Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག སློབ་དཔོན་བོ་དྷི་ས་ཏྭ།
   
   
   


 
previousམཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག སློབ་དཔོན་བོ་དྷི་ས་ཏྭ།next

མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག སློབ་དཔོན་བོ་དྷི་ས་ཏྭ།

མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་བཞུགས་སོ། །༼དྲི་མེད་ཆོ་གའི་གཞུང་ཞེས་པ་འདི་ཡིན་ནོ། །མཆན།༽འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་གཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བ རྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། གཙུག་གཏོར་དྲི་མ་མེད་པར་སྣང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་བཟླ་ཞིང་མཆོད་རྟེན་གདབ་པའི་ཐབས་ལ། དེར་གཏོགས་པ་ཐམས་ཅད་ཕྱིའི་ཁྲུས་ཀྱང་བྱ། མགོ་མཇུག་ཀུན་ཏུ་གནོད་སེམས་དང་བརྣབ་སེམས་དང་། མ་དད་པ་དང་། ལེ་ལོ་དང་། གཉིད་ལ་སོགས་པ་ཉོན་མོངས་པའི་སྐྱོན་དང་སེམས་མ་འདྲེས་པར་བསྡམ་ཞིང་གནོད་པ་དང་འཚེ་བའི་ལས་ངན་པ་མ་ཤོར་བར་བྱ། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་དང་དད་ཅིང་གུས་པ་ཆེར་བསྐྱེད། སེམས་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེར་བསྐྱེད་དོ། །ཁྱིམ་པ་ཞིག་ཡིན་ན་བསྙེན་གན ས་ཀྱི་ཁྲིམས་བཟུང་། དེ་ནས་མཆོད་རྟེན་གདབ་པའི་ཡོ་བྱད་རྣམས་བཤམས་ལ། འཇིམ་པ་བརྐོ་བ་ནས་གདབ་ཅིང་དཀྱིལ་འཁོར་ལ་བཞག་པའི་བར་དུ་མཆོད་རྟེན་གྱི་ཆོ་ག་བཞིན་ནང་པར་སྔ་དྲོ་ཐེབས་པར་བྱ། མཆོད་པའི་ཆོ་ག་དང་ཡོ་བྱད་བཤམས་པ་ཡན་ཆད་ལེགས་པར་བགྱིའོ། །མཆོད་རྟེན་འདེབས་པའི་ཟླ་བོ་ལ་ཆོས་ཀྱི་སྦྱིན་པ་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། གསེར་འོད་དམ་པ་དང་། རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ཀྱི་མདོ་སྡེ་ཚར་གཅིག་ཕྱིན་རྒྱུན་མི་ཆད་པར་བཀླག །ཡིད་བཞིན་གྱི་ནོར་བུའི་གཟུངས་རྣམ་གཉིས་ཀྱིས་འཛབ་གྲྭ་གཅིག་ཀྱང་བཟླ། མདོ་སྡེ་དེ་དག་ཀྱང་མཆོད་ཅིང་ཆོས་ཀྱི་སྦྱིན་པ་བསྔོ་བ་དང་། སྤྱན་དྲངས་པ་ལ་སོགས་པ་སྣ་ལ་བགྱིས་ནས་བཀླག་གོ། །མདོ་སྡེ་དེ་ཉིད་མ་ལྡོག་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་གཟུངས་ཚར་གང་བྱུང་གཅིག་བཏོན་པའི་འོག་ཏུ་སྙིང་པོ་བཟླ་བར་བྱའོ། །དེ་ནས་མཆོད་རྟེན་ཐེབས། མཆོད་པ་བཤམས་ལ་ཆོས་འདོན་པ་རྣམས་རྫོགས་ནས་གནས་སྲུང་སྟེ། བར་སྐབས་སུ་ཅུང་ཞིག་གྱེས་ནས་སྔ་དྲོ་དགེ་འདུན་སྤྱིར་ཚོགས་ནས་མཆོད་པ་ལ་སོགས་རིམ་བཞིན་བགྱིའོ། །མཆོད་པ་བཤམ་པའི་ཐབས་འབྱོར་བའི་སྟོབས་ཅི་ནུས་པ་དང་སྦྱར་ཏེ། སྤོས་ཀྱི་མཎྜལ་ཆེན་པོའི་དབུས་སུ་ཚོན་ཕྱེའམ་མེ་ཏོག་རིན་པོ་ཆེ་སྣ་ལྔའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བྲིས་པའི་དབུས་སུ་པདྨ་ཆེན་པོའི་སྟེང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་པ་ཤོང་བའི་གདན་སེང་གེའི་ཁྲི་ལ་པདྨ་བཞག་ལ་རེའུ་མིག་ཆེན་པོ་བརྒྱ་དང་། ངོས་བཞིའི་དབུས་སུ་རེའུ་མིག་གཉིས་སུ་བགྱིས་ཏེ་བརྒྱ་རྩ་བརྒྱད་དུ་བཤམ་པའམ། མཆོད་རྟེན་ལྔ་བཞིག་ན་འཚམས་པར་སྦྱར་ཏེ། དེ་ལ་མཆོད་རྟེན་བཞུགས་སུ་གསོལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གཅིག་ཀྱང་དབུས་སུ་བཞུགས། བར་གྱི་སྣམ་བུ་གཅིག་གམ་གཉིས་ལ་པདྨ་མང་པོ་དགྲ མ་ཞིང་འཕགས་པ་གདན་འཛོམ་པའི་གདན་ཁྲི་བཤམ་ཞིང་གཟུངས་ཆབ་ཀྱི་བུམ་པ་ཁ་རྒྱན་ཅན་བཞི་ཡན་ཆད་དུ་འབྱོར་པ་ངོས་བཞིར་བཞག །དེའི་སླད་རོལ་གར་འོས་སུ་བཤོས་དང་མཆོད་ཡོན་ལ་སོགས་པ་མཆོད་པ་རྒྱས་པར་དགྲམ། སྟེང་དུ་བླ་བྲེ་དང་འཕན་དང་བ་དན་དམར་པོ་བརྒྱ་རྩ་བརྒྱད་རྒྱས་པར་དགྲམ། གྲྭ་བཞིར་སྤོག་པོར་ནས་ཙནྡན་དང་ཨ་ག་རུ་དང་དུ་རུ་ུཀ་དང་གུ་གུལ་གྱི་བདུག་པས་བདུག་གོ། །སྒོ་བཞིར་མཆོད་ཡོན་བཞི་བཤམ། གཞན་ཡང་མཆོད་པ་ཅི་ནུས་སུ་རྒྱས་པར་བགྱིའོ། །བུམ་པའི་ཁར་ཡུངས་ཀར་དང་བྱེ་མ་ཡང་བཞག་ཅིང་བཟླས་ལ་ལངས་ནས། དུར་ཁྲོད་དམ་ཕྱོགས་ཀུན་དུ་ཡང་གཏོར་རོ། །དང་པོར་བགྱི་བ་མཆོད་པ་བཤམས་ལ་དགེ་འདུན་ཚོགས་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཕྱག་བགྱི། དེ་ནས་ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་སུ་སྒོམ། དེ་ནས་ཏིང་ངེ་འཛིན་ལས་ལངས་ནས། ཆོས་ཐམས་ཅད་དོན་དམ་པར་དེ་ལྟ་བུ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སྐུ་དང་གསུང་དང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ། སྒྲིབ་པ་མི་མངའ་ཞིང་མཐུ་དང་བྱིན་གྱིས་བརླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པར་ཡང་རུང་ན། ཀྱེ་མའོ་སེམས་ཅན་འདི་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ་རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཅིང་ཉམ་ཐག་པའི་གནས་སུ་ལྟུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་འཁོར་བ་ཐོག་མ་མེད་པ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་བདག་གི་གཉེན་བཤེས་དམ་པ་དྲིན་གྱི་ཞིང་དུ་མ་གྱུར་པ་འགའ་ཡང་མེད་ཅིང་། བདག་གིས་ཀྱང་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་བསྒྲུབ་པར་དམ་བཅས་པའི་ཚེ་སེམས་ཅན་ཐམས་ཅད་བདག་གིས་བླངས་ཟིན་པས། འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་དོར་བ་ནི་ཤིན་ཏུ་མི་རིགས་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་དགོད་པར་བྱ་སྙམ་དུ་སྙིང་རྗེ་དང་། བྱམས་པ་ཆེན་པོ་དང་ལྡན་པས་བརྩོན་པའི་སེམས་དྲག་ཏུ་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་བསམ་སྟེ། བདག་ནི་དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུའི་འཕྲལ་དུ་དོན་བརླབས་པོ་ཆེ་འདི་ལྟ་བུ་མི་ལྕོགས་ཀྱིས་སྟོན་པ་བདེ་བར་གཤེགས་པས་སྔོན་ལྷའི་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས་གསུངས་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲིི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྙིང་པོ་ལ་རྣམ་པར་བལྟ་བའི་གཟུངས་ལ་བརྟེན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ལ་མཐུ་བསྟན་པ་དང་དཔུང་གཉེན་དུ་གསོལ་ཏེ། ད་ལྟར་ནི་འཕགས་པའི་མཐུ་བྱིན་གྱིས་རླབས་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་བསྒྲུབ་པར་བྱས་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་ཐབས་མཁས་པའི་སྒོ་སྣ་ཚོགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་དུ་བསམ་མོ། །དེ་ལྟར་སྙིང་རྗེ་དང་བྱམས་པའི་སེམས་བསྐྱེད་པའི་འོག་ཏུ་སེམས་ཅན་གྱི་དོན་ཉིད་བྱ་བའི་ཕྱིར་འཕགས་པ་གདན་འཛོམས་པའི་ཕོ་བྲང་དང་། མཆོད་པ་བཤམས་པ་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོས་སྟེ། དཀོན་མཆོག་གསུམ་གྱིས་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་གནས་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེའི་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་ཞིང་ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྤྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་རྩིགས་ཤིང་གསེར་དང་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུ་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཏེ། ཆུ་བྱ་སྣ་ཚོགས་ཀྱི་སྒྲ་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོ་ལ་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེ་དཔག་བསམ་གྱི་ཤིང་ལྗོན་པ་དང་། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་ལ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་པས་ལེགས་པར་བརྒྱན་པའི་ས་གཞི་ལ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་དབྱེ་བ་མཐའ་ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བའི་རྒྱུད་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་ཅིང་དབང་བསྒྱུར་བ། རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བསྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་འཐོབ་པར་བྱེད་པས་ཉེར་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་གཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་པདྨའི་གདན། རིན་པོ་ཆེ་སེང་གེའི་ཁྲིའི་སྟེང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱ་དང་ཚད་དཔག་ཏུ་མེད་པ། མཆོད་རྟེན་གྱི་རྣམ་པའི་བྱེ་བྲག་དང་ལེགས་པའི་ཁྱད་པར་ཐམས་ཅད་དང་ལྡན་པ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད། འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཞིང་དུ་གྱུར་པ་གྲངས་མེད་པ་ཞིག་རོམ་མེར་དཀྲིགས་པར་གྱུར་པའི་མཐའ་འཁོར་བར་གཞལ་མེད་ཁང་ཆེན་པོའི་ནང་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པའི་གདན་ཁྲི་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པས་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཡང་ཆ་རིག་དང་འཚམ་པར་ལྷ་དང་མའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ ས་འབྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་གྱུར་ཅིག །འཕགས་པ་ཐམས་ཅད་ཀྱང་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབ་ཅིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །ལན་གསུམ་བཟླས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་བའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་དུ་བཟླས། མཆོད་པའི་ཚོགས་བདེན་པས་བྱིན་གྱིས་བ རླབས་པའི་འོག་ཏུ། འཕགས་པ་སྤྱན་དྲངས་ཏེ། པུས་མོ་བཙུགས་ཏེ་མེ་ཏོག་བླངས། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེེས། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ། ཐུགས་རྗེ་ཆེན་པོ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། འགྲོ་བའི་དོན་དུ་སྨོན་ལམ་ཁྱད་པར་ཅན་མཛད་པ་ལས་གླེངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་སུ་གསོལ་ནས་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། ༈ ༼ཁ༽ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཀུ་བེ་ར་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་པའི་ལྷའི་སྲས་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་ལྷའི་སྲས་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ལྷག་པར་ཕྱག་མཚན་དུ་བཞེས་པ་རྣམས་དང་། གཞན་ཡང་སྔོན་གདན་འཛོམ་པ་ཆེན་པོའི་བཀས་གཏད་ཅིང་། སོ་སོ་ནས་ཀྱང་ལྷའི་དག་རྟག་པས་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་ཞིང་བསྐྱང་བར་ཐུགས་དམ་མངའ་བའི་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་སྔོན་གྱི་ཐུགས་དམ་བཟང་པོ་དང་། མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལས་གླེང་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་དུ་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་པར་ཅི་གནང་། སྤྱན་དྲངས་པའི་རྗེས་ལ་གོང་དུ་བཤམས་པ་ལྟ་བུའི། ཕོ་བྲང་གི་དཀྱིལ་འཁོར་དུ། འཕགས་པའི་ཚོགས་ཕྱོགས་བཅུ་ནས་གཤེགས་ཏེ། འཁོར་དང་བཅས་པ་གདན་ལ་བཞུགས་པར་ཡིད་ཀྱིས་བསམ་ཞིང་། མངོན་དུ་དམིགས་ལ་འགྲེང་ཕྱག་བདུན་ཡན་ཆད་བགྱི། མཆོད་ཡོན་ལ་སོགས་པ་མཆོད་པ་སྣ་ལྔ་དང་དངོས་སུ་ཅི་འབྱོར་པ་རིམ་བཞིན་དབུལ། མཆོད་པའི་སྤྲིན་འབྱུང་བའི་གཟུངས་འདོན་ཅིང་། མོས་པའི་སྟོབས་ཀྱིས་མཆོད་པ་བཟང་ཞིང་རྒྱ་ཆེ་བ་དག་དམིགས་ཏེ། རིས་སུ་མ་ཆད་པའི་མཆོད་པ་འབུལ་བའི་ཚིགས་བཅད་པ་བཀླག །ཕྱོགས་སྐྱོང་བཅུས་བསྟོད་པའི་ཚིག་བཅད་བཀླག །གཏོར་མ་རྣམས་བསྔོ། ལན་བདུན་མན་ཆད་བསྐོར་ཞིང་བསྟོད། བསྙེན་པར་བགྱི། དེའི་རྗེས་ལ་འཕགས་པ་རྣམས་ལ་ཕྲིན་ལས་མཛད་པ་སྨོན་ལམ་གདབ་སྟེ། ༈ ༼ང༽ །བཅོམ་ལྡན་འདས་མི་འཁྲུགས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་ལ་སོགས་པ་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །མགོན་པོ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་སོགས་པ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱགས་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྔ་སྒྲ་ལ་སོགས་པ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་འོད་ཟེར་ལ་སོགས་པ་སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་སོགས་པ་བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་པདྨ་དམ་པའི་དཔལ་ལ་སོགས་པ་ཤར་ལྷོ་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ཉི་མའི་དཀྱིལ་འཁོར་མཆོག་གི་དཔལ་ལ་སོགས་པ་ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་གདུགས་དམ་པ་ལ་སོགས་པ། ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་དུ་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་དག་ལ་སོགས་པ་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དེ་དག་གིས་ལེགས་པར་གསུངས་ལེགས་པར་བསྒྲུབས་པ་དང་། ལེགས་པར་ཐུགས་སུ་ཆུད་པ་དམ་པའི་ཆོས་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། ༈ ༼ཆ༽ །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཀྱི་སྲས། བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་རབ་ཏུ་གནས་པ། གཟུངས་དང་ཏིང་ངེ་འཛིན་རབ་ཏུ་བརྙེས་པ། མཚན་མ་མེད་པའི་སྤྱོད་ཡུལ་ཅན། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་དང་ལྡན་པ། སྤོབས་པ་ཐོག་པ་མེད་པ། མངོན་པར་ཤེས་པ་ཆེན་པོས་རོལ་པ། ཆོས་ཐམས་ཅད་ལ་མངའ་བརྙེས་པ། གཞན་གྱི་དོན་ལ་རབ་ཏུ་བརྩོན་པ། ས་བཅུ་དང་རིགས་ལྔས་བསྡུས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བདེ་བར་གཤེགས་པ་དེ་དག་ཐམས་ཅད་ཀྱི་གསུང་གི་སྲས་རིག་པར་ཞུགས་པ་ལས་ཡང་དག་པ་ཉིད་ལ་གནས་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། ཞི་བ་དུལ་བ། གཙང་བ། པ་སངས་པ། རྣམ་པར་གྲོལ་བ། ཅང་ཤེས་པ། རང་གི་དོན་རབ་ཏུ་ཐོབ་པ། འཕགས་པ་རང་རྒྱལ་དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཕྱོག་བཅུ་ན་མཆོད་རྟེན་རིང་བསྲེལ་དང་། སྐུ་གདུང་དང་བཅས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཀུ་བེ་ར་དང་། ཚངས་པ་དང་། ཁྱབ་མཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་རྣམས་ཀྱི་ལྷའི་སྲས་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་སྲས་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པ་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་དང་། དེ་ལ་བརྟེན་པའི་གང་ཟག་རྣམས་བསྲུང་ཞིང་བསྐྱབ་པར་ལྷག་པར་ཕྱག་མཚན་དུ་བཞེས་པ་རྣམས་དང་། གཞན་ཡང་སྔོན་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་། སོ་སོ་ནས་ཀྱང་ལྷའི་ངག་རྟག་པས་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམས་བཞི་བསྲུང་ཞིང་བསྐྱབས་པར་ཐུགས་དམ་མངའ་བ། འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལ་འདས་པའི་ཚུལ་དུ་བཞུགས་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་ཐམས་ཅད་ལ་མཆོད་ཡོན་དང་དྲི་ཆབ། མེ་ཏོག་དང་བདུག་སྤོས། ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ། དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་རྫས་དང་། ལྷ་དང་མིའི་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཅི་མཆིས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་། མོས་པའི་སྟོབས་ཀྱིས་བསྐྱེད་པ། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི། མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པ་ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ། མཆོད་ཅིང་དབུལ་ལོ། ༈ ༼ཉ༽ །འཕགས་པའི་ཚོགས་ཐམས་ཅད་དགོངས་སུ་གསོལ། བདག་ཅག་རྣམས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་འཇུག་ཅིང་སློབ་སྟེ། སྲིད་པའི་རྒྱ་མཚོར་སྡུག་བསྔལ་མང་པོས་ཉེན་པའི་འགྲོ་བ་རྣམས། འཁོར་བ་ལས་བསྒྲལ་ཞིང་བླ་ན་མ་མཆིས་པའི་བདེ་བ་ལ་དགོད་པར་ཡང་དག་པར་དམ་བཅས་ནས། དེང་འདིར་ཡང་མཆོད་པའི་ཚོགས་ཀྱི་མཆོག་གིས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་ཏེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་དམ་པའི་ཆོས་སྐྱོང་པའི་ཐུགས་དམ་མངའ་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ནས། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅདཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་བཀླགས་ཤིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་བརྒྱ་རྩ་བརྒྱད་ཚུལ་བཞིན་དུ་བཏབ་ཅིང་མཆོད། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དང་། འདུས་པ་ཆེན་པོ་རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་ལ་སོགས་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་དང་། གསུངས་རབ་ཟབ་ཅིང་རྒྱ་ཆེ་བ་བཀླགས་ཤིང་མཆོད་དེ། གདན་འཛོམ་པ་ཆེན་པོའི་གླེང་གཞིར་གསོལ་ནས། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཞི་བར་བགྱི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་ཐོབ་པར་བགྱི་བའི་དོན་ཆེན་པོར་བསྒྲུབ་པའི་མགོན་སྐྱབས་དང་དཔུང་གཉེན་དུ་གསོལ་ཞིང་མཆིས་ན། འཕགས་པའི་མཐུ་དཔལ་དང་། ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་ཀྱིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་། ཐུགས་དམ་བཟང་པོའི་དབང་དུ་མཛད་དེ། ཕོངས་ཤིང་ཉམ་ཐག་པའི་སེམས་ཅན་སྐྱབས་སུ་གསོལ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། བདག་ཅག་དགེ་འདུན་སྐྱེ་བོ་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དང་གཟུངས་ཟབ་པ་དང་རྒྱ་ཆེ་བ་རྣམས་བཀླགས་ཤིང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བགྱི་བའི་ཆོ་ག་གཟུགས་བརྙན་ཙམ་ཞིག་བགྱིང་པ་འདི་གླེང་གཞིར་མཛད་ནས། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་ཇི་ལྟར་ཆོ་ག་གང་ཚུལ་གང་གིས་བྱིན་གྱིས་བརླབས་ཏེ་མཛད་པ་བཞིན་དུ། དེང་ཡང་ཆོ་ག་ཡོངས་སུ་རྫོགས་པར་མཛད་དེ། བྱིན་གྱིས་བརླབས་ཅིང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་ཏེ། ཐབས་མཁས་པའི་སྒོ་སྣ་ཚོགས་ནས། འཕགས་པ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཆེ་གེ་མོ་ལ་སོགས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་གནོད་པ་ཐམས་ཅད་རྒྱུ་དང་བཅས་པ་བྱང་ཞིང་ཞི་བ་དང་། ཕན་པ་དང་བདེ་བ་བླ་ན་མེད་པ་འཕྲལ་དུ་ཐོབ་པར་འགྱུར་བར་བྱིན་གྱིས་བརླབ་ཅིང་ཇི་ལྟར་འཚལ་བ་ཡིད་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང་། སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས། བཅོམ་ལྡན་འདས་ཀྱིས་དཔལ་གྱི་མགུར་ནས། ཇི་སྐད་དུ། ལྷའི་དབང་པོ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་སྔགས་ཟུང་ཞིག །ཕྱག་རྒྱ་འདི་ནི་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །གཟུངས་སྔགས་འདི་ཐོས་པ་དང་མཐོང་བ་ཙམ་གྱིས་སྡིག་པ་དང་། སྒྲིབ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་འཇིག་པར་འགྱུར་ཏེ། །དཔེར་ན་མེ་ཡིས་རྩ་བ་སྲེགས་པ། །རླུང་གིས་ཐལ་བ་མྱུར་དུ་དེད། །དེ་བཞིན་ཚེ་རབས་རྔ་མ་ལ། །བསགས་པའི་སྡིག་པ་ཐམས་ཅད་སྲེག །དཔེར་ན་ཆར་པ་འབབ་འགྱུར་ཏེ། །རི་ལ ས་འབབ་པའི་འབབ་ཆུ་ཡིས། །ས་ཡི་སྟེང་གི་ཕྱག་དར་དང་། །ཉལ་ཉིལ་ཐམས་ཅད་དེད་པར་འགྱུར། །དེ་བཞིན་གཟུངས་འདི་མཐོང་བ་དང་། །ཐོས་པ་ཙམ་གྱིས་སྡིག་པ་འབྱང་། །དཔེར་ན་མེ་ཡིས་གསེར་སྦྱངས་པ། །སོས་གཅད་རུང་བར་སྙི་བར་འགྱུར། །དེ་བཞིན་བཟླས་བརྗོད་བྱས་ཙམ་གྱིས། །ལུས་སྦྱོང་འགྱུར་ཏེ་ཐེ་ཚོམ་མེད། །དཔེར་ན་ཉི་མ་ཤར་གྱུར་ན། །འོད་ཟེར་ཀུན་ཏུ་རབ་ཏུ་འབྱུང་། །དེ་བཞིན་སུ་ཞིག་གཟུངས་འཆང་བ། །དེ་ཡི་ལུས་ཀྱང་རྣམ་པར་མཛེས། །དཔེར་ན་སྐོམ་པོར་ཉ་འགྲེ་ལྡོག །ཆུ་དང་བྲལ་བས་འཆི་སྒོར་འགྲོ། །ལ་ལས་སླར་ཡང་ཆུ་རྙེད་ན། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་པ་ཙམ་གྱིས་ཀྱང་། །མི་རྣམས་ཚེ་ནི་ཟློག་པར་བྱེད། གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གསར་པའམ་རྙིང་པ་བཅོས་པ་གང་ཡང་རུང་སྟེ་དེ་ཡི་ནང་དུ་གཞུག་གོ །སྤོས་ཀྱི་དཀྱིལ་འཁོར་བྱས་ཏེ་མེ་ཏོག་གིས་གཏོར། ཨ་ཀ་རུ་དང་། ཏུ་རུ་ཥྐའི་བདུག་པས་བདུག་སྟེ། དེ་བཞིན་གཤེགས་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱ། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་བོ། །སྙིང་པོ་འདི་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཅུག་ན་གང་གཱའི་ཀླུང་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམསཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཆེ་ཟད་པ་ལས་ཚེ་སླར་ནུས་ཏེ་ཚེ་རིང་པོར་སྦྱོར་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་བདེ་བ་ཅན་དུ་འགྲོ་བར་འགྱུར། འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར། ངན་འགྲོར་སྐྱེ་བར་མི་འགྱུར། ཕྱིན་ཆད་སེམས་ཅན་དམྱལ་བ་ལ་སོགས་པའི་སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་ན། འབྲས་བུ་རྣམས་པ ར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །ནད་ཀྱིས་བཏབ་པ་དང་། གནོད་པ་དང་། ཚེ་ཟད་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་ཤིང་སྐྲག་པ་དང་། བུ་འདོད་པ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་གོ །རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ། །ཆོ་ག་འདི་ལན་གཅིག་བྱས་ན་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་བར་འགྱུར་རོ། །ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཐར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྡུག་བསྔལ་དང་། སྒྲིབ་པ་དང་། སྡིག་པ་དང་། གདུག་པ་དང་། ཐམས་ཅད་རྣམ་པར་འཇིགས་པར་འགྱུར་རོ། །ཡུན་རིང་དུ་ནད་ཀྱིས་བརྙོངས་ཏེ་ཤ་ཟད་པ་ཡང་ལུས་ཡོངས་སུ་རྫོགས་ཤིང་དག་པར་འགྱུར་རོ། །བསམ་པ་ཡང་ཡིད་བཞིན་དུ་རྫོགས་པར་འགྱུར་རོ། །དེ་དང་གང་དག་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་དག་ལས་གྲོལ་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ལ་སྨྲས་ན་ཡང་དུད་འགྲོའི་སྐྱེ་གནས་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐ་ན་ཁྱི་དང་། རུས་སྦལ་དང་། སྦྲུལ་དང་། བྱི་ལ་དང་། སྲེ་མོང་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བར་སྐྱེས་པ་ནས་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །གཅན་གཟན་དང་བྱའི་ཚོགས་དུར་ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ། །རི་ལ་གཏོར་ན་རི་དྭགས་དང་བྱ་རྒྱུ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུར་རོ། །བཟླས་བརྗོད་འབུམ་བྱས་ན། གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ་ཁྲིད་པ་ཡང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུར་རོ། །ཚེའི་འཇིག་པ་ཆེན་པོ་ལས་གྲོལ་བར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྣམ་པར་འཇིག་ཏེ་ཐེ་ཚོམ་མེད་དོ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡང་བྲན་བཞིན་དུ་སེམས་ཤིང་འདུག་གོ །པགས་པའི་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་རོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །ས་བཅུ་ལ་གནས་པར་འགྱུར་རོ། །ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་པ་ཡང་ཡོངས་སུ་གྲོལ་བར་འགྱུར་ན་བྱ་བ་མང་དུ་བྱེད་པ་ལྟ་ཅི་སྨོས་ཏེ། དེའི་ཕན་ཡོན་དཔག་ཏུ་མེད་དོ་ཞེས་བགྱི་བ་ལ་སོགས་པ་ཕན་ཡོན་དཔག་ཏུ་མ་མཆིས་པ་ཇི་སྐད་གསུངས་པ་ཐམས་ཅད་ཆེ་གེ་མོ་ལ་སོགས་པས་འཕྲལ་དུ་ཐོབ་ཅིང་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། གཟུངས་འདི་ཉིད་ཕྱག་མཚན་དུ་བཞེངས་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་པའི་ལྷའི་སྲས་ཐམས་ཅད་དང་། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་བུ་ཐམས་ཅད་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པས་འདི་སྐད་དུ་གཟུངས་སྔགས་མཐུ་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་མཐོང་བ་དང་། ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས་སླད་མའི་དུས་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཟུང་བར་བགྱིའོ། །རྒྱས་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ། །འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སླད་བཞིན་འབྲང་ཞིང་། རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ། སྦ་བར་བགྱིའོ། །བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་གྲོགས་པོ་དག་ལེགས་སོ། །ཁྱོད་ཀྱི་དེ་ལྟར་གྱིས་ཤིག །རིག་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ངས་ཁྱོད་ལ་གཏད་དོ་ཞེས་རྗེས་སུ་གནང་བར་མཛད་པ་དང། གཞན་ཡང་འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ཀྱིས་ཀྱང་། བདག་ཅག་དུས་ངན་པའི་གང་ཟག་བསམ་པ་དང་སྤྱོད་པ་དམན་ཞིང་ཆོ་ག་ཚུལ་བཞིན་རྔོ་མི་ཐོགས་པའི་དབང་དུ་མི་བགྱིད་པར། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ལུང་ཚད་མར་བསྒྲུབ་པ་དང་། སོ་སོའི་ཐུགས་དམ་རླབས་པོ་ཆེ་ཡོངས་སུ་བསྐང་བ་གཙོར་དགོངས་ཤིང་། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང་། གཟུངས་རྣམས་ཀྱིས་མཐུ་སྟོབས་བསམ་གྱིས་མི་ཁྱབ་པའི་དབང་དུ་མཛད་དེ་གདན་འཛོམ་པས་མདོ་སྡེ་དང་། གཟུངས་ཀྱི་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བསྲུང་ཞིང་། ཕན་ཡོན་ཇི་ལྟར་བཀའ་སྩལ་པ་ཐམས་ཅད་ཆེ་གེ་མོ་ལ་སོགས་པས་ཐམས་ཅད་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ཅི་ནས་ཀྱང་དཀོན་མཆོག་གསུམ་སྐུ་མི་ངེས་པ་དང་། བསྟན་པ་འཛིན་པ་བདག་ཅག་སོ་སོའི་སྐྱེ་བོའི་དགེ་འདུན་རྣམས་ཀྱང་དག་མི་སུན། འཇིག་རྟེན་གྱིས་སྨད་པར་མི་འགྱུར་བའི་ཚུལ་དུ་མཐུ་དང་ཕན་ཡོན་མངོན་དུ་བསྟན་པར་ཅི་གནང་། དེའི་འོག་ཏུ་ཇི་ལྟར་གསོལ་བ་བཞིན་དུ་འཕགས་པ་རྣམས་ཀྱིས་འཕྲིན་ལས་མཛད་ཅིང་འགྲོ་བའི་དོན་དུ་འགྱུར་བ་བདེན་པ་བདར་ཞིང་ཡིད་ཀྱི་བསྔོ་བ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕག་པ་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། རིགས་སྔགས་ཀྱི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཚུལ་བཞིན་དུ། ཆོས་ཀྱིས་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་སྟེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱང་བའི་མཆོད་པའི་སྤྲིན་རྒྱ་མཚོས་བརྒྱན་པའི་ཕོ་བྲང་གི་དཀྱིལ་འཁོར་བཤམས་པ་འདིར། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་དང་། ཆོས་ཀྱི་སྐུའི་མཆོད་རྟེན་རྣམས་ཚུལ་བཞིན་བྱིན་གྱིས་བརླབས་པར་མཛད་དེ། མདོ་སྡེ་གཟུངས་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ་སོའི་ཆོ་ག་ཡོངས་སུ་རྫོགས་པར་བསྐངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །ཆོས་ཀྱི་སྐུའི་མཆོད་རྟེན་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིག་པའི་རྒྱལ་མོའི་ཡིག་འབྲུ་གསེར་གྱི་མདོག་ཅན་ཕྲེང་བར་གནས་པ་དང་། འཕགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས། འཇིག་རྟེན་ཐམས་ཅད་དུ་ཁྱབ་ཅིང་། འཕགས་པ་རྣམས་ཀྱི་སྐུ་ལ་ཕབས་པས་ནི་སྒྲིབ་པ་གཉིས་ལས་གྲོལ་ཞིང་ཐར་པ་གོང་ན ས་གོང་དུ་འཕར་ཏེ། འགྲོ་བའི་དོན་སྤྱད་པའི་མཐུ་དཔག་ཏུ་མེད་པ་ཐོབ་ཅིང་། སེམས་ཅན་གྱི་དོན་ལ་བསྐུལ་བར་གྱུར་ཅིག །འགྲོ་བ་ལྔའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕོག་པས་དེ་དག་ཐམས་ཅད་སོ་སོའི་སྡུག་བསྔལ་བ་དང་། སྒྲིབ་པ་ཐམས་ཅད་འཕྲལ་དུ་ཞི་ཞིང་བདེ་བ་དང་ལྡན་པར་གྱུར་ལ་འོད་ཟེར་གྱི་ཕུང་པོའི་ནང་ན་འཕགས་པ་གདན་འཛོམ་པ་མཐོང་ནས་བཀའ་དྲིན་གཟོ། དད་པ་སྐྱེས་ནས་སྐྱབས་སུ་མཆི་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངན་སོང་གི་གནས་ནས་ཐར་ཏེ། འཕགས་པའི་ལམ་ལ་འཇུག་པར་གྱུར་ཅིག །བདག་ཅག་དགེ་འདུན་རྣམས་ལ་ཁྱབ་ནས་བདག་ཅག་ཀྱང་འགྲོ་བའི་དོན་དཔག་ཏུ་མེད་པར་སྒྲུབ་ནུས་པའི་མཐུ་ཐོགས་པ་མེད་པ་ཐོབ་སྟེ། དེ་བཞིན་གཤེགས་པ་དག་དང་སྐུ་དང་གསུང་དང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པས། བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་གནོད་པ་དང་། བཀྲ་མི་ཤིས་པ་དང་། མི་བདེ་བ་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་སྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །ཆེ་གེ་མོའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་དུ་ཁྱབ་སྟེ། ནད་དང་བཀྲ་མི་ཤེས་པ་དང་། གནོད་པ་ཐམས་ཅད་བསལ་ཞིང་ཞི་ནས་ལུས་དང་སེམས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་ཏེ། རྡོ་རྗེ་ལྟ་བུར་མཁྲེགས་ཤིང་བརྟན་པ་དང་། ཆོས་ཀྱི་སྣོད་དུ་རུང་བར་གྱུར་ཅིག །གཞན་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་སོགས་པ་ཐབས་མཁས་པའི་སྒོ་སྣ་ཚོགས་པས། འཕགས་པ་ཐམས་ཅད་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པར་གྱུར་ཅིག །བདག་ཅག་དགེ་འདུན་གྱིས་སེམས་ཀྱི་དམིགས་པ་འགའ་བསྐྱེད་པ་དང་། གཟུངས་ཀྱི་ཚིག་འབྲུ་འགའ་བརྗོད་པ་ཡང་འཕགས་པ་རྣམས་ཀྱིས་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་། ཚིག་འབྲུ་མཐའ་ཡས་པར་རྫོགས་ཤིང་རྣམ་པར་དག་པར་བྱིན་གྱིས་བརླབས་པར་གྱུར་ཅིག །ཅེས་དེ་སྐད་ལན་གསུམ་བཟླས། ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་བྱང་ཆུབ་སེམ ས་དཔའ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། འཕགས་པ་རྣམས་ཀྱི་དགོངས་པ་བསྐུལ་ཞིང་གླིང་གཞིར་གྱུར་པའི་གཟུངས་ཀྱི་མདོ་སྡེ་ཚར་ཉེར་གཅིག་ཕྱིན་ཞིག་ཀྱང་བཟླ་ལ་བཀླག་དེའི་འོག་ཏུ་འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་པའི་ཡིད་ཆེས་བསྐྱེད་དེ། ཇི་ལྟར་བདེན་པས་བསྔོས་པ་བཞིན་མངོན་སུམ་དུ་དམིགས་ཤིང་བསམ། དེ་ནས་འོད་ཟེར་འཕྲོས་པས་ནད་པ་དང་། གཟུངས་ཆབ་ལ་ཁྱབ་པར་མངོན་དུ་དམིགས་བཞིན་དུ་གཟུངས་ཀྱི་མདོ་སྡེ་ཚར་ཕྱིན་ཞིག་ཀྱང་བཟླ་ལ་བཀླག །གཟུངས་རྣམ་གཉིས་བརྒྱ་རྩ་བརྒྱད་ཀུན་གྱིས་བཟླས་ཤིང་། ཟློས་མཁན་རྣམས་ཀྱིས་ནད་པ་འཕགས་པའི་ཚོགས་མངོན་དུ་ཕྱོགས་པར་བཞག་ལ་རྨ་བྱའི་སྒྲོ་ལྔས་བྱབ་པོ། དེ་ནས་ནད་པས་ཕྱོགས་བཞི་ནས་མཆོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་འདེབས་སུ་སྩལ་ཏེ། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དམ་པའི་ཆོས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་རྒྱལ་བའི་དགེ་འདུན་དང་བཅས་པ་དཀོན་མཆོག་བླ་ན་མེད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་མཆོད་རྟེན་སྐུ་གདུང་དང་རིང་བསྲེལ་དང་བཅས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཀུ་བེ་ར་དང་། ཚང་པ་དང་། ཁྱབ་མཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་གནས་ཀྱི་ལྷའི་སྲས་ཐམས་ཅད་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷའི་སྲས་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་སོགས་པ། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་དང་། དེ་ལ་བརྟེན་པའི་གང་ཟག་རྣམ་བསྲུང་ཞིང་བསྐྱང་བར་ལྷག་པར་ཕྱག་མཚན་དུ་བཞེས་པ་རྣམས་དང་། གཞན་ཡང་སྔོན་གདན་འཛོམས་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་། ལྷའི་ངག་རྟག་པས་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་ཞིང་བསྐྱང་བར་ཐུགས་དམ་མངའ་བ། འཕགས་པ་དམ་པའི་ཆོས་སྐྱོང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་དུ་བཞུགས་པ་ཐམ ས་ཅད་ལ་གུས་པས་ཕྱག་འཚལ་ལོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་དྲི་ཆབ། བདུག་སྤོས་དང་མེ་ཏོག །ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་རྫས་དང་། མིའི་ཡོ་བྱད་ཕུན་སུམ་ཚོགས་པ་ཅི་མཆིས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པའི་ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ་དབུལ་ཞིང་མཆོད་དོ། །དེ་ལྟར་ལན་གསུམ་བཟླས། འཕགས་པ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐོག་མར་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་། །ཆོས་དང་། དགེ་འདུན་དང་། ཕ་མ་དང་། སེམས་ཅན་གཞན་དག་ལ་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་བསྡུས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་སོ་སོར་བཤགས་པས་འཆགས་སོ། །མི་འཆབ་བོ། །སླན་ཆད་ཀྱང་འདི་ལྟ་བུ་མི་བགྱིད་དོ། །དེ་ལྟར་ལན་གསུམ་དུའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་ལྟར་ལན་གསུམ་དུའོ། །བདག་མིང་འདི་ཞེས་བགྱི་བས་སངས་རྒྱས་ཀྱི་གདུང་མི་བཅད་པར་བགྱི་བའི་སླད་དུ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མ་མཆིས་ཀྱི་བར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིགས་པ་ཐམས་ཅད་དང་བྲལ་བ། སྐྱེས་བུ་ཆེན་པོ་ཁྱུ་མཆོག །སྐུ་བསམ་གྱིས་མི་ཁྱབ་པ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་བ། ཞི་བ་ཆོས་ཀྱི་སྐུ། སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བ་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཞི་བའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གསུམ་དུའོ། །བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། དུས་ཇི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་འབུལ་ཞིང་མཆིས་ན། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་བདག་བཞེས་སུ་གསོལ། དེ་ལྟར་ལན་གསུམ་དུའོ། །ཕྱོགས་བཅུའི་སྟོན་པ་བླ་ན་མེད་པ་སངས་རྒྱས་ཐམས་ཅད་ལ། འགྲོ་བ་མང་པོ་ལ་ཕན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་སྐོར་བར་བསྐུལ་ལོ། །དེ་ལྟར་ལན་གསུམ་དུའོ། །འཇིག་རྟེན་གྱི་སྒྲོན་པ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་རྣམས་ལ། འགྲོ་བ་མང་པོའི་དོན་མཛད་ཅིང་འཇིག་རྟེན་ན་གཏན་དུ་བཞུགས་པར་གསོལ་བ་འཚལ་ལོ། །དེ་ལྟར་ལན་གསུམ་དུའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་ལ་གནས་ཀྱི་བར་དུ། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེད་མཆེད་དང་། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་སྟོང་ཉིད་ཀྱི་ངོ་བོ་ཉིད་བྱང་ཆུབ་སེམས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་མཛད་ནས། ཉིད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་བཞེས་བགྱི་བ་ཡང་བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་བགྱི་ཏེ། བདག་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །ཇི་ལྟར་སྔོན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རབ་དུ་སྐོར་བ་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་རྫོགས་པར་སངས་རྒྱས་ན ས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཚོགས་ཡོངས་སུ་བསྡུ་བར་བགྱིའོ། ༈ །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ལྟར་ལན་གསུམ་དུའོ། །བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང་། གཞན་ཡང་བདག་གིས་བསོད་ནམས་ཅུང་ཟད་ཅི་བགྱིས་པ་དང་། བགྱིད་པ་དང་། བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཕ་མ་ལ་སོགས་པ་སེམས་ཅན་ཐམས་ཅད་དང་། བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །བདག་གི་བསོད་ནམས་འདིས་ཕ་མ་ལ་སོགས་པ་སེམས་ཅན་མ་བསྒྲལ་བ་རྣམས་ནི་བསྒྲལ་ལོ། །མ་གྲོལ་བ་རྣམས་ནི་དགྲོལ་ལོ། །དབུགས་མ་ཕྱིན་པ་རྣམས་ནི་དབུགས་དབྱུང་ངོ་། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་བཟླའོ། །མངོན་པར་རྫོགས་པར་སངས་མ་རྒྱས་པ་རྣམས་ནི་མངོན་པར་རྫོགས་པར་འཚང་བརྒྱ་བར་བགྱིའོ། །སྐྱབས་མ་མཆིས་པ་དང་། གནས་མ་མཆིས་པ་དང་། དཔུང་གཉེན་མ་མཆིས་པའི་འཇིག་རྟེན་ལ་སྐྱབས་དང་། གནས་དང་། དཔུང་གཉེན་དུ་གྱུར་ཅིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །རྒ་ནད་འཆི་བའི་རླབས་ཆེན་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འདོན་བར་བགྱི། །དེས་ན་བདག་སྦྱིན་པ་སྩོལ་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་འཇོག་པ་དང་། ཤེས་རབ་རྣམ་པར་དཔྱོད་པ་དང་། ཐབས་མཁས་པ་ལ་སློབ་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེེ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ས་ཆེན་པོ་ལ་གན ས་པ་རྣམས་ཀྱི་རྗེས་སུ་མཐུན་པར་འཇུག་གོ །འཕགས་པ་དག་བདག་བྱང་ཆུབ་སེམས་དཔའ་ལགས་པར་བཟུང་དུ་གསོལ། ས་དང་ཆུ་དང་མེ་དང་རླུང་། །རྩི་དང་ནགས་ཀྱི་ཤིང་ལྟ་བུར། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱིས། །འདོད་དགུར་རྟག་ཏུ་སྤྱོད་པར་ཤོག །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བར་བགྱིད་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་གྱུར་ཅིག །ངན་འགྲོ་དག་ནི་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །དེ་ལྟར་ལན་གསུམ་དུའོ། །དེ་ལྟར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་། མཆོད་པ་དང་། བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་པ་ལ་སོགས་པའི་བསོད་ནམས་དང་། དམ་པའི་ཆོས་ཀྱི་སྦྱིན་པ་བསྒྲགས་ཤིང་། ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་ཏེ་མཆོད་པ་ལ་སོགས་པ་དགེ་རླབས་པོ་ཆེ་དག་གི་སྟོབས་ཀྱིས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་དང་གཞན་གྱི་ཕུན་སུམ་ཚོགས་པ་མཐར་ཕྱིན་པར་མཛད་པའི་དགོངས་པ་ལྷུན་གྲུབ་པར་གྱུར་ཅིག །ཕོ་བྲང་གི་དཀྱིལ་འཁོར་ཐམས་ཅད་དུ་བཟང་པོ་སྤྱོད་པའི་མཆོད་པའི་སྤྲིན་རྒྱས་པས་ཀླུབས་པར་གྱུར་ཅིག །དམ་པའི་ཆོས་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་འཇིག་རྟེན་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཏེ། ཡི་གེ་འབྲི་བ་དང་། མཆོད་པ་དང་། བཀླག་པ་དང་། འདོན་པ་དང་། སྦྱིན་པ་དང་། འཆད་པ་དང་། ཉན་པ་དང་། བསམ་པ་དང་། བསྒོམ་པ་མངོན་དུ་བྱེད་པའི་སྒོ་ནས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་གནས་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་ཐོག་པ་མེད་པར་འཇུག་ཅིང་། དེ་བཞིན་གཤེགས་པ་རྣམས་ལ་མཆོད་ཅིང་བཀའ་ལུང་ཡང་དག་པར་བསྒྲུབ་པ་དང་། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་ཡོངས་སུ་རྫོགས་པར་བགྱི་བ་ལ་ཡོ་བྱད་ཅིས་ཀྱང་མི་བཟང་ཞིང་ཐབས་མཁས་པ་དང་མཐུ་ཕུན་སུམ་ཚོགས་པའི་དབང་དུ་འབྱོར་བར་གྱུར་ཅིག །འཕགས་རང་པ་རྒྱལ་དང་ཉན་ཐོས་ཐམས་ཅད་སོ་སོའི་རྣམ་པར་ཐར་པ་མཐར་ཕྱིན་ནས་ཐེག་པ་བླ་ན་མེད་པའི་སྒོར་གཞོལ་ཞིང་བསྒྲུབས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་རང་གི་འཁོར་ཡོངས་སུ་སྨིན་པར་མཛད་པ་དང་། ཕས་ཀྱི་རྒོལ་བ་ཚར་གཅད་པའི་མཐུ་དཔལ་དང་། ཐབས་མཁས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ཐུགས་དམ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་སྐོང་བ་དང་ལྷུན་གྱིས་གྲུབ་པའི་དབང་ཐོབ་པ་དང་། སོ་སོའི་རྣམ་པ་ཤར་པ་མྱུར་དུ་རྫོགས་ཤིང་ཆོས་ཀྱི་མངའ་བདག་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཡང་མྱུར་དུ་ཐོབ་པར་གྱུར་ཅིག །ཆེ་གེ་མོ་ཕ་སྤུན་འཁོར་དང་བཅས་པ་ལ་གཡོ་མེད་པར་ལྷག་པར་འགོ་ཞིང་ཕན་འདོགས་པའི་ལྷ་མགོན་ཐམས་ཅད་ལུས་དང་སེམས་ཀྱི་རྒྱུད་ཀྱི་སྡིག་པ་དང་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཅིག །དཀོན་མཆོག་བླ་ན་མེད་པ་གསུམ་པོ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོངས་སུ་རྫོགས་པར་བསྒྲུབས་ནས། རིམ་གྱིས་སངས་རྒྱས་ཀྱི་གོ་འཕང་མཆོག་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག །རང་གི་འཁོར་སྐྱོང་བ་དང་ཕས་ཀྱི་རྒོལ་བ་ཚར་བཅད་པ་ལ་མཐུ་དང་ཐབས་མཁས་པ་ཕུན་སུམ་ཚོགས་པར་གྱུར་ཅིག །མུ་མེད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་སྒྲིབ་པ་ཐམས་ཅད་ནི་བྱང་། སྡུག་བསྔལ་དང་གནོད་པ་ཐམས་ཅད་ནི་ཞི། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དགེ་བའི་ཆོས་ཐམས་ཅད་ནི་ཡོངས་སུ་རྫོགས་ཏེ་འཁོར་བའི་སྐྱོན་ཐམས་ཅད་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་ལྟར་དགེ་བའི་རྩ་བ་རླབས་པོ་ཆེ་ཐམས་ཅད་མ་ལུས་པ་འཕགས་པ་ཐམས་ཅད་ལ་ཕུལ་བ་དང་། འགྲོ་བ་ཐམས་ཅད་ལ་བསྟབས་ཤིང་བསྔོས་པ་ལ་སོགས་པ་དང་། ཆེ་གེ་མོས་དུས་ཐོག་མ་དང་ཐ་མ་མཆིས་པའི་འཁོར་བ་ནས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་སྟོབས་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པ་དང་། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་དང་། འདུས་པ་རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་དང་། གཟུངས་ཟབ་ཅིང་རྒྱ་ཆེ་བ་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་མཆོད་དེ་བཀླགས་ནས། ཆོས་ཀྱི་སྐུའི་མཆོད་རྟེན་ཚུལ་བཞིན་བགྱིས་པའི་བསོད་ནམས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་མདོ་སྡེ་དང་གཟུངས་ལས་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་ཆེ་གེ་མོས་འཕྲལ་དུ་ཐོབ་ཅིང་ཡོངས་སུ་རྫོགས་ནས་མངོན་དུ་གྱུར་ཅིག །ཆེ་གེ་མོའི་ཐོག་མ་མཆིས་པའི་འཁོར་བ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པར་འགྱུར་བ་ཉོན་མོངས་པ་སྣ་ཚོགས་ཀྱི་དབང་གིས་བྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པའམ། ཉོན་མོངས་པའི་སྒྲིབ་པའམ། ལྟ་བའི་སྒྲིབ་པའམ། མི་ཤེས་པའི་སྒྲིབ་པའམ། རྣམ་པར་སྨིན་པའི་སྒྲིབ་པའམ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པ་ལ་སོགས་པ་ལས་གང་གིས། ཆེ་གེ་མོ་ངན་སོང་གསུམ་དུ་མཆི་བར་འགྱུར་བའམ། མི་ཁོམ་པར་སྐྱེ་བར་འགྱུར་བ་དང་། དཀོན་མཆོག་གསུམ་མངོན་པར་མི་རིག་ཅིང་མི་གུས་མི་འཛིན་པར་འགྱུར་བའམ། དགེ་བའི་བཤེས་གཉེན་གྱིས་མི་འཛིན་པར་འགྱུར་བའམ། བྱང་ཆུབ་ཀྱི་སེམས་དང་དགེ་བའི་ཕྱོགས་ལས་ཉམ་ཤིང་བདུད་ཀྱིས་ཆོམ་པར་འགྱུར་བའམ། འཁོར་བའི་ཆོས་རྣམས་ཀྱིས་ཀུན་ཏུ་འཇོམས་པར་འགྱུར་བའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་བསྒྲུབ་པ་ལ་མི་ཕྱོགས་ཤིང་མི་བསྒྲུབ་པར་འགྱུར་བ་ལ་སོགས་པའི་སྡིག་པའི་ལས་སྣ་ཚོགས་ཆེ་གེ་མོ་ཉིད་ཀྱིས་བགྱིས་པའམ། བགྱིད་དུ་སྩལ་བའམ། བགྱིད་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཅི་མཆིས་པ་ཐམས་ཅད་མ་ལུས་བར་བསལ་ཏེ་གཞན་ནས་ཞི་ཞིང་བྱང་བར་གྱུར་ཅིག སྔོན་གྱི་ལས་དེ་ལྟ་བུའི་རྣམ་པར་སྨིན་པ་ཡང་རུང་། འཕྲལ་གྱི་རྐྱེན་ལས་གྱུར་ཀྱང་རུང་སྟེ། ད་ལྟར་གྱི་ལུས་འདི་ལ་ནད་ཀྱི་རྣམ་པ་མང་པོས་གདུངས་བ་དང་། མི་དང་མི་མ་ལགས་པས་ངན་དུ་བགྱིས་ཤིང་གཙེས་པ་དང་། ཚེ་ཐུང་བ་དང་། སྡུག་བསྔལ་མང་པོ་འབྱུང་བར་འགྱུར་བ་དང་། འཁོར་དང་ཡོ་བྱད་མི་མཐུན་པ་སྦྱིན་པ་དང་། བསམ་པ་མི་འགྲུབ་ཅིང་བར་དུ་གཅོད་པ་མང་བ་ལ་སོགས་པས་གནོད་པ་དང་། མི་དགེ་བ་དང་། བཀྲ་མི་ཤིས་པ་དང་། ངན་པ་དང་། སྡིག་ཏོར་བགྲང་བ་ཐམས་ཅད་ཞི་ཞིང་གཏན་དུ་མི་འབྱུང་བར་གྱུར་ཅིག །གདོན་བགེགས་དང་། གནོད་པ་བགྱིད་པ་ཐམས་ཅད་དང་བྲལ་ཞིང་གྲོལ་ནས་གདོན་བགེགས་དེ་དག་བྱམས་ཤིང་ཞི་བའི་སེམས་ཀྱིས་སླར་གནོད་པའི་སྦྱོར་བ་ངན་པ་བྱས་པ་ཐམས་ཅད་བཤིག་ནས། རང་རང་གི་གནས་སུ་དེངས་ཤིང་ཕྱིན་ཆད་ནམ་དུ་ཡང་གནོད་པ་ཅི་ཡང་མི་བྱེད་པར་གྱུར་ཅིག །འཕྲལ་དུ་ཡང་ཚེ་རིང་ཞིང་ནད་མ་མཆིས་པ་དང་། འཁོར་དང་ཡོ་བྱད་མཐུན་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་དང་། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཐམས་ཅད་དང་ལྡན་པར་གྱུར་ཅིག །ཚེ་རབ་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ལུས་དང་། ལོངས་སྤྱོད་དང་། འཁོར་དང་། གྲོགས་དང་། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་དང་། ལྡན་པར་གྱུར་ཅིག །ཐེག་པ་ཆེན་པོའི་ཆོས་དང་རྟག་ཏུ་ཕྲད་ཅིང་། ཐོས་པ་དང་། བསམ་པ་དང་། སྒོམ་པའི་སྒོ་ནས་དོན་མངོན་སུམ་དུ་བགྱིད་པར་གྱུར་ཅིག །དམ་པའི་ཆོས་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་རྒྱུན་དུ་འགྲོགས་ཤིང་མཉེས་པར་བགྱིད་པར་གྱུར་ཅིག །མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་བགྱི་ཞིང་འཕགས་པའི་ལམ་བསྒྲུབ་པ་ལ་ཡོ་བྱད་ཅི་ནས་ཀྱང་མི་བཟུང་ཞིང་ཐབས་མཁས་པ་དང་། ཤེས་རབ་ཀྱི་མཐུ་ཐོགས་པ་མེད་པ་དང་ལྡན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་བདེ་བླག་ཏུ་ཉམས་འོག་ཏུ་ཆུད་པར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་གཡུང་དྲུང་གི་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཆེན་པོ་མྱུར་དུ་ཐོབ་ནས་སེམས་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ཞིང་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་གྱུར་ཅིག །དེའི་རྗེས་ལ་གཟུངས་ཆབ་སྩལ། །དེའི་རྗེས་ལ་ལན་བརྒྱ་རྩ་བརྒྱད་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་དང་། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དག་བཀླག །བཟང་པོ་སྤྱོད་པ་ལ་སོགས་པ་ཞལ་ཏོན་དུ་བགྱི་སྟེ། མཆོད། དེ་ནས་བཟོད་པ་གསོལ་ཏེ། འཕགས་པ་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། དེང་འདིར་ཕྱོགས་བཅུའི་འཕགས་པ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ནས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་ཀྱི་སྒོ་ནས། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་འཚལ་བ་དང་། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་ཀྱི་སྦྱོར་བ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་འབྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཅིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པ་དང་ཚངས་པར་གསོལ་ཏེ་མཐོལ་བཤགས་ཤིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། དེ་ནས་སླར་གཤེགས་པར་གསོལ་ཏེ། འཕགས་པ་རྣམས་ཀྱིས་བདག་ཅག་ལ་སོགས་པ་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དོན་མཛད་ཅིང་བཀའ་དྲིན་སྩལ་ལགས་ཏེ། ད་དུང་ཡང་བདག་ཅག་ལ་ཐུགས་བརྩེ་བ་ཡང་དང་ཡང་དུ་གདན་འཛོམ་པར་མཛད་པས་དགོངས་ཤིང་། སོ་སོའི་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བ་མང་པོའི་དོན་ལ་གཤེགས་པ་སྩལ་དུ་ཅི་གནང་། དེ་ནས་བསྔོ་བའི་ཚིགས་སུ་བཅད་པ་འདོན། དེ་ནས་རྗེས་སུ་ཞི་བའི་ཚིགས་སུ་བཅད་པ་འདོན་ཏེ་གྱེས་སོ། །མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ།། ༄༅ །།འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་། མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། སློབ་དཔོན་ཆེན་པོ་བོདྷི་ས་ཏྭས་མཛད་པ་བཞུགས་སོ། །འཕགས་པ། མཆོད་འབུལ་ཞེས་བྱ་བ་འདི་ཡིན་ནོ། །མཆན། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་། མཆོད་རྟེན་བརྒྱ་རྩབརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། གཙུག་ཏོར་དྲི་མ་མེད་པར་སྣང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་བཟླས་ཞིང་མཆོད་རྟེན་གདབ་པའི་ཐབས་ལ། དེར་གཏོགས་པ་ཐམས་ཅད་ཕྱིའི་ཁྲུས་ཀྱང་བྱ། མགོ་མཇུག་ཀུན་ཏུ་གནོད་སེམས་དང་། བརྣབ་སེམས་དང་། མ་དད་པ་དང་། ལེ་ལོ་དང་། གཉིད་ལ་སོགས་པའི་ཉོན་མོངས་པའི་སྐྱོན་དང་སེམས་མ་འདྲེས་པར་བསྡམས་ཤིང་། གནོད་པ་དང་། འཚེ་བའི་ལས་མ་ཤོར་བར་བྱ། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་དང་དད་ཅིང་གུས་པ་ཆེར་བསྐྱེད། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེར་བསྐྱེད་དོ། །ཁྱིམ་པ་ཞིག་ན་བསྙེན་གནས་ཀྱི་ཁྲིམས་བཟུང་ལ། དེ་ནས་མཆོད་རྟེན་གདབ་པའི་ཡོ་བྱད་རྣམས་བཤམས་ལ། འཇིམ་པ་བརྐོབ་ནས་བཏབ་ཅིང་དཀྱིལ་འཁོར་དུ་བཞུགས་པའི་བར་དུ་མཆོད་རྟེན་གྱི་ཆོ་ག་བཞིན་དུ་ནང་པར་སྔ་དྲོ་ཐེབས་པར་བྱ། མཆོད་པའི་ཆོ་ག་དང་ཡོ་བྱད་བཤམས་པ་ཡན་ཆད་ལེགས་པར་བགྱི། མཆོད་རྟེན་འདེབས་པའི་ཟླ་ལ་ཆོས་ཀྱི་སྦྱིན་པ་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསེར་འོད་དམ་པ་དང་། རིན་པ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་མདོ་སྡེ་ཚར་ཉེར་གཅིག་ཕྱིན་རྒྱུན་མི་འཆད་པར་བཀླག །ཡིད་བཞིན་གྱི་ནོར་བུའི་གཟུངས་རྣམ་གཉིས་ཀྱི་འཛབ་གྲ་གཅིག་ཀྱང་བཟླ། མདོ་སྡེ་དག་ཀྱང་མཆོད་ཅིང་ཆོས་ཀྱི་སྦྱིན་པ་བསྔོ་བ་དང་། སྤྱན་དྲངས་པ་ལ་སོགས་བ་སྣ་ལ་བགྱིས་ནས་བཀླག་གོ །མདོ་སྡེ་དེ་སྙེད་མ་ལྷོགས་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་གཟུངས་ཚར་གང་བྱུང་ཞིག་བཏོན་པའི་འོག་ཏུ་སྙིང་པོ་བཟླ་བར་བྱའོ། །དེ་ནས་མཆོད་རྟེན་ཐེབས། མཆོད་པ་བཤམས། གསུང་རབ་རྫོགས་ནས། བར་སྐབས་དེར་ཅུང་ཞིག་བསངས་ཏེ། དེ་ནས་སྔ་དྲོ་དགེ་འདུན་སྤྱིར་ཚོགས་ནས་མཆོད་པ་སོགས་རིམ་བཞིན་བགྱིའོ། །མཆོད་པ་བཤམ་པའི་ཐབས་འབྱོར་བའི་སྟོབས་ཅི་ནུས་པ་དང་སྦྱར་ཏེ། སྤོས་ཀྱི་མཎྜལ་ཆེན་པོའི་དབུས་སུ་ཚོན་ཕྱེའམ། མེ་ཏོག་རིན་པོ་ཆེ་སྣ་ལྔའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བྲིས་པའི་དབུས་སུ་པདྨ་ཆེན་པོའི་སྟེང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་ཤོང་བའི་གདན་སེང་གེའི་ཁྲི་ལ་པདྨ་བཞག་ལ། རེའུ་མིག་ཆེན་པོ་བརྒྱ་དང་། ངོས་བཞིའི་དབུས་སུ་རེའུ་མིག་གཉིས་གཉིས་སུ་བགྱི་སྟེ་བརྒྱ་རྩ་བརྒྱད་བཤམས་པའམ། མཆོད་རྟེན་ལྔ་པ་ཞིག་ན་འཚམས་པར་སྦྱར་ཏེ། དེ་ལ་མཆོད་རྟེན་བཞུགས་སུ་གསོལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་གཅིག་ཀྱང་དབུས་སུ་བཞུགས། བར་གྱི་སྣམ་བུ་གཅིག་གམ་གཉིས་ལ་པདྨ་མང་པོ་དགྲམ་ཞིང་འཕགས་པ་གདན་འཛོམ་པའི་གདན་དུ་བཤམ་ཞིང་། གཟུངས་ཆབ་ཀྱི་བུམ་པ་ཁ་རྒྱན་ཅན་བཞི་ཡན་ཆད་དུ་འབྱོར་པ་ངོས་བཞིར་བཞག །དེའི་ཕྱི་རོལ་གར་འོས་པར་བཤོས་དང་། མཆོད་ཡོན་ལ་སོགས་པ་མཆོད་པ་རྒྱས་པར་དགྲམ། སྟེང་དུ་བླ་བྲེ་དང་། འཕན་དང་། བ་དན་དམར་པོ་བརྒྱ་རྩ་བརྒྱད་ཡན་ཆད་རྒྱས་པར་དགྲམ། གྲ་བཞིར་པོག་ཕོར་ཙནྡན་དང་། ཨ་ག་རུ་དང་། ཏུ་རུ ཥྐ་དང་། གུ་གུལ་གྱི་བདུག་པས་བདུག་གོ །སྒོ་བཞིར་མཆོད་ཡོན་བཞི་བཤམ། གཞན་ཡང་མཆོད་པ་ཅི་ནུས་སུ་རྒྱས་པར་བགྱིའོ། །བུམ་པའི་ཁར་ཡུངས་ཀར་དང་བྱེ་མ་ཡང་བཞག་ཅིང་བཟླས་ལ། དུར་ཁྲོད་ངམ་ཕྱོགས་ཀུན་ཏུ་ཡང་གཏོང་ངོ་། །དང་པོར་མཆོད་པ་བཤམས་ལ་དགེ་འདུན་འཚོགས་ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཕྱག་བགྱི། དེ་ནས་ཆོས་ཐམས་ཅད་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་ནུས་ཀྱིས་བསྒོམ། ཏིང་ངེ་འཛིན་དེ་ལས་ལངས་ཆོས་ཐམས་ཅད་དོན་དམ་པར་དེ་ལྟ་བུ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས། སྐུ་དང་གསུང་དང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ། སྒྲིབ་པ་མི་མངའ་ཞིང་མཐུ་དང་བྱིན་གྱིས་རླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པ་ཡང་རུང་ན། ཀྱེ་མའོ་སེམས་ཅན་འདི་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ་རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཅིང་ཉམ་ཐག་པའི་གནས་སུ་ལྷུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་པའི་འཁོར་བ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་བདག་གི་གཉེན་དམ་པ་དྲིན་གྱི་ཞིང་དུ་མ་གྱུར་པ་གང་ཡང་མེད་ཅིང་། བདག་གིས་ཀྱང་དང་པོ་བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་དེ་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་བསྒྲུབ་པར་དམ་བཅས་པའི་ཚེ་སེམས་ཅན་ཐམས་ཅད་བདག་གིས་བླངས་ཟིན་པས། འདི་ལྟ་བུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡལ་བར་དོར་བ་ནི་མི་རིགས་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་ཇི་ལྟར་དགོང་པར་བྱ་སྙམ་དུ་སྙིང་རྗེ་དང་བྱམས་པ་ཆེན་པོ་དང་ལྡན་པས་བརྩོན་པའི་སེམས་དྲག་ཏུ་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་བསམ་སྟེ། བདག་ནི་དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུས་འཕྲལ་དུ་དོན་རླབས་པོ་ཆེ་འདི་ལྟ་བུ་མི་ལྕོགས་ཀྱིས་སྟོན་པ་བདེ་བར་གཤེགས་པས་སྔོན་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་ཐུགས་བརྩེ་བས་གསུངས་པ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྙིང་པོ་ལ་རྣམ་པར་ལྟ་བའི་གཟུངས་ལ་བརྟེན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་གདན་འཛོམ་པར་སྤྱན་དྲངས་ལ་མཐུ་བསྟན་པ་དང་དཔུང་གཉེན་དུ་གསོལ་ཏེ། ད་ལྟར་ནི་འཕགས་པའི་མཐུ་དང་བྱིན་གྱིས་རླབས་ཀྱིས་འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་པར་བྱས་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་ཡང་ཐབས་མཁས་པའི་སྒོ་སྣ་ཚོགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྙམ་དུ་བསམ་མོ། །དེ་ལྟར་སྙིང་རྗེ་དང་བྱམས་པའི་སེམས་བསྐྱེད་པའི་འོག་ཏུ་ཚ་ཚ་ཐེབས་ནས་བྱ་བའི་རིམ་པ་ལ། དང་པོར་བདེན་པ་བདར་ཞིང་གནས་བྱིན་གྱིས་བརླབ། དེ་ནས་སྤྱན་དྲངས། དེ་ནས་བསྟོད་པ་བྱ། དེ་ནས་བསུ་བའི་ཨརྒྷཾ་གསོལ། དེ་ནས་གདན་ལ་བཞུགས་སུ་གསོལ། དེ་ནས་སྐུ་ཁྲུས་གསོལ། ཁྲུས་ཀྱི་སྨོན་ལམ་བྱ། དེ་ནས་ཕྱག་འཚལ་། དེ་ནས་མཆོད་པ་དབུལ། དེནས་ཡོན་ཆབ་གསོལ། དེ་ནས་རང་བྱུང་དཔའ་བོས་བསྟོད། གཏོར་མ་བསྔོ་བ་ཞར་ལ་བྱ། དེ་ནས་སྡིག་བཤགས། དེ་ནས་དགེ་བའི་རྩ་བ་ཀུན་ལ་རྗེས་སུ་ཡི་རང་བར་བྱ། ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་མ་གདབ། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་གདབ། བླ་ན་མེད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། ཤིས་པ་བརྗོད་པ ། སེམས་ཅན་དང་འཕགས་པའི་ཚོགས་ལ་བསོད་ནམས་བསྟབ་པ། དགེ་བའི་རྩ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། སྐབས་འདིར་མཆོད་རྟེན་གྱི་བསྐོར་བའི་ཚིགས་སུ་བཅད་པ་དང་། དེའི་ཕན་ཡོན་དང་སྨོན་ལམ་ལ་སོགས་པ་ཅི་ནུས་ཀྱིས་རྒྱ་ཆེར་བཀླག །དེ་ནས་བསྐོར་བ་བདུན་ཡན་ཆད་བསྐོར་བར་བགྱི། དེ་ནས་བཤགས་ཤིང་བཟོད་པར་གསོལ། དེ་ནས་གཤེགས་སུ་གསོལ་བར་བགྱི། སེམས་ཅན་གྱི་དོན་བྱ་བའི་ཕྱིར་འཕགས་པ་གདན་འཛོམ་པའི་ཕོ་བྲང་དང་། མཆོད་པའི་ཚོགས་བཤམས་པ་བདེན་པ་བདར་ཞིང་ཡིད་ཀྱིས་བསྔོ་སྟེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་ཀྱི་མདོ་ལས་བྱུང་བའི་ཆོ་ག་བཞིན། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་གནས་འདིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་དང་། འཕགས་པ་ཆོས་སྐྱོངས་བ་ཐམས་ཅད་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་དག་གིས་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་བ། ཡངས་པ། རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་ཤིང་གསེར་དང་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་དང་། ཀུ་མུ་ཏ་དང་། པདྨ་འགྱིངས་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིང་། ཆུ་བྱ་སྣ་ཚོགས་སྒྲ་སྙན་པར་སྒྲོགས་པ། དགའ་ཞིང་འཕྱོལ་ལྡིང་བས་བརྒྱན་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔགས་བསམ་གྱི་ཤིང་ལྗོན་པ་དང་། ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་རིན་པོ་ཆེ་དཔྱངས་པ། མེ་ཏོག་གི་མགོ་ལྕོགས་དང་འབྲས་བུ་མཛེས་པར་ཆགས་པ་གཡུར་ཟ་ཞིང་ལྡེམ་ལ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་བསྒྲེངས་བས་ལེགས་པར་བརྒྱན་པའི་ས་གཞི་ལ། གཞལ་མེད་ཁང་ཆེན་པོ་རྒྱུ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་བྱེ་བ་མཐའ་ཡས་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བ་རྣམ་པར་རིག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་། བདེ་བ་ཆེན་པོས་བརྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཡང་དག་པར་སྒྲུབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་གཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨོའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་བའི་དབུས་སུ་པདྨའི་གདན། རིན་པོ་ཆེས་སེང་གེའི་ཁྲིའི་སྟེང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱ་དང་ཚད་དཔག་ཏུ་མེད་པ། མཆོད་རྟེན་གྱི་རྣམ་པའི་བྱེ་བྲག་དང་ལེགས་པའི་ཁྱད་པར་ཐམས་ཅད་དང་ལྡན་པ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད། འཇིག་རྟེན་ཐམས་ཅད་ཀྱི་དཔལ་ཞིང་དུ་གྱུར་པ་གྲངས་མེད་པ་ཞིག་རོམ་མེར་དཀྲིགས་པར་བཞུགས་པར་གྱུར་བའི་མཐའ་འཁོར་བར་གཞལ་མེད་ཁང་ཆེན་པོའི་ནང་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པའི་ཚོགས་གདན་འཛོམ་པའི་གདན་ཁྲི་འཕགས་པ་སོ་སོའི་སྨོན་ལམ་ཁྱད་པར་ཅན་གྱི་མངའ་ཐང་དང་འཚམས་པར་གྲུབ་པས་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཕྱི་ནང་ཀུན་ཏུ་ཚོར་བ་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་འབྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་ཐམས་ཅད་གདན་འཛོམ་ནས་དེ་བཞིན་དུ་བྱིན་གྱིས་བརླབས་ཅིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག་ཅེས་ལན་གསུམ་བཟླས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱིས་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། སྤྱན་དྲངས། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཆེན་པོའི་སྐུ་གདུང་རིང་བསྲེལ་དང་། སྐུ་གདུང་གི་མཆོད་རྟེན་དང་། ཆོས་ཀྱི་སྐུའི་མཆོད་རྟེན་གཟུགས་ཀྱི་ཚུལ་དུ་རྣམ་པར་བཞག་པ། དྲན་པ་ཉེར་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། མ་འདྲེས་པའི་དྲན་པ་ཉེར་བར་བཞག་པ་གསུམ་དང་། བསྲུང་བ་མེད་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་དང་། ཡེ་ཤེས་ལ་སོགས་པ་ཡོན་ཏན་བསགས་པའི་མཆོད་རྟེན་དང་། ཆོས་ཀྱི་དབྱིངས་དང་། རིགས་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། འཕགས་པས་བྱིན་གྱིས་བརླབས་པའི་མཆོད་རྟེན་འདི་ལྟ་སྟེ། ལུམྦིའི་ཚལ་དུ་བལྟམས་པ་དང་། རྡོ་རྗེའི་གདན་ལ་མངོན་པ ར་རྫོགས་པར་བྱང་ཆུབ་པ་དང་། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། བཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱལ་པོའི་ཁབ་ཏུ་གླང་པོ་ཆེ་ནོར་སྐྱོང་བཏུལ་བ་དང་། ལྷ་ལས་བབས་པར་ལྷ་ཡུལ་ནས་གཤེགས་པ་དང་། ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བ་དང་། གྱང་ཡུལ་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟེན་པ་དང་བརྒྱད་དུ་བགོས་པའི་སྐུ་གདུང་གི་གཟུགས་དང་། གཞན་ཡང་སངས་རྒྱས་འདུས་པ་ཆེན་པོ་མཛད་པས་ཞིང་ཁམས་འདི་ཉིད་མཆོད་རྟེན་དུ་གྱུར་པ་དང་། དཔལ་ལྡན་སྐྱིད་པའི་གནས་ལ་སོགས་པར་དཔལ་ཕྱག་ན་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་མཛད་པ་དང་། དབང་པོའི་བྲག་ཕུག་ལ་སོགས་པར་མདོ་ཡང་དག་པར་བསྡུས་པ་དང་། ཀ་ནི་ཥྐའི་མཆོད་རྟེན་དུ་སྐུ་གདུང་འདུས་པ་ལ་སོགས་པ་དང་། འཛམ་བུའི་གླིང་དང་། གླིང་བཞི་དང་། སྟོང་ཁམས་ན་མཆོད་རྟེན་ཁྱད་པར་ཅན་ཇི་སྙེད་བཞུགས་པ་ཐམས་ཅད་དང་། གཞན་ཡང་བླ་དང་བར་སྣང་དང་ལྷ་ཡུལ་དག་ན་མཆོད་རྟེན་ཇི་སྙེད་བཞུགས་པ་དང་། ཕྱོགས་བཅུ་ཐམས་ཅད་ན་མཆོད་རྟེན། ཁྱད་པར་ཅན་འཁོར་དང་བཅས་པ་ཇི་སྙེད་བཞུགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སུ་དེང་དཀོན་མཆོག་དང་མཆོད་རྟེན་ཁྱད་པར་ཅན་དང་བཅས་པ་སྤྱན་དྲངས་པའི་གནས། འོག་མིན་ལ་སོགས་པ་བར་སྣང་དང་། ས་བླའི་ལྷའི་གཞལ་མེད་ཁང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གཞལ་མེད་ཁང་ཆེན་པོ་ཇི་ལྟ་བ་དེ་ལྟ་བུར་བྱིན་གྱིས་བརླབས་པ་འདིར། མཆོད་པ་ཁ་ན་མ་ཐོ་བ་མེད་པ་ཡོངས་སུ་དག་པ་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་དང་། ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་སྤེལ་བ་མི་འཛད་ཀྱང་། བཏང་བ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡོངས་སུ་སྤེལ་བའི་སླད་དུ་ན་བཟའ་དང་། ཞལ་ཟས་དང་། གནས་མལ་དང་། བསྙེན་བཀུར་བ་དང་། སྨྱུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དང་། མཆོད་རྟེན་ལ་བསྔོས་པའི་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟབས་ཤིང་སྤྱན་འདྲེན་གྱིས། མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་ཀྱིས་རྣམ་པར་འཕྲུལ་པ་མཛད་དེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་གཤེགས་ཤིང་བཞེས་པར་གསོལ། ༼ཀ༽ དཀོན་མཆོག་དང་། མཆོད་རྟེན་ཁྱད་པར་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་ཐམས་ཅད་སྤྱན་དྲངས་པ། ལྷའི་འཇིག་རྟེན་མཐོ་རིས་ན་འཕགས་པ་གང་ཡང་དག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གཟིགས་པ་དང་ལྡན་པས་ཉོན་མོངས་པ་དང་། སྒྲིབ་པ་བསལ་བ། བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། གཟུངས་དང་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ། ཐབས་མཁས་པའི་སྤྱོད་པ་དང་ལྡན་པས་ལྷའི་དབང་པོའི་ཆ་ལུགས་ཀྱིས་ལྷ་མང་པོ་དག་གི་དགེ་བའི་བཤེས་གཉེན་མཛད་ཅིང་བཞུགས་པ་དང་། ལྷ་མང་པོ་གཞན་དག་ཀྱང་དེ་བཞིན་དུ་བདེན་པ་རྟོགས་པ་ཏེ། འཕགས་པའི་ལམ་ལ་གནས་ཤིང་ཀུན་ནས་ཉོན་མོངས་པའི་འཆིང་བ་ཡང་དག་པའི་ཤེས་རབ་ཀྱིས་བསལ་བ། དྲན་པ་གསལ་ཞིང་ཏིང་ངེ་འཛིན་ཐོབ་པ། དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་སངས་རྒྱས་དཀོན་མཆོག་དང་། ཆོས་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་ཆོས་དཀོན་མཆོག་དང་། ཚོགས་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་དགེ་འདུན་དཀོན་མཆོག་ལ་སྔོན་བསྙེན་བསྐུར་མཛད་ཅིང་དགེ་བའི་རྩ་བ་ཆེར་བསྐྱེད་པ། འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་ཆོས་དཀར་པོའི་ཕྱོགས་རྟག་ཏུ་རྒྱ་ཆེར་སྤེལ་ཞིང་སྲུང་བ། སེམས་ཅན་རྣམས་ཀྱི་འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕྱི་དགྲ་དང་། ནང་འཁྲུགས་དང་། གནོད་པ་དང་། ཉམས་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ནད་དང་། རིམས་ནད་དང་། མི་ནད་དང་། ཕྱུགས་ནད་དང་། མུ་གེ་དང་། ལོ་ཉེས་དང་། ལྟས་ངན་དང་།མཚན་མ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྔོན་སངས་རྒྱས་འདུས་པ་ཆེན་པོའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དང་། གཟུངས་སྔགས་དང་། རིགས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་ལ་སོགས་པ་ཟབ་ཅིང་རྒྱ་ཆེན་པོ་བཤད་པའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་དུས་ཀྱི་ཚེ་ངའི་བསྟན་པ་དམ་པའི་ཆོས་དང་། དགེ་འདུན་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་ཆོས་དང་ལྡན་ཞིང་ཆོས་སྤྱོད་པ་ཐམས་ཅད་དང་། ལྷ་ཡུལ་དང་། ཡུལ་འཁོར་དང་། གྲོང་དང་། གྲོང་ཁྱེར་ལ་སོགས་པ་འབྱུང་པོའི་ཚོགས་དགེ་བ་རྣམས་སྲུང་ཤིག་ཅེས་ཞལ་གྱི་བཀའ་སྩལ་ཅིང་། དེ་དག་གིས་ཀྱང་དམ་ཚིག་མནོས་ཏེ། ལྷ་དང་མི་ཡི་མགོན་མཛད་པ། ཕྱག་བྱ་བའི་གནས། བཀུར་སྟི་བྱ་བའི་གནས། བླ་མར་བྱ་བའི་གནས། བཙུན་པར་བྱ་བའི་གནས། འདི་ལྟ་སྟེ། འོག་མིན་ན་ལྷའི་དབང་ཕྱུག་ཆེན་པོ་དང་། གནས་གཙང་མ་གཞན་གྱི་རིས་ཀྱི་ལྷ་དང་། བསམ་གཏན་བཞི་པ་དང་། གསུམ་པ་དང་། གཉིས་པ་དང་། བསམ་གཏན་དང་པོའི་རིས་ཀྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱོ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་བདག་ཉིད་ཆེན་པོ་ཁྱད་པར་ཅན་གྱི་ཚེགས་ཐམས་ཅད་དང་། དམ་ཚིག་ཅན་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དམ་པའི་ཆོས་སྤེལ་བར་དམ་བཅས་པ། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བཅུ་དང་། གཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། ཕྱོགས་ཀྱི་གླང་པོ་དང་། སྡེ་དཔོན་དང་། ལྷ་མོ་དང་། ཕྱོགས་ཀྱི་ལྷ་དང་། ཕྱོགས་མཚམས་ཀྱི་ལྷ་དང་། བཙུན་མོ་དང་། སྲས་དང་། འཁོར་དང་། ཕོ་ཉ་དང་། མངག་པ་དང་། ཁྱབ་འཇུག་དང་། ཚོགས་བདག་དང་། དགའ་བྱེད་དབང་ཕྱུག་དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། སྟོབས་ཆེན་དང་། སྟོབས་པོ་ཆེ་དང་། གནོད་འཛིན་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་དང་། དུང་ཆེན་དང་། གང་པོ་དང་། ཤིན་ཏུ་གང་བ་དང་། མགྲིན་པ་དང་། མགྲིན་བཟང་དང་། བསོད་ནམས་ལྷུན་པོ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། བུམ་རྣ་དང་། དྲིལ་སྣ་དང་། རྣ་གསུམ་དང་། རྣ་བོ་ཆེ་དང་། ཡང་དག་ཤེས་དང་། ཡང་དག་རྒྱལ་བ་དང་། རྒྱལ་བ་ཁྱུ་མཆོག་དང་། འབྲོག་གནས་དང་། གངས་གནས་དང་། བདེ་རི་དང་། ལྔ་ལེན་དང་། ཚིགས་ལྔ་སེར་དང་། མགྲིན་བཅུ་དང་། འཇིགས་རུང་དང་། འབྲུག་སྒྲ་དང་། ནམ་མཁའི་དབྱངས་དང་། སྟོང་གསུམ་དང་། རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་དང་། མ་དྲོས་དང་། གཟི་ཅན་དང་། ནོར་རྒྱས་དང་། གདོན་ལ་འཇེབས་དང་། དྲང་སྲོང་དང་། རིགས་སྔགས་འཆང་དང་། ཆར་ལྷ་དང་། སྤྲིན་ལྷ་དང་། ལོ་ཏོག་ལྷ་དང་། ལམ་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ནམ་མཁའི་ལྷ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། རྫིང་གི་ལྷ་དང་། དུས་ཚིགས་ཀྱི་ལྷ་དང་། ཉིན་མཚན་གྱི་ལྷ་དང་། དུས་མཚམས་ཀྱི་ལྷ་དང་། ཚེས་གྲངས་ཀྱི་ལྷ་དང་། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་གྱི་ལྷ་དང་། ཧ་ནུ་མ་ཐ་ལ་སོགས་པ་མཐུ་བོ་ཆེ་དང་། ཚིག་ལ་དབང་བ་དང་། དགའ་དབྱངས་དང་། མདོངས་བུ་དང་། དཔལ་གྱི་ལྷ་མོ་དང་། འོད་ཟེར་ཅན་དང་། དཀར་ཤམ་དང་། བརྗོད་སྐྱོབས་དང་། གང་གཱ་དང་། ཡ་མུ་ནཱ་དང་། བུ་མང་དང་། དུང་ཅན་དང་། རི་མཁར་དང་། ནག་མོ་དང་། མ་བདུན་དང་། སྲིང་མོ་བདུན་དང་། སྲིང་མོ་བཞི་དང་། ནམ་མོ་ཆེན་པོ་དང་། རལ་པ་གཅིག་མ་ལ་སོགས་པ་དང་། ལྷ་མོ་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་དང་། སྲིན་མོ་དང་། ཤ་ཟ་ཆེན་མོ་དང་། གཞོན་ནུ་དང་། རྫུ་འཕྲུལ་ཅན་དང་། དབང་བདག་དང་། སླག་ཆེན་དང་། བརྗིད་པ་དང་། གཡུལ་རྒྱལ་དང་། དགེ་བསྙེན་ཆེན་མོ་དང་། ལྷ་སྲས་གཞོན་ནུ་དང་། ཀླུ་སྲས་གཞོན་ནུ་དང་། རིག་སྔགས་འཆང་གཞོན་ནུ་དང་། དྲང་སྲོང་གཞོན་ནུ་དང་། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང་། གནོད་སྦྱིན་གཞོན་ནུ་དང་། ཏིར་ཀ་ལ་སོགས་པ་དང་། གཟི་བརྗིད་ཆེན་པོའི་གཞོན་སྡེ་ཐམས་ཅད་དང་། སྐྱེ་དགུའི་བདག་པོ་དང་། ལྷའི་བཟོ་བོ་ལས་ཐམས་ཅད་པ་དང་། བགེགས་ཀྱི་རྒྱལ་པོ་ལོག་འདྲེན་དང་། གཙུག་ལག་ཁང་གི་སྲུང་མར་ཞལ་གྱི་བཞེས་པ་གཉུག་མར་གནས་པ་ལ་སོགས་པ་སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བསྙེན་པ། བསྟན་པ་སྲུང་བ། དམ་ཚིག་མནོས་པ། ལྷ་དང་མིའི་མགོན་མཛད་པ། ཕྱག་བྱ་བའི་གནས། བསྐུར་སྟི་བྱ་བའི་གནས། བླ་མར་བྱ་བའི་གནས། བཙུན་པར་བྱ་བའི་གནས་ཇི་སྙེད་བ་ཐམས་ཅད་དང་། གཞན་ཡང་མཆོད་པའི་གནས་དང་། དྲིན་གསབ་པའི་གནས་དང་། སྙིང་རྗེའི་གནས་སུ་གྱུར་པའི་སྦྱིན་གནས་ཇི་སྙེད་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང་རིགས་ཐམས་ཅད་ན་བཞུགས་པའི་འཕགས་པ་ཐམས་ཅད་མཉེས་པར་བགྱི་བ་དང་། བསོད་ནམས་བསྟབ་པའི་གནས་དཔལ་ལྷ་བཙུན་པོའི་སྐུ་ཡོན་དང་། དགེ་བའི་བཤེས་གཉེན་དང་། ཕ་མ་དང་། གཞན་ཡང་མཆོད་པའི་གནས་སམ། དྲིན་གསབ་པའི་གནས་སམ། སྙིང་རྗེའི་གནས་གང་ཡང་རུང་བ་དང་། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེང་དཀོན་མཆོག་གསུམ་དང་མཆོད་རྟེན་ཁྱད་པར་ཅན་འཁོར་དང་བཅས་པ་སྤྱན་དྲངས་པའི་གནས་འོག་མིན་ལ་སོགས་པ་གནས་པ། བར་སྣང་དང་ས་བླའི་གཞལ་མེད་ཁང་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་གཞལ་མེད་ཁང་ཆེན་པོ་ཇི་ལྟ་བ་དེ་ལྟ་བུར་གཤེགས་པར་གསོལ། བསྟོད་པ་དང་ནི་ཕྱག་འཚལ་བ། །ཡེ་ཤེས་ཚོགས་ཀྱིས་བསྐྱེད་པའི་སྐུ། །མིང་དང་གཟུགས་ལས་རྣམ་པར་གྲོལ། །རྟོག་དང་སྤྲོས་ལས་རབ་འདས་ཀྱང་། །བསྙེལ་པ་མི་མངའི་རང་བཞིན་ཅན། །དངོས་དང་དངོས་མེད་མཐའ་ལས་དབེན། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །ཡེ་ཤེས་རྣམས་ཀྱི་གནས་གྱུར་པ། །རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །བསོད་ནམས་ཚོགས་ཀྱིས་བསྐྱེད་པའི་སྐུ། །དབང་ཕྱུག་ཆེན་པོའི་གནས་མཆོག་ན། །ཆོས་ལ་མངའ་མཛད་ལོངས་སྤྱོད་པ། །བྱང་ཆུབ་སེམས་དཔའ་ཡོངས་ཀྱི་མགོན། །གཙང་མའི་གནས་ནས་མ་གཡོས་པར། །གདུལ་བྱའི་བསམ་པ་ཇི་བཞིན་དུ། །འཇིག་རྟེན་ཁམས་ནི་མཐའ་ཡས་པར། །སྤྲུལ་མང་འགྱེད་ལ་ཕྱག་འཚལ་བསྟོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ལ། །དགའ་ལྡན་མཆོག་ནས་བབ་པ་དང་། །འཇིག་རྟེན་སྒྱུ་རྩལ་ཕུལ་བྱུང་ཞིང་། །བདུད་བཅོམ་བྱང་ཆུབ་འཚང་རྒྱ་སྟེམ། །འཁོར་ལོ་བསྐོར་ནས་འདས་པའི་བར། །ཆ ོ་འཕྲུལ་ཅིག་ཅང་སོ་སོར་སྟོན། །ཆོ་འཕྲུལ་ངོ་མཚར་རྨད་བྱུང་བ། །ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །སྟོན་པ་མཆོག་བཞུགས་གཞལ་མེད་ཁང་། །དབྱིབས་ལེགས་རྣམ་པར་ཕྱེ་བས་མཛེས། །ཁ་དོག་སྣ་ཚོགས་སྤེལ་ལེགས་སུ། །རིན་ཆེན་འབར་བ་མང་པོས་བརྒྱན། །ཡིད་འོང་ཉམས་དགའ་ལྷ་ཡི་གནས། །རྒྱན་བཀོད་དཀྱིལ་ན་མཛེས་པ་ལ། །འཕགས་པ་མཆོད་པའི་རྟེན་བགྱིས་ཏེ། །སྟོན་པ་འཁོར་དང་བཅས་ལ་བསྟོད། །མཆོད་རྟེན་བསུ་འབི་ཨརྒྷ་གསོལ་བ། །ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །སྐར་མ་རབ་རིབ་མར་མེད་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །མཁས་པ་གང་དག་རབ་ཏུ་སེམས་དང་ཞིང་། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །མཆོད་རྟེན་མཆོད་གནས་དཔལ་ལྡན་པ། །སྐུ་གདུང་ཆོས་སྐུ་ཆོས་དབྱིངས་དང་། །རིག་སྔགས་གསང་སྔགས་སྙིང་པོ་དང་། །ཕྱག་རྒྱ་བྱིན་རླབས་གཤེགས་སུ་གསོལ། །གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟ་སྨོན་བཞིན་ཡོད་པ་དག །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་གསོལ། །དཀོན་མཆོག་དང་མཆོད་རྟེན་ཁྱད་པ་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་དེ་དག་ལ་བསུ་བའི་མཆོད་ཡོན་ཨརྒྷ་གསོལ་བ། སངས་རྒྱས་ཆོས་དང་དགེ་འདུན་དང་། །མཆོད་རྟེན་ཁྱད་པར་འཁོར་གཏོགས་པ། །འོག་མིན་གནས་དང་ལྷ་ཚོགས་དང་། །བསམ་གཏན་བཞི་དང་འདོད་ཁམས་དྲུག །སྡེ་བརྒྱད་ཚོགས་དང་འབྱུང་པོ་ཀུན། །དམ་ཚིག་ཅན་དང་ཐུགས་དམ་ཅན། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར་དང་། །དཀོན་མཆོག་མཐོང་ཐོས་སྐྱབས་རྟེན་པ། །ཕྱག་བགྱི་ཐལ་མོ་སྦྱར་འོས་ཤིང་། །མགོས་གཏུགས་མཆོད་དང་ཀུན་སྦྱིན་དང་། །རབ་ཏུ་སྦྱིན་འོས་ཀུན་གཤིགས་ཤིག །མཆོད་པ་དྲི་མེད་ཡོངས་དག་པ། །རྣམ་མང་རྒྱ་ཆེ་ཐམས་ཅད་དང་། །སོ་སོའི་མངའ་ཐང་རྒྱ་ཆེན་དུ། །འོས་པའི་བདེ་བ་སྦྱར་བ་དབུལ། །མཆོད་རྟེན་གདན་ལ་བཞུགས་སུ་གསོལ་བ། །སྐུ་གདུང་ཆོས་སྐུ་བྱང་ཆུབ་ཕྱོགས། །མ་འདྲེས་བསྲུང་མེད་བསྙེལ་མི་མངའ། །མི་འཇིགས་སྟོབས་དང་སངས་རྒྱས་ཆོས། །རྡོ་རྗེ་ཡེ་ཤེས་ཚོགས་བསགས་པ། །ཆོས་དབྱིངས་རིག་སྔགས་གསང་སྔགས་དང་། །སྙིང་པོ་ཕྱག་རྒྱའི་བྱིན་རླབས་ཀྱིས། །མཆོད་རྟེན་ཁྱད་པར་ཇི་སྙེད་པ། །དཔལ་ལྡན་བསོད་ནམས་ཞིང་མཆོག་ཀུན། །ཆོས་དོན་དག་པའི་དཀྱིལ་འཁོར་འདིར། །རིན་ཆེན་སྟེགས་དང་ཁྲིར་འཕང་དང་། །གཙང་གདང་ལྷ་རྫས་པདྨ་ལ། །མི་གནས་ཚུལ་གྱི་གདན་ལ་བཞུགས། །དཀོན་མཆོག་དང་མཆོད་རྟེན་ཁྱད་པར་ཅན་དང་བཅས་པའི་འཁོར་དུ་གཏོགས་པ་དེ་དག་སོ་སོར་གདན་ལ་བཞུགས་པར་གསོལ་བ། ཆོས་དོན་ཀུན་གྱི་དཀྱིལ་འཁོར་དུ། །དཔལ་ལྡན་དག་པའི་གདན་བཤམས་པར། །ཏིང་འཛིན་མི་གཡོ་མཉམ་བཞག་ཅིང་། །དགེ་བའི་དགོངས་པས་གདན་ལ་བཞུགས། །གཙང་གདང་གདན་ཁྲི་ཡངས་པ་ལ། །ཐོགས་མེད་དོགས་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་བདེར་བཞུགས་ཤིང་། །བདེ་བར་སྦྱར་བ་བཞེས་སུ་གསོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །མཆོད་རྟེན་ལ་སྐུ་ཁྲུས་གསོལ་བ། །རྣམ་དག་སྐྱོན་བྲལ་བྱང་ཆུབ་སེམས་ཀྱི་དབྱིངས། །རྣམ་རྟོག་སྐྱོན་བྲལ་ཡོན་ཏན་ཚོགས་ཀྱི་གཏེར། །ཀུན་གྱིས་ཕྱག་བྱས་བསྟོད་ཅིང་མཆོད་པའི་གནས། །བདུད་བཞིའི་དཔུང་རྣམས་མ་ལུས་ཚར་གཅད་ཕྱིར། །ཆོས་དབྱིངས་དག་པའི་སྐུ་ལ་ཁྲུས་ཆབ་གསོལ། །ཉོན་མོངས་འཁྲུལ་པའི་རྟོག་པར་དག་གྱུར་ཅིག །ཇི་ལྟར་མེ་ལོང་གཟུགས་བརྙན་སྣང་གྱུར་ཡང་། །ཆོས་དབྱིངས་དག་པའི་སྐུ་ལ་བསྐྱོད་པ་མེད། །རིན་ཆེན་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སའམ་ཆུའམ་འོན་ཏེ་བར་སྣང་ལ། །སེམས་ཅན་དོན་དུ་རིན་ཆེན་སྐུར་བསྟན་པ། །མཆོད་རྟེན་དམིགས་པར་བཅས་ཏེ་སྐུ་ཁྲུས་གསོལ། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །གཞི་རྨང་དགེ་བཅུའི་རྣམ་དག་པདྨ་འཇམ། །དྲན་པ་ཉེར་བཞག་རྨང་གི་ཁྲི་འཕང་བསྟོད། །ཐེག་པ་རྣམས་ཀྱི་བང་རིམ་བརྩིགས་པ་སྟེ། །ཆོས་དབྱིངས་སྤྲོས་མེད་བུམ་པ་ཟླུམ་པོ་ལ། །སྨོན་ལམ་ཆེན་པོའི་སྲོག་ཤིང་དགེ་བ་བཙུགས། །དགེ་བའི་ལོངས་སྤྱོད་ནམ་མཁའི་གདུགས་ཀྱིས་བཀབ། །བྱང་ཆུབ་སེམས་ཀྱི་ཟླ་ཚེས་རྣམ་པར་དག །དགེ་སྡེ་བཅུ་གསུམ་འཁོར་ལོའི་ཕྲེང་བས་བརྒྱན། །སྣང་དབྱིབས་ཆོས་ཀྱི་སྐུ་ལ་སྐུ་ཁྲུས་གསོལ། །ཤར་ཕྱོགས་བྱམས་པ་བརྩེགས་པའི་ཆོས་སྐུ་ལ། །བྱམས་པའི་སེམས་ཀྱིས་སྐུ་འདི་གསོལ་པས། །ཞེ་སྡང་གདུག་པའི་ཚོགས་རྣམས་ཀུན་བསལ་ནས། །རྟག་ཏུ་བྱམས་པའི་ཏིང་འཛིན་ཐོབ་གྱུར་ཅིག །ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཆོས་སྐུ་ལ ། །ང་རྒྱལ་གདུག་པའི་ཚོགས་རྣམས་བསལ་བའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཆུ་བོས་སྐུ་ཁྲུས་གསོལ། །ཁམས་གསུམ་འཁོར་བའི་ང་རྒྱལ་སྐྱོན་བྲལ་ནས། །རྟག་ཏུ་འདོད་པའི་ཡོན་ཏན་ཐོབ་གྱུར་ཅིག །ནུབ་ཕྱོགས་རྣམ་དག་པདྨ་ཆོས་ཀྱི་དབྱིངས། །འདོད་ཆགས་སྐྱོན་བྲལ་པདྨའི་ཁྲི་འཕང་བརྩེགས། །ཁམས་གསུམ་སེམས་ཅན་བག་ཆགས་སྦྱང་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཡེ་ཤེས་སྐུ་ཁྲུས་གསོལ། །སེམས་ཅན་འཁོར་བའི་འདོད་ཆགས་དག་གྱུར་ཅིག །བྱང་ཕྱོགས་རྣམ་དག་ལས་ཀྱི་ཞིང་རབ་ནི། །འདོད་སྲེད་སྤངས་པའི་ཡོན་ཏན་རྫོགས་པར་སྟོན། །རིན་ཆེན་ཨིནྡྲའི་ལྟ་བུའི་མཆོད་རྟེན་ལ། །ལས་ཀྱི་སྒྲིབ་པ་སྦྱང་ཕྱིར་སྐུ་ུཁྲུས་གསོལ། །སེམས་ཅན་རྣམས་ཀྱི་འདོད་པ་འགྲུབ་གྱུར་ཅིག །ཆོས་སྐུ་རྣམ་དག་འཁོར་བའི་སྐྱོན་བྲལ་ནས། །ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཆུ་བོ་རྣམ་ལྔས་སྐུ་ཁྲུས་གསོལ། །སྐུ་མཆོག་རྣམ་དག་བལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། སྲི་ཞུ་བཀུར་སྟིའི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ༀ་བཛྲ་ཙནྡྲ་ལེ་པ་སྭཱ་ཧཱ། ༀ་བཛྲ་ས་མ་ཡེ་མ་ཐེ་སྭཱ་ཧཱ། ༀ་ཨ་མྲྀ་ཏེ་ཧཱུྃ། ༀ་སརྦ་ཨ་བེ་ཤ་ཧཱུྃ། དེ་ནས་རས་དཀར་པོ་ཁ་ཚར་མ་ཉམས་པ་ཡུག་གཅིག་གིས་སྐུ་ཕྱིས་ཏེ། བསམ་པ་ནི་ཚིགས་བཅད་ལས་སྨོས་པ་ལྟར་བསམ། བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་ུབདག་ཅག་མྱུར་འགྲུབ་ཤོག །ༀ་སརྦ་ཙོ་ཨ་དི་ར་ན་སྭཱ་ཧཱ། །མཆོད་པ་རྣམ་པ་ལྔ་དབུལ་བ། །བདེ་གཤེགས་རྣམས་ཀྱིས་ལོངས་སྤྱོད་ཀྱི། །ཀུན་བཟང་མཆོད་པས་རོལ་མཛད་ཀྱང་། །འགྲོ་བའི་དབུལ་བ་བསལ་སླད་དུ། །བཀུར་སྟི་རིམ་གྲོའི་ཚུལ་ཙམ་གྱི། །བླ་མེད་མཆོད་པ་རྣམ་ལྔ་འདི། །འགྲོ་བའི་དོན་དུ་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །རྒྱན་དང་ན་བཟའ་དབུལ་བ། །བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེར་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱག་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །བླ་བྲེ་དང་འཕན་གདུགས་རྒྱལ་མཚན་དང་རོལ་མོ་ལ་སོགས་པ་དབུལ་བ། ཐེག་མཆོག་བླ་བྲེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །ལྷ་དང་མི་ཡི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པས། །བླ་བྲེ་འཕན་གདུགས་རྒྱལ་མཚན་རོལ་མོ་བརྗིད། །བདུག་སྤོས་དྲི་ཞིམ་སིལ་སྙན་སྤྲིན་ཚོགས་མཛེས། །བདག་དང་འགྲོ་བའི་དོན་དུ་འདི་ཕུལ་བས། །དབང་མཆོག་དམ་པ་དུས་འདིར་ཐོབ་གྱུར་ཏེ། །གནོད་པའི་དགྲ་བཅོམ་བླ་མེད་གོ་འཕང་ལ། །ཐེག་པ་མཆོག་གིས་ངེས་པར་བགྲོད་པར་ཤོག །བཤོས་དང་ཞལ་ཟས་གསོལ་བ། །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །འབྲུ་དང་སྨན་དང་སྤོས་དང་སྙིང་པོ་དང་རིན་པོ་ཆེ་སྣ་ལྔ་དབུལ་བ། །བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བའི་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོ་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱིས་གུས་བཅས་པས། །སྔགས་གྲུབ་རྒྱལ་པོ་ཡུངས་ཀར་ཕུལ་བ་ལྟར། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེའི་གདན་ལ་མངོན་པར་སངས་རྒྱས་ཤོག །བཀྲ་ཤིས་ཤིང་ཞལ་དྲོ་ཞིང་བྱིན་ཕེབས་ཤིང་འཇིག་རྟེན་དུ་ཡུན་རིང་པོར་བཞུགས་སུ་གསོལ་བ། །བདེ་གཤེགས་ཀུན་བཟང་མཐོང་བས་བཀྲ་ཤིས་ལྟར། །རྒྱལ་སྲས་འཁོར་བཅས་དིང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེན་ནས། །བསྐལ་པ་མཐར་ཐུག་བར་དུ་བཞུགས་སུ་གསོལ། །སྤྱན་དབྱེ་བའི་སྨོན་ལམ་དུ་གསོལ་བ། །ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། ཆུ་གཙང་དང་། སུག་ཆ བ་དང་། འོ་མ་དང་། སྤོས་ཆུ་དང་། སྨན་ཆབ་ཀྱིས་སྐུ་ཁྲུས་གསོལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་དུག་གསུམ་གྱི་ཉོན་མོངས་པའི་དྲི་མ་དག་ནས་རྣམ་པར་དག་པའི་སྐུ་དང་ལྡན་པར་གྱུར་ཅིག །ཨརྒྷཾ་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དག་སྟེ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐོབ་པར་གྱུར་ཅིག །དྲི་ཆབ་ཀྱིས་སྐུ་ལ་གཏོར་ཏེ་བྱུགས་པས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་ཆུ་ཡིས་གཡེང་བའི་དྲི་མ་ཐམས་ཅད་རྣམ་པར་བསལ་ཏེ་བདེ་ཞིང་ཚིམ་པར་གྱུར་ཅིག །སྤོས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་རྣམ་པར་དག་སྟེ་ཡང་དག་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །མེ་ཏོག་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་གྱུར་ཅིག །མར་མེ་ཕུལ་བས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་པར་གྱུར་ཅིག །བཤོས་དང་ཞལ་ཟས་གསོལ་བས་སེམས་ཅན་ཐམས་ཅད་བཀྲེས་པའི་སྡུག་བསྔལ་བསལ་ནས་ཡིད་བཞིན་གྱི་ཟས་སྐོམ་དང་ལྡན་པར་གྱུར་ཅིག །འབྲུ་རྣམ་པ་ལྔ་ཕུལ་བས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ལོ་ཏོག་འཕེལ་ཞིང་དགེ་བའི་ལོ་ཏོག་དུས་ཀུན་རྒྱས་པར་གྱུར་ཅིག །སྤོས་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་སྟེ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །སྨན་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ནད་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་དང་བྲལ་ནས་ཐུགས་རྗེའི་སྨན་གྱིས་དུག་གསུམ་གྱི་ནད་ལས་ཐར་བར་གྱུར་ཅིག །རིན་པོ་ཆེ་ལྔ་གསོལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དགོས་དགུ་ཡིད་བཞིན་དུ་བསྐངས་ནས་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྙིང་པོ་ལྔ་གསོལ་བས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་དང་ལྡན་པར་གྱུར་ཅིག །རྒྱན་དང་ན་བཟའ་གསོལ་བས་སེམས་ཅན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ངོ་ཚ་མཁྱེན་པའི་ན་བཟའ་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་རྒྱན་དང་ལྡན་པར་གྱུར་ཅིག །བླ་བྲེ་དང་རྒྱལ་མཚན་དང་འཕན་དང་གདུགས་ལ་སོགས་པ་ཕུལ་བས་བདུད་བཞི་ལས་རྒྱལ་བའི་ཏིང་ངེ་འཛིན་དང་། གཟུངས་དང་ལྡན་ནས་ཐེག་པ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །ཡུངས་ཀར་གསོལ་བས་འཇིག་རྟེན་ཇི་སྲིད་གནས་པའི་བར་དུ་འཇིག་རྟེན་ན་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་ནས་མཆོད་པའི་རྟེན་དུ་གྱུར་ཅིག །བཀྲ་ཤིས་ཕུལ་བས་མི་དགེ་ཞིང་བཀྲ་མི་ཤིས་པ་ཐམས་ཅད་བསལ་ནས་བུ་གཅིག་པའི་མ་ལྟར་བྱམས་པ་ཆེན་པོ་རྒྱས་ནས་བཀྲ་ཤིས་བྱིན་ཆེ་བར་གྱུར་ཅིག །འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཤིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་བཅས་ཐམས་ཅད་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དང་བའི་ཡིད་ཀྱིས་མཆོད་རྟེན་འདི་བརྩིགས་པས། །དེས་ན་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུར་ཐོབ་ཤོག ༼ག༽ ༈ །ཤེས་རབ་མཆོག་གིས་བདག་མེད་ཐུགས་ཆུད་དེ། །ཡེ་ཤེས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་ཆོས་སྐུ་སྤྲོས་མེད་པ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དོན་དུ་དཀའ་བ་རྣམས་མཛད་དེ། །བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། ། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །སེམས་ཅན་དོན་དུ་བྱང་ཆུབ་ཐུགས་བསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླ་མེད་འབྲས་བུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་སྤྱོད་པའི་མཛད་པ་མཐར་ཕྱིན་ཅིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ཡོངས་བསྐོར་ནས། །མྱ་ངན་འདས་པའི་ཚུལ་ནི་རབ་བསྟན་པ། །སྐུ་གདུང་བཞག་པ་དག་ལ་ཕྱག་འཚལ་བསྟོད། །སྐུ་གདུང་ཕྲ་མོར་གསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པ་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བའི་རྟེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྔོན་གྱི་སྨོན་ལམ་ཆེན་པོའི་རྒྱུན་མངའ་བས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལ་བསྟན་པ། །རྒྱུ་ཡི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་སྟོབས་དང་མ་འདྲེས་ཆོས། །ཐུགས་རྗེ་ཆེན་པོ་ཚད་མེད་རབ་མངའ་བས། །འཁོར་ལོ་ཆར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །མི་འཇིགས་བསྲུང་བ་མེད་དང་བདུད་ལས་རྒྱལ། །ཚངས་པའི་དབྱངས་ལྡན་མངོན་པར་མཁྱེན་མངའ་བས། །རྡོ་རིང་ཐེམ་སྐས་རྒྱལ་མཚན་དྲིལ་བུ་ཏོག །ཆོས་སྐུའི་རྟེན་དུ་བཞག་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་གྲགས་པ་ཡེ་ཤེས་བཞི་ལ་སོགས། །ཡོན་ཏན་ངོ་མཚར་ནང་གི་ཚོགས་རྫོགས་ཤིང་། །གང་གིས་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བ། །བདག་ཉིད་ཆེན་པོ་དག་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རེག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད། ༼ཅ༽ །མཆོད་པ་དབུལ་བ། ༈ །ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། །བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེ་སྤྲུལ་པས་འཁོར་བའི་འདམ་སྐེམ་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །དྲི་མེད་བདུད་རྩི་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་གཤེགས་འབྱུང་བའི་རྒྱུ། །ཡེ་ཤེས་ཉི་མས་མ་རིག་མུན་འཇོམས་པ། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །བདེ་གཤེགས་རིན་ཆེན་པདྨོ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་བའི་སྐུ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་ན། །ཡེ་ཤེས་དཔག་ཡས་ཐུགས་རྗེས་འབྲེལ་བའི་སྐུ། །རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ། །ནུབ་ཕྱོགས་བདེ་ལྡན་པདྨའི་དཀྱིལ་འཁོར་ན། །ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཀྱི་དབྱིངས་ལ་མཆོད་པ་འབུལ། །བྱང་ཕྱོགས་བསམ་ཡས་ཡིད་བཞིན་དཀྱིལ་འཁོར་ན། །ཐབས་དང་ཤེས་རབ་གསལ་ཞིང་མཆོད་པའི་གདུང་། །ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱལ་སྒྲོན་ལ་མཆོད་པ་འབུལ། །ཤར་ཕྱོགས་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ན། །བྱམས་པས་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། །བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང་། །མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་འབུལ། །ཁྲི་འཕང་དང་པོ་དྲན་པ་ཉེར་བཞག་བཞི། །ལུས་སེམས་ཚོར་དང་ཆོས་རྣམས་རྗེས་སུ་དྲན། །སྤྱི་དང་རང་གི་མཚན་ཉིད་མངོན་རྟོགས་པ། །རིག་པའི་ཤེས་རབ་བསྐྱེད་ལ་མཆོད་པ་འབུལ། །ཁྲི་འཕང་གཉིས་པ་ཡང་དག་སྤོང་བ་བཞི། །སྡིག་པ་མི་སྐྱེད་མི་དགེའི་ཆོས་སྤོང་ཞིང་། །དགེ་བའི་ཆོས་སྐྱོང་ཚོགས་གཉིས་རྫོགས་མཛད་པ། །རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ། །ཁྲི་འཕང་གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །འདུན་དང་སེམས་དང་སྦྱོང་དང་བརྩོན་འགྲུས་རྣམས། །སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས། །ཐོགས་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ། །ཁྲི་འཕང་བཞི་པ་སྣང་བའི་དབང་པོ་ལྔ། །དད་བརྩོན་དྲན་དང་ཏིང་འཛིན་དབང་པོ་དང་། །ཤེས་རབ་དབང་པོ་ཆོས་ལ་དབང་སྒྱུར་བ། །འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ། །འགྱུར་མེད་བུམ་རྟེན་འདེགས་པའི་སྟོབས་ལྔ་སྟེ། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་གནོན། །མཐུ་དབང་མངོན་དུ་གྱུར་ལ་མཆོད་པ་འབུལ། །བུམ་པ་མངོན་འཕགས་བྱང་ཆུབ་ཡན་ལག་བདུན། །དྲན་དང་ཆོས་འབྱེད་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། །འགྲུབ་གྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། །ཁ་ཁྱེར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ལྟ་དང་རྟོགས་དང་དག་དང་ལས་ཀྱི་མཐའ། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། །འཕགས་པའི་ལམ་ནས་འཇུག་ལ་མཆོད་པ་འབུལ། །སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ། །ཐབས་དང་ཤེས་རབ་ཏིང་འཛིན་རྩལ་མཆོག་གིས། །དམ་ཆོས་བདུད་རྩི་འཛིན་པའི་མཆོག་གྱུར་པ། །ཤེས་རབ་དོན་ཀུན་རིག་ལ་མཆོད་པ་འབུལ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་བཞག་གསུམ། །ཤེས་རབ་སྤྱན་ལྡན་ཐབས་ཆེན་མངོན་གཟིགས་ཏེ། །ཤེས་བྱའི་བག་ཆགས་སྦྱངས་པས་ཐོགས་པ་མེད། །ཡེ་ཤེས་ཕུན་སུམ་ཚོགས་ལ་མཆོད་པ་འབུལ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །གདུལ་བྱའི་དུས་དང་སེམས་ཀྱི་རྒྱུད་མཁྱེན་ནས། །འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པ། །ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུང་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས། །རྫུ་འཕྲུལ་ཤུགས་ཀྱིས་ཕྱི་མཐར་འགྲོ་དོན་མཛད། །སྐྱེ་འགགས་མེད་པའི་དོན་གྱི་བློ་སྦྱངས་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། །རྣམ་གྲོལ་ཐར་ལམ་མཆོག་ཏུ་རབ་བརྩོན་པ། །ཟུང་བཞི་ཡ་བརྒྱད་རིག་པའི་སྐྱེས་བུའི་ཚོགས། །རྟེན་འབྲེལ་དོན་ཀུན་རིག་པའི་རང་སངས་རྒྱས། །འཕགས་པའི་དགེ་འདུན་ཚོགས་ལ་མཆོད་པ་འབུལ། །དགེ་བ་བཅུས་བསྐྱེད་སྐལ་ལྡན་སངས་རྒྱས་ཤིང་། །ཚངས་པའི་གནས་བཞིས་ངན་སོང་མཐར་སྤངས་ཤིང་། །རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྟར་དམིགས་པ་དག་པས་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་སྤོས་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིང་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་གྲོལ་བ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མས་མཚན་མོའི་སྐྱོན་སྤངས་ཏེ། །བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་རིང་བསྲེལ་མཆོད་འོས་བླ་མ་རྣམས། །སྤྱན་དྲངས་ཕྱག་བགྱིས་བསྟོད་དང་བཀུར་བའི་མཐུས། །སྔོན་བསགས་ལས་ཀྱི་སྒྲིབ་པ་ཀུན་བྱང་ནས། །འགྲོ་དྲུག་ཚོགས་རྫོགས་མངོན་པར་སངས་རྒྱས་ཤོག །འཕགས་པའི་མཆོད་རྟེན་ལ་མཆོད་ཡོན་ཨརྒྷ་གསོལ་བ། །མཆོད་རྟེན་སྐུའི་ཆ་ལུགས་ནི། །འོག་གི་རྨང་བཏིང་ཡེ་ཤེས་བཞི། །གྱེན་དུ་ཁྲི་འཕང་རྣམ་པ་གསུམ། །ཆགས་མེད་པདྨའི་གདན་སྟེངས་སུ། །བུམ་པ་ཟླུམ་པོ་ཆོས་ཀྱི་རྗེ། །གསེར་གྱི་བྲེ་ཕུལ་འོ་ཟེར་འཕྲོ། །སྲོག་ཤིང་དྲང་སྲོང་བླ་ན་མེད། །འཁོར་ལོ་བཅུ་གསུམ་ཡེ་ཤེས་བརྒྱད། །འབར་བ་རྡོ་རྗེ་ཡེ་ཤེས་ལྔ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གཱིའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །སྐུ་ཡི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། མཆོད་རྟེན་གསུང་གི་ཆ་ལུགས་ནི། །མན་ངག་སྔགས་ཀྱི་སྙིང་པོ་བརྗོད། །བཟླས་བརྗོད་གསུང་རབ་བཅུ་གཉིས་བརྗོད། །དོན་དམ་སྒྲ་སྐད་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གཱིའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །གསུང་གི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །མཆོད་རྟེན་ཐུགས་ཀྱི་མཚན་ཉིད་ནི། །དཔེ་མེད་བསམ་ཡས་ནམ་མཁའ་ཆེ། །ཏིང་འཛིན་ཡིན་པས་ཅིར་ཡང་གསལ། །ཡེ་ཤེས་ཡིན་པས་སྣ་ཚོགས་རྟོགས། །ཤེས་རབ་ཡིན་པས་མཁྱེན་པར་རྟོགས། །ཐམས་ཅད་མཁྱེན་པ་ལྷུན་གྱི་གྲུབ། །དོན་དམ་སེམས་རྟོགས་ཡུལ་ལས་འདས། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །ཐུགས་ཀྱི་མཆོད་རྟེན་ཐམས་ཅད་ལ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བླ་མེད་མཆོད་རྟེན་ཆ་ལུགས་ནི། །རིན་ཆེན་འབར་བའི་སྲིད་རྩེ་ན། །ཙིནྟཱ་མ་ཎི་ཡེ་ཤེས་བཞི། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །བླ་མེད་མཆོད་པའི་རྒྱན་བཤམས་ནས། །ཆུ་བོ་གང་གི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཡིད་ཀྱི་མཆོད་རྟེན་ཆ་ལུགས་ནི། །ནམ་མཁའི་དབྱིངས་དང་རྒྱ་མཚོའི་འཇིང་། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་སྤྱི། །སྣང་ཞིང་སྟོང་ལ་སྟོང་ཞིང་གསལ། །ཡིད་ཀྱི་མཆོད་རྟེན་ཐམས་ཅད་ལ། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བཀྲ་ཤིས་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །རང་བཞིན་མཆོད་རྟེན་ཡེ་ཤེས་སྐུ། །ཐུགས་རྗེའི་བྱིན་རླབས་རྨད་པོ་ཆེ། །མཚན་མའི་སྡུག་བསྔལ་ཡོངས་བསལ་བས། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །རང་བཞིན་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །སྤྲུལ་པའི་མཆོད་རྟེན་ཏིང་འཛིན་སྐུ། །བྱམས་ཤིང་སྙོམས་པ་ཀུན་གྱི་མགོན། །ཐུགས་རྗེ་ཆེན་པོ་སྐྱོ་དུབ་མེད། །ནུབ་བྱང་རྒྱལ་པོ་མི་ནད་སའོ། །དཔལ་ཚོགས་བཀྲ་ཤིས་གཞལ་ཡས་འདིར། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །སྤྲུལ་པའི་མཆོད་རྟེན་ཐམས་ཅད་ལ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །གཟུགས་བརྙན་མཆོད་རྟེན་ཤེས་རབ་སྐུ། །བདུད་ཀྱི་སྡེ་དང་གཤིན་རྗེའི་འཁོར། །སྲིན་པོའི་ཚོགས་དང་ལྷ་མ་ཡིན། །གནོད་སྦྱིན་མ་རུངས་ཐམས་ཅད་ཀྱི། །གཟི་བྱིན་མདངས་སྟོབས་འཇོམས་མཛད་ཅིང་། །གནོད་སྦྱིན་མང་པོའི་རྒྱུ་སྲང་གཅོད། །གཟུགས་བརྙན་མཆོད་རྟེན་བཞུགས་དགུ་ལ། །བཀྲ་ཤིས་དཔལ་ཚོགས་གཞལ་ཡས་འདིར། །ཆུ་བོ་གང་གཱའི་རྒྱུན་བཞིན་དུ། །ཨརྒྷའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །འཕགས་པའི་མཆོད་རྟེན་ལ་བསྟོད་པ། །རང་བྱུང་འདྲེན་པ་དཔའ་བོ་ལྷ་ཡི་ལྷ། །བཅོམ་ལྡན་ཤཱཀ་ཐུབ་སྐུ་གདུང་རིང་བསྲེལ་སྣོད། །འཇིག་རྟེན་གསུམ་གྱིས་མཆོད་གནས་མཆོག་བཞུགས་པ། །བང་རིམ་རི་རབ་ལྟ་བུའི་ཁྲི་འཕང་ལ། །བུམ་རྟེན་པདྨ་བུམ་བཟང་སྙིང་པོ་ནི། །ཚོགས་གཉིས་རྫོགས་པའི་འབྲས་བུ་ཡིད་བཞིན་སྐུ། །ཕྱག་འཚལ་བསྟོད་པས་བརྒྱ་བྱིན་ལུས་ངག་ཅིང་། །མཐར་གྱིས་ཆོས་ཀྱི་རྒྱལ་པོའི་སྐུ་ཐོབ་པ། །ཡོན་ཏན་ཚོགས་ཀྱི་སྐུ་གདུང་མཐུ་ཆེན་བཞུགས། །བུམ་པ་དབྱིབས་ལེགས་སྲོག་ཤིང་དྲང་བརྟན་ལ། །འཁོར་ལོ་གདུགས་ཕྲེང་རིམ་པས་འགེབས་པའི་སྟེང་། །འོད་སྟོང་ཉི་དབྱིབས་ཆར་ཁེབས་གདུགས་བྲེས་ཏེ། །ཟླ་བ་དྲིལ་བུ་ཅོད་པན་འཇིག་རྟེན་སྐྱོད། །ཕྲེང་བ་ཐེམ་སྐས་རྒྱལ་མཚན་བ་དན་རྒྱན། །བརྒྱན་ལ་རྒྱན་བཀྲོད་འཇིག་རྟེན་ཀུན་གྱི་རྒྱན། །ཆོས་བཟང་རྣམ་སྣང་རྣམ་པ་ཐམས་ཅད་ཞལ། །གཟུངས་ཀྱི་ཁྱད་པར་ལྟ་བས་མི་ངོམ་མཆོད། །ཡེ་ཤེས་ཚོགས་རྫོགས་ཆོས་ཀྱི་སྐུ་ལགས་ཏེ། །རྣམ་རྟོག་བྲལ་བས་ཡོན་ཏན་ཀུན་གྱི་གཞི། །དྲན་པ་ཉེར་བཞག་རྨང་གི་ཁྲི་འཕང་བརྟན། །བརྩོན་འགྲུས་ཡང་དག་ཁྲི་འཕང་གཉིས་པ་ལེགས། །རྫུ་འཕྲུལ་རྐང་བཞི་ཁྲི་འཕང་གསུམ་པ་དགེ །དབང་པོ་ལྔ་ཡི་ཁྲི་འཕང་བཞི་པ་བཟང་། །བུམ་པ་བྱང་ཆུབ་ཡན་ལག་བུམ་རྟེན་སྟོབས། །བྲི་ལེགས་འཕགས་པའི་ལམ་གྱི་ཡན་ལག་བརྒྱན། །སྲོག་ཤིང་ཤེས་བཅུ་སྟོབས་བཅུ་གདུགས་ཕྲེང་བཅུ། །གདུག་ཕྲེང་མ་འདྲེས་དྲན་པ་ཉེར་བཞག་གསུམ། །ཐུགས་རྗེ་འཕགས་པའི་ཆོས་ཀྱི་ཆར་ཁེབས་ལྡིང་། །བླ་མེད་གོ་འཕང་གདུགས་ཀྱི་གནམ་འཕང་མཐོ། །འཇིག་རྟེན་མུན་སེལ་ཡེ་ཤེས་ཟླ་བ་གསལ། །ཚངས་པའི་གསུང་གི་དྲིལ་བུའི་སྒྲ་སྙན་འཁྲོལ། །རྫོགས་པའི་བྱང་ཆུབ་དར་གྱི་ཅོད་པན་འཕུར། །བདེན་བཞིའི་ཕན་འདོགས་འཇིག་རྟེན་སྐྱོང་བཞི་བཙུན། །ཚུལ་ཁྲིམས་ཕུང་པོ་མེ་ཏོག་ཕྲེང་བ་བཟང་། །སྐྱོན་བྲལ་བསྲུང་བའི་ངོས་ཀྱི་ཐེམ་སྐས་མཛེས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བ་དན་དཔྲལ། །བདུད་བཞི་འཇོམས་པའི་ཆུ་སྲིན་རྒྱལ་མཚན་གྲགས། །མི་འཇིགས་བཞི་ཡི་རྡོ་རིང་སེང་གེ་བརྗིད། །འདི་འདྲའི་དམ་ཆོས་ངོ་མཚར་རྨད་ཀྱི་ཆོས། །ཐབས་མཁས་ཐུགས་རྗེས་མཆོད་རྟེན་ཚུལ་དུ་སྤྲུལ། །ནམ་མཁའི་ཁམས་ལ་ཚོན་བཀྱེ་ཇི་བཞིན་དུ། །ཡོན་ཏན་ཁྱད་པར་ཁ་དོག་དབྱིབས་སུ་བསྒྱུར། །དཔལ་གནས་རིན་ཆེན་འབྱུང་གནས་ཆེན་པོ་པ། །དུས་གསུམ་རྒྱལ་བའི་མཆོད་རྟེན་སྐུ་གདུང་ཚུལ། །དཔལ་འབྱུང་ཀ་ནིཥྐ་དང་རབ་བྱུང་ཚུལ། །བསོད་ནམས་ཕུང་པོས་ཡུལ་ཁམས་བྱིན་ཆགས་ཤིང་། །སངས་རྒྱས་སྤྲུལ་པ་ཕྲིན་ལས་རྫོགས་པར་མཛད། །ས་བཅུའི་རྒྱལ་ཚབ་བྱམས་པའི་གཙུག་གི་རྒྱན། །དཀོན་མཆོག་གསུམ་གྱི་བདག་ཉིད་ཆེན་པོ་ལ། །རི་ལུང་ནགས་ཚལ་ཆུ་ཀླུང་མཁར་གནས་པའི། །ལྷ་ཚོགས་དད་པས་གནམ་ས་ཀུན་ནས་དཀྲིགས། །སྡོམ་བརྩོན་རྒྱལ་སྲས་འཁོར་བཞི་ཁྱིམ་བདག་དང་། །དབུས་མཐའི་རྒྱལ་ཁམས་མི་ཚོགས་ཀུན་འདུས་ནས། །མེ་ཏོག་ཕྲེང་བས་སྤེལ་ལེགས་མཛེས་པ་དང་། ཙན་དན་དྲི་བཤོས་མར་མེ་རོལ་མོར་བཅས། །བཀྲ་ཤིས་གླུ་དབྱངས་བསྟོད་པའི་རྣམ་པ་དང་། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་བརྒྱན། །ལུས་ངག་ཡིད་གསུམ་དང་བས་མཆོད་པར་བགྱི། །རྒྱལ་པོ་ཆེན་པོ་བཞི་ལ་མཆོད་ཅིང་བསྟོད་པ། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ཀུ་བེ་ར། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །གཞན་གྱི་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་གཡུལ་ཡང་ཟློག་པར་བྱེད། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད་ཆེན་པོ་དམ་ཚིག་ཅན་སངས་རྒྱ྄ས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བསྟེན་པ། བསྟན་པ་སྲུང་བ། ལྷ་དང་མིའི་མགོན་མཛད་པ། བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས་གཡོག་དང་བཅས། འཁོར་དང་བཅས་པ་རྟག་ཏུ་དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དམ་པའི་ཆོས་སྤེལ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་རྣམ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་དང་། ཡུལ་དང་། ཡུལ་ཕྱོགས་དང་། གྲོང་དང་། གྲོང་ཁྱེར་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། སྐྱེ་དགུའི་ཚོགས་ཐམས་ཅད་བསྲུངས་བར་མཛད་དུ་གསོལ། སྦ་བ་དང་། ཡོངས་སུ་བསྐྱབས་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་དང་། ས་བཅིང་བར་མཛད་དུ་གསོལ། །ལོ་བརྒྱ་དག་ཏུ་འཚོ་བར་ཤོག །སྟོན་བརྒྱ་དག་ནི་མཐོང་བར་ཤོག །ཕྱོགས་སྐྱོང་བ་བཅུ་ལ་བསྟོད་ཅིང་མཆོད་པ། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་བཞེས་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བརྣབ་སེམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་ཐོགས་པའི་ལྷ། །མ་མའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །སྣ་ཚོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་སྲུང་བ་གདོན་གྱི་བདག །ནུབ་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིགས་སྲུང་གདོན་གྱི་བདག་པོ་སྟེ། །རླུང་མཚམས་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་བེ་ཅོན་ཐོགས། །ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་བདག་པོ་གདོན་གྱི་བདག །དབང་ལྡན་གདོན་གྱི་ཚོགས་བཅས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འོག་གི་ཀླུ་དང་ས་ཡི་ལྷ། །ས་འཛིན་དང་ནི་ལག་ཆེན་དང་། །དམ་ཚིག་ཤེས་པའི་ལྷ་རྣམས་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཚོགས་ཐམས་ཅད་དང་། །ཟླ་བ་ཉི་མ་གཟའ་ཆེན་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །ཕྱོགས་སྐྱོང་བཅུ་པོ་བདག་ཉིད་ཆེན་པོ་དམ་ཚིག་ཅན། སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བསྟེན་པ། ལྷ་དང་མིའི་མགོན་མཛད་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། སྡེ་དཔོན་དང་བཅས་པ། མངག་པ་དང་བཅས་པ། ཕོ་ཉ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ། རྟག་ཏུ་དཀོན་མཆོག་གསུམ་གྱི་ཞབས་འབྲེང་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་པ་དང་། དམ་པའི་ཆོས་སྤེལ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་མ་ལ་སོགས་པའི་འཁོར་རྣམ་པ་བཞི་དང་། རྒྱལ་པོ་དང་། བློན་པོ་དང་། རིགས་བཞི་དང་། ཡུལ་དང་ཡུལ་ཕྱོགས་དང་། གྲོང་དང་གྲོང་ཁྱེར་དང་། གཙུག་ལག་ཁང་དང་། མཆོད་རྟེན་དང་། སྐྱེ་དགུའི་ཚོགས་ཐམས་ཅད་བསྲུང་བར་མཛད་དུ་གསོལ། སྦ་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱོང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤངས་པ་དང་། མཚོན་ཆ་སྤངས་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་དང་། ས་བཅིངས་བར་མཛད་དུ་གསོལ། །ལོ་བརྒྱ་དག་ཏུ་འཚོ་བར་ཤོག །སྟོན་བརྒྱ་དག་ནི་མཐོང་བར་ཤོག །ལྷ་ཀླུ་སྡེ་བརྒྱད་དང་འབྱུང་པོའི་ཚོགས་དམ་ཚིག་ཅན་ཐམས་ཅད་ལ་མཆོད་ཡོན་ཨརྒྷས་གསོལ་བ། འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་འཕྱེ་དང་། །རིགས་ནས་རིགས་ཀྱི་གཙོ་མཛད་པ། །མཆོད་འོས་གྱུར་པ་ཐམས་ཅད་ལ། །རིམ་གྲོ་གུས་པ་མཆོག་བསྐྱེད་ནས། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །མི་དང་མི་མིན་འབྱུང་པོའི་ཚོགས། །ས་ཆུ་བར་སྣང་གནས་བཅས་བའི། །བྱམས་སེམས་ལྡན་པ་ཐམས་ཅད་ལ། །མཆོད་པ་འབུལ་ཞིང་ཕྱག་ཀྱང་འཚལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག ༈ །སྡིག་པ་བཤགས་པ། །ཁམས་གསུམ་འགྲོ་ལྔ་སྐྱེ་གནས་བཞི། །འཁོར་བའི་རྒྱུད་དུ་གཏོགས་ཀུན་དང་། །རིགས་མཐུན་སྐྱེས་པ་བདག་ཅག་གིས། །དུག་གསུམ་དབང་གིས་སྒོ་གསུམ་ནས། །ལས་དང་ཉོན་མོངས་སྐྱེ་བའི་རྒྱུ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་དང་ལོག་པ་བཞི། །སྒྲིབ་པ་རྣམས་དང་ཀུན་སྦྱོར་དང་། །དེ་ཡི་རྒྱུ་དང་འབྲས་བུ་དང་། །ཡུན་རིང་འཁོར་ཞིང་མི་ཁོམས་བརྒྱད། །མཐོ་རིས་ཐར་བའི་ལམ་འགོགས་ཅིང་། །བདག་དང་གཞན་ལ་ཡོངས་གདུང་པའི། །ཁ་ན་མ་ཐོ་ཅི་བགྱིས་པ། །ཆོས་དབྱིངས་ཕྱོགས་བཅུ་དུས་གསུམ་དང་། །རིགས་རྣམས་ཀུན་ལ་རབ་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ལ། །མ་ལུས་བཤགས་ཤིང་བསྡོམ་པར་བགྱི། །རྗེས་སུ་ཡི་རང་བ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །རང་རྒྱལ་ཉན་ཐོས་ཐམས་ཅད་དང་། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཀྱི། །རྒྱུ་དང་འབྲས་བུ་ཐམས་ཅད་དང་། །སྐྱོན་རྣམས་སྤངས་ཤིང་ཡོན་ཏན་ཐོབ། །ཆགས་བྲལ་མཉམ་བཞག་པ་དང་ནི། །དེ་ཡི་འབྲས་བུའི་ཁྱད་པར་དང་། །དགེ་བའི་བཤེས་དང་དམ་ཆོས་འཛིན། །བྱང་ཆུབ་སེམས་མཆོག་བསྐྱེད་བྱེད་ཅིང་། །བདག་གཞན་སྨིན་པར་བྱེད་པ་དང་། །བླ་མེད་གོ་འཕང་མཆོག་ཐོབ་པ། །དེ་དག་ཀུན་ལ་ཡི་རང་ཞིང་། །བསམ་དང་སྦྱོར་བ་དག་པ་ཡིས། །འགྲོ་བ་ཀུན་ལ་བདེ་སླད་དུ། །འཁོར་གསུམ་དག་པའི་ཚུལ་གྱིས་བསྒྲུབ། །སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། །ཕྱོགས་བཅུའི་འཇིག་རྟེན་སྣང་མཛད་པ། །བདེ་གཤེགས་སངས་རྒྱས་བཅོམ་ལྡན་འདས། །རིགས་འཁྲུངས་ལུང་བསྟན་དབང་བསྐུར་བ། །བྱང་ཆུབ་རིམ་པར་སངས་རྒྱས་པ། །དམ་ཆོས་བཙུན་པར་མཛད་པ་དང་། གདུལ་བྱའི་དོན་ལ་གཞེས་པ་དང་། །རྒྱ་ཆེ་ཟབ་པ་རྟོགས་དཀའ་བས། །བསྐུལ་བའི་དོན་ལ་གཞེས་རྣམས་ལ། །ཆོས་ཀྱི་སྣང་བ་རྒྱས་པ་དང་། །འགྲོ་བ་ཀུན་ལ་བདེ་བ་དང་། །རྒྱ་ཆེན་ཟབ་པ་བསྟན་པ་དང་། །སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །ཚངས་པ་འདྲ་བར་ཚུལ་བསྒྱུར་ཏེ། །རིམ་གྲོ་གུས་པ་མཆོག་སྐྱེད་ཅིང་། །ཐལ་མོ་སྦྱར་བར་བཏུད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན། །བདེ་གཤེགས་བདུད་བཞི་ངེས་བཅོམ་ཤིང་། །རྫོགས་སངས་རྒྱས་ནས་འཁོར་ལོ་བསྐོར། །འགྲོ་དོན་སངས་རྒྱས་མཛད་པ་མཛད། །འགྲོ་བ་གཞན་རྣམས་གདུལ་བ་དང་། །འདུ་བྱེད་མི་རྟག་བསྟན་པ་དང་། །གདུལ་བྱ་བརྩོན་པ་བསྐྱེད་སླད་དུ། །མྱ་ངན་འདའ་སྟོན་བཞེད་རྣམས་ལ། །ཐལ་མོ་སྦྱར་བར་རབ་བཏུད་དེ། །འགྲོ་བ་ཀུན་ལ་ཕན་པ་དང་། །བདེ་བར་བསྐྱེད་པར་བྱ་བ་དང་། །ཆོས་ཚུལ་ཡུན་རིང་སྤེལ་བའི་ཕྱིར། །ཆོས་དབྱིངས་བརྟན་པའི་ལུགས་བཞིན་དུ། །མྱ་ངན་མི་འདའ་གཡུང་དྲུང་སྐུ། །སྟུག་པོ་བཀོད་པའི་བདག་ཉིད་རྣམས། །བསྐལ་པའི་མཐར་ཡང་བཞུགས་པར་གསོལ། །བླ་ན་མེད་པ འི་བྱང་ཆུབ་ཏུ་སེམས་བསྐྱེད་པ། །རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དབང་གྱུར་སྤྱན་གྱུར་ཚད་མར་གྱུར། །འགྲོ་དོན་མཛད་པར་དབང་གྱུར་པ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་པའི་སྔོན་རོལ་ནས། །སེམས་ཅན་དོན་དུ་བྱང་ཆུབ་ཐུགས་བསྐྱེད་དེ། །སྤྱོད་པས་གཞན་གྱི་དོན་ལ་རབ་བརྩོན་པ། །བླ་མེད་འབྲས་བུ་བརྙེས་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་སྐྱོད་པས་མཛད་པ་མཐར་ཕྱིན་ཅིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་ཡོངས་བསྐོར་ནས། །མྱ་ངན་འདས་པའི་ཚུལ་ནི་རབ་བསྟན་པ། །སྐུ་གདུང་བཞག་པ་དག་ལ་ཕྱག་འཚལ་བསྟོད། །སྐུ་གདུང་ཕྲ་མོར་གསིལ་བའི་རིང་བསྲེལ་སྣོད། །རྒྱུ་དང་འབྲས་བུར་བཅས་པ་ཆོས་ཀྱི་ཚུལ། །སེམས་ཅན་རྣམས་ཀྱིས་མཆོད་པར་བྱ་བའི་རྟེན། །གཟུགས་བརྙན་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྔོན་གྱི་སྨོན་ལམ་ཆེན་པོའི་རྒྱུན་མངའ་བས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཏེ། །བང་རིམ་བུམ་པ་སྲོག་ཤིང་ཚུལ་བསྟན་པ། །རྒྱུ་ཡི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་སྟོབས་དང་མ་འདྲེས་ཆོས། །ཐུགས་རྗེ་ཆེན་པོ་ཚད་མེད་རབ་མངའ་བས། །འཁོར་ལོ་ཆར་ཁེབས་ལྟ་བུའི་ཚུལ་བསྟན་པ། །འབྲས་བུའི་ཆོས་སུ་བཞག་ལ་ཕྱག་འཚལ་བསྟོད། །མི་འཇིགས་བསྲུང་བ་མེད་དང་བདུད་ལས་རྒྱལ། །ཚངས་པའི་དབྱངས་ལྡན་མངོན་པར་མཁྱེན་མངའ་བས། །རྡོ་རིང་ཐེམ་སྐས་རྒྱལ་མཚན་དྲིལ་བུ་ཏོག །ཆོས་སྐུའི་རྟེན་དུ་བཞག་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་གྲགས་པ་ཡེ་ཤེས་བཞི་ལ་སོགས། །ཡོན་ཏན་ངོ་མཚར་ནང་གི་ཚོགས་རྫོགས་ཤིང་། །གང་གིས་ཆོས་ཀྱི་རྒྱལ་པོར་མཚན་གསོལ་བ། །བདག་ཉིད་ཆེན་པོ་དག་ལ་ཕྱག་འཚལ་བསྟོད། །རང་བཞིན་རྣམ་དག་ཆོས་དབྱིངས་དེ་བཞིན་ཉིད། །སྤྲོས་པའི་དྲི་མས་མ་གོས་དཀར་བ་ལ། །རིན་ཆེན་སྤྲས་པས་མཚན་མཆོག་རྫོགས་པའི་སྐུ། །འགྲོ་དོན་ལེགས་པར་མཛད་ལ་ཕྱག་འཚལ་བསྟོད། །རང་བཞིན་སྐུ་གདུང་དབྱིབས་བཅས་ཆོས་སྐུ་དག །གང་གིས་མཐོང་ཐོས་དྲན་ནམ་རིག་ཀྱང་རུང་། །མཐོ་རིས་དཔལ་དང་ཐར་མཆོག་བདེ་ཐོབ་པ། །ཡོན་ཏན་རྨད་རྫོགས་མངའ་ལ་ཕྱག་འཚལ་བསྟོད། ༼ཙ༽ མཆོད་པ་འབུལ་བ། ཡེ་ཤེས་ཚོགས་རྫོགས་སྐུ་གསུམ་ལྷུན་གྱིས་གྲུབ། བཞི་བཅོམ་དྲུག་ལྡན་མི་གནས་མྱ་ངན་འདས། །ཐུགས་རྗེ་སྤྲུལ་པས་འཁོར་བའི་འདམ་སྐེམ་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་མཆོད་པ་འབུལ། །དྲི་མེད་བདུད་རྩི་འཁོར་བའི་ནད་རྣམས་འཇོམས། །དོན་དམ་དམིགས་མེད་བདེ་གཤེགས་འབྱུང་བའི་རྒྱུ། །ཡེ་ཤེས་ཉི་མས་མ་རིག་མུན་འཇོམས་པ། །འཕགས་པའི་ལམ་གྱུར་ཆོས་ལ་མཆོད་པ་འབུལ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཚུལ། །བདེ་གཤེགས་རིན་ཆེན་པདྨོ་ལས་ཀྱི་རྟགས། །རིན་ཆེན་བཞི་ལས་མངོན་དུ་གྱུར་པའི་སྐུ། །རིགས་བཞིའི་མཆོད་རྟེན་རྣམས་ལ་མཆོད་པ་འབུལ། །ལྷོ་ཕྱོགས་འཛམ་གླིང་རིན་ཆེན་དཀྱིལ་འཁོར་ན། །ཡེ་ཤེས་དཔག་ཡས་ཐུགས་རྗེས་འབྲེལ་བའི་སྐུ། །རང་བྱུང་སྤྲུལ་པའི་མཆོད་རྟེན་ཆེན་པོ་དང་། །ཡིད་བཞིན་ལྷུན་གྱིས་གྲུབ་ལ་མཆོད་པ་འབུལ། །ནུབ་ཕྱོགས་བདེ་ལྡན་པདྨའི་དཀྱིལ་འཁོར་ན། །ཐབས་ཀྱི་བྱེ་བྲག་རིང་བསྲེལ་སྐུར་བསྟན་པ། །དཔེ་མེད་བསམ་ལས་འདས་པའི་མཆོད་རྟེན་དང་། །རྨད་གྲགས་ཆོས་ཀྱི་དབྱིངས་ལ་མཆོད་པ་འབུལ། །བྱང་ཕྱོགས་བསམ་ཡས་ཡིད་བཞིན་དཀྱིལ་འཁོར་ན། །ཐབས་དང་ཤེས་རབ་གསལ་ཞིང་མཆོད་པའི་གདུང་། །ཡོན་ཏན་རིན་ཆེན་བརྩེགས་པའི་མཆོད་རྟེན་དང་། །ཁམས་གསུམ་བདེ་རྒྱས་སྒྲོན་ལ་མཆོད་པ་འབུལ། །ཤར་ཕྱོགས་ལུས་འཕགས་ཡེ་ཤེས་དཀྱིལ་འཁོར་ན། །བྱམས་པས་འཁོར་བ་འདྲེན་མཛད་རིང་བསྲེལ་སྐུ། །བྱམས་ལྡན་བསོད་ནམས་གཏེར་གྱི་མཆོད་རྟེན་དང་། །མཐར་ལེགས་གཡུང་དྲུང་རྫོགས་ལ་མཆོད་པ་འབུལ། །ཁྲི་འཕང་དང་པོ་དྲན་པ་ཉེར་བཞག་བཞི། །ལུས་སེམས་ཚོར་དང་ཆོས་རྣམས་རྗེས་སུ་དྲན། །སྤྱི་དང་རང་གི་མཚན་ཉིད་མངོན་རྟོགས་པ། །རིག་པའི་ཤེས་རབ་བསྐྱེད་ལ་མཆོད་པ་འབུལ། །ཁྲི་འཕང་གཉིས་པ་ཡང་དག་སྤོང་བ་བཞི། །སྡིག་པ་མི་སྐྱེད་མི་དགེའི་ཆོས་སྤོང་ཞིང་། །དགེ་བའི་ཆོས་སྐྱེད་ཚོགས་གཉིས་རྫོགས་མཛད་པ། །རྟོག་པའི་བག་ཆགས་བྲལ་ལ་མཆོད་པ་འབུལ། །ཁྲི་འཕང་གསུམ་པ་རྫུ་འཕྲུལ་རྐང་པ་བཞི། །འདུན་དང་སེམས་དང་དཔྱོད་དང་བརྩོན་འགྲུས་རྣམས། །སྤོང་བའི་འདུ་བྱེད་ལྡན་པའི་རྫུ་འཕྲུལ་གྱིས། །ཐོག་མེད་འགྲོ་དོན་མཛད་ལ་མཆོད་པ་འབུལ། །ཁྲི་འཕང་བཞི་པ་སྣང་བའི་དབང་པོ་ལྔ། །དད་བརྩོན་དྲན་དང་ཏིང་འཛིན་དབང་པོ་དང་། །ཤེས་རབ་དབང་པོ་ཆོས་ལ་དབང་སྒྱུར་བ། །འདོད་དགུ་དགེ་རྩ་སྤྱོད་ལ་མཆོད་པ་འབུལ། །འགྱུར་མེད་བུམ་སྟན་འདེགས་པའི་སྟོབས་ལྔ་སྟེ། །དད་དང་བརྩོན་འགྲུས་དྲན་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ཀྱིས་ཉོན་མོངས་ཟིལ་གྱིས་གནོན། །མཐུ་དབང་མངོན་དུ་གྱུར་ལ་མཆོད་པ་འབུལ། །བུམ་པ་མངོན་འཕགས་བྱང་ཆུབ་ཡན་ལག་བདུན། །དྲན་དང་ཆོས་འབྱེད་བརྩོན་འགྲུས་དགའ་བ་དང་། །ཤིན་ཏུ་སྦྱངས་དང་ཏིང་འཛིན་བཏང་སྙོམས་ཀྱིས། །འགྲུབ་གྱུར་ཐོགས་པ་མེད་ལ་མཆོད་པ་འབུལ། །ཁ་ཁྱེར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད། །ལྟ་དང་རྟོགས་དང་ངག་དང་ལམ་གྱི་མཐའ། །འཚོ་དང་རྩོལ་དང་དྲན་དང་ཏིང་འཛིན་གྱིས། །འཕགས་པའི་ལམ་ནས་འཇུག་ལ་མཆོད་པ་འབུལ། །སྲོག་ཤིང་མཁྱེན་པ་བཅུ་ཡི་བདག་ཉིད་དེ། །ཐབས་དང་ཤེས་རབ་ཏིང་འཛིན་རྩལ་མཆོག་གིས། །དམ་ཆོས་བདུད་རྩི་འཇིན་པའི་མཆོག་གྱུར་པ། །ཤེས་རབ་དོན་ཀུན་རིག་ལ་མཆོད་པ་འབུལ། །འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་བཞག་དང་། །ཤེས་རབ་སྤྱན་ལྡན་ཐབས་ཆེན་མངོན་གཟིགས་ཏེ། །ཤེས་བྱའི་བག་ཆགས་སྦྱངས་པས་ཐོག་པ་མེད། །ཡེ་ཤེས་ཕུན་སུམ་ཚོགས་ལ་མཆོད་པ་འབུལ། །ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ། །གདུལ་བྱའི་དུས་དང་སེམས་ཀྱི་རྒྱུད་མཁྱེན་ནས། །འཇིག་རྟེན་རྣམས་ལ་ཕན་འདོགས་རབ་བརྩོན་པ། །ཕྱི་མཐར་ཡུན་རིང་བཞུགས་ལ་མཆོད་པ་འབུལ། །དད་བརྩོན་ཤུགས་ཀྱིས་ལུས་ངག་སེམས་བཏུད་དེ། །བརྩོན་འགྲུས་དྲག་པོས་རིན་ཆེན་སྣ་ལྔ་དང་། །འབྱུང་བ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། །སྐུ་གདུངས་རིང་བསྲེལ་རྣམས་ལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ལས་སྤྲུལ་པའི་རྒྱལ་བའི་སྲས། །རྫུ་འཕྲུལ་ཤུགས་ཀྱིས་ཕྱི་མཐར་འགྲོ་དོན་མཛད། །སྐྱེ་འགགས་མེད་པའི་དོན་གྱི་བློ་སྦྱངས་པ། །བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་འབུལ། །རྣམ་གྲོལ་ཐར་ལམ་མཆོག་ཏུ་རབ་བརྩོན་པ། །ཟུང་བཞི་ཡ་བརྒྱད་རིག་པའི་སྐྱེས་བུའི་ཚོགས། །རྟེན་འབྲེལ་དོན་ཀུན་རིག་པའི་རང་སངས་རྒྱས། །འཕགས་པའི་དགེ་འདུན་ཚོགས་ལ་མཆོད་པ་འབུལ། །དགེ་བ་བཅུས་བསྐྱེད་སྐལ་ལྡན་སངས་རྒྱས་ཤིང་། །ཚངས་པའི་གནས་བཞིས་ངན་སོང་མཐའ་སྤངས་ཤིང་། །རྫུ་འཕྲུལ་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་སྲུང་མའི་ཚོགས་ལ་མཆོད་པ་འབུལ། །རྡོ་རིང་ཐེམ་སྐས་ཆུ་སྲིན་རྒྱལ་མཚན་དང་། །གདུགས་དང་བ་དན་དར་གྱི་ཅོད་པན་དང་། །པདྨ་ཉི་ཟླ་སིལ་སྙན་ལྷ་རྫས་ཀྱིས། །ཚངས་པའི་དབྱངས་ལྟར་དམིགས་པ་དག་པས་མཆོད། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས་བསྒྱུར་བ། །ཡོན་ཆབ་བདུག་སྤོས་མར་མེ་དྲི་ཆབ་དང་། །མེ་ཏོག་དམ་པ་བཤོས་གཙང་མཉེས་པའི་མཆོག །མཆོད་ཡོན་རྣམ་ལྔའི་ཚོགས་ཀྱིས་མཉེས་པར་བགྱི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་གྲུབ་པའི་རྫས། །ཀུན་བཟང་རྣམ་དག་མཆོད་པའི་སྤྲིན་ཕུང་གིས། །ནམ་མཁའ་གང་བར་དམིགས་ཏེ་མཆོད་པར་བགྱི། །སྲིད་གསུམ་འཁོར་བའི་འདམ་ལས་གྲོལ་བ་དང་། །འགྲོ་དོན་མཛད་པའི་ཐུགས་དམ་བསྐང་སླད་དུ། །ཡེ་ཤེས་ཉི་མས་མཚན་མའི་སྐྱོན་སྤངས་ཏེ། བྱམས་པའི་ཐུགས་རྗེས་མཆོད་པ་བཞེས་སུ་གསོལ། །རྒྱལ་བའི་རིང་བསྲེལ་མཆོད་འོས་འབུལ་ལགས་ན། །མཆོད་པའི་སྤྲིན་གྱིས་ཁྱབ་གྱུར་ནས། །བསོད་ནམས་གཏེར་ཆེན་ཐོབ་པར་ཤོག །རྒྱན་དང་ན་བཟའ་དབུལ་བ་ན། །བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་དང་། །རིན་ཆེན་འོད་ཆགས་འབར་བས་སྐུ་བརྒྱན་ཞིང་། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །འཇིག་རྟེན་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །རིན་ཆེན་ཕྲེང་བ་སེ་མོ་དོ་ཤལ་དང་། །རྒྱན་གྱི་དམ་པ་ཁྱད་པར་མཆོག་ཕུལ་བས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །བླ་བྲེ་དང་འཕན་གདུག་དང་རྒྱལ་མཚན་དང་རོལ་མོ་ལ་སོགས་དབུལ་བ། །ཐེག་མཆོག་བླ་བྲེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །ལྷ་དང་མི་ཡི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པས། །བླ་བྲེ་འཕན་གདུགས་རྒྱལ་མཚན་རོལ་མོ་བརྗིད། །བདུག་སྤོས་དྲི་ཞིམ་སིལ་སྙན་སྤྲིན་ཚོགས་མཛེས། །བདག་དང་འགྲོ་བའི་དོན་དུ་འདི་ཕུལ་བས། །དབང་མཆོག་དམ་པ་དུས་འདིར་ཐོབ་གྱུར་ཏེ། །གནོད་པའི་དགྲ་བཅོམ་བླ་མེད་གོ་འཕང་ལ། །ཐེག་པ་མཆོག་གིས་ངེས་པར་བགྲོད་པར་ཤོག། །བཤོས་དང་ཞལ་ཟས་གསོལ་བ། །རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །འབྲུ་དང་སྨན་དང་སྤོས་དང་སྙིང་པོ་དང་རིན་པོ་ཆེ་སྣ་ལྔ་དབུལ་བ། བདེ་གཤེགས་མགོན་པོ་དཔག་བསམ་འཁོར་དང་བཅས། །བསོད་ནམས་ཡེ་ཤེས་སྐུ་ལྔ་མཐར་ཕྱིན་པ། །ཆོས་ཀྱི་ལོངས་སྤྱོད་བཀུར་སྟིའི་ཚུལ་ཙམ་དུ། །འབྲུ་ལྔ་སྤོས་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་བཅས་རྒྱལ་བས་རབ་བསྔགས་པ། །བདག་གཞན་དོན་གྱི་སྙིང་པོ་འདི་ཕུལ་བས། །འགྲོ་ལ་ཕན་ཕྱིར་ཚུལ་ཁྲིམས་མཆོག་ལྡན་ཏེ། །རིན་ཆེན་གཏེར་ལྟར་ཀུན་ལ་ཕན་འདོགས་ཤོག །བདེ་གཤེགས་ཀུན་བཟང་མངོན་པར་སངས་རྒྱས་ཏེ། །རྡོ་རྗེ་གདན་ལ་མངོན་པར་བཞུགས་པ་ན། །དཔལ་ལྡན་རྡོ་རྗེ་འཛིན་གྱིས་གུས་བཅས་པས། །སྔགས་གྲུབ་རྒྱལ་པོ་ཡུངས་ཀར་ཕུལ་བ་ལྟར། །དིང་འདིར་སྟོན་པས་བདུད་བཞི་ཚར་བཅད་ནས། །སྐྱེ་རྒ་ན་འཆི་འཁོར་བའི་སྡུག་བསྔལ་ལས། །བདག་དང་མཐའ་ཡས་འགྲོ་བ་ཀུན་བསྒྲལ་ནས། །རྡོ་རྗེའི་གདན་ལ་མངོན་པར་སངས་རྒྱས་ཤོག །བཀྲ་ཤིས་ཤིང་ཞལ་དྲོ་ཞིང་བྱིན་ཕེབས་ཤིང་འཇིག་རྟེན་དུ་ཡུན་རིང་པོར་བཞུགས་སུ་གསོལ་བ། །བདེ་གཤེགས་ཀུན་བཟང་མཐོང་པས་བཀྲ་ཤིས་ལྟར། །རྒྱལ་སྲས་འཁོར་བཅས་དེང་འདིར་བཀྲ་ཤིས་ཤོག །ངན་སྡིག་ལོག་པའི་ཚོགས་རྣམས་བཅོམ་གྱུར་ནས། །རྒྱལ་སྲས་རིག་འཛིན་ཚོགས་རྣམས་འཕེལ་དར་ཞིང་། །ཞལ་མཐོང་ཙམ་གྱིས་བདེ་བའི་མཆོག་བརྙེས་ནས། །ཉི་ལྟར་ཞལ་དྲོ་ཟླ་ལྟར་འོད་གསལ་ཞིང་། །བདག་དང་འགྲོ་ལ་ཞལ་དྲོ་བྱིན་ཆེ་ནས། །བསྐལ་པ་མཐར་ཐུག་བར་དུ་བཞུགས་སུ་གསོལ། །སྤྱན་དབྱེ་བའི་སྨོན་ལམ་དུ་གསོལ་བ། །ཕྱོགས་བཅུ་དུས་གསུམ་གྱི་འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ཅག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། ཆུ་གཙང་དང་། སུག་ཆབ་དང་། འོ་མ་དང་། སྤོས་ཆུ་དང་། སྨན་ཆབ་ཀྱིས་སྐུ་ཁྲུས་གསོལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དྲི་མ་དང་དུག་གསུམ་གྱི་ཉོན་མོངས་པའི་དྲི་མ་དག་ནས་རྣམ་པར་དག་པའི་སྐུ་དང་ལྡན་པར་གྱུར་ཅིག་ཨརྒྷ་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པ་དག་སྟེ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་དག་པ་ཐོབ་པར་གྱུར་ཅིག །དྲི་ཆབ་ཀྱིས་སྐུ་ལ་གཏོར་ཏེ་བྱུགས་པས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱིས་ཆུ་ཡིས་གཡེང་བའི་དྲི་མ་ཐམས་ཅད་རྣམ་པར་བསལ་ཏེ་བདེ་ཞིང་ཚིམ་པར་གྱུར་ཅིག །སྤོས་གསོལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་རྣམ་པར་དག་སྟེ་ཡང་དག་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །མེ་ཏོག་ཕུལ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་གྱུར་ཅིག །མར་མེ་ཕུལ་བས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མེ་དང་ལྡན་པར་གྱུར་ཅིག །བཤོས་དང་ཞལ་ཟས་གསོལ་བས་སེམས་ཅན་ཐམས་ཅད་བཀྲེས་པའི་སྡུག་བསྔལ་བསལ་ནས་ཡིད་བཞིན་གྱི་ཟས་སྐོམ་དང་ལྡན་པར་གྱུར་ཅིག །འབྲུ་རྣམ་པ་ལྔ་ཕུལ་བས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ལོ་རྟོག་འཕེལ་ཞིང་དགེ་བའི་ལོ་ཏོག་དུས་ཀུན་དུ་རྒྱས་པར་གྱུར་ཅིག །སྤོས་ལྔ་གསོལ་པས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་རྣམ་པར་དག་སྟེ་ཟག་པ་མེད་པའི་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིག །སྨན་ལྔ་གསོལ་བས་སེམས་ཅན་ཐམས་ཅད་ནད་བཞི་བརྒྱ་རྩ་བཞིའི་སྡུག་བསྔལ་དང་བྲལ་ནས་ཐུགས་རྗེའི་སྨན་གྱིས་དུག་གསུམ་གྱི་ནད་ལས་ཐར་བར་གྱུར་ཅིག །རིན་པོ་ཆེ་ལྔ་གསོལ་བས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དགོས་དགུ་ཡིད་བཞིན་དུ་བསྐངས་ནས་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སྙིང་པོ་ལྔ་གསོལ་བས་བདག་དང་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་དང་ལྡན་པར་གྱུར་ཅིག །རྒྱན་དང་ན་བཟའ་གསོལ་བས་སེམས་ཅན་ཐམས་ཅད་སངསརྒྱས་དང་བྱང་ཆུབ་སེམས་དཔའི་ངོ་ཚ་མཁྱེན་པའི་ན་བཟའ་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་རྒྱན་དང་ལྡན་པར་གྱུར་ཅིག །བླ་བྲེ་དང་རྒྱལ་མཚན་དང་འཕན་དང་གདུགས་ལ་སོགས་པ་ཕུལ་བས་བདུད་བཞི་ལས་རྒྱལ་བའི་ཏིང་ངེ་འཛིན་དང་། གཟུངས་དང་ལྡན་ནས་ཐེག་པ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །ཡུངས་དཀར་གསོལ་བས་འཇིག་རྟེན་ཇི་སྲིད་གནས་པའི་བར་དུ་འཇིག་རྟེན་ན་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་ནས་མཆོད་པའི་རྟེན་དུ་གྱུར་ཅིག །བཀྲ་ཤིས་ཕུལ་བས་མི་དགེ་ཞིང་བཀྲ་མི་ཤིས་པ་ཐམས་ཅད་བསལ་ནས་བུ་གཅིག་པའི་མ་ལྟར་བྱམས་པ་ཆེན་པོ་རྒྱས་ནས་བཀྲ་ཤིས་བྱིན་ཆེ་བར་གྱུར་ཅིག །འཕགས་པའི་སྐུ་གདུང་རིན་ཆེན་རིང་བསྲེལ་སྣོད། །རྙིང་བཅོས་བྱི་དོར་བགྱིས་ཞིང་མཆོད་པ་དང་། །གསར་བརྩིགས་མཆོད་ཅིང་ཁྲུས་ཆབ་གསོལ་བ་དང་། །བསྟོད་དང་བསྐོར་དང་གུས་པ་བགྱིས་པ་དང་། །སྨོན་ལམ་ཟབ་མོ་སེམས་ཡིད་དང་བཏབ་པའི། །བྱིན་རླབས་ཡོན་ཏན་ཁྱད་པར་ཆེན་པོའི་མཐུས། །བདག་ཅག་ཡོན་བདག་འཁོར་བཅས་ཐམས་ཅད་དང་། །དད་མོས་གྲོགས་བྱེད་རྗེས་སུ་ཡི་རང་རྣམས། །སྨོན་ལམ་མཐུ་སྟོབས་ཁྱད་པར་ཆེན་པོ་ཡིས། །དད་པའི་ཡིད་ཀྱི་མཆོད་རྟེན་འདི་བརྩིགས་པས། །དེ་ན་བདག་ཅག་སྡིག་སྒྲིབ་བྱང་གྱུར་ཏེ། །བླ་མེད་བྱང་ཆུབ་བདག་ཅག་མྱུང་ཐོབ་ཤོག ༼ག༽ །ཤེས་རབ་མཆོག་གིས་བདག་མེད་ཐུགས་ཆུད་དེ། །ཡེ་ཤེས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་ཆོས་སྐུ་སྤྲོས་མེད་པ། །སོ་སོ་རང་རིག་དེ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དོན་དུ་དཀའ་བ་རྣམས་མཛད་དེ། །བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བ་ཡི། །བདེ་བར་གཤེགས་པའི་གཟུགས་སྐུར་གང་སྣང་བ། །ཡོན་ཏན་མཐའ་དག་རྫོགས་ལ་ཕྱག་འཚལ་བསྟོད། །བསྐལ་པ་གྲངས་མེད་འདས་བཞུགས་སུ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུངས་དང་འཛིན་པ་རྣམ་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱི། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིགས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །དཀོན་མཆོག་གསུམ་གྱི་བྱིན་གྱི་རླབས་ཀྱིས་སེམས་ཅན་ཐམས་ཅད་ལ་ཤིས་པར་བརྗོད་པ། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། །ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་དང་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིས་རྣམས་ཇི་སྙེད་པས། །སོ་སོའི་སྐྱེ་བོར་གཏོག་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པར་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག །སེམས་ཅན་དང་འཕགས་པའི་ཚོགས་ཐམས་ཅད་ལ་བསོད་ནམས་བསྟབ་པ། འདས་པ་དང་ནི་མ་འོངས་དང་། །ད་ལྟར་དུས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་ན་གང་བཞུགས་པའི། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །དེ་ཡི་རྒྱུད་དང་འབྲས་བུ་དང་། །སྦྱོར་བ་དང་ནི་དངོས་དང་མཇུག །སེམས་ཅན་ཀུན་ལ་བསྟབས་མཁྱེན་ལྟར། །བདག་དང་སེམས་ཅན་ཀུན་གྱིས་ཀྱང་། །རང་གི་བསོད་ནམས་མ་ལུས་པ། །རྫོགས་སངས་རྒྱས་བདེ་མ་ཐོབ་པའི། །སེམས་ཅན་རྣམས་ལ་བསྟབ་པར་བགྱི། །སྦྱོར་བ་དང་ནི་མཐོང་བ་དང་། །སྒོམ་དང་མི་སློབ་ལམ་བརྙེས་པའི། །འཕགས་པའི་ཚོགས་རྣམས་ཀུན་ལ་ཡང་། །དེ་དག་རབ་ཏུ་བསྟབ་པར་བགྱི། །དེ་དག་གི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། བླ་མའི་བླ་མ་དཀོན་མཆོག་དང་། །མཆོད་རྟེན་ཁྱད་པར་འཁོར་བཅས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །ཡི་རང་བསྐུལ་ཞིང་གསོལ་བ་དང་། །སྐྱབས་གསོལ་ལུས་ཕུལ་སེམས་བསྐྱེད་དང་། །ཤིས་པར་བརྗོད་ཅིང་བསྟབས་པ་དང་། །གཞན་ཡང་དགེ་བའི་ཅི་བསགས་པ། །ཐམས་ཅད་བླ་མེད་བྱང་ཆུབ་བསྔོ། །དེས་ནི་སེམས་ཅན་ཐམས་ཅད་དང་། །འཕགས་པའི་སྐྱེ་བོའི་ཚོགས་ཀུན་གྱིས། །ཡེ་ཤེས་པ་ཡི་ལམ་གྱི་མཆོག །འཇུག་དང་གནས་དང་འཕར་བ་དང་། །སྤྱོད་པ་ཉིད་ཀྱི་ཡུལ་རྣམས་ནི། །གོ་རིམ་བཞིན་དུ་རབ་རྟོགས་ཏེ། །སྐུ་གསུམ་མཁྱེན་བཞིའི་ཚོགས་རྫོགས་ཤིང་། །བླ་མེད་སངས་རྒྱས་འགྲུབ་པར་སྨོན། །འདི་བྲིས་བསོད་ནམས་ཅི་མཆིས་པས། ཁམས་གསུམ་སེམས་ཅན་ཐམས་ཅད་དང་། རྨོངས་པ་བདག་གིས་སྡིག་བགྱིས་པ། ཐམས་ཅད་མ་ལུས་སོ་སོར་བཤགས། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། སློབ་དཔོན་ཆེན་པོ་བོ་དྷི་ས་ཏྭས་མཛད་པ་རྫོགས་སོ། །དགེའོ། །ཟབ་ཆོས་འདི་ཉིད་དཔལ་ཡུལ་དགོན་དུ་ས་མོ་སྦྲུལ་གྱི་ལོ་ཧོར་ཟླ་དྲུག་པའི་ཚེས་༡༥ ལ་སྤར་དུ་བཞེངས་པ་བསྟན་འགྲོ་ཡོངས་ལ་ཁྱབ་གྱུར་ཅིག །


previousམཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པའི་ཆོ་ག སློབ་དཔོན་བོ་དྷི་ས་ཏྭ།next