Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
   


 
previousདྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།next

དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།

དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། ཐུགས་རྗེའི་ཟླ་ཟེར་གང་དུ་སྣང་ཙམ་གྱིས། །སྙིགས་དུས་རྒུད་པའི་མུན་པ་རབ་བསལ་ནས། །ཕན་བདེའི་དབུགས་འབྱིན་སྩོལ་མཛད་བཅོམ་ལྡན་འདས། །བླ་མ་ཐུབ་པའི་དབང་པོས་དགེ་ལེགས་སྩོལ། །སྟོན་པ་ཐུགས་རྗེ་ཅན་གྱིས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་མངོན་གསུམ་གཟུགས་སུ་སྣང་བ་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་པར་འདོད་པའི་ལྷག་བསམ་ཅན་དག་གིས་འདི་ལྟར་ངེས་པར་བྱ་སྟེ། སྤྱིར་མཆོད་རྟེན་ཆེ་ཆུང་གང་ཡིན་ཡང་དྲི་མེད་རྣམ་གཉིས་ཀྱི་ཆོ་གས་བསྒྲུབས་པ་ཞིག་བྱུང་ན་ས་རྡོ་ལས་བཅོས་ཀྱང་འབྲེལ་ཚད་དོན་ལྡན་བྱས་པ་དོན་ཡོད་དུ་འགྱུར། དེ་ལྟར་མ་ཡིན་ན་གསེར་དངུལ་ལས་བཅོས་པའང་རྟེན་ཕལ་པ་ཙམ་ལས་མི་འབྱུང་བས། དེའི་སྒེར་ཆོས་ལོ་ཆེན་རིན་པོ་ཆེའི་ཆོ ག་སྒྲིགས་བཀླགས་པས་གྲུབ་པ་ལྟར། ༈ ཐོག་མར་སློབ་དཔོན་གྱིས་བསྙེན་པར་བྱ་དགོས་པས་བསྙེན་ཚད་རབ་གཟུངས་རིང་ཁྲི་བཞི། སྙིང་པོ་འབུལ་ཕྲག་བཞི། དེ་ལྟར་མ་གྲུབ་ན་གཟུངས་རིང་ཁྲི་དང་སྙིང་པོ་འབུམ་བཟླས། བཟླས་པའི་སྐབས་སུ་ཁྲུས་དང་། གཙང་སྦྲ། དཀར་སྤྱད་སོགས་ཀུན་སྤྱོད་ཤིན་ཏུ་ཞིབ་པ་དང་། ཐུན་མཚམས་སུ་མདོ་སྡུད་དང་ཤེར་སྙིང་སོགས་ཤེར་མདོ་གང་རུང་བཀླག ༈ །བསྙེན་པ་གྲུབ་ནས་འོད་ཟེར་དྲི་མེད་ཀྱི་སཱཙྪ་དགུ་བཅུ་གོ་དགུ་སེར་པོ། གཙུག་ཏོར་དྲི་མེད་བརྒྱ་དང་བརྒྱད་དཀར་པོ་རྣམས་ཆོ་ག་དང་ལྡན་པར་བཏབ་ཅིང་སོ་སོའི་གཟུངས་རིང་ངམ། སཱཙྪ་ཆུང་ངུ་ལ་མི་ཤོང་ན་གཟུངས་ཐུང་ནང་གཞུག་བཙུད་པ་མཁན་པོའི་ལུགས་ཀྱི་ཆོ་ག་རྒྱས་བསྡུས་གང་རུང་གིས་ཚུལ་བཞིན་བསྒྲུབས། སཙྪ་མང་པོ་འགྲུབ་ཀྱང་ལེགས། དེ་ནས་ས་ཆོག་ལ་མཆོད་རྟེན་དངོས་སམ་ཁང་བུ་བརྩེགས་པ་གང་རུང་བཞེངས་པའི་ས་གཞིར་ཕྱིན་ལ་ཆོ་ག་གཞུང་གསལ་ལྟར་དང་། སེང་ལྡེང་ཕུར་བུ་བརྒྱད་དངོས་སུ་འབྱོར་དགོས། རིན་པོ་ཆེའི་གཏེར་བཅུག་པའི་སྐབས་དབུས་དང་ཕྱོགས་མཚམས་གང་འཛོམ་དུ། ཀླུ་བུམ་དགུའམ་ལྔ། ཐ་ནའང་དབུས་སུ་གཅིག །དབུས་མའི་མདུན་དུ་ས་བདག་བུམ་པ་རྡོ་སྒྲོམ་སོགས་ལག་ཚགས་དམ་པར་བྱ། འདི་རྣམས་སའི་ནང་དུ་སྦ། དེའི་སྟེང་དུ་སྔར་གྱི་ཕུར་པ་བཏབ་སྐབས་ཕྱོགས་མཚམས་རྡོ་སྒྲོམ་ལྟ་བུས་མི་རུལ་བའི་ཐབས་དང་བཅས་ཏེ་གཞུག །འདི་སྐབས་གྲུབ་ན་རང་ངམ། གྲོགས་ཀྱིས་བསང་དང་གསེར་སྐྱེམས། ས་བདག་འཁྲུགས་བཅོས་སོགས་ཀྱང་བགྱིས་ན་ལེགས། ༈ དེ་ནས་ཁང་བརྩེགས་ཡིན་ན། རྨང་གི་བང་རིམ་གཉིས་བརྩེགས་ནས་དབུས་དཀྱིལ་འཁོར་གྱི་འགོ་ཐད་དུ་ནོར་བུམ་དང་། གནོད་སྦྱིན་འཁོར་ལོ་སོགས་ཡོད་ན་རང་རང་གི་ཆོ་ག་ལྟར་སྦ། ཁང་པའི་སྟེང་ཐོག་བར་ལེགས་པར་བརྩིགས་ཏེ་བཏབ། མཆོད་རྟེན་ཡིན་ན་བུམ་རྟེན་བར་བརྩེགས་ལ་གནོད་སྦྱིན་བང་མཛོད་ཀྱི་ཀ་ཅ་སོགས་སྤྱི་ལྟར་བྱ། གང་ལྟར་ཡང་འོག་གཞི་ཞལ་བ་ལེགས་པར་བྱས་པའི་དབུས་སུ་ཁྲུ་དོ་ལས་མི་ཆུང་བའི་སྟེགས་བུ་གྲུ་བཞི་བྱ། དེ་ནས་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་ན་ལེགས་ཀྱང་ཟུབ་པ་སོགས་ཀྱིས་ཉེས་པ་མི་འབྱུང་བ་དང་། སྟབས་བདེར་རྡོ་ལེབ་ལ་བརྐོས་ནས་ཚོན་ལེགས་པར་བྱུགས་པར་པྲ་རྩི་བཏང་བ་བཤམས། དཀྱིལ་འཁོར་གྱི་སྟེང་དུ་བླ་བྲེ་སྔོན་པོ་ཕུབ། མཐར་བྱང་ཤར་ནས་བརྩམས་མཚམས་འཛིན་གྱི་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དེ་སྤྱི་མཆོད་དང་། དེའི་ཕྱི་རོལ་དུ་སྒོས་མཆོད་རྣམ་ལྔ་ཤར་དུ་ལྷག་གཅིག་དང་བཅས་པའི་ཕྱོགས་རེར་དྲུག་རེ་བཤམ། ཅིས་ཀྱང་མ་འབྱོར་ན་ཤར་དུ་ལྷག་གཅིག་དང་བཅས་པའི་རེ་རེ་མེད་ཐབས་མེད། དེ་རྣམས་ཀྱང་གཏན་དུ་བཞག་དགོས་པས། སྣོད་ཀྱི་རིགས་འབྱོར་ན་ལི་སོགས་དང་། མ་འབྱོར་ན་རྫ་ལ་བྱ། མཆོད་ཡོན་གྱི་སྣོད་དུ་ལན་ཚྭ་བཟང་པོ་བླུགས། དེ་སྟེང་རྫས་བདུན་གྱིས་བཀང་། རྫས་བདུན་ནི་ཙམ་པ་ཀ་དང་། བ་ལུའི་མེ་ཏོག་ལྟ་བུའི་མེ་ཏོག་དཀར་པོ་གང་འབྱོར།༡ ཏིལ་དཀར།༢ ནས་དཀར།༣ འབྲས་ཡོས།༤ ཀུ་ཤ།༥ དྲི་བཟང་།༦ འོ་མ་༧སྐབས་འདིར་རུལ་ཉེན་གྱིས་ཕྱུར་བ་བླུགས། ཞབས་བསིལ་ལ་ལན་ཚྭའི་སྟེང་ཤུན་པ་ལྔ་དང་། འདག་རྫས་རིགས་ཀྱི་ཕྱེ་མས་བཀང་། ཤུན་པ་ལྔ་དངོས་བོད་དུ་མི་འབྱོར་ཡང་། སྔོན་གྱི་བླ་མ་རྣམས་ཀྱི་ཕྱག་བཞེད་དུ། བ་ལུ། ལྕང་དཀར། ཁམ་བུ། འམ་བུ་རྣམས་ཀྱི་བར་ཤུན་དང་། ཙནྡན་དཀར་པོ་བཅས་ཀྱིས་ཚར་རུང་མཛད་ཚུལ་ཡོད། འདག་རྫས་ནི། སྲན་དཀར། ཉེ་ཤིང་། འབྲས་སྤུ་བཅད་པའི་ཤུན་པའི་ཕྱེ་མ་སོགས་སྦྱར། མེ་ཏོག་ནི་འབྱོར་ན་གོས་ཆེན་སོགས་ཀྱིས་བཅོས་པ་དང་མ་འབྱོར་ན་འབྲུ་དཀར། བདུག་སྤོས་སྤོས་རེང་སྤོས་ཏ་ལ་བཙུགས། མར་མེ་རྫ་ཀོང་ལྟ་བུ་ུགཏན་དུ་བཞག་ལོ་བ་དགོས། དྲི་ཆབ་ལན་ཚྭའི་སྟེང་གུར་གུམ། ག་བུར། ལི་ཤི། ཛཱ་ཏི། ཙནྡན་དཀར་པོ་སྟེ་དྲི་ལྔའི་ཕྱེ་མས་བཀང་། ཞལ་ཟས་མར་ཟན་ལྟ་བུ་ལས་བཞེངས། དེའི་ཕྱི་རོལ་དུ་ཅོད་པན་ནམ་དར་དཔྱང་། བ་དན། རྒྱལ་མཚན། གདུགས་རྣམས་གོས་དར་སོགས་ལས་བཅོས་པ་ཕྱོགས་རེར་བརྒྱད་རེའམ་མ་མཐའ་རེ་རེ་རྫ་ཡི་སྤོས་འཛིན་ལྟ་བུ་ལ་འཛུགས། དེའི་ཕྱི་རོལ་དུ་ཡོལ་བ་དམར་པོས་ཟླུམ་བསྐོར་བྱ། དེའི་ཕྱི་རོལ་དུ་བང་སྒྲོམ་དང་རྡོ་རྩིག་སྟབས་གང་བདེ་ཁྲུ་གང་ལས་མི་དམའ་བས་བསྐོར། སློབ་དཔོན་གྱི་མདུན་དུ་བདག་བསྐྱེད་ཀྱི་མཆོད་པ་དང་། གཞན་ཡང་རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱ། དངོས་གཞི་བདག་མདུན་གྱི་ཆོ་ག་གཞུང་གསལ་ལྟར། ཆ་གསུམ་སློབ་དཔོན་གྱི་མདུན་དུ་བཤམས་ནས་རེ་རེ་བཞིན་འབུལ་བ་ལས་རྒྱུན་བཞག་མི་དགོས། བཀྲ་ཤིས་སྐབས་ཆོ་ག་རྒྱས་པ་གཞན་ནས་འབྱུང་བའི་ཚིགས་བཅད་ཚང་མ་བརྗོད་ན་ལེགས། ༈ འོད་ཟེར་དྲི་མེད་སྐབས་གང་གི་བང་སྒྲོམ་ལ་ཁ་ཆོད་བྲ་བརླིང་ཅན་རྒྱབ་མཆོད་རྟེན་ཡིན་ན་བུམ་པ་ཅུང་ཟད་བརྩིག །གང་ལྟར་ཡང་ལྷ་སྟ་གོན་གཞུང་བཞིན་ལེགས་པར་བྱ། དེ་ཡི་ཕྱི་ཉིན་རྡོ་ལེབ་ལ་བརྐོས་པའི་དཀྱིལ་འཁོར་བཤམ། དེ་ནས་སྲོག་ཤིང་ཚད་ལྡན་སྦྱང་ཁྲུས་བྱས་པ་རྡོ་རྗེའི་རྭ་རྩེ་དབུས་ཀྱི་གདན་གྲུ་བཞི་ལ་འཁེལ་ངེས་ཀྱིས་བཅུག །སྲོག་ཤིང་ལྗིད་ན་རྡོ་ལེབ་ཀྱིས་ཐེག་དཀའ་བས་ཕྱི་རོལ་གྱི་ཁང་སྒྲོམ་དང་བསྟུན་རྡོ་རྗེའི་རྭ་ནས་གདུང་མས་འདེགས་པ་སོགས་དཀྱིལ་འཁོར་ལ་ཆག་གྲུམ་མི་འབྱུང་བའི་ཐབས་བྱ། དཀྱིལ་འཁོར་གྱི་སྣམ་བུའི་གྲྭ་བཞིར་དུང་ཆོས་དངོས་འབྱོར་ན་རབ། མ་འབྱོར་ན་རྡོའམ་རྫ་ལས་བཅོས་ས་དཀར་དང་སྲ་རྩི་བཏང་བའི་ནང་དུ་ལན་ཚྭ་དང་དྲི་ལྔའི་ཕྱེ་མས་བཀང་བ། ཤར་གྱི་སྣམ་བུའི་ཁར་རྫ་ཕོར་ལྟ་བུའི་ནང་དུ་ཙནྡན། ཨ་ཀར། ཤུག་པ་སོགས་ཀྱིས་བཀང་བའི་སྤོས་སྣོད་གསུམ། ལྷོ་ཡི་སྣམ་བུར་དྲི་ཡི་དུང་ཞལ་གོང་སྨོས་ལྟ་བུ་དང་། རྫ་ཕོར་ལྟ་བུར་མེ་ཏོག་དང་། འབྲས་ཀྱིས་བཀང་བའི། ནུབ་ཀྱི་སྣམ་བུར་བུམ་པ་ཚོན་རྩི་ཅན་གྱི་ནང་དུ་ཏིལ་ནག །སྲན་མ་མ་ཤ །འབྲས་རྣམས་བསྲེས་ནས་བཅོས་པའི་ཐུག་པ་ཀྲི་ས་ར་ཞེས་པས་བཀང་བ་དང་། ཟས་དཀར་གྱིས་གང་བའི་བུམ་པ། རྫ་སྡེར་ལྟ་བུར་ཁམ་བུ་སྟར་ག་རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུ་དགུ་བཅུ་རྩ་དགུས་བཀང་བ་རྣམས་བཀོད། གོང་གི་སྲན་མ་མ་ཤ་མ་རྙེད་ན་སྲན་དཀར་གྱིས་ཆོག །བྱང་གི་སྣམ་བུར་རྫ་སྡེར་ལྟ་བུར་སྣུམ་ཟན་གྱི་གཏོར་མ་དཀར་ཟླུམ་མཐར། མར་ཐུད་ཁུར་བ་སོགས་ཁ་ཟས་སྣ་ཚོགས་ཀྱིས་བསྐོར་བ་དང་། དྲི་ལྔས་བཀང་བའི་རྫ་བུམ་ཁ་རྒྱན་མགུལ་ཆིངས་ཅན། རྫ་སྡེར་ལྟ་བུར་སྤོས་དང་མེ་ཏོག་རྣམས་བཞག །ནུབ་བྱང་གི་གྲྭར། དྲི་ཡི་དུང་ཆོས་ཀྱི་རྒྱབ་ཏུ། རྡོའམ་ཤིང་ཟླ་གམ་ལ་ཚོགས་བདག་གི་སྐུ་གླང་གདོང་སྔོན་པོ་དགྲ་སྟྭ་དང་ལ་ཕུག་འཛིན་པ་ཚོན་རྩི་ཅན་གྱི་སྤྱི་སྟེང་དུ་དངུལ་ལམ། མ་འབྱོར་ན་ཟངས་ལྟ་བུའི་རིན་ཆེན་མར་མེ་བཞག་ཅིང་གཟེར་བཏབ་ནས་མི་འགུལ་བར་བྱ། དེའི་ཕྱི་རོལ་དུ་ཕྱོགས་རེར་མཆོད་པ་ཚར་རེ་དང་། ནུབ་ཏུ་ལྷག་གསུམ་མམ་གཅིག །མ་འབྱོར་ན་ལྷོ་ནུབ་ནས་བརྩམས་ཏེ་རྫ་ཕོར་ལྟ་བུར་མཆོད་ཡོན། དྲི་ཆབ། མེ་ཏོག །སྤོས། ཞལ་ཟས་རྣམས་སྔར་སྨོས་པ་ལྟ་བུ་དང་། རྫ་སྡེར་སོགས་སུ་ཁུར་བ་སྣ་ཚོགས། ཤིང་ཏོག་སྣ་ཚོགས། སྲན་དཀར་གྱི་ཆན། འོ་ཐུག་བསྐོལ་བའམ་ཕྱུར་བས་བཀང་བ་དང་། མར་མེ་བཅས་ཟླུམ་བསྐོར་དུ་བཤམས། དེའི་ཕྱི་རོལ་དུ་ཕྱོགས་བཞིར་སྟེགས་བུའི་ཁར་མཆོད་ཡོན་གྱི་དུང་ཆོས་བཟེད་ཞལ་བཅས། དེ་རྣམས་ཀྱི་བར་མཚམས་སུ་སྤོས་མར་མེ་ཞལ་ཟས་རྣམས་ཚར་རེ། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ། ཏོག་ལེབ་མོའི་ངོས་སུ་རྨ་བྱའི་མདོངས་སྦྱར་བའམ། མ་འབྱོར་ན་བྲིས་པས་ཀྱང་རུང་བས་རྒྱལ་མཚན་ཤར་དཀར། ཤར་ལྷོར་ལེ་བརྒན། ལྷོ་ནག །ལྷོ་ནུབ་དུད་ཁ། ནུབ་དམར། ནུབ་བྱང་ཁྲ་བོ། བྱང་སེར། བྱང་ཤར་ལྗང་སེར་རྣམས་དང་། བཀྲ་ཤིས་རྫས་བརྒྱད་དངོས་རྫས་འབྱོར་ན་ལེགས། མ་འབྱོར་ན་རྡོ་ལེབ་ཟླུམ་པོ་ཆུང་ངུའམ། གྲོ་ག་ལྟ་བུ་ལ་བྲིས་ནས་རྒྱལ་མཚན་སོ་སོའི་མགུལ་དུ་བཏགས། དེའི་ཕྱི་རོལ་ནས་རས་དམར་པོས་ཟླུམ་པོར་བསྐོར། སྟེང་དུ་སྲོག་ཤིང་ལས་བང་སྒྲོམ་གྱི་ཕྱོགས་བཞིར་རས་སྐུད་བསྒྲིལ་མ་ལྟ་བུ་བརྐྱངས་པ་ལ་དར་གྱི་ལྡ་ལྡི་སྟེ་དར་དཔྱང་དང་། བ་དན། རྒྱལ་མཚན། མེ་ཏོག་གི་ཆུན་པོ་རྣམས་གོས་དར་ལས་བྱས་པས་དཔྱངས། དེ་ནས་ཆོ་ག་གཞུང་ལྟར་བཏང་། སྐབས་འདིར་གླེགས་བམ་བཀླག་ཅེས་པ་འོད་ཟེར་དྲི་མེད་ཀྱི་གཟུངས་དཔོན་སློབ་ཐམས་ཅད་ཀྱིས་གྲུབ་ན་ཚར་གསུམ་སོགས་དང་། མ་མཐའ་ཡང་ཚར་རེ་བཀླག་དགོས། སྤྱིར་གཟུངས་མདོ་ཀློག་མཁན་ཟུར་དུ་བཞག་རྒྱུ་བྱུང་ན་ཡང་ལེགས། དེ་ནས་སྲོག་ཤིང་གི་ཆོ་གའི་སྐབས་ཕྱོགས་རེ་རེ་བཞིན་འགོར་མཆོད་པ་བྱིན་རླབས་ངེས་པར་དགོས། སྤྲོ་ན་མཆོད་པའི་སྐབས་རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྤེལ། གང་ལྟར་ཡང་མཆོད་པའི་སྔགས། ༀ་སརྦ་ཏ་ཐཱ་ཱ ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ་པདྱཾ་སོགས་སྦྱར་བའི་མཐར། རོལ་མོ་དང་བཅས་མཆོད་པའི་སྤྲིན་གྱི་སྔགས་བརྗོད། གཏོར་མ་བྱིན་རླབས་ཆ་གསུམ་ལྟར་བྱ། སོ་སོའི་མཇུག་ཏུ་ཕུན་སུམ་ཚོགས་པ་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་ཤློ་ཀ་གསུམ་ལྔ་སོགས་གང་འོས་བརྗོད། མཇུག་ཏུ་ཤར་སྒོ་ནས་བཀྲ་ཤིས་སྐབས་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་ལས་བྱུང་བའི་བྱ་རྒྱུད་ཀྱི་བཀྲ་ཤིས་རིང་མོ་དང་། བཟང་སྤྱོད་ལྟ་བུའི་སྨོན་ལམ་རྒྱས་པར་བྱའོ། ༈ །དེ་ནས་བང་བའི་ཁར་ཤིང་ལེབ་སོགས་ཀྱི་ཁ་གཅོད་དམ་པར་རྒྱབ། སྲོག་ཤིང་དང་ཁ་ཆོད་ཀྱི་མཚམས་སོགས་བྱེ་འཇིམ་ལྟ་བུའི་ཞལ་བ་བྱས་ནས་ནང་དུ་རྡུལ་སོགས་མི་འགྲོ་བ་བྱ། སཱཙྪ་རང་རང་གི་དཀྱིལ་འཁོར་སྟེང་དུ་འཇོག་དགོས་ཀྱང་ཤོང་དཀའ་བ་དང་། བར་མཚམས་བྱེ་མ་སོགས་ཀྱིས་བཀང་དགོས་སྟབས་དཀྱིལ་འཁོར་དང་། ཡོ་བྱད་ཆུད་ཟོས་སུ་འགྲོ་དོགས་ན་སྟེང་དུ་བཞག་ཀྱང་མི་རུང་བ་མེད་པས་གོང་གི་ཁ་ཆོད་སྟེང་དུ་བང་སྒྲོམ་ལྟ་བུ་རིམ་གྱིས་བསྒྲིགས་པ་དང་བསྟུན་ཐོག་མར་གཙུག་ཏོར་དྲི་མེད་སཱཙྪ་ཁྲི་ཕྲག་སོགས་གང་འགྲུབ་དང་། མ་མཐའ་བརྒྱ་རྩ་བརྒྱད། དེ་སྟེང་འོད་ཟེར་དྲི་མེད་ཀྱི་སཱཙྪ་གང་འགྲུབ་དང་། མ་མཐའ་ཡང་དགུ་བཅུ་རྩ་དགུ་ལས་མི་ཉུང་བ་བཞག །བར་མཚམས་བྱེ་མ་སྐམ་པོས་བཀང་བ་སོགས་ལག་ཚག་ཤིན་ཏུ་དམ་པར་བྱ་དགོས། གཞན་སཱཙྪ་འབུམ་ཐེར་སོགས་མང་པོ་ཡོད་ན་ཁང་བརྩེགས་སྐབས་དབུས་ཀྱི་བང་སྒྲོམ་དང་ཁང་པའི་བར་དུ་གྲུ་ཆད་བྱས་ནས་ལེགས་པར་བཞག །ཁང་བརྩེགས་སྟེང་མ་ཡང་སཱཙྪས་ཁེངས་པར་བྱ། རིང་བསྲེལ་རྣམ་བཞིས་མཚོན་གཟུངས་གཞུག་རིགས་ཕལ་ཆེར་ཡང་རྡོ་སྒྲོམ་མམ་སྣོད་ལྟ་བུའི་ནང་དུ་བཅུག་ལ་བར་མཚམས་ལ་ཆ་སོགས་ཀྱིས་སྦྱར་ན་ཆུ་མི་འགྲོ་བར་བྱས་ཏེ་ཁང་བརྩེགས་སྟེང་མའི་དབུས་སུ་བཞག །མཆོད་རྟེན་ཡིན་ན་སཱཙྪ་ལྷག་མ་རྣམས་བུམ་པའི་ནང་དུ་གང་ཤོང་བྱ། གཞན་གཟུངས་གཞུག་བཞག་ཚུལ་སོགས་ལག་ལེན་སྤྱི་ཁྱབ་ལྟར་ཤེས་དགོས། ཁང་བརྩེགས་ལ་ཁང་བུ་བརྩེགས་པ་སྟེང་མ་བཀབ་ནས་དེ་སྟེང་ཏོག་མཚོན་བྱེད་ཙམ་མམ་རྒྱལ་མཚན་ལྟ་བུ་གཙུགས་ཀྱང་ཆོག །གྲུབ་ན་ཆོས་འཁོར་རིམ་པ་བཅུ་གསུམ་གདུགས་ཏོག་དང་བཅས་པ་བྱས་ཀྱང་ལེགས། ༈ །གོང་གི་ཡོ་བྱད་ཉེར་མཁོ་སྔ་ཚགས་དགོས་པ་ལ། སེང་ལྡེང་གི་ཕུར་པ་བརྒྱད་དམ། མ་འབྱོར་ན་ཤུག་པ་ཚེར་མ་ཅན་གྱིས་ཀྱང་རུང་། ཀླུ་བུམ་དགུ། ལྔ། གཅིག་སོགས་གང་འབྱོར། ས་བདག་བུམ་པ། ནོར་བུམ། གནོད་སྦྱིན་འཁོར་ལོ། ཤུག་པ་རྩ་རྩེ་དང་ཤར་རྟགས་མ་ནོར་བའི་སྲོག་ཤིང་། དེ་ལ་བྱུག་རྒྱུའི་དྲི་བཟང་། དཀྲི་དཔྱད་རས་སེར་སོགས་དགོས་འདེངས། སྲོག་ཤིང་གི་གཟུངས་ཀྱིས་མཚོན་གཟུངས་གཞུག་རིང་བསྲེལ་བཞིའམ་ལྔའི་རིགས་གང་འབྱོར། འོད་ཟེར་དྲི་མེད་ཀྱི་གཟུངས་ཚང་མ། དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར། ༈ །གཙུག་ཏོར་དྲི་མེད་ལ་བླ་བྲེ་སྔོན་པོ། མཆོད་པའི་སྣོད་རྫས་སོགས་ཀྱི་ཏིང་ཕོར་རྒྱས་པར་ང་ལྔ། བསྡུ་ན་བཅོ་ལྔ། སྤོས་འཛིན་རྒྱས་པར་ཉེར་དྲུག །བསྡུ་ན་དྲུག །མར་མེ་དེ་མཚུངས། ལན་ཚྭ། མཆོད་ཡོན། ཞབས་བསིལ། དྲི་ཆབ་རྣམས་ཀྱི་རྫས། ཅོད་པན། བ་དན། རྒྱལ་མཚན། གདུགས་རྣམས་རྒྱས་པར་རེ་རེ་ནས་སོ་གཉིས་རེ། བསྡུ་ན་བཞི་རེ། དེ་རྣམས་འཛུགས་ས་རྫ་ཡི་སྤོས་འཛིན་ལྟ་བུ་གྲངས་མཉམ་དང་སྒབ་དཀྲིས་དམར་པོ། ༈ འོད་ཟེར་དྲི་མེད་ལ། དུང་ཆོས་དགུ། སྤོས་ཕོར་གསུམ། བུམ་པ་གཉིས། ཏིང་ཕོར་རྒྱས་པར་ཉེར་གསུམ། བསྡུ་ན་ལྔ། རྫ་སྡེར་རྒྱས་པར་སོ་གཅིག །བསྡུ་ན་བདུན། སྤོས་རྒྱས་པར་བཅུ་གཅིག །བསྡུ་ན་ལྔ། མར་མེ་དེ་མཚུངས། ཚོགས་བདག་གི་སྐུ། རིན་པོ་ཆེའི་གོང་བུ། བཟེད་ཞལ་བཞི། རྒྱལ་མཚན་བརྒྱད། འཛུགས་གདན་བརྒྱད། བཀྲ་ཤིས་རྫས་བརྒྱད། སྒབ་དཀྲིས་དམར་པོ། ༈ སྲོག་ཤིང་གི་ཕྱོགས་བཞིར་བརྐྱང་རྒྱུའི་རས་སྐུད། དར་དཔྱང་། བ་དན། རྒྱལ་མཚན། མེ་ཏོག་ཆུན་པོ་རྣམས་བཞི་རེ། རྫས་ཆ་ཙནྡན་དཀར་པོ། ཨ་ག་རུ། མེ་ཏོག་དཀར་པོ། དྲི་བཟང་། འབྲས། ཏིལ་ནག །མ་ཤའམ་སྲན་དཀར། ཁམ་བུ། སྟར་ག་དང་། རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས། མར་ཐུད། ཁུར་བ། འོ་བསྐོལ་ལམ་ཕྱུར་བ། རྨ་བྱའི་མདོངས་བརྒྱད་བཅས་དགོས། ༈ །དེའང་ཐོག་མར་སཱཙྪ་རབ་འབུམ། འབྲིང་ཁྲི། ཐ་མ་སྟོང་ཕྲག་སོགས་ཆོ་གའི་སྒོ་ནས་ལེགས་པར་བསྒྲུབས། དེ་ནས་སློབ་དཔོན་བསྙེན་པ་སོང་ནས། སྒྲུབ་གྲོགས་༼༡༽ དང་བཅས་ས་ཆོག་བྱ། དེ་རྗེས་ཁང་བརྩེགས་ཐོག་བཀབ་པའི་བར་ཚར་ནས་སྔ་དྲོ་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་༼༢༽བཏང་། དེ་ཡི་ཕྱི་དྲོ་འོད་ཟེར་དྲི་མེད་ཀྱི་སྟ་གོན། དེའི་ཕྱི་ཉིན་སྲོག་ཤིང་བཙུགས་ལ་འོད་ཟེར་དྲི་མེད་ཀྱི་དངོས་གཞི་སྲོག་ཤིང་འཛུགས་ཆོག་བྱ། ཆོ་གའི་སྐབས་ཁྲུས་དང་། གཙང་སྦྲ་དཀར་སྤྱད། གུང་ཚིག །དགོང་བཅད་སོགས་གལ་ཆེ། གཞན་ཡང་བསྟན་པའི་སྤྱི་རིམ་ལྟ་བུ་གལ་ཆེན་ཡིན་ན་ས་ཆོག་ཚར་མ་ཐག་མཆོད་རྟེན་གྱི་འོག་ཏུ་དམ་སྲི་མནན་པ་སོགས་ཚད་ལྡན་བྱ། ཆོས་འཁོར་རམ། ཏོག་གི་ནང་དུ་གདུགས་དཀར་འཁོར་ལོ་བཅའ་སྒྲུབ་ཚད་ལྡན་བྱས་པ་ཡོད་ན་རྫའི་གའུ་ལྟ་བུར་བཞག་ཅིང་གདུགས་དཀར་གྱི་རྒྱལ་མཚན་འཛུགས་ཆོག་དང་། དེས་མཚོན་རྒྱལ་མཚན་རྩེ་མོའི་གཟུངས་གླེགས་བམ་གྱི་ཚུལ་དུ་བྲིས་པ་བཞག་ཅིང་། དེའི་ཆོ་གའང་འགྲུབ་ན་ལེགས། སྲོག་ཤིང་གི་ནང་དུ་ཤོང་ན་འོད་ཟེར་དྲི་མེད་ཀྱི་གཟུངས་ཚང་མ་གསེར་རམ་མཚལ་གྱིས་བྲིས། དྲི་བཟང་དང་། བྱིན་རྟེན་བླུགས། དྲིལ་ཚ་ས་དང་བཅས་བཞུགས་པ་ཤིན་ཏུ་གལ་ཆེ། མ་ཤོང་ན་རྫའི་གའུ་ལྟ་བུར་བཅུག་ནས་སྲོག་ཤིང་ལ་བཅིངས་ཀྱང་རུང་། དེ་ལྟ་བུའི་རྟེན་གྱི་བྱ་བ་མཐར་ཕྱིན་ནས་རབ་གནས་རྒྱས་བསྡུས་གང་རུང་གིས་མངའ་གསོལ། རྒྱུན་དང་དུས་སུ་ཕྱག་བསྐོར་མཆོད་པ་སོགས་བགྱིས་པས་དྲི་མེད་རྣམ་གཉིས་ཀྱི་གཟུངས་ནས་གསུངས་པས་མཚོན། ཕན་ཡོན་བསམ་མི་ཁྱབ་པ་འཐོབ་ཅིང་འཕྲལ་དང་ཡུན་གྱི་ཕན་བདེའི་དགེ་མཚན་འགྲུབ་པ་ནི་ངེས་པའོ། །གཟུངས་སྔགས་ཡིད་བཞིན་ནོར་བུའི་ཆོ་གའི་ཚུལ། །ཉེར་མཁོའི་གསལ་བྱེད་ཆུ་གོས་རྩེར་བཀོད་པའི། །ལེགས་བཤད་འདིས་ཀྱང་མཐའ་ཡས་ཡིད་ཅན་ཀུན། །ཐར་བདེའི་དགའ་སྟོན་རྟག་ཏུ་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousདྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།next