་པོ་དག་ལས་གང་ཡང་རུང་བ་བྱས་པ། ལོག་ལྟས་རང་མི་དགེ་བཅུ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་འགོད་པ་དང་ལྔ་ཡིན་ཏེ། ནམ་མཁའི་སྙིང་པོའི་མདོར་གསུངས་པའི་དོན་བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་རྒྱལ་བས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་རྡེག་པ་དང་། །བཙོན་རར་གཞུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །སྲོག་འབྲལ་བྱེད་པ་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །ཞེས་གསུངས་ཤིང་། དགེ་འདུན་ལས་འཕྲོག་པ་ནི་རྩ་ལྟུང་དང་པོར་འདུ་བས་གསུམ་པར་དགེ་སློང་ཞེས་བཀར་ཏེ་གསུངས་པའོ། །བློན་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ་ནི། སྔ་མ་བཞི་ཐུན་མོང་བ་དང་། ལོག་ལྟ་འཛིན་པའི་ཚབ་ལ། གྲོང་ངམ། གྲོང་ཁྱེར་སོགས་འཇོགས་པར་བྱེད་པ་རྣམས་སྔར་ལྟར་གཅིག་ཏུ་བགྲང་པས་ལྔ་ཡིན་ཏེ། གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་སོ། །ལས་དང་པོ་པ་ལ་འབྱུང་བར་ཉེ་བ་བརྒྱད་ནི། དང་པོ་རིམ་གྱིས་ཐེག་ཆེན་ལ་བློ་མ་སྦྱངས་པར་སྟོང་པ་ཉིད་བསྟན་པས་སྐྲག་ནས་དེའི་བྱང་སེམས་ཉམས་པར་བྱེད་པ་དང་། གཉིས་པ་རྫོགས་བྱང་སྒྲུབ་པའི་བསམ་སྦྱོར་ལ་ཞུགས་པ་ལས་ཕྱིར་ལྡོག་པར་བྱེད་པ་དང་། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་སོ་སོ་ཐར་པ་ལ་སློབ་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་པར་དེ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང་། བཞི་པ་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་སྤོང་མི་ནུས་པར་རང་ཉིད་འཛིན་ཅིང་གཞན་ཡང་འཛིན་དུ་བཅུག་ནས་དེའི་བཤད་ཉན་འགོག་པ་དང་། ལྔ་པ་རྙེད་བཀུར་གྱི་ཕྱིར་རྙེད་བཀུར་ཅན་གཞན་ལ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། དྲུག་པ་སྟོང་ཉིད་མ་རྟོགས་ཀྱང་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲས་པ་དང་། བདུན་པ་དགེ་སྦྱོང་དང་རྒྱལ་རིགས་ཕྱེ་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པ་གཅོད་དུ་འཇུག་པ་དང་འབྲེལ་བའི་ལྟུང་བ་དང་། བརྒྱད་པ་ཆོས་ལྡན་གྱིས་དགེ་སྦྱོང་ལ་གནོན་པའི་ཁྲིམས་ངན་བཅས་ཏེ་ཞི་གནས་ཀྱིས་མཚན་པའི་རྣལ་འབྱོར་འདོར་བར་བྱེད་པ་དང་། དགེ་སློང་ཡང་དག་འཇོག་གི་ནོར་འཕྲོགས་ནས་ཁ་ཏོན་པ་ལ་སྟེར་བ་རྣམས་ཏེ། བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །ཞེས་པ་ནས། དེ་དག་རྩ་བའི་ལྟུང་བ་སྟེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟར་ན་རྟེན་གྱི་སྒོ་ནས་བཅོ་བརྒྱད་དུ་གསུངས་ཀྱང་རྫས་ཀྱི་སྒོ་ནས་བཅུ་བཞིར་ངེས་པའོ། །ཐུན་མོང་དུ་སྨོན་སེམས་གཏང་བ་ནི་རང་དོན་དུ་ཞི་བདེ་དོན་གཉེར་གྱི་བློ་སྐྱེས་ན་ལྟུང་བའི་ནང་ནས་ལྕི་ཤོས་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པས་བཅུ་དགུ་དང་། དེའི་སྟེང་དུ་དཀོན་བརྩེགས་ལས། འཇུག་སེམས་སྤང་ཏེ་དགེ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ནོ། །ཞེས་ཀྱང་འབྱུང་ངོ་། །གཉིས་པ་ཡན་ལག་གི་ལྟུང་བ་ནི། རྩ་བར་མ་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱི་བསླབ་བྱ་ལས་ཉམས་པ་རྣམས་ཏེ། དང་པོ་ནི། མིག་ཕབ་སྟེ་ལྟ་བར་བྱ་བ་སོགས་བསྒྲུབ་བྱ་དང་། དོན་མེད་རྒྱུག་མཆོང་སོགས་དགག་བྱ་ལས་ཉམས་པའོ། །གཉིས་པ་ནི། ལེགས་པར་འོངས་སོ་ཞེས་བྱ་བ་སོགས་བསྒྲུབ་བྱ་དང་། བྲེ་མོའི་གཏམ་སྨྲ་བ་སོགས་དགག་བྱ་ལས་ཉམས་པའོ། །གསུམ་པ་ནི། བྱམས་སྙིང་རྗེ་དང་དྲན་ཤེས་བག་ཡོད་བརྟེན་པ་སོགས་བསྒྲུབ་བྱ་དང་། ཆགས་སྡང་མི་སྤོང་བ་སོགས་དགག་བྱའི་བསླབ་བྱ་ལས་ཉམས་པ་སྟེ་དབང་པོ་འབྲིང་རྟུལ་གྱི་ཡན་ལག་གི་ཉེས་པ་རྣམས་ཀྱང་དེ་དག་ཏུ་འདུ་པར་བཤད་དོ། །དེ་ཡང་རྩ་ལྟུང་རྣམས་ལ་ཀུན་སློང་ཉོན་མོངས་དྲག་ཞན་སོགས་ཀྱི་དབྱེ་བ་མེད་ཀྱང་རྩ་ལྟུང་དེ་དག་བྱེད་ནས་ཐུན་ཚོད་ལས་འདས་ན་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་གཏོང་ལ། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་ཇི་སྲིད་རྫོགས་བྱང་ལས་བློ་མ་ལོག་པ་དེ་སྲིད་དུ་མི་གཏོང་ངོ་། །དེས་ན་སྨོན་སེམས་བཏང་བ་རྩ་ལྟུང་དང་སྡོམ་པའི་གཏོང་རྒྱུ་གཉིས་ཀར་འདོད་པ་དབུ་མ་པའི་ལུགས་སོ། །རྩ་ལྟུང་བྱུང་ཡང་ཐུན་ཚོད་ལས་མ་འདས་གོང་དུ་འགྱོད་པ་སྐྱེས་ན་སྡོམ་པ་མི་གཏོང་ལ། ཐུན་ཚོད་ནི་ཉིན་ཞག་གཅིག་གི་དྲུག་ཆའི་མཐའོ། །ཉེས་བྱས་ནི་ཉིན་ཞག་གཅིག་འདས་ན་ལྟུང་བར་འགྱུར་རོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། ཇི་སྐད་བཤད་པའི་ལྟུང་བ་རྣམས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་ཚོགས་སྒྲུབ་པ་ལ་བསླབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པར་འདོད་པའི་སེམས་དཔའ་ས་བོན་དང་བཅས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་གསུམ་པོ་དེ་ལ་ནན་ཏན་དུ་བསླབ་པར་བྱ་སྟེ། ཡུལ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་དང་། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་དེ། ཞེས་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེ་གསུམ་དུ་འདུས་པས། དེའི་སྤང་བྱ་རྣམས་སྤོང་ཞིང་། བསྒྲུབ་བྱ་རྣམས་ལ་རྩེ་གཅིག་ཏུ་བསླབ་པར་བྱའོ། །གཉིས་པ་དེ་ཉིད་བསྲུང་བ་ལ། ཉེས་དམིགས་བསམ་པ་དང་། བསྲུང་ཚུལ་དངོས་སོ། །དང་པོ་ལ་ཁས་བླངས་ཉམས་པ། མིང་དོན་ཤོར་བ། ངན་སོང་དུ་ལྟུང་བའོ། །དང་པོ་ནི། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་སེམས་ཅན་མི་མགུ། རང་ཆེད་དུ་བསླུས་པས་རང་དོན་ཉམས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པ་སྟེ། བློ་གྲོས་རྒྱ་མཚོའི་མདོར། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་ནས་ཇི་སྐད་སྨྲས་པ་བཞིན་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པ་ཡིན་ནོ། །ཞེས་སོགས་གསུངས་པ་དང་། གཉིས་པ་ནི། རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་ཞིང་། འཆི་ཁར་མྱ་ངན་གྱིས་གདུང་བར་མདོ་ལས་གསུངས་སོ། །གསུམ་པ་ནི། ཕྱི་མར་ངན་སོང་དུ་འགྲོ་ཞིང་དེ་ལས་ཀྱང་ཐར་བར་དཀའ་བ་དང་། རྩ་ལྟུང་གི་ཉེས་པས་ནི་སྔོན་དུ་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་འཇིག་པ་དང་། དཀོན་མཆོག་ལྷ་དང་བཅས་པ་བསླུས་པས་སྤྱིར་ངན་འགྲོ་དང་། ཁྱད་པར་དམྱལ་བར་སྐྱེ་བར་གསུངས་ཏེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟ་བུའི་ཉེས་དམིགས་ཅན་གྱི་ལྟུང་བ་དེ་འབྱུང་བའི་རྒྱུ་ནི། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པའོ། །དེ་ལ་མི་ཤེས་པ་ནི་བསླབ་པ་ལ་འབད་ཀྱང་ལྟུང་བའི་མཚན་ཉིད་མི་ཤེས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱའོ། །བག་མེད་པ་ནི་ལྟུང་བ་ཤེས་ཀྱང་ཉེས་དམིགས་མ་མཐོང་བའམ། མཐོང་ཡང་དྲན་ཤེས་མེད་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བླང་དོར་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང་སྒོ་གསུམ་ལ་སོ་སོར་བརྟག་ཅིང་ལེགས་ཉེས་གང་ལ་འཇུག་ལྡོག་ཤེས་པར་བྱེད་པའི་ཤེས་བཞིན་དང་། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང་ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་བག་ཡོད་ལ་བསླབ་པར་བྱའོ། །ཉོན་མོངས་པ་མང་བ་ནི། འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་ཉོན་མོངས་པ་ལས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བརྟེན་ཅིང་འདི་ཙམ་འགལ་ཡང་ཉེས་པ་ཆུང་ངོ་སྙམ་པའི་བག་ཡངས་ཀྱི་ཚོད་ཡོད་མི་བྱའོ། །མ་གུས་པ་ནི། ལྟུང་བ་སོགས་ཤེས་ཀྱང་དམན་པ་ལ་མོས་ནསབསླབ་པ་ལ་མི་འཇུག་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་སྟོན་པ་དང་། དེའི་བཅས་པ་རྣམས་ལ་གུས་པར་བྱའོ། །དེ་ཡང་མི་ཤེས་པ་དང་། བག་མེད་པས་ལྟུང་བ་ཆུང་ངུ་། ཉོན་མོངས་པ་མང་བ་ལ་འབྲིང་། མ་གུས་པ་ལ་ཆེན་པོ་འབྱུང་ཞིང་ཞིང་བསམ་གྱི་ཁྱད་པར་གྱི་ཅི་རིགས་བར་འགྱུར་བའང་ཡོད་དོ། །དེས་ན་བླང་དོར་གྱི་གནས་རྣམས་ལ་སྲོག་བརྡོས་བྱས་ནས་བསླབ་པ་ལ་ནན་ཏན་དུ་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་དགེ་བསྙེན་ལ་གསུངས་པའི་བསླབ་གཞི་ལྔ་པོ་དགེ་སློང་གིས་ཀྱང་བསྲུང་བ་མེད་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ལྷག་པར་ཡང་ཆེ་བ་སྟེ། དེ་ཉིད་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་དགག་པར་གྱུར་པའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །གསུམ་པ་ཉམས་པ་ཕྱིར་འཆོས་པ་ལ། ཉེས་པ་བཤགས་པའི་ཚུལ་དང་། སྡོམ་པ་གཏང་ནས་སླར་བླང་བའི་ཚུལ་ལོ། །དང་པོ་ལ་ཐེག་ཆེན་སྤྱིའི་ལུགས་དང་། དབུ་མ་རང་ལུགས་ཀྱི་བཤགས་པའོ། །དང་པོ་ནི། བཤགས་བྱའི་ཡུལ་ལྟུང་བས་མ་གོས་པའི་བྱང་སེམས་སམ། རྟེན་གྱི་དྲུང་དུ་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དང་། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་ལྡན་པའི་སྒོ་ནས་བཏུད་དེ། དགོངས་གསོལ་བྱས་ནས། བདག་བྱང་ཆུབ་སེམས་དཔའ་འདི་ཞེས་བགྱི་བ་ལ་ཉེས་པ་འདི་ལྟ་བུ་ཞིག་བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །མཐོལ་ཞིང་བཤམས་ན་བདག་བདེ་བ་ལ་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །གཉིས་པ་ནི། ངན་སོང་དུ་ལྟུང་བས་འཇིགས་ཏེ་འགྱོད་པ་ཆེན་པོས་འཕགས་པ་ནམ་མཁའི་སྙིང་པོ་མཐོང་བར་ནུས་ན་དེ་ལ་དངོས་སུ་བཤགས་པ་དང་། དེ་ལྟར་མི་ནུས་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་ལྡན་པས་ཤར་དུ་ཕྱོགས་ཏེ་མཆོད་ཅིང་ལྷའི་བུ་སྐྱ་རེངས་ལ་ཕྲིན་གསོལ་ནས། རྨི་ལམ་དུ་དེའི་མདུན་དུ་ལྟུང་བ་བཤགས་པ་དང་། ཕྱག་བྱ་བ་དང་། གཟུངས་སྔགས་བཟླ་བ་སོགས་ཀྱི་སྒོ་ནས་འཕགས་པ་དེ་མངོན་སུམ་དུ་མཐོང་བའམ། སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཤགས་པར་བྱ་སྟེ། བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་དང་མཚམས་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་དང་། ཆོས་བཞི་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའི་སྡིག་པ་ཐམས་ཅད་སྟོབས་བཞིས་འདག་པར་གསུངས་པས་སྐུ་གཟུགས་ལ་སོགས་པའི་སྤྱན་སྔར་ཅི་འབྱོར་པའི་མཆོད་པ་དང་བཅས་པས་སམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་རྟེན་གྱི་སྟོབས་དང་། སྔར་བྱས་ཀྱི་ཉེས་པ་ལ་དུག་འཐུང་བ་ལྟ་བུའི་འགྱོད་པ་དྲག་པོ་སྐྱེས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང་། ལྟུང་བའི་གཉེན་པོར་སྐུ་གཟུགས་བཞེངས་པ་དང་ཕྱག་མཆོད་བསྐོར་བ་བཟླས་བརྗོད་དང་ཏིང་ངེ་འཛིན་དང་སྟོང་ཉིད་སྒོམ་པ་སོགས་དགེ་བ་ལ་བརྩོན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་འདི་དག་མི་བྱའོ་སྙམ་དུ་དམ་བཅའ་བརྟན་པར་བྱེད་པ་ཉེས་པ་ལས་ལྡོག་པའི་སྟོབས་ཏེ་བཞི་ཡིན་ནོ། །གཉིས་པ་སྡོམ་པ་གཏང་ནས་བླང་བའི་ཚུལ་ནི། རྩ་ལྟུང་བྱུང་ནས་ཐུན་ཚོད་ལས་འདས་ན་སྡོམ་པ་གཏོང་བས་ལེན་དགོས་ལ། ལེན་ཡུལ་དགེ་བའི་བཤེས་གཉེན་མ་རྙེད་ན་རྟེན་གྱི་དྲུང་དུ་སྔར་བཞིན་བླངས་པས་སྐྱེ་བ་ཡིན་ནོ། །མདོར་ན་དབུ་མ་ལུགས་ཀྱི་བསླབ་བྱ་ནི། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སེམས་ཅན་ཀུན་ལ་གཏང་བ་དང་། དེ་དག་མི་ཉམས་པར་བསྲུང་བ་དང་། དྲི་མ་དག་པར་བྱ་བ་དང་། གོང་ནས་གོང་དུ་སྤེལ་བར་བྱ་བ་རྣམས་ཡིན་ཏེ། བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདིར་རིགས་བྱ། །གནད་ཀྱི་གནད་དེ་གང་ཞེ་ན། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་རྣམས་ལ་གཏང་བ་དང་། །དེ་བསྲུང་དགེ་བ་སྤེལ་བའོ། །ཞེས་དང་། དེ་ཐམས་ཅད་ཀྱི་རྩ་བ་ཡང་སེམས་བསྲུང་བ་ལ་ཐུག་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །ཞེས་གསུངས་ཤིང་། སེམས་བསྲུང་བའི་ཐབས་ཀྱང་དེ་ཉིད་ལས། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དང་། །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །དེ་ལྟར་བདག་ནི་ཐལ་མོ་སྦྱོར། །ཞེས་དང་། རྔ་སྒྲའི་ཚིགས་བཅད་ལས་ཀྱང་། །བདག་གི་ནོར་ནི་གཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་གཏང་ལ་སྲོག་བསྲུང་ངོ་། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་གཏང་ལ་འདིར་ནི་ཆོས་བསྲུང་ངོ་། །ཞེས་གསུངས་པ་ལྟར་བསླབ་པ་ལ་འབད་པར་བྱའོ། །བཞི་པ་རང་བཞིན་གཏན་ལ་དབབ་པ་ནི། སེམས་བསྐྱེད་ཀྱི་ངོ་བོ། །དབྱེ་བ། སོ་སོའི་ས་མཚམས། སེམས་བསྐྱེད་ཀྱི་རྒྱུ། ཕན་ཡོན། ཉེས་དམིགས་རྣམས་ལས། དང་པོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། མདོ་སྡེ་རྒྱན་ལས། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དབྱེ་བ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པ་སྨོན་པ་དང་། གཞན་དོན་དུ་བྱང་ཆུབ་ཏུ་འགྲོ་བཞིན་པ་ནི་འཇུག་པ་སྟེ། བསམ་པས་འགྲོ་འདོད་དང་སྦྱོར་བས་འགྲོ་བཞིན་པ་ལྟ་བུར་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་དང་། ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ཀྱང་རྣམ་པ་གཉིས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡི། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་པས། ཕྱི་རོལ་སེམས་ཅན་ལ་དམིགས་ཏེ་སོ་སྐྱེ་ལ་གཙོ་བོར་སྐྱེ་བ་ཀུན་རྫོབ་སེམས་བསྐྱེད་དང་། ནང་སེམས་ཉིད་ལ་དམིགས་ཏེ་གཙོ་བོར་འཕགས་རྒྱུད་ལ་སྐྱེ་བ་དོན་དམ་སེམས་བསྐྱེད་ཡིན་ནོ། །དེས་ན་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཏུ་སྨོན་པ་ཙམ་ལས་ཀྱང་སྐྱེ་ཞིང་། འཇུག་པའི་སེམས་བསྐྱེད་ནི་ཆོ་ག་ལས་སྐྱེས་པའི་སྡོམ་པ་ཡིན་ཏེ། དེ་གཉིས་ཀའང་ཀུན་རྫོབ་སེམས་བསྐྱེད་དུ་འདུ་ལ། དོན་དམ་སེམས་བསྐྱེད་ནི་དེའི་ཆོས་ཉིད་གོམས་པའི་སྟོབས་ལས་སོ། །གསུམ་པ་ས་མཚམས་ལ། སྨོན་སེམས་ནི། དང་པོ་སེམས་བསྐྱེེད་མ་ཐག་ནས་སྡོམ་པ་མ་བཟུང་བར་གྱི་ཚོགས་ལམ་ཆུང་ངུ་ནས་ཡོད་ལ། འཇུག་སེམས་ནི། འཇུག་སྡོམ་བཟུང་ནས་རྒྱུན་མཐའ་བར་ན་ཡོད་དེ། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་སོགས་ཀྱིས་འགྲུབ་ཅིང་། གལ་ཏེ་འཇུག་སེམས་འཕགས་ལམ་ཁོ་ནར་ཡོད་དམ་ཞེ་ན་མ་ངེས་ཏེ། སྡོམ་པའི་རྟེན་སོ་སྐྱེའི་རྟེན་ཅན་དུ་གྲུབ་པ་དང་། གཞན་དུ་འཇུག་སྡོམ་བླངས་ནས་རྩ་ལྟུང་གཅོད་པ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །བཞི་པ་སེམས་བསྐྱེད་ཀྱི་རྒྱུ་ནི། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཤེས་ནས་ཐོབ་པར་འདོད་པ་སྟེ་གསུམ་ལས་སྐྱེ་བར་མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །ཅེས་པའི་གྲོགས་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་བྱས་པ་ལས་སྨོན་པ་སེམས་བསྐྱེད་བརྟན་པའི་རྒྱུ་དང་པོར་འབྱུང་ཞིང་། རང་གིས་དགེ་བ་གོམས་པ་དང་། རྒྱུ་རིགས་སད་པ་དང་། རྩ་བ་སྙིང་རྗེ་སྐྱེས་པ་ལས། འཇུག་པ་སེམས་བསྐྱེད་བརྟན་པོར་སྐྱེ་བའི་རྒྱུར་གསུངས་སོ། །ལྔ་པ་སེམས་བསྐྱེད་པའི་ཕན་ཡོན་ནི། སྨོན་པ་སེམས་བསྐྱེད་ཀྱིས་ཉན་རང་གི་སེམས་བསྐྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། འཇུག་སེམས་ཀྱི་རྩ་ལྟུང་མ་བྱུང་ན་གཉིད་འཐུག་པོ་ལོག་པའམ། བག་མེད་པར་གྱུར་ཀྱང་བསོད་ནམས་རྒྱུན་མི་ཆད་པར་འབྱུང་བ་སྟེ། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་སོགས་མཐའ་ཡས་པར་གསུངས་པ་ལས་ཆ་ཤས་ཙམ་སྔར་བརྗོད་ཟིན་ཏོ། །དྲུག་པ་སེམས་མ་བསྐྱེད་པའི་ཉེས་དམིགས་ནི། གཙོ་བོར་འཁོར་བ་དང་ངན་སོང་དུ་ལྟུང་བ་རྒྱུན་མི་ཆད་ཅིང་། ཇི་ལྟར་ཆོས་ལ་འབད་ཀྱང་ཉན་རང་དུ་གོལ་བ་དང་། དམྱལ་བར་ལྟུང་བ་བྱང་ཆུབ་ཀྱི་གཏན་གེགས་མ་ཡིན་ཀྱང་། ཉན་རང་དགྲ་བཅོམ་དུ་ལྟུང་བ་ནི་གྲངས་མེད་པའི་བསྐལ་བར་བླ་ན་མེད་པ་རྫོགས་བྱང་གི་གེགས་ཡིན་པའི་ཕྱིར་རོ། །བདུན་པ་ཆོ་གའི་ཁྱད་པར་ནི། མགོན་པོ་བྱམས་པ་ལས་བརྒྱུད་པ་སེམས་ཙམ་ལུགས་སུ་གྲགས་པ་དང་། འཕགས་པ་འཇམ་དཔལ་ལས་བརྒྱུད་པ་དབུ་མ་ལུགས་སུ་གྲགས་པ་སྟེ། དེ་དག་ཀྱང་བླང་བྱའི་ཡུལ་གྱི་ཁྱད་པར། ལེན་པ་པོ་གང་ཟག་གི་ཁྱད་པར། ལེན་བྱེད་ཆོ་གའི་ཁྱད་པར། མི་ཉམས་པར་བསྲུང་བའི་ཁྱད་པར་རྣམས་ཀྱིས་བསྟན་པ་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་བསྟན་བཅོམ་རྣམས་ལས་ཤེས་པར་བྱ་བ་ཡིན་ནོ། །འདིར་ནི་དབུ་མའི་ལུགས་སུ་བྱས་པ་སྟེ། དེ་ལ་ཡང་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ནི། སྔར་བཤད་མ་ཐག་པའི་ཆོ་ག་ཇི་ལྟ་བ་ཉིད་ཀྱི་འགོར་རང་བཞིན་གཏན་ལ་དབབ་པའི་སྐབས་སུ་བརྗོད་པའི་སེམས་བསྐྱེད་ཀྱི་ངོ་བོ་དང་དབྱེ་བ་ལ་སོགས་པའང་མཚམས་སྦྱོར་དུ་སྦྲེལ་ཞིང་། ཐོབ་པ་མི་ཉམས་པར་བསྲུང་ཚུལ་ཡན་ཆད་ཚང་བར་བཤད་ནས་མཐར་དགེ་བ་བསྔོ་བ་རྣམས་བྱའོ། །འབྲིང་པོ་ནི། སྦྱོར་བ་གསོལ་བཏབ་སྐྱབས་འགྲོ་ཡན་ལག་བདུན་པ་རྣམས་བྱས། དངོས་གཞི་སྔར་དང་འདྲ། རྗེས་གཞན་དགའ་བ་བསྐྱེད་པའི་བར་བྱས་ནས་བསྔོ་བ་བྱའོ། །བསྡུལ་པ་ནི། ཡན་ལག་བདུན་པ་བྱས་ནས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོགས་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །སོགས་སྔར་ལྟར་བརྗོད་པའི་རྗེས་སུ་རང་གཞན་དགའ་བ་བསྐྱེད་པ་སྔར་ལྟར་བྱས་པས་ཀྱང་འགྲུབ་བོ། །དེ་དག་གང་གི་ཚེ་ན་ཡང་མཐར། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་དང་། བྱང་ཆུབ་སེམས་ཉིད་རིན་པོ་ཆེ། །སོགས་དང་། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ཞེས་སོགས་བརྗོད་པར་བྱའོ། །སྲིད་འདིར་ཕྱིན་ཅི་ལོག་བློས་རྟག་འཁྱམས་འགྲོར། །ཚད་མེད་སྙིང་རྗེས་དྲངས་ནས་བྱང་ཆུབ་ཏུ། །སེམས་བསྐྱེད་སྡོམ་པའི་ཆོ་ག་བཀླག་ཆོག་ཏུ། །བཀོད་འདི་འགྲོ་ཀུན་བྱང་ཆུབ་ཐོབ་རྒྱུར་སྔོ། །ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་འདི་ནི། རང་ལུགས་སུ་སྔོན་ཆད་སྡོམ་པ་འབོགས་ཆོག་ལམ་རིམ་རྒྱས་པ་རྣམས་ནས་མཛུབ་ཚུགས་སུ་བསྡུ་བ་ལས། བཀླག་ཆོག་ཏུ་བཀོད་པ་མི་འདུག་པས་རྗེས་འཇུག་རྣམས་ལ་ཕན་འདོད་ཀྱིས་སྔོན་ནས་འབྲི་བར་བསམ་པ་ལས། ཉེ་ཆར་དད་འདུན་གྱི་ནོར་ཅན་ཨོ་རྒྱན་རྣམ་གྲོལ་གྱི་བསྐུལ་བ་དང་། རྨི་ལམ་དུ་དགེ་བའི་མཚན་མའང་ཅུང་ཟད་མཐོང་བས་རྐྱེན་བྱས་ཏེ། བྱང་ཆུབ་སེམས་དཔའི་མིང་ཙམ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་བྲིས་པའོ། །སྭ་སྟི། ཟབ་མོ་ལྟ་བའི་ཆུ་གཏེར་བསྲུབས་པ་ལས། །རྒྱལ་སྲས་ལམ་བཟང་རྨད་བྱུང་བྱང་སྡོམ་གྱི། །ཆོ་ག་གཅིག་ལས་དུ་མའི་ཆར་འབེབས་སྤྲིན། །སྨིན་གྲོལ་ཆོས་སྒྲ་སྒྲོག་པའི་མཁའ་ལས་སྤྲོས།། །།


previousཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་། འགྱུར་མེད་རྡོ་རྗེ།next