Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ། བཙུན་པ་བློ་གསལ་བསྟན་སྐྱོང་།
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ། བཙུན་པ་བློ་གསལ་བསྟན་སྐྱོང་།next

འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ། བཙུན་པ་བློ་གསལ་བསྟན་སྐྱོང་།

འཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། རྣམ་དག་མཚན་གྱི་འོད་ཟེར་ཕྲ་མོས་ཀྱང་། །མ་དག་སྒྲིབ་པའི་མུན་སྟུག་མཐར་བྱེད་ཅིང་། །ཡང་དག་ལམ་བཟང་དྲི་མེད་གསལ་མཛད་པ། །ཐུབ་དབང་ཤཱཀྱ་སེང་གེས་དགེ་ལེགས་སྩོལ། །དྲི་མེད་ཆོས་ཀྱི་སྲོལ་འབྱེད་ཞི་བ་འཚོ། །དྲི་མེད་ལམ་བཟང་རྒྱས་མཛད་རིན་ཆེན་གྲུབ། །དྲི་མེད་དབང་དང་མན་ངག་སྩོལ་མཛད་པའི། །དྲི་མེད་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ། །འཕགས་པ་ཀུན་ནས་སྒོར་འཇུག་རྣམ་དག་འོད། །འཆི་མེད་འབྱུང་བ་དཀྱིལ་འཁོར་ཆོ་ག་ཡི། །ཕྱག་ལེན་དཀའ་གནས་ལྷན་ཐབས་ཟུང་འཇུག་གི། །ཆོག་བསྒྲིགས་འོད་ཟེར་ཕྲེང་བ་འདིར་བཤད་བྱ། །འདིར་འཕགས་པ་འོད་ཟེར་དྲི་མ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པ་འཆི་མེད་འབྱུང་བ་དང་། དེའི་ལྷན་ཐབས་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ་མུན་སེལ་ཉིན་བྱེད་སྣང་བ་ཟུང་དུ་འཇུག་པའི་ཆོག་བསྒྲིགས་འོད་ཟེར་ཕྲེང་བ་བཤད་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་ལ་མ་ཉམས་པ། བསྙེན་པ་སྔོན་དུ་སོང་བས་གཉུག་མར་གནས་པའི་སར་དཀྱིལ་འཁོར་འབྲི་བའི་དབང་དུ་བྱས་ནས་གནས་ཁང་བྱི་དོར་བྱས། དཀོན་མཆོག་གསུམ་གྱི་རྟེན་མཆོད་པས་བརྒྱན་པ་སྟེགས་མཛེས་པའི་སྟེང་དུ་བཀོད། སློབ་དཔོན་གྱི་མདུན་དུ་ཅོག་ཙེ་ལྟ་བུའི་ཁར་གཡོན་ནས་འགོ་བརྩམས་པའི་མཆོད་པ་བཞི། དེའི་ནང་དུ་གཡོན་ནས་རིམ་བཞིན་བསང་ཆུ་འཐོར་ཡབ་དང་བཅས་པ། རྡོར་དྲིལ་དང་། སྤོས། བ་བྱུང་། དྲི་བཟང་སོགས་ཀྱང་ཇི་ལྟར་འོས་པ་བཤམས། སྒྲུབ་གྲོགས་རྣམས་ཀྱི་མདུན་དུའང་། རྡོར་དྲིལ། རྔ། སིལ་སྙན། དཀར་དུང་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་ལེགས་པར་འདུ་བྱ། ཚེ་འདིའི་རྣམ་རྟོག་ངན་པ་རྣམས་སྤངས་ཏེ་དགེ་སེམས་ཁྱད་པར་ཅན་གསལ་འདེབས་པ་རྣམས་ནི་སྦྱོར་བའི་ཆོས་མདོར་བསྡུས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། སའི་ཆོ་ག །སྟ་གོན་གྱི་ཆོ་ག་དཀྱིལ་འཁོར་དངོས་གཞིའི་ཆོ་ག་དང་གསུམ་ལས། དང་པོ་ལ་ཡངས་སྦྱང་བ་དང་། བཟུང་བ་གཉིས་ཀྱི། དང་པོ་ལ་ཐོག་མར་ཁྲུས་ཀྱི་ཆོ་ག་ལ་སོགས་པ་ནས་འཇུག་དགོས་པས་དཀྱིལ་ཆོག་དྲི་མེད་རབ་གསལ་ལྟར་སྲུང་འཁོར་ཡན་ཆད་བཏང་ནས། བར་འདིར་ཕྱག་ལེན་ལྷན་ཐབས་ལས་ས་སྦྱང་༼དཀྱིལ་འཁོར་གྱི་གཞི་དེར།༽ མཛད་པས། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅེས་ཀཱི་ལི་ཀཱི་ལའི་སྔགས་རྒྱ་ཆུ་ལ་གཏུགས་ཏེ། ས་ལ་བསང་གཏོར་བྱས་པར་གྱུར་གྱི་པར་བརྗོད། རྐང་པ་གཡས་པ་ས་ལ་བཞག་སྟེ། གཡོན་བཏེགས་པའི་འབོལ་གྱིས་གཡས་བརྐྱངས་པའི་བརླ་ལ་བཞག་ལ། ལག་པ་གཡས་པ་བསྣུན་པའི་ཚུལ་དུ་ང་རྒྱལ་བརྟན་པར་བྱེད་པའི་ཕྱག་རྒྱ་དང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏངྒི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཏ་ཐཱ་ག་ནོ་དཱརྻ་ཨ་བ་ལོ་ཀི་ཏ་བཛྲ་མ་ར་བཛྲོཥྞཱི་ཥ་ཧཱུྃ་ཧཱུྃ་པྲཛྙཱ་མི་ཏ་མུརྟི་སྭཱ་ཧཱ། ལག་པ་གཉིས་སྙིམ་པ་སྦྱར་ལ་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཀུག་སྟེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་ལ་འཁྱུད་པ་རྡོ་རྗེ་གཙུག་ཏོར་གྱི་སྔགས་རྒྱས་སྦྱང་བའོ། །བ་བྱུང་དང་དྲི་བཟང་༼གུང་མཛུབ་སྲིན་གསུམ།༽ གི་ཆུས་བྱུགས་ནས་ལག་པས་རེག་སྟེ་མཛུབ་མོ་གཉིས་སྦྱར་ནས་བསྐོར་ལ། དཀྱིལ་འཁོར་ལྟ་བུར་བྱས་པ་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱ་དང་། ༀ་བཛྲ་ཡོཥྞཱིཥ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ད་མ་ད་མ། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧ་ན་ཧཱུྃ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་པས་སྔགས་བཟླས་ཏེ་ས་སྦྱང་བའོ། །ས་བཟུང་གི་དོན་དུ་དཀྱིལ་འཁོར་འབྲི་བའི་ས་གཞིར་ལྷ་གནས་རྣམས་སུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ། ཕྱི་ནང་གི་མཆོད་གཏོར་བུམ་པ་སོགས་འོག་མདུན་བསྐྱེད་སྐབས་ནས་བཤད་པ་བཞིན་བཤམས། དེ་ནས་སྟན་བསང་གཏོར་ནས་དཀྱུས་ལ་འཇུག་ཅིང་། ནང་གི་དཀྱིལ་འཁོར་གྱི་ཤར་གྱི་ཆའི་དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ། མཚམས་སུ་འདིར་འཇུག །ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱ་ཙི་ཏ་པྲ་ཏིཥྛི་ཏ་ནཱཾ། ན་མོ་བྷ་ག་ཝ་ཏེ། ཨ་མྲྀ་ཏ་ཨ་ཡུཪྴ་སྱ། ཏ་ཐཱ་ག་ཏ་སྱ། ༀ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར་ཨཱ་ཡུཿ སཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། བོ་དྡྷི་བོ་དྡྷི། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུ དྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷེ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་དང་། ཛི་ན་ཛིཀ྄ །པད་ཟླའི་སྟེང་དུ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་ཞལ་ནུབ་ཏུ་བསྟན་པ། དེའི་གཡོན་ངོས་ལྷོ་ཕྱོགས་སུ་གདན་གྱི་ཁྲི་ཟླུམ་པོ་ལ་པ ད་ཟླའི་སྟེང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ་སྱ། ན་མཥྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ན་བ་ཏི་སྱ། ན་མཥྩཎྜ་པྲ་མརྔྷ་ན་ཡ་སྭཱ་ཧཱ། ཧི་རི་མི་རི་ཏི་རི་ཎི་སྭཱ་ཧཱ། བཛྲ་དྷིཀ྄ །ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རྔ་ཡབ། གཡོན་ན་རྡོ་རྗེ་འཛིན་པ། ཁྲོ་བོའི་ལུས་ཀྱི་ཉམས་ལ་གནས་པ། དེའི་མདུན་ནུབ་ཀྱི་ཕྱོགས་སུ་གདན་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ། ན་མོ་བཛྲ་པཱ་ཎི་སྱ། ༀ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ཁྱབ་འཇུག་ནག་པོ་ལག་པ་བཞི་པ། གཡས་ན་འཁོར་ལོ་དང་དུང་། གཡོན་ན་བེ་ཅོན་དང་རལ་གྲི་ཐོགས་པ་ནམ་མཁའ་ལྡིང་གི་གདན་ལ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། དེའི་གཡོན་བཅོམ་ལྡན་འདས་ཀྱི་ཐད་དུ་དཀྱིལ་འཁོར་ཟླུམ་པོའི་སྟེང་དུ། ༀ་པ་ཤུ་པ་ཏི་ནཱི་ལ་ཀཎྛ་ཨུ་མ་བྲཱི་ཡ་སྭཱ་ཧཱ། དྲག་པོ་དཀར་པོ་མགྲིན་པ་སྔོན་པོ་ལག་པ་གཡས་ན་མདུང་རྩེ་གསུམ་པ། གཡོན་ན་རལ་གྲི་ཐོགས་པ་གླང་བུ་ཁྱུ་མཆོག་ལ་ཞོན་པའོ། །དེའི་གཡོན་དུ། ན་མོ་བཛྲ་པཱ་ཎི་སྱ། ༀ་བྷྲ་མ་ར་ཏེ་ནི་སྭཱ་ཧཱ། ཚོགས་བདག་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། མདུན་དུ་སྒུར་བ་དང་། ཕྱིར་དགྱེ་བའི་ཚུལ་གྱིིས་བཞུགས་པའོ། །ལྷ་དེ་གསུམ་ཞལ་ཤར་དུ་གཟིགས་པའོ། །ཤར་གྱི་བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ། ༀ་ཛི་ཛི་ཛི་ནཱཾ་ག་ཏི་ཡ་ཏེ་དེ་ནི་སྭཱ་ཧཱ། ཨ་རོ་ལིཀ྄ །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པ་མཆོག་སྦྱིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད། དེའི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ། སྣམ་བུར་བཀོད་པའི་མཆོད་རྫས་རྣམས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་སོགས་བདུད་རྩི་ཐབས་སྦྱོར་སྔགས་བདུན་གྱིས་བསང་ཆུས་བསང་། ལག་པ་གཡོན་པར་སྤོས་ཆུ་བླུག །གཡས་པའི་མཐོར་གཡབ་ཀྱིས་བསང་གཏོར་བྱ་ཞིང་། ཛི་ན་ཛིཀ྄ །བདུན། ༀ་ཏེ་ཛཿཏེ་ཛཿསཱ་ན་སིདྡྷི་སཱ་དྷ་ཡ་ཧཱུྃ་ཕཊ། ཞེས་གཟི་བྱིན་བསྐྱེད་པའི་སྔགས་རྒྱས། མཆོད་རྫས་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བྱིན་གྱིས་བརླབས་པར་གྱུར། ཛི་ན་ཛིཀ྄ །བརྟན་པར་གྱུར། དེ་ནས་སྤྱན་འདྲེན་གྱི་མཆོད་ཡོན་བསྒྲུབ་པ་ནས་བཟླས་བརྗོད་རིགས་ཀྱི་སྙིང་པོ་གསུམ་བར་རྒྱས་བསྡུས་མཚམས་པའི་བཏང་ནས་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་། ཛི་ན་ཛིཀ྄་གཙྪ། ཨཱ་རོ་ལིཀ྄་གཙྪ། བཛྲ་དྷྲྀཀ྄་གཙྪ། འཇིག་རྟེན་པ་གསུམ་སོ་སོའི་སྔགས་མཐར་གཙྪ་རེ་གདགས། ཨརྒྷཾ་པྲ་ཏཱིཙྪ། ཞེས་མཆོད་ཡོན་ཕུལ། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། སྔགས་ཀྱིས་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། ཞེས་བརྗོད་དེ་དཀྱིལ་འཁོར་གྱི་ལྷས་ས་བཟུང་བའོ། །ༀ་ཏྲཾ་བནྦྷ་སྭཱ་ཧཱ། བྷྲུྂ། གནས་འདིར་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །ཅེས་བརྗོད་པ་ནི་བློས་བཟུང་བའོ། ༈ །ས་བཟུང་དང་སྟ་གོན་ཞག་གིས་བར་ཆོད་ན་བདག་བསྐྱེད་རྣལ་འབྱོར་བསྡུ་དགོས་པས་དེའི་ཚུལ་ནི། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ལ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ་སོར་མོ་བསྣོལ་བའི་རྩེ་མོ་དྲུད་པར་སྦྱར་ཏེ། ཐད་ཀར་བཞག་པ་མི་མཉམ་པའི་ཡན་ལག་གམ་ཕྱག་རྒྱ་གཡོན་ཕྱོགས་ནས་བསྐོར་ཞིང་། ༀ་ཧུ་ལུ་ཧུ་ལུ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ར་བ་དང་དྲྭ་བས་ཕྱོགས་མཚམས་བཅིངས་པ་ལ་སོགས་པ་དཀྲོལ་བར་གྱུར། ༀ་བཛྲ་ཨ་གྣེ་པྲ་དཱི་པ་ཏ་ཡ་སྭཱ་ཧཱ། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཧཱུྃ་ཝ་ཀཱི་ལི་ཧཱུྃ་ཕཊ། མགོ་བོ་དང་། དཔུང་མགོ་གཉིས་དང་། སྙིང་ག་དང་། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཞེས་གོ་ཆའི་སྔགས་རྒྱ་སྔར་བཞིན་བྱ། དགེ་བ་འདི་ཡིས་སོགས་སྨོན་ལམ། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་བརྗོད། འདི་སྐད་བདག་གིས་སོགས་ཤེས་རབ་སྙིང་པོ་ཚར་གཅིག་འདོན། ༈ །དེ་ནས་བུ་མོས་བཀལ་བའི་སྐུད་པ་དམར་པོ་ལེ་བརྒན་རྩིའམ། གུར་གུམ་གྱིས་བཙོས་པ་ལ་མདུད་པ་བདུན་བོར་ལ། ༀ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷཱ་ར་ཎི་སིདྡྷཪྠེ་སྭཱ་ཧཱ། ལན་སྟོང་བཟླས་ནས་སྲོད་ཀྱི་དུས་སུ་རྐེད་པ་ལ་བཅིངས་ཏེ་འཛག་པ་བསྲུང་བར་བྱའོ། །ༀ་རཀྵ་རཀྵ་མཱཾ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨཏྨ་ཙཱི་བ་ར་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པའི་བླ་གོས་ལན་གསུམ་དུ་བསང་གཏོར་དང་བཀྲུ་བ་བྱས་ལ་བགོ་ཞིང་། རྡུལ་དང་དྲི་མས་མ་ཕོག་པར་བྱ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པ་མཐང་གོས་མི་སྤངས། རྗེས་གླེགས་བམ་བཀླག་པ་དང་། མཆོད་རྟེན་གདབ་པ་དང་། རྗེས་སུ་དྲན་པ་དྲུག་བསྒོམ་པ་ལ་སོགས་པ་དགེ་བའི་ཕྱོགས་ལ་འབད་པར་བྱ་སྟེ། ནུབ་དང་པོ་སའི་ཆོ་ག་བསྟན་ཟིན་ཏོ། ༈ །གཉིས་པ་སྟ་གོན་ལ། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ནོ། །དང་པོ་ལ་སང་ནངས་པར་སྔ་བར་ལངས་ཏེ་མཆོད་པ་སོགས་བཤམ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སོགས། ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་སྲུང་བ་ནས། ཏིང་འཛིན་གྱི་དེ་ཉིད་ཡང་དང་ཡང་དུ་གསལ་བར་གྱུར། ཅེས་པའི་བར་བདག་བསྐྱེད་བྱ། དེ་ནས་དཀྱིལ་འཁོར་གྱིས་གཞིར་བ་བྱུང་དྲི་བཟང་འཐོར་བ་ནས་བརྩམས་ཏེ་སྟ་གོན་ལ་འཇུག །ཡང་ཞག་གིས་བར་མ་ཆོད་ན་སྔར་གྱི་རྣལ་འབྱོར་གྱི་རྒྱུན་ལ་གནས་པས། ས་བཟུང་གྲུབ་པའི་རྗེས་ཐོག་ཉིད། དཀྱིལ་འཁོར་ས་གཞིར་བ་བྱུང་དྲི་བཟང་གཏོར། བྷྲཱུྂ། ༀ་ཏྲྂ་བནྡྷ་སྭཱ་ཧཱ། ཞེས་བཟླས་པའི་སྤོས་ཆུས་ཀྱང་གཏོར། སྐབས་འདི་ཉིད་དུ། སྐྱ་ཐིག་འདེབས་དགོས་པས། ཐིག་རྩ་ནི། ཚངས་ཟུང་བཞི་གདབ་ལྟེ་བ་ནས། །ཆེ་ཆུང་ཇི་ཙམ་བྱེད་པ་ཡི། །མདའ་ཐིག་བར་དེ་གསུམ་དུ་བགོས། །ཕྱི་མ་ཕྱེད་དུ་བགོ་བྱ་དེའི། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་མ་གདབ། །བར་མ་ཕྱེད་དུ་བགོས་པ་ཡི། །ཕྱི་མ་མཆོད་པའི་སྣམ་བུ་དང་། །ནང་མ་ཡན་ཆད་ལྷ་ཡི་གནས། །ནུབ་སྒོའི་སྒོ་བཞི་སྤྱི་རྒྱུད་ལས། །རབ་ཏུ་བཟང་པོ་སྒོ་བཞིར་བྱ། །ནུབ་ཕྱོགས་སྒོ་འམ་ཡང་ན་ནི། །གང་ལས་ཇི་སྐད་བཤད་པ་དབྱེ། །ལྷག་མ་རྣམས་ནི་དཀར་པོ་ཡི། །ཕྱེ་མས་བཅད་པར་བྱ་བ་ཡི། །ཞེས་དང་རྒྱུད་ཆེན་དེ་ཉིད་ལས། །ཆབ་སྒོ་གཞན་རྣམས་བཅད་པར་ནི། །ཕྱེ་མ་དཀར་པོ་དག་གིས་ནི། །སྒོ་ཡི་དབུས་ཀྱི་ཆ་དག་ཏུ། །རི་མོ་ཕྲ་མོ་བྲི་བར་བྱ། །ཞེས་གསུངས་མདའ་ཡབ་ཟུར་རྩེ་ནས། །ཆ་ཕྲན་གཉིས་དང་གཉིས་དང་བཞི། །བསྐོར་བ་པད་རྡོར་མེ་རིའོ། །ཞེས་འབྱུང་བ་ལྟར་ངེས་པར་བྱས་ལ་ཐིག་བཏབ། སློབ་དཔོན་རྡོར་དྲིལ་འཛིན་པས་དྲི་བཟང་གི་ལྡེ་གུ་ཐོགས་ལ་འཇིག་རྟེན་ལས་འདས་པའི་ལྷ་གནས་གསུམ་དུ་དྲིའི་དཀྱིལ་འཁོར་གྲུ་བཞི། འཇིག་རྟེན་པ་གསུམ་གྱི་གནས་སུ་ཟླུམ་པོ། དཀྱིལ་འཁོར་ཆེ་ཆུང་གི་སྐབས་དང་སྦྱར་བའི་སྟེང་དུ་ལས་ཀྱི་རྡོ་རྗེས་མེ་ཏོག་གི་ཚོམ་བུ་བཀོད། འོག་ཏུ་མདུན་བསྐྱེད་ཀྱི་སྐབས་སུ་བཤད་པའི་ཕྱི་ནང་གི་མཆོད་གཏོར་བུམ་པ་སོགས་མ་ཚང་བ་མེད་པར་བཀོད་པས་མཛེས་པར་བཤམས། གདན་ལ་འཁོད་དེ། མདུན་དུ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ་ནས་བཟླས་པའི་བར་ས་བཟུང་སྐབས་བཞིན་ལས། ཁྱད་པར་ལྷ་བསྐྱེད་དུས་རིགས་ཀྱི་སྙིང་པོ་དང་། སོ་སོའི་སྔགས་ཚར་བདུན་བདུན་བརྗོད་དེ། མཆོད་པ་སྔར་བཞིན་རྒྱས་པ་མ་གྲུབ་ན། ཨཱ་ཧ་ར་སོགས་བཞིའི་མཆོད་པས་མཆོད། གཡས་སྤོས་དང་། གཡོན་དྲིལ་བུ་དཀྲོལ་ཞིང་། ཤཱཀྱ་སེངྒ་རྔ་བཏེགས་ཞྭ་དྲིལ་བཅས། བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། གང་ཡང་འབྱུང་པོ་མཐུ་བོ་ཆེ། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་རིག་པ་འཛིན་པ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འོད་ཟེར་དྲི་མེད་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གསུམ་སྦྲེལ་མཐར་རོལ། སློབ་མ་དབང་བསྐུར་གྱི་དུས་མ་ཡིན་ན། སྦྱིན་བདག་ཅེས་ཚིག་འཕྲད་བསྒྱུར། མགོན་པོ་ཐུགས་རྗེ་ནས། སྐྱོང་མཛད་རྣམས་ལ་ཕྱག་འཚལ་ལོ། །ནམཿསརྦ་བུདྡྷ་བོ་དྷི་སོགས་བསྟོད་པ་འབྱུང་བའི་སྔགས་དང་བཅས་པས་སྔར་བཞིན་བསྟོད། ཛི་ན་ཛི་ཀྲ་གཙྪ་ནས། དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ་ཞེས་བརྗོད། ལྷ་སྟ་གོན་ནོ། ༈ །གཉིས་པ་བུམ་པ་སྟ་གོན་ལ། བུམ་པ་གཉིས་ཕྱག་ལེན་ལྟར་བཤམས། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་ཀྱིས་བསང་། ལྷ་རྫས་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་སོགས་དྲི་མེད་ར བ་གསལ་གྱི་བུམ་མཆོག་ལྟར་ལ་མཐར་གསོལ་བ་གདབ་པར་བྱའོ། །བུམ་པའི་ལྷ་སྐབས་འདི་དག་ཏུ་གཤེགས་གསོལ་སོགས་མི་མཛད་པས་བུམ་པ་སྟ་གོན་ནོ། ༈ ། གསུམ་པ་སློབ་མ་སྟ་གོན་ནི་གཞན་དུ་བྱའོ། ༈ །གསུམ་པ་དཀྱིལ་འཁོར་དངོས་གཞིའི་ཆོ་ག་ཡན་ལག་དང་བཅས་པ་ལ་ལྔ། སྒྲུབ་ཅིང་མཆོད་པ། དབང་བླང་བ། སློབ་མར་དབང་བསྐུར་བ། འཆི་བསླུ་བྱ་བ། སྲོག་ཤིང་འཛུགས་པའོ། །དང་པོ་ལ་ཐིག་ཚོན་གྱི་ཆོ་ག་དང་། མདུན་བསྐྱེད་སྒྲུབ་པ་གཉིས་ཀྱི་དང་པོ་ལ་ཞག་གི་བར་ཆོད་ན་ནངས་པར་སྔ་བར་ལངས་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་སྲུང་བ་ནས། སྟེང་ནས་བླ་རེ་ལ་སོགས་པའང་གྲུབ་པར་གྱུར། ནང་གི་དཀྱིལ་འཁོར་གྱི་ཆའི་དབུས་སུ་གདན་སེར་པོ་ནས། སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཞེས་པའི་བར་གཙོ་འཁོར་ཚང་མའི་མངོན་རྟོགས་བརྗོད། ཕྱིའི་སྣམ་བུའི་གྲྭ་བཞིར་པདྨ་འདབ་བརྒྱད་ཅེས་པ་ནས། སྤྱན་འདྲེན་གྱི་མཆོད་ཡོན་བྱིན་བརླབས་བར་ཡངས་བཟུང་བཞིན་བྱ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཛི་ན་ཛིཀ྄་ཤཱཀྱ་གུ་ན་ཡེ་ཨེ་ཧྱེ་ཧི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་མདུན་དུ་སྤྱན་དྲངས། བདེ་བར་གཤེགས་སོ་ནས། མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ལ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མདུན་དུ་བཞུགས་སུ་གསོལ། ༀ་བཛྲ་ཨཱ་ས་ན་ཧཱུྂ་ཕཊ། ཤཾ་ཀ་རེ་ས་མ་ཡེ་སྭཱ་ཧཱ། ཛི་ན་ཛིཀ྄ །ཐམས་ཅད་ལ་བསྲུང་བ་ཆེན་པོར་གྱུར་ཅིག །མཆོད་པ་བྱིན་བརླབས་སྔར་བཞིན། བདེ་བར་གཤེགས་སོ་སོགས་མཆོད་ཡོན་གོང་བཞིན་ཕུལ། ༀ་སརྦ་དེ་བ་སོགས་སྐུ་ཁྲུས་གསོལ་བ་ནས་ཞལ་ཟས་ཀྱི་རྗེས་སུ་མར་མེ་འབུལ་བའི་བར་བྱ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ནས། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། ན་མཿསརྦ་ནས། ན་མཿསྟུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་ལན་བརྒྱད་བརྗོད། ༈ །ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་སྲུང་ནས། འོག་གི་བཟླས་བརྗོད་ཀྱི་དགེ་རྩ་འབུལ་བའི་བར། འདི་བསྙེན་པའི་ཆོ་གར་ཡང་མི་འགལ་ཞིང་འཁོར་སྔགས་ཀྱིས་སྤྲུལ་པ་ལ་སྤྱན་འདྲེན་མི་དགོས། མཆན། དེ་ནས་རྒྱུན་བཤགས་བྱ་བ་ན། འཇིག་རྟེན་ཀུན་གྱི་ཕྱོགས་ཀུན་ན། །སོགས་ནས། སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་ལེགས་གྲུབ་ནས་གསུངས་པའི་རྒྱུན་བཤགས་བྱ། ཕྲེང་བ་བྱིན་རླབས་ཀྱི་སྔོན་དུ། ཨ་ཧ་ར་སོགས་མཆོད་པ་བཞིས་མཆོད། བོ་དྷི་ཙིའི་ཕྲེང་བ་སྙིམ་པར་བཅུག་ལ། ༀ་ན་མོ་བྷ་ག་ཝ་ཏེ་སིདྡྷི་སཱ་དྷ་ཡ་སིདྡྷཱརྠ་སྭཱ་ཧཱ། ཞེས་པ་ནི་ཕྲེང་བའི་རབ་ག ནས་སོ། །བཟླས་པའི་སྐབས་སུ་ུཐལ་མོ་སྦྱར་ནས། བླ་མ་ལ་ཕྱག་འཚལ་ལོ། །ལྷ་གསལ་བར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨརྦྷུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷརྠེ་སྭཱ་ཧཱ། བདུན་བཟླ་བ་ཕྲེང་བ་བྱིན་རླབས་ཡིན་ནོ། །རང་ལྷར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་དང་མདུན་གྱི་ལྷ་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ན་མཿསཔྟནཱཾ་ནས། ཧུ་རུ་ཧུ་རུ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཡི་གེ་རྣམས་རིམ་བཞིན་འཁོད། སྒྲ་སྔགས་ཀྱི་ཕྲེང་བ་དང་། སེམས་ཟླ་བའི་དཀྱིལ་འཁོར་དང་། གཞི་སངས་རྒྱས་ཀྱི་སྐུ་རྣམས་རིམ་པ་འདིས་ཅིག་ཅར་གསལ་བར་གྱུར། བཟླ་དུས་ཀྱི་བསླབ་བྱ་དང་ལྡན་པས་རྩ་སྔགས་སྙིང་པོ་སོ་སོར་ཅི་འགྲུབ་བཟླ། མཐར། བདག་གི་བཟླས་བརྗོད་ཀྱི་དགེ་བའི་རྩ་བ་འདི། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་ལ་འབུལ་ལོ། །མགོན་པོ་ཁྱེད་ཀྱིས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་བརྗོད། དེ་ནས། ༀ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་དཀྱིལ་འཁོར་གྱི་ས་གཞིར་བསང་གཏོར་བྱ། སློབ་དཔོན་དཀྱིལ་འཁོར་གྱི་ཤར་དང་སློབ་མ་ནུབ་ཏུ་འཁོད་པའི་ཐིག་སྐུད་ཁ་དོག་ལྔ་སློབ་དཔོན་གྱི་ཕྱག་གཡོན་པའི་མཛུབ་མོའི་རྩ་བ་ནས། རྩེ་མོའི་བར་དུ་རྩིག་པའི་རིམ་པ་དང་མཐུན་པར་དཀར་དམར་སེར་ལྗང་ནག་པོར་བཀོད། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། བྷྲཱུྂ་བཟླས་ཤིང་དང་པོ་སོ་སོར་དེ་ནས་གཅིག་ཏུ་བསྒྲིལ། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བརྒྱ་བཟླས། ཨཱ་ཧ་ར་སོགས་བཞིས་མཆོད། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཞུགས་པར་གྱུར། དཀོན་མཆོག་གསུམ་ལ། ཨཱ་ཧ་ར་སོགས་བཞིས་མཆོད། ལྷ་རྣམས་ལ་དངོས་སུ་ཕྱག་འཚལ་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ནས། ཀ་རོ་མི། ཨཱ་ཧ་ར་སོགས་བཞིས་མཆོད། ཕྱོགས་ཀྱི་དབྱེ་བ་ནི་རྟོག་པས་བཏགས་པ་ཡིན་གྱི། དོན་དམ་པར་ཕྱོགས་ཐམས་ཅད་མཉམ་པ་ཉིད་དོ། །ཐིག་སྐོར་ཤར་དང་ལྷོ་ནས་ཚངས་ཐིག་གཉིས། མེ་ནས་ཤར་ལྷོའི་རྩ་ཐིག་གཉིས། །རླུང་ནས་ནུབ་བྱང་རྩ་ཐིག་གཉིས། །མེ་དང་བདེན་བྲལ་ཟུར་ཐིག་གཉིས། །སློབ་དཔོན་འདུག་སའི་དབང་དུ་བྱས། །སློབ་མ་དེ་ལས་ལྡོག་པའོ། །གནམ་ཐིག་ས་ཐིག་གཉིས་ཀ་གདབ། །མཆན། འདེབས་དུས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད། དེ་ནས་ཐིག་བཏབ་ཚར་བ་དང་དཀོན་མཆོག་གསུམ་ལ། ཨཱ་ཧཱ་ར་བཞིས་མཆོད། རང་ཉིད་ཁྲོ་བོའི་རྒྱལ་པོར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ་དང་། ན་མོ་རཏྣ་ཏྲ་ཡཱ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ཁྲུས་དང་བསང་གཏོར་བྱ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ནས། ཨུཙྪུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཁྲོ་བོ་མནོལ་བ་མེད་པའི་སྔགས་དང་། ན་མོ་རཏྣ་སོགས་བདུད་རྩི་ཐབས་སྦྱོར་གྱི་སྔགས་རྒྱས་བསྲུང་། ༀ་བཛྲ་ཨགྣེ་ནས། གོ་ཆ་བྱས་པར་གྱུར་གྱི་བར་བསྲུང་བ་དང་གོ་བསྐོན། རྩ་སྔགས་དང་སྙིང་པོ་བརྗོད་ནས་བསྲུང་བར་བྱ། ༀ་སརྦ་ཏ་ཐཱ་ག་ཏ་ནས། ཀ་རོ་མིས་ཕྱག་དང་། འདི་སྐད་བདག་གིས་སོགས་ཤེར་རབ་སྙིང་པོ་ཚར་གཅིག་འདོན་པ་ཐིག་ཆོག་གོ། །རྡུལ་ཚོན་སྣ་ལྔ་སློབ་དཔོན་གྱི་མདུན་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཀོད། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བདུན། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུན། ཛི་ན་ཛིཀྲ །བདུན། ༀ་ཏེ་ཛཿཏེ་ཛཿནས། སཱ་དྷ་ཡ་ཧཱུྃ་ཕཊ། རྡུལ་ཚོན་རྣམས་ལྷ་རྫས་ཀྱི་ཡོ་བྱད་བསམ་གྱིས་མི་ཁྱབ་པར་གཟི་བྱིན་བསྐྱེད་པར་གྱུར། ༀ་ཏྲཾ་བནྡྷ་སྭཱ་ཧཱ། བརྒྱ་རྩ་བཟླ། བྷྲཱུྂ། ཞེས་བརྗོད་ནས་ཚོན་རྣམས་ལ་དྲི་ཆབ་ཀྱིས་གཏོར། ལྷ་གནས་རྣམས་སུ་བ་བྱུང་གིས་བྱུགས་ཤིང་དྲི་བཟང་གི་ཆུ་གཏོར་ལ་དཀྱིལ་འཁོར་བྲིའོ། །ཕྱོགས་ཚོན་དབུས་དཀར། ཤར་དམར། ལྷོ་སེར། ནུབ་ལྗང་། བྱང་ནག་པོ། གཞན་སྤྱི་དང་མཐུན། ནུབ་སྒོ་མིན་པ་སྒོ་གཞན་གསུམ་རེ་ཁཱ་དཀར་པོ་ཕྲ་མོས་བཅད་ལ་བཞག །སྒོ་གཅིག་ལས་མི་བྱེད་པའང་ཡོད། ནང་གི་དཀྱིལ་འཁོར་གྱི་ཤར་གྱི་ཆའི་དབུས་གདན་སེར་པོ་ལ་འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་ཕྲེང་བ་དང་བཅས་པ། དེའི་གཡས་སུ་པདྨའི་སྡོང་བུ་དཀར་པོ། གཡོན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ། དེ་རྣམས་ཀྱི་མདུན་ནུབ་ཏུ་དུང་དཀར་པོ། དེའི་གཡོན་འཁོར་ལོའི་ཐད་དུ་མདུང་རྩེ་གསུམ། དེའི་གཡོན་དུ་གཡུང་དྲུང་རིས་རྣམས་མགོ་ནུབ་བསྟན་ཏེ་བཅོམ་ལྡན་འདས་སོགས་ཞལ་ནུབ་བསྟན་དང་། ལྷ་གསུམ་པོ་དེ་ལ་ཕྱོགས་པས་ཞལ་ཤར་གཟིགས་ཡིན་ནོ། །གཙོ་བོའི་མཚན་མའི་མགོ་ཤར་བསྟན་བྲིའོ། །དེ་རྣམས་ཀྱི་གདན་མངོན་རྟོགས་བཞིན་བྲིའོ། །སྒྲུབ་མཆོད་ཞག་གིས་བར་ཆོད་ན་འདིར་འཇུག་ཆོག་བྱ་སྟེ། མཆོད་པ་དང་བསྟོད་པ་ནས་རྒྱུན་བཤགས་བྱ་བའི་བར་གོང་བཞིན་བྱ། ཛི་ན་ཛིཀ྄་གཙྪ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྤྱན་དྲངས་པའི་ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། སྔགས་ཀྱིས་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། ༀ་ཧུ་ལུ་ནས། དཀྲོལ་བར་བྱའོ། །ༀ་བཛྲ་ཨགྣེ་ནས། རྡོ་རྗེའི་གོ་ཆ་བསྐོན་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །སོགས་བཀྲ་ཤིས་བྱ། ཤེས་རབ་སྙིང་པོ་འདོན། ཁྲུས་ནས་བརྩམས་ཏེ་བཟླས་པའི་བར་གོང་དུ་བསྟན་པ་བཞིན་དང་། མཐར་འཇུག་ཆོག་འདི་བཞིན་བྱེད་པར་དཀྱིལ་འཁོར་བྲིས་མ་ཚར་བར་ཞག་གིས་བར་ཆོད་ན་ཉིན་རེ་བཞིན་བྱེད་པ་རིགས་འགྲེའོ། །ཐིག་ཚོན་ལ་བསྐྱེད་ཆོག་མེད་པས་གཤེགས་གསོལ་མི་དགོས་ཏེ། དཀྱིལ་འཁོར་བྲིས་བཞེངས་བྱ་ཐབས་ཀྱི་ཆོ་ག་བཤད་ཟིན་ཏོ། ༈ །གཉིས་པ་དངོས་གཞི་དཀྱིལ་འཁོར་སྒྲུབ་མཆོད་དངོས་ལ་བྲིས་ཟིན་པའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྟེགས་བུའི་སྟེང་དུ་རྫས་བདུན་ཆུ་གཙང་དང་སྦྱར་བའི་མཆོད་ཡོན། འཐོར་གཡབ་བཟེད་ཞལ་དང་བཅས་པ་རེ་རེ། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས། ཁུར་བའི་བྱེ་བྲག །ཤིང་ཐོག །སྲན་ཚོད། འོ་ཐུག་རྣམས་ཕྱོགས་རེར་ཚར་རེ། ནུབ་ཕྱོགས་སུ་འཇིག་རྟེན་པ་གསུམ་ལ་སོ་སོར་ཚར་རེའམ། ཐུན་མོང་དུ་ུགཅིག །འབྱོར་ན་དཀྱིལ་འཁོར་གྱི་ཤར་དུ་རྒྱལ་མཚན་དཀར་པོ། ཤར་ལྷོར་དམར་པོ། ལྷོར་ནག་པོ། ལྷོ་ནུབ་ཏུ་དུད་ཁ། ནུབ་ཏུ་དམར་པོ། ནུབ་བྱང་དུ་ཁྲ་བོ། བྱང་དུ་སེར་པོ། བྱང་ཤར་དུ་ལྗང་སེར་ཏེ་རྒྱལ་མཚན་བརྒྱད་ཀྱི་རྩེ་མོ་རྨ་བྱའི་སྒྲོ་མདོངས་བཀོད་པ་རྣམས་ཀྱིས་བརྒྱན་པ་བཤམས། ཆོ་ག་དངོས་ལ་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བདག་ཉིད་བསྲུང་བ་ནས་བཟུང་དཀྱིལ་ཆོག་དྲི་མེད་རབ་གསལ་ལྟར་བདག་འཇུག་ཟིན་གྱི་བར་བྱས་ནས་དབང་དང་འབྲེལ་ན་རྗེས་ཆོག་རྣམས་དབང་ཆོག་ལྟར་ཉིན་ལྟར་ཆག་མེད་དང་། སྒྲུབ་མཆོད་སོགས་ཀྱི་སྐབས་དཀྱིལ་འཁོར་བསྡུ་བ་ལ་གཤེགས་གསོལ་གྱི་ཚེ་ཡིག་བརྒྱ་འདོན་ཞིང་དཀྱིལ་འཁོར་ལ་བསྐོར་བ་གསུམ་མམ། བདུན་བྱས་ལ་ནུབ་སྒོའི་ཐད་ནས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གཤེགས་གསོལ་གྱི་ཕྱག་རྒྱ་དང་། ཛི་ན་ཛིཀ྄་གཙྪ་ནས། སྔགས་ཀྱིས་སྤྲུལ་པའི་དམ་ཚིག་པ་རྣམས་རིམ་གྱིས་བདག་ལ་ཐིམ། བདག་གི་ལྷའི་སྐུ་གཟུགས་ཟླ་བའི་སྟེང་གི་ཡི་གེ་ལ་ཐིམ། ཡི་གེ་ཟླ་བ་ལ་ཐིམ། ཟླ་བ་རྣམ་སྨིན་གྱི་ལུས་ལ་ཐིམ་པར་གྱུར། སློབ་དཔོན་གྱིས་རྡོ་རྗེས། དཀྱིལ་འཁོར་གྱི་བྱང་ནུབ་ལྷོ་ཤར་རྣམས་ཚངས་ཐིག་གི་ཐད་དྲངས་མེ་རི་ནས་རྩིག་པ་ལ་རེག་གི་བར་བསུབ། ལྷ་མཚན་ལ་རིམ་གྱིས་མཎྜལ་སྟེང་དུ་བསྡུས་ལ་གཙོ་བོའི་མཚན་མ་རང་གི་སྤྱི་བོར་བཞག །རྡུལ་ཚོན་ཕྱགས། ཐིག་རྗེས་དབྱི། མཆོད་རྫས་དམན་པ་དང་རྡུལ་ཚོན་ལྷན་ཅིག་ཆུ་བོར་སྤྱན་དྲངས་ལ་ཀླུ་ཆོག་གིས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ལ་དོར། བུམ་པ་ཆུས་བཀང་བ་ཁྱེར་འོངས་ཏེ། དཀྱིལ་འཁོར་གྱི་ཁང་པར་བསངས་གཏོར་བྱ། ༀ་ཧུ་ལུ་ནས། མགྲིན་པ་རྣམས་སུ་གོ་ཆ་བྱས་པར་གྱུར་གྱི་བར་སྔར་བསྟན་པ་བཞིན་བྱ། བཀྲ་ཤིས་དང་ཤེར་སྙིང་འདོན་ནོ། །སློབ་མ་ལ་དབང་བསྐུར་དང་། འཆི་བསླུ། སྲོག་ཤིང་འཛུགས་ཆོག་སོགས་ནི་གཞན་དུ་ཤེས་པར་བྱའོ། །རྒྱལ་བའི་འོད་ཟེར་དྲི་བྲལ་གཞལ་མེད་ནོར་བུའི་གཟུངས་ཀྱི་ཆོ་གའི་ཐབས། །རྒྱལ་བསྟན་སྤེལ་མཛད་ཞི་བ་འཚོ་ཡིས་མཁྱེན་བརྩེའི་ལྕགས་ཀྱུས་ཉེར་བཟུང་བ། །རྒྱལ་སྲས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དད་བརྒྱའི་སྙིམ་པ་སྦྱར་བས་མཆོད། །རྒྱལ་རབས་དུ་མའི་ཐུགས་དམ་སྙིང་པོར་གྲགས་པའི་ཨུཏྤལ་ཕྱོགས་བརྒྱར་བཞད། །དེ་ཕྱིར་ཐམས་ཅད་མཁྱེན་པ་བུ་སྟོན་རྗེས། །དེ་ཚུལ་རྒྱས་ཕྱིར་མཆོད་རྟེན་དཔག་ཡས་བསྐྲུན། །དེ་ཡི་གསལ་བྱེད་དཀྱིལ་འཁོར་ཆོ་ག་མཛད། །དེ་འདྲའི་ལག་ལེན་གསལ་བར་འདིར་བཤད་དོ། །རབ་འབད་འདིར་བ རྟེན་འགལ་འཁྲུལ་ནོངས་པའི་ཚོགས། །རབ་མཆོག་མཁས་པའི་སྤྱན་སྔར་སྙིང་ནས་བཤགས། །རབ་དཀར་དགེ་ཚོགས་ཟླ་བའི་འོད་མཚུངས་པ། །རབ་མཁྱེན་ཐུགས་རྗེ་འགྲོ་སྒྲོལ་ཆེད་དུ་བསྔོ། །ཞེས་འཕགས་པ་འོད་ཟེར་དྲི་མེད་ཀྱི་ཆོག་བསྒྲིགས་འོད་ཟེར་ཕྲེང་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་མ་ཧཱ་པཎྜི་ཏ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་ནོར་བུའི་ཕྲེང་བ་སྤྱི་བོས་ནོས་ཤིང་། སྨན་ཤུལ་སྤྲུལ་པའི་སྐུ་སོགས་དོན་གཉེར་ཅན་གཞན་གྱིས་ཀྱང་བསྐུལ་བ་དང་། རང་གི་རྡོ་རྗེ་སློབ་བུ་བྱང་གླིང་གི་ཁྲི་ཐོག་པ་རིན་ཆེན་བློ་བཟང་མཁྱེན་རབ་ནས་འཕྲལ་དུ་བསྐུལ་བའི་ངོར། བཙུན་པ་བློ་གསལ་བསྟན་སྐྱོང་གིས་ཆུ་མོ་གླང་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གདན་ས་ཆེན་པོ་ཞྭ་ལུ་རི་ཕུག་གི་སྒྲུབ་ཁང་རྣམ་གྲོལ་ཡང་རྩེར་སྦྱར་བའོ། །འདིས་ཀྱང་འཁོར་བ་བསྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག །ཞེས་སྒྲུབ་མཆོད་ཀྱི་སྐབས་སུ་བལྟ་བདེར་འབྱིན་འཇུག་ཅུང་ཟད་བགྱི་བ་པོ་མདོ་སྔགས་བསྟན་འཛིན་བཟང་པོའོ།། །།སརྦ་དཱ་ཀལྱཱ་ཎ་བྷ་བ་ཏུ།། །།


previousའཕགས་པ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་གྱི་ལས་རིམ་ཆོག་བསྒྲིགས་སུ་བྱས་པ་འོད་ཟེར་ཕྲེང་བ། བཙུན་པ་བློ་གསལ་བསྟན་སྐྱོང་།next