Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས། ཤེས་རབ་བསྟན་དར།


 
previousའཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས། ཤེས་རབ་བསྟན་དར།no next

འཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས། ཤེས་རབ་བསྟན་དར།

འཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས་བཞུགས་སོ། །ན་མཿགུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ འཕགས་པ་ཀུན་ནས་སྒོར་འཇུག་པ་གཉིས་ཀྱི་གཟུངས་ལ་བརྟེན་ནས་གསང་སྔགས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་བཞུགས་པའི་ཚུལ་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་རེས་སྟོན་ཏེ། དང་པོ་འོད་ཟེར་དྲི་མེད་ཀྱི་སྒོ་ནས་བསྙེན་པ་བྱ་བ་ལ། ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔ་སོགས་དགེ་བའི་དུས་གང་ཡང་རུང་བར། མཎྜལ་གྲུ་བཞི་བ་བྱུང་དྲི་བཟང་གིས་བྱུགས་པར་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་ཉེར་སྤྱོད་བདུན་བསྐོར་བཤམས་བྱས་པ་དང་། མདུན་དུ་དུང་ཞལ་ནང་། ནས། འོ་མ། མེ་ཏོག་དཀར་པོ། ཏིལ། ཀུ་ཤ །འབྲས་ཡོས། དྲི་བཟང་བཅས་ཆུ་གཙང་དང་སྦྱར་བའི་མཆོད་ཡོན་ཟངས་ཚོགས་ཀྱི་བཟེད་ཞལ་དང་བཅས་པ། མདུན་དུ་རྡོར་དྲིལ། བསང་ཆུ། ཁྲུས་ཆུའི་སྣོད། སྤོས། དུར་ཁྲོད་ཀྱི་མགལ་དུམ་ལས་བྱས་པའི་རྡོ་རྗེ་ཙནྡན་དམར་པོས་བྱུགས་པ། རས་སྐུད་དམར་པོ་སུམ་བསྒྲིལ་ལ་མདུད་པ་གསུམ་བོར་ཏེ་བྷོ་དྷི་རྡོག་རེ་བརྒྱུས་པ་དང་། རས་ཀྱི་ཟེའུ། ཀུ་ཤའི་སོར་གདུབ་དང་སྟན་གྱི་ཀུ་ཤ་ཕོན་རེ། འོམ་བུའི་སོ་ཤིང་བཅས་གྲངས་མཉམ། བོ་དྷིའི་བགྲང་ཕྲེང་། རོལ་མོའི་བྱེ་བྲག་བཅས་འདུ་བྱས་ནས། དེ་བཞིན་གཤེགས་པའི་དམ་རྒྱ་མགོ་ལ་བཞག་སྟེ་སོགས་ནས་ཕྱི་རོལ་དུ་འགྲོ་བ་སྲུང་བའི་བར་དང་། དེ་ནས་ཕྱི་རོལ་དུ་སོང་སྟེ་ཁྲུས་དང་། ཉེ་རེག །སོ་ཤིང་དོར་བའི་བར་བྱེད། ནང་དུ་འོང་སྟེ་ཕྱག་བྱས་ནས་འདུག་སྟེ་དམ་ཚིག་ལ་འཇུག་པ་ནས། སྐྱིལ་ཀྲུང་གིས་འཁོད་པར་གྱུར་བར་དང་། རྡོ་དྲིལ་བཅས་ༀ་དྷུ་ན་སོགས་ནས། ལས་ཐམས་ཅད་མཛད་དུ་གསོལ་བར། རྡོ་དྲིལ་འཇོག །སྲུང་སྐུད་ཀུ་ཤ་རས་བཅས་འགྱེད། བདག་གིས་བརྒལ་དཀའ་ནས། བཟླས་པའི་སྐབས་ཀྱི་བསྟོད་དེ་མངོན་སུམ་ལྟ་བུར་གྱུར་བར། བཟླས་པ་སྙིང་པོ་སྟོང་། གཟུངས་རིང་བརྒྱ་རྩ་བརྒྱད། ཉེ་སྙིང་བརྒྱ་རྩ་སོགས་ཇི་མང་བཟླས་ཏེ་ཕྲེང་བ་འབུལ་བའི་ཚུལ་བྱེད་པའི་བར་དང་། གོང་གི་རབ་འབྱམས་རྒྱ་མཚོ་ནས་བསྟོད་པའི་མཐའ་བར། མ་རྙེད་སོགས་ནས། དཀྲོལ་བར་གྱུར་བར། དེ་ནས་དྲི་མེད་རྣམ་གཉིས་ཀྱི་གཟུངས་མདོ་བཀླག་པ་སོགས་བྱའོ། །དེ་ནས་མཆོད་རྟེན་གྱི་རྨང་གཞི་བཏིང་བའི་སར་ས་ཆོག་བྱ་བར། གོང་དུ་བཤད་པའི་མཎྜལ་ནས་རོལ་མོའི་བྱེ་བྲག་གི་བར་ཡོ་བྱད་རྣམས་འདུ་བྱས་ཞིང་ཁྱད་པར་གཞི་བགེགས་ཀྱི་གཏོར་མ་གཉིས། བ་བྱུང་། དྲི་བཟང་། གཏེར་བུམ། སེང་ཕུར་སོར་བརྒྱད་དང་། སྟེགས་གཞན་ཞིག་ལ་ཉེར་སྤྱོད་ཕྲེང་ཚར་གཅིག་བཅས་འདུ་བྱ། གསོ་སྦྱོང་བླང་བ་ཕྱོགས་བཅུ་ན་སོགས་ནས་སྒྲོལ་བར་ཤོག་བར་ལན་གསུམ། ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག །གཞི་དེར་གཏོར་མ་གཉིས་བཤམས་ལ་ཞི་ཁྲོ་ལྟར་བསྔོ། ཁྲོ་བོ་མནོལ་མེད་སྔགས་ནས་བདག་ཉིད་སྦྱངས་པར་གྱུར་བར་བསྙེན་པའི་སྐབས་ལྟར། དེ་ནས་ལས་སྔགས་བཟླ་བཞིན་ལྟོ་འཕྱེ་རྩིས་ནས་རུང་བར་ཁྲུ་དོ་བརྐོས་ནས་ཆུ་སའི་པྲ་བརྟགས་ལས་སྔགས་བཟླ། བ་བྱུང་གིས་བྱུགས་འཐས་པར་བཅགས་པའི་དབུས་སུ་ཁུང་བུ་བརྐོས་ནས་གཏེར་བཅུག །བསང་གཏོར་བྱ། སློབ་དཔོན་ས་དེའི་དབུས་དང་། གཞན་རྣམས་ཀྱང་དེར་ཕྱོགས་པས་འདུག་སྟེ། རང་གི་སྟན་སོགས་ནས་བཟླས་པའི་མཐར་ཕྲེང་བ་འབུལ་བའི་བར་སྔར་བསྙེན་པའི་སྐབས་ལྟར་དང་། མཆོད་པའི་དུས་ཉེར་སྤྱོད་སློབ་དཔོན་མདུན་དུ་ཕུལ། དེ་ནས་བསངས་གཏོར་དང་སེང་ཕུར་བྱིན་བརླབས་ནས་བཞེངས་ཏེ་ཕུར་པ་གཅིག་དེ་མགལ་དུམ་རྡོ་རྗེའི་ཐོ་བས་ཕྱོགས་མཚམས་སུ་གདབ་ཚུལ་བྱ། སླར་ཡང་དེ་ཉིད་དུ་བཞུགས་བཞིན་རྗེས་ཆོག་རབ་འབྱམས་རྒྱ་མཚོ་ནས་བཅིངས་པར་དཀྲོལ་བའི་བར་བསྙེན་པའི་སྐབས་ལྟར་བྱའོ། །འདིའི་སྐབས་སུ་བརྒྱད་སྟོང་། གསེར་འོད་དམ་པ། གཟུངས་མདོ་གཉིས། དཀོན་བརྩེགས་ནང་གི་གཙུག་ན་རིན་ཆེན་སོགས་བཀླག །གཞན་ཡང་མཆོད་སྦྱིན་བྱ་བ་སོགས་ཚོགས་བསགས་རིགས་ཇི་འགྲུབ་བྱེད། སཱཙྪ་གདབ་པའི་ཆོ་ག་བཞིན་སཙྪ་བརྒྱ་རྩ་བརྒྱད་དམ། སྟོང་རྩ་སོགས་ཚུལ་ལྡན་གདབ་སྟེ་གཟུངས་ཁུང་བྲུས། སྐམ་ཐག་ཆོད་པ་དང་གཟུངས་འབུལ། སློབ་དཔོན་གྱིས་བུམ་པ་བྱ་རྒྱུད་རྫས་ལྡན་དྲི་མེད་རྣམ་གཉིས་ཀྱི་སྔགས་ཀྱིས་བརླབ། དེ་ནས་ཆོ་ག་དངོས་ལ་བཤམ་དང་། རབ་གནས་གཉིས་ལས། དང་པོ་ནི། ས་ཕྱོགས་ཡངས་ཤིང་བསྐོར་བ་བྱེད་ཐུབ་པར་སྟེགས་གྲུ་བཞི་དཀྱིལ་ཐང་སྟེང་མེ་ཏོག་བཀྲམ། མཆོད་རྟེན་བརྒྱ་རྩ་བརྒྱད་བཀོད། སཱཙྪ་གཞན་རྣམས་ཀྱང་ཉེ་བར་བཀོད། དེའི་ཕྱོགས་བཞིར་ཉེར་སྤྱོད་ཆ་རེ་བཤམ། གྲ་བཞིར་སྤོས་སྣོད་བཞི། སྒོ་བཞིར་རྫས་བདུན་གྱི་དུང་ཞལ་བཞི་བཟེད་ཞལ་བཅས། སྟེང་དུ་བླ་བྲེ། མཐར་བ་དན་དམར་པོ་བརྒྱ་རྩ་བརྒྱད། དེའི་མདུན་ཤ་ཆང་མིན་པའི་ཁ་ཟས་སྣ་ཚོགས། གཏོར་ཟླུམ་དཀར་པོ། རྒྱན་ཕྲེང་ན་བཟའ་ལྔ་ཚན་ལྔ། མིག་ཐུར། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱི་ཙཀླི། སྣོད་གཅིག་ཏུ་གཏོར་ཟླུམ་མཐེབ་རིལ་བཞིས་བསྐོར་བ་གཅིག་དང་། ཆ་གསུམ་གཏོར་མ་སྤྱི་ལྟར་ཁ་ཟས་ཀྱིས་བརྒྱན་པ། སློབ་དཔོན་མདུན་གཡོན་ནས་བརྩམས་རྨ་བྱའི་སྒྲོ་ལྔའི་ཆུན་པོ། ཡུངས་དཀར། ཁྲུས་གཞོང་། མེ་ལོང་ཁྲུས་རས་དང་བཅས་པ། ཁྲུས་བུམ་མེ་ཏོག་བྱེ་ཐུན་ཏིང་ཤག་བཅས། གཉིས་པ་ཁྲུས་སོགས་སྔོན་འགྲོས། ཆོས་ཐམས་ཅད་དམིགས་སུ་མེད་པ་སོགས་ནས་གཞུང་ལྟར་ཆོ་ག་མ་འཁྲུལ་བར་བཀླག་ནས་བདེན་པའི་སྟོབས་བརྗོད་པའི་མཐར་གཟུངས་རྣམ་གཉིས་བཀླག་ཅིང་སྦྱིན་བདག་སོགས་ལ་གཟུངས་ཆབ་སྩལ། རྨ་བྱའི་སྒྲོ་ཆུན་གྱིས་བྱ་བ། བྱེ་ཐུན་དང་གཟུངས་ཆབ་དུར་ཁྲོད་སོགས་ཕྱོགས་ཀུན་ལ་གཏོར་བཞིན་སྔགས་བཟླ། བཟོད་གསོལ་དང་བསྔོ་བ། བཀྲ་ཤིས་མེ་ཏོག་འཐོར་བ་བཅས་བྱའོ། ༈ །དེ་ནས་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་ལ། མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམས། རྡོར་དྲིལ་སོགས་དང་བསངས་ཆུ་འདུ་བྱ། མཆོད་པ་རྣམས་བསང་སྤྱངས་ནས་ཚོགས་བསགས་མཐར་གསོ་སྦྱོང་ཆོ་ག་ལྟར་བླངས་ནས་བཟླས་པའི་མཐར་རེ་ཞིག་གྱེས་ལ། བང་རིམ་བཞི་པའི་སྟེང་ཐོག་འཇམ་པར་བྱས་ནས་བ་བྱུང་དང་དྲིས་བྱུག་པར་དཀྱིལ་ཐང་བཀྲམ་མཐར་སྒོར་མཆོད་དང་། ཤར་དུ་བླ་གཏོར་དཀར་པོ་གཅིག །འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱི་ཙཀླི། བྱང་ཤར་དུ་དུ་རུ་ཀ །ཤར་ལྷོར་ཨ་ག་རུ། ལྷོ་ནུབ་ཏུ་ཙནྡན། ནུབ་བྱང་དུ་གུ་གུལ། དཀྱིལ་འཁོར་གྱི་རྒྱན་དུ་མདའ་དར་མེ་ལོང་ཅན་བརྒྱད། གྲི་བརྒྱད། དར་དཔྱངས་ལྔ་ལྡན་དྲུག །རྨ་བྱའི་སྒྲོ་ཆུན་བརྒྱད་བཅས་བསྙལ་སྟབས་ཚོན་སྐུད་སྣ་ལྔས་བསྐོར་བ་ལེགས་ཤིང་བརྟན་པར་བྱ། ཆ་གསུམ་གཏོར་མ། མཆོད་ཡོན། སྤོས་སོགས་འདུ་བྱ། དངོས་གཞིའི་ཆོ་ག་ནི། བདག་བསྐྱེད་སྔོན་དུ་སོང་བས་འཐུས། མདུན་གྱི་དཀྱིལ་འཁོར་བསང་སྦྱང་ནས། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་བར་དང་། ཕྱི་རོལ་དུ་ཆ་གསུམ་བཏང་། རྡོ་དྲིལ་བཅས་ཡིག་བརྒྱ་བཟླ་བཞིན་མཆོད་རྟེན་ལ་ལན་གསུམ་བསྐོར་ཏེ། ཤར་སྒོ་ནས་འགྲེང་བཞིན་དུ། རྨི་ངན་འཇིགས་དང་སོགས་ཕྱོགས་གཞན་ལའང་དེ་ལྟར་བྱ། མཐར་ཤར་སྒོ་ནས་རྡོ་དྲིལ་བཅས་ཐལ་སྦྱར་བྱ། ༀ། བདེ་གཤེགས་སོགས་ནས་འབྱོར་གྱུར་ཅིག །བར། རང་གྲལ་དུ་ཞུགས་ཏེ་གཏང་རག་གི་མཆོད་བསྟོད་ནས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་བྱ། དཀྱིལ་འཁོར་རྒྱན་མཆོད་བཅས་པ་རས་གཙང་མའི་ཞལ་ཁེབས་བཀབ་སྟེ་ཐོག་བཀལ་ལ་བུམ་རྟེན་པདྨ་བརྩིག་གོ། །དེ་ནས་འོད་ཟེར་དྲི་མེད་ཀྱི་སྒོ་ནས་སྲོག་ཤིང་འཛུགས་པའི་ཆོ་ག་ལ། སྟ་གོན་དང་དངོས་གཞི་གཉིས་དང་། དང་པོ་ནི། བསྙེན་པའི་སྐབས་ཀྱི་མཎྜལ་ནས་བྷོ་དྷའི་བགྲང་ཕྲེང་རོལ་མོའི་བྱེ་བྲག་བར་འདུ་བྱ། བུམ་རྟེན་པདྨའི་ནང་ངོས་འཇམ་པར་བྱ། དེར་བ་བྱུང་དང་འབྲས་བཅས་འདུ་ུབྱ། ས་ཆོག་གི་དབུའི་ཕྱོགས་བཅུ་ུན་སོགས་ཀྱིས་གསོ་སྦྱོང་བླངས་ནས་སྔགས་བར། བསྙེན་པའི་དབུའི་ཁྲོ་བོའི་མནོལ་མེད་སྔགས་རྒྱ་ནས་རས་ཀྱི་ཟེའུ་སོགས་ངག་འདོན་དང་བྱ་བྱེད་སོར་བཞག་ཇི་བཞིན། སྲོག་ཤིང་ཆོ་གའི་བདག་གིས་བརྒལ་དཀའ་སོགས་ནས་བཟླས་པའི་མཐར་དངོས་གྲུབ་སྩལ་དུ་གསོལ་བར་དང་། གཏང་རག་མཆོད་པ། ༀ་བཛྲ་ཨརྒྷཾ་སོགས་ནས། བསྟོད་པར་འོས་པ་སོགས། བཟོད་གསོལ་ནས་དཀྲོལ་བར་གྱུར་བར། སློབ་དཔོན་བུམ་རྟེན་ཁར་ཕེབས་ཏེ་བ་བྱུང་གིས་བྱུགས་ཤིང་ཐིག་གྲུ་བཞིར་བཅད་ནས་ཤར་གྱི་ཆར་དྲིའི་ཐེག་ལེ་གྲུ་བཞི་གཉིས་༢ དང་། ལྷོ་༣བྱང་༤གཉིས། ལྷོ་ནུབ༥། ནུབ༦། ནུབ་༧ བྱང་བཅས་སུ་ཟླུམ་པོ་རེ་བྱས་ལ་འབྲས་ཚོམ་བཀོད། སྒོར་མཆོད་དང་། ཁ་ཟས་སྣ་ཚོགས། འོ་མ། མཆོད་ཡོན། བླ་གཏོར་དཀར་པོ་གཅིག །གོས་ཟུང་སྣ་ལྔ་བཅས་བཀོད། སློབ་དཔོན་མདུན་གོས་ཟུང་། རང་ཉིད་མཆོད་རྟེན་གྱི་ཉེ་ལོགས་སུ་ཀུ་ཤའི་གདན་ལ་ཤར་དུ་ཕྱོགས་པས་འདུག་ལ་ནས་བསྟོད་པའི་མཐའི་བར། འདེགས་རྒྱ་བཅས་ཏེ། ཛི་ན་ཛིཀ྄་སོགས་ནས། རྣམ་སྨིན་གྱིས་ལུས་ལ་ཐིམ་པར་གྱུར་བར་དང་། ཤེས་རབ་སྙིང་པོ་བཀླག་སྟེ་གྱེས། ཚོམ་བུ་དང་མཆོད་གཏོར་བསྡུ། དངོས་གཞི་ལ་དཀྱིལ་ཐང་བཀྲམ་པའི་དབུས་སུ་སྲོག་ཤིང་འཛུགས། ཕྱོགས་བཞི་ནས་འཐེན་ཏེ་ཀ་སྒྲོམ་ལྟ་བུས་ཡ་ཡོ་མི་ཡོང་བར་བྱ། སྲོག་ཤིང་རྩ་བར་གོང་གི་སཱཙྪ་རྣམས་དཀྲམ། མཚམས་ཐམས་ཅད་དུ་དྲི་བཟང་པོའི་ཚོས་ཀྱིས་གཏམས། ཕྱིའི་གྲྭ་བཞིར་དུང་ཞལ་དྲི་ལྔས་བཀང་བར་ཆུའི་རྒྱུན་ཅུང་ཟད་བྲན་པ་བཞི། ཤར་གྱི་སྣམ་བུའི་ཁར་སྤོས་སྣོད་གསུམ། ལྷོར་དྲིའི་དུང་ཞལ་ཏིང་མེ་ཏོག་གིས་གང་བ་གཅིག །ནུབ་ཏུ་ཡོལ་གོ་མར་ཁུ། ཏིལ་ནག །རྒྱ་སྲན་ནམ་མོན་སྲན། འབྲས་དང་ནས་དཀར་བཅས་བླུགས་པའི་ཐུག་པ། དུང་ཞལ་དཀར་གསུམ་གྱིས་བཀང་བ། ཡོལ་གོར་སྨན་དང་ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུ་དགུ་བཅུ་རྩ་དགུ །བྱང་དུ་ཤ་ཆང་མ་འདྲེས་པའི་ཞལ་ཟས་སྣ་ཚོགས་དང་མར་གྱི་གཏོར་ཟླུམ། དུང་ཞལ་ལ་བྱ་རྒྱུད་བུམ་རྫས་ལྡན་པ། ཏིང་མེ་ཏོག་ལ་སྤོས་བཙུགས་པ། ནུབ་བྱང་དུ་དུང་ཞལ་གྱི་རྒྱབ་ཏུ་ཤིང་ཟླ་གམ་གཟུགས་དམར་པོ་ལ་ཚོགས་བདག་བྲིས་པའི་སྤྱི་བོར་མར་མེ། མཐར་ནུབ་ནས་བརྩམས་ཏེ། མཆོད་ཡོན་ལན་ཚྭར་རྫས་བདུན་སྦྱར་བ། དྲི་ཆབ་དྲི་ལྔ་སྣུམ་གྱིས་སྤགས་པ། མེ་ཏོག །སྤོས། དཀར་མངར་སྦྱར་བའི་ཞལ་ཟས། ཁུར་བ་སྣ་ཚོགས་པ་དང་ཤིང་ཏོག་སྣ་ཚོགས་པ་རྒྱ་སྲན་གྱི་འབྲུ་མར་ཁུས་སྤགས་པ། འབྲས། མར། སྦྲང་། ལན་ཚྭ་བཅས་འོ་མས་སྤགས་པ། མར་མེ་རྣམས་འཁོར་བར་བསྐོར་མཐར་དྲི་དང་སྣུམ་བསྲེས་པས་བྱུག །ཕྱོགས་མཚམས་བརྒྱད་དུ་རྨ་བྱའི་མདོངས་ཀྱིས་ཏོག་བྱས་པའི་རྒྱལ་མཚན་ཤར་དཀར། ལྷོ་ནག །ནུབ་དམར། བྱང་སེར། ཤར་ལྷོར་དམར་སེར། ལྷོ་ནུབ་ཏུ་དུད་ཁ། ནུབ་བྱང་ཁྲ་བོ། བྱང་ཤར་ལྗང་སེར་རྣམས་ཐུང་ངུ་རེ་དང་། རྫས་བརྒྱད་ཙཀླི་བཅས་ཐམས་ཅད་ཁོད་སྙོམས་པར་བྱས་པའི་ཕྱི་ནས་རས་ཡོལ་གྱིས་བསྐོར། མཆོད་རྟེན་གྱི་རྨང་གི་སྟེང་ཕྱིའི་ཕྱོགས་བཞིར་སྤོས་མར་མེ་ཞལ་ཟས་ཆ་རེ། གཏོར་ཟླུམ་འཁོར་བརྒྱད་རེ་ཅན་དང་། མདུན་དུ་སྟེགས་བུ་རྫས་བདུན་སྦྱར་བའི་མཆོད་ཡོན་བཟེད་ཞལ་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་བཅས། སློབ་དཔོན་མདུན་ཡོ་བྱད་སྔར་བསྙེན་སྐབས་བཞིན་འདུ་བྱས་ནས། དྲི་མེད་རྣམ་གཉིས་ཀྱི་གཟུངས་བུམ་ཆུས་སྦྱོང་ཁྲུས་རྒྱས་པ་དང་རབ་གནས་བསྡུས་ཙམ་བྱེད། སང་ཞོགས་ཆོག་ལྟར་གསོ་སྦྱོང་བླངས། བསྙེན་སྐབས་ལྟར་ཁྲོ་བོ་མནོལ་མེད་སྔགས་རྒྱ་ནས། རས་ཀྱི་ཟེའུ་ཁ་བཅིངས་པའི་བར་བྱ། དེ་ནས་སྲོག་ཤིང་ཆོ་གའི་རྣམ་འབྱོར་དངོས་གཞི་བདག་གིས་བརྒལ་དཀའ་ནས། བླ་བྲེ་ལ་སོགས་པས་བརྒྱན་པར་གྱུར་བར་བྱས་ལ་ལྷ་སོ་སོའི་སྔགས་ལྷ་སྟ་གོན་བཞིན། ན་མཿསཔྟཱ་ནཱཾ་སོགས་ནས། ཡ་ཏེ་དེ་ནི་སྭཱ་ཧཱའི་བར་ཚར་རེ་བརྗོད། ནང་གི་དཀྱིལ་འཁོར་སོགས་ནས། བཟླས་པའི་མཐའ་བར་དཀྱུས་བཞིན་བྱ། གཙོ་འཁོར་བཅུའི་སྔགས་ལ་རང་རང་གི་ཕྱག་རྒྱ་བཅའ། ཨ་ཧ་ར་སོགས་ནས། བསྟོད་པ། ཚོགས་བསགས་མཐར་འོད་ཟེར་དྲི་མེད་ཀྱི་གཟུངས་མདོ་ཅི་འགྲུབ་བཀླག །དེ་ནས་ཤར་སོགས་ཕྱོགས་བཞི་ནས་ཕྱག་བྱས་ནས་སྟན་ལ་འདུག་སྟེ་མཆོད་པ་གཏོར་བསྔོ་བཟླས་པ་གསོལ་གདབ་ཀྱི་མཐར་ཐུག་གི་བར་ཚར་རེ་བྱ། མཇུག་ཏུ་ཤར་ནས་ཡེ་དྷརྨ་སྔོན་འགྲོས་ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། མདུན་གྱི་ཉེར་སྤྱོད་དང་ཕྱོགས་བཞིའི་མཆོད་པ་ཁ་གསོས་ཏེ། རྂ་ཡྂ་ཁྂ། ༀ་སྭ་བྷཱ་ཝ་སོགས། ཐམས་ཅད་སྟོང་ཉིད་སོགས་སྔགས་བཅས། ༀ་བཛྲ་ཨརྒྷཾ་སོགས་སྔགས་རྒྱ་བཅས་མཆོད་ནས། བླ་མ་སོགས་ནས་བདག་ཉིད་ལ་བསྲུང་བར་གྱུར་བར། བཟང་སྤྱོད་སྨོན་ལམ་སོགས་དང་བཀྲ་ཤིས་བཅས། ཤེར་སྙིང་ཚར་གཅིག་འདོན་ནོ། །དེ་ནས་དཀྱིལ་འཁོར་དེ་ལ་ཞལ་ཁེབས་མཚམས་དར་སེར་པོ་བཏང་ངོ་། །གོང་དུ་དཀྱིལ་འཁོར་གྱི་ཐིག་དང་རྡུལ་ཚོན་བྱིན་རླབས་སོགས་གནང་ཡང་ལེགས་ཤིང་། རས་བྲིས་ལ་རི་མོ་མཁན་དམ་ཚིག་ལ་གནས་ཤིང་ཡོ་བྱད་སོགས་བྱིན་རླབས་དང་ལྡན་པས་བྲི། དེ་དག་ནི་དཀྱིལ་འཁོར་དང་ཆོ་ག་རྒྱས་པའི་ལུགས་སོ། །མཆོད་རྟེན་ཆུང་ངུ་སོགས་ལ་ཉེ་ལོགས་སུ་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཤམས་ཏེ་སྲོག་ཤིང་འཛུགས་པའི་དངོས་གཞིའི་ཆོ་ག་གསོ་སྦྱོང་བླང་པ་ནས་ཤེར་སྙིང་བར་དང་། སཱཙྪའི་ཆོ་ག་ཚང་བར་བྱས་ནས་དཀྱིལ་ཐང་དང་སཱཙྪ་ཁ་ཤས་སོགས་མཆོད་རྟེན་དུ་བཅུག །མཆོད་རྫས་གཞན་དང་སཱཙྪ་ལྷག་མ་རྣམས་མཆོད་རྟེན་རྙིང་པ་སོགས་ལ་ཕུལ་བ་ནི་དཀྱིལ་འཁོར་འབྲིང་པོའི་ཕྱག་ལེན་ནོ། །ཁང་བརྩེགས་མཆོད་རྟེན་སོགས་ལ་འདི་ཉིད་ཀྱི་སཱཙྪ་གདབ་པའི་ཆོ་ག་ལྟར་ཇི་ཙམ་ནུས་པ་གདབ་ནས་གཟུངས་འབུལ། ན་བཟའ་གསོལ། གང་དུ་བྱ་བའི་སར་ས་ཆོག་སྤྱི་ལྟར་མདོར་བསྡུས་དང་གཏེར་བུམ་ཙམ་བཞུགས། རྨང་གི་སྟེང་ཐོག་ཁང་བཟང་ནང་རྐྱང་ནུལ་བྱས་ལ་རེ་མིག་བརྒྱ་རྩ་བརྒྱད་ཀྱིས་མཐའ་ཟླུམ་སྐོར་ལ་དྲིས་བྱུག་ནས་མེ་ཏོག་སིལ་མ་བཀྲམ་པའི་དབུས་སུ་སྲོག་ཤིག་འཛུགས། སཱཙྪ་རྣམས་བསྒྲིག །གྲྭ་བཞིར་སྤོས་ཕོར། སྒོ་བཞིར་མཆོད་ཡོན། བ་དན་དམར་པོ་བརྒྱ་རྩ་བརྒྱད་བཅས་དགྲམ་སྟེ་ཁོད་སྙོམས་པར་བྱས་ལ་ཞལ་ཁེབས་དམར་པོས་གཡོགས། དེ་ནས་ལྷག་རྣམས་མཆོད་རྟེན་གྱིས་བཀང་ལ་སྟེང་དུ་རྒྱལ་མཚན་སོགས་འཛུགས། ཕྱིའི་ཕྱོགས་བཞིར་མཆོད་པ་རྒྱས་པར་བཤམ། མདུན་དུ་ཁྲུས་བུམ་མེ་ལོང་རས། ཆུ་གཉིས་ཉེར་སྤྱོད། ཞལ་ཟས་སྣ་ཚོགས། ལྔ་ཚན་ལྔ། བཀྲ་ཤིས་རྫས་བརྒྱད། སྣ་བདུན། མཆོད་ཡོན། བཟེད་ཞལ། ཆ་གསུམ་གཏོར་མ། སློབ་དཔོན་མདུན་རྨ་བྱའི་སྒྲོ་ཆུན་ལྔ། ཡུངས་ཀར། བྱེ་ཐུན། རོལ་མོ། མེ་ཏོག་བཅས། དངོས་གཞིའི་ཆོ་ག་བཀླག་པས་འགྲུབ་པ་ནང་བཞིན་བྱ་བ་ནི་བསྡུས་པའི་ཕྱོགས་དང་། ཐམས་ཅད་ལ་སྤྱིར་ཤེས་པར་བྱ་བ་དབང་དང་རྗེས་གནང་ནོད་ཅིང་ཕྱག་རྒྱ་རྣམས་བཅིང་བར་མཁས་པ། བསྙེན་པ་སྔོན་སོང་གི་གང་ཟག་གིས་སྨྱུང་བར་གནས་པའམ་དཀར་གསུམ་སོགས་ལ་བརྟེན་ནས་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་བཀླག་ཆོག་གཞུང་གི་ས་བཅད་ཀྱི་དོན་ལ་ལེགས་པར་བསམ་སྟེ་ལག་ལེན་མ་འཁྲུལ་བ་དང་ཁྱད་པར་གཟུངས་མདོ་གཉིས་སཱཙྪ་བཅས་ཅི་འགྲུབ་དང་། འོད་ཟེར་དྲི་མེད་ཀྱི་གཟུངས་རིང་ཐུང་གཉིས། གཙུག་ཏོར་དྲི་མེད་ཀྱི་གཟུངས་བཅས་ཉིས་ཁྲི་ཆིག་སྟོང་ཙམ་རེ་བསགས་ཤིང་། ལྷག་པའི་བསམ་པ་རྣམ་པར་དག་པས་བརྩམ་ན་དཔལ་གྱི་མགུར་ནས་ཕན་ཡོན་ཇི་སྙེད་གསུངས་པ་ཐོབ་པར་གདོན་མི་ཟའོ། ༈ །མཆོད་རྟེན་ཐིག་ཚད་མདོར་བསྡུས་ལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། །ཡར་མར་ཆ་ཆེན་བཅུ་བདུན་སྲིད། །ཆ་ཆེན་བཅུ་ཡིན་རེ་རེ་ཞིང་། །ཆ་ཕྲན་བཞི་བཞིར་བགོ་བར་བྱ། །ས་འཛིན་དཔངས་ལ་ཆ་ཕྲན་བཞི། །སྲིད་དུ་ཚངས་ནས་གཡས་གཡོན་དུ། །ཆ་ཕྲན་བཅོ་བརྒྱད་དམ་ཕྱེད་བཅུ་དགུ། །ཐེམ་སྐས་རིམ་གསུམ་དཔངས་ཆ་རེ། །སྲིད་དུ་བཅུ་བདུན་དྲུག་ལྔའོ། །ཁྲི་དཔངས་དྲུག་ལ་སྲིད་བཅུ་བཞི། །པད་ཆུང་གཉིས་ལ་དཔངས་ཆ་རེ། །སྲིད་དུ་བཅོ་ལྔ་བཅུ་དྲུག་རེ། །པད་ཆེན་དཔངས་གསུམ་སྲིད་བཅུ་དགུ །རྨང་རྟེན་དཔངས་གཅིག་སྲིད་བཅུ་དྲུག །ཚད་མེད་བཞི་ལ་དཔངས་གཉིས་ཏེ། །སྲིད་དུ་བཅུ་བཞི་བཅུ་གསུམ་དང་། །བཅུ་གཉིས་བཅུ་གཅིག་རིམ་བཞིན་བྱ། །མགུར་མཆུ་དཔངས་གཅིག་སྲིད་བཅུ་པད། །བུམ་དཔངས་བཅུ་བཞི་རྩ་རྩེའི་སྲིད། །དགུ་ཡིན་བཅུ་གཅིག་ནས་ནི་ཕྱིར། །ཆ་གསུམ་གྱེན་ལ་ཐིག་རྩ་སྦྲེལ། །བྲེ་རྨང་དཔངས་ཕྱེད་སྲིད་བཞིའོ། །བྲེ་མགུར་དཔངས་གཅིག་སྲིད་དུ་གསུམ། །པད་ཆུང་དཔངས་ཕྱེད་སྲིད་ཕྱེད་བཞི། །བྲེ་དངོས་དཔངས་གཉིས་སྲིད་དུ་བཞི། །གདུགས་འདེགས་པདྨ་དཔངས་ཆ་གཅིག །སྲིད་དུ་རྩེ་གསུམ་རྩེ་བཞིའོ། །ཆོས་འཁོར་བཅུ་གསུམ་དཔངས་བཅུ་གསུམ། །སྲིད་དུ་རྩེ་གཅིག་རྩ་བ་བཞི། །ཆ་རེའི་གསུམ་གཉིས་ཕོ་འཁོར་དང་། །ཆ་རེ་མོ་འཁོར་རྟག་ཀྱང་མཚུངས། །ཐུགས་རྗེ་མདོ་གཟུངས་པདྨའི་དབྱིབས། །རྩ་དཔངས་ཆ་གཅིག་རྩེ་ཕྱེད་གཉིས། །གཞུ་བསྣོལ་དཔངས་གཅིག་སྲིད་ཕྱེད་གསུམ། །གདུགས་དཔངས་ཆ་གཅིག་སྲིད་དུ་གསུམ། །དེ་ལས་ཟར་ཚགས་དཔངས་གསུམ་དང་། །མཐའ་རྒྱ་ཆ་བཞི་གཡེལ་ཁ་བྱ། །ཟླ་བ་ཆ་གཅིག་ཉི་མ་གཉིས། །དེ་སྟེང་ཏོག་ལ་ཆ་ཕྲན་གཅིག །དེས་ནི་བྱང་ཆུབ་མཆོད་རྟེན་གྲུབ། །དེ་ལ་གཞི་བྱས་གཞན་བདུན་པོ། །བང་རིམ་བཞི་པོའི་ལོགས་བཞི་ཡི། །སུམ་ཆ་རེ་རེ་འབུར་དོད་བྱ། དེ་ལ་སྒོ་གྲངས་བརྒྱ་དང་བརྒྱད། །ང་དྲུག་བཅུ་དྲུག་ཆེ་ཆུང་སོགས། །གང་འོས་བཀྲ་ཤིས་སྒོ་མང་ཅན༡། ༈ །དེ་ཉིད་གཞི་བཞག་འབུར་འདོད་དབུས། །སུམ་སྐས་བསྒྲིགས་ནས་བ་གམ་སྟེང་། །བཙུགས་པ་ལྷ་༢བབས་མཆོད་རྟེན་ནོ། ༈ །སྐས་མེད་གཞན་དེ་ཇི་ལྟ་བ། །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ཡིན༣། ༈ །བང་རིམ་བཞི་པོ་ཁ་གཡེལ་ནས། །ཀུན་ཏུ་ཟླུམ་པོར་བསྐོར་བ་ལ། །པདྨ་འམ་ནི་འཁོར་ལོས་སྤྲས། །པདྨ་སྤུངས་སམ་བཀྲ་ཤིས་འབྱུང་༤། ༈ །བང་རིམ་ཟུར་བཞི་ལོགས་བརྒྱད་དུ། །བཅད་ནས་གཡེལ་ཁ་སྤངས་པ་ནི། །དགེ་འདུན་དབྱེན་ཟླུམ་མཆོད་རྟེན་ལགས༥། ༈ །བང་རིམ་བཞི་པོ་ཆ་གསུམ་དུ། །བསྡུས་ཏེ་པད་ཆུང་བཅས་པ་ཡང་། །ཟླུམ་པོ་བསྐོར་བ་རྣམ་པར་རྒྱལ༦། ༈ །པད་ཆུང་སྟེང་དུ་མ་པད་དཔངས། །ཆ་ཆུང་ཕྱེད་བཞི་གཡེལ་ཁ་དང་། །དེ་ནས་བྲེ་རྨངས་མན་ཆད་ལ། །ཆ་ཕྲན་དུ་ཡོད་དྲིལ་གཟུགས་བྱ། །རྐེད་རྒྱན་ཅུང་ཞིག་འབུར་བ་ནི། །མྱང་འདས་མཆོད་རྟེན་ཉིད་དུ་བཞེད༧། །དེ་དག་རྣམས་ཀྱི་ས་འཛིན་གྱི། །ཟུར་བཞིར་རྡོ་རིང་དཀྱུས་ཆ་ཆེན། །བཞི་དང་ལོགས་བཞིར་ཐེམ་སྐས་བཞི། །བ་དན་དྲིལ་གཡེར་ཆུན་འཕྱང་སོགས། །འོས་པའི་རྒྱན་གྱིས་བརྒྱན་པར་བྱའོ། ༈ །ཚོན་མདོག་ཏོག་སེར་ཉི་མ་དམར། །ཟླ་བ་གདུགས་ཁེབས་གཉིས་དཀར་པོ། །གདུགས་སྔོན་ཐུགས་རྗེའི་སུལ་དམར་པོ། །ཐུགས་རྗེ་སེར་ལ་ཕོ་འཁོར་སེར། །མོ་འཁོར་སྲོག་ཤིང་གཉིས་དམར་པོ། །གདུགས་འདེགས་སྔོན་པོ་དགེ་བཅུ་སེར། །ས་འཛིན་ལྗང་གུ་ཐེམ་སྐས་གསུམ། །མས་ནས་དམར་སྔོ་སེར་སེང་ཁྲི། །དཀར་པོ་གདུང་སྣེ་སྔོན་པོ་ལ། །པད་ཆུང་དམར་པོ་པད་ཆེན་ལྗང་། །གཞན་རྣམས་དུང་གི་མདོག་ལྟར་མཛེས། །མཁས་པའི་གཞུང་ལས་ལེགས་པར་ཤེས། ༈ །ཁང་བརྩེགས་མཆོད་རྟེན་བྱེད་ལུགས་ནི། །ཡས་མར་ཆ་ཆེན་བརྒྱད་སྲིད་དུ། །ཆ་ཆེན་བཅུ་ཡིན་རེ་རེ་བཞིན། །ཆ་ཕྲན་བཞི་བཞིར་བགོ་བར་བྱ། །རྨང་རྟེན་དཔངས་སུ་ཆ་ཕྲན་བཞི། །སྲིད་དུ་ཚངས་ནས་གཡས་གཡོན་དུ། །ཆ་ཕྲན་བཅུ་དགུ་པད་གདན་དཔངས། ཆ་གཅིག་སྲིད་དུ་བཅུ་བདུན་ནོ། །ཁང་བཟང་དཔངས་ལ་ཆ་ཆེན་ལྔ། །སྲིད་དུ་བཅུ་དྲུག་པད་ཆུང་དཔངས། །ཆ་གཅིག་སྲིད་དུ་བཅུ་བདུན་ནོ། །པད་ཆེན་དཔངས་གཉིས་སྲིད་བཅོ་བརྒྱད། །བང་རིམ་གཉིས་ལ་ཆ་ཕྲན་རེ། །དཔངས་སུ། སྲིད་དུ་བཅུ་བདུན་བཅུ་དྲུག་གོ། །པྲེ་དངོས་ཆ་ཕྲན་དཔངས་སུ་གསུམ་གྱི་ཐོག །ཤིང་ཆོལ་བཀོད་པས་རབ་སྤྲས་ལ། །མཛེས་པའི་ཏོག་གིས་བརྒྱན་བྱའོ། ༈ །འཕགས་པ་དྲི་མེད་རྣམ་གཉིས་ཀྱི། །དཀྱིལ་འཁོར་ལས་ཐིག་གདབ་ཚུལ་བཤད། །ཚངས་ཟུར་བཞི་གདབ་ལྟེ་བ་ནས། །ངོས་རེར་ཇི་ལྟར་འཚམས་པ་ཡིས། །ཆ་ཆེན་བཅུ་གཉིས་བགོ་བར་བྱ། །དྲུག་པ་ཚུན་ཆད་ལྷ་ཡི་གནས། །བདུན་བརྒྱད་གཉིས་པོ་རྩིག་པ་ནས། །མདའ་ཡབ་བར་དུ་སྤྱི་ལྟར་བགོ། །མདའ་ཡབ་ཕྱི་རུ་ཆ་ཆེན་བཞིའི། །ནང་མ་གསུམ་ལ་བཞི་རེ་བགོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །དེ་རྣམས་བཅད་ལུགས་འདི་ལྟར་ཏེ། །གསེར་སྣམ་༡ ཀ་རྒྱན་མཐའ་དང་མཉམ། །ཤར་༢ བུ་རིན་ཆེན་༣རྨིག་པ་༤གསུམ། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །མུན་༥པའི་ཕྲེད་ལ་ཆ་ཕྲན་ནི། །དེ་ལས་གཉིས་ཀྱིས་ཐུང་གྱུར་ཀྱང་། །ཞིང་ལ་ཆ་ཕྲན་ཕྱེད་གཉིས་སོ། །ཝ་༦རཎྜ་ནི་དེ ཉིད་ལས། །ཆ་ཕྲན་གཅིག་རིང་ཞིང་ཆ་ཕྲན། །གཅིག་ཡིན་མུན་སྣམ་༧ཆ་ཕྲན་ནི། །དེ་ལས་གཉིས་ཐུང་ཞེང་ལ་ནི། །ཆ་ཕྲན་ཕྱེད་གཉིས་ཡིན་པར་བཤད། །ཤར་༨བུ་རིན་ཆེན་༩རྨིག་པ་༡༠གསུམ། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །མདའ་༡༡ཡབ་ཆ་ཕྲན་གཅིག་འཕྱར་ཞིང་། །པད་འཁོར་གདུགས་གསུམ་སྤྱི་དང་འདྲ། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་ལྔ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གསུམ་གྱིས་དབུས་མ་བསྐོར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིང་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་ཏེ་ཕྱིན་ས་ནས། །ཆ་ཕྲན་གསུམ་གྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་ར་བསྐོར་ཚུལ། །སྣམ་བུ་ལྔ་པའི་ཕྱི་ཐིག་དང་། །ཚངས་ཕྱིར་གསུམ་ཕྱིན་འཛོམ་ས་ནས། །བཟུང་སྟེ་ཀ་མཐར་ཡོད་པ་ཡི། །ཆ་ཕྲན་གཅིག་པའི་རྩེ་ནས་བསྐོར། །དེ་ནས་ཕྱེད་གསུམ་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །མཐའ་ཐིག་ཟུར་ནས་སོ་སོ་ཡིས། །པད་རྡོར་སོགས་ཀྱི་བསྐོར་ཐིག་གདབ། །དེ་ནི་གསང་བ་སྤྱི་རྒྱུད་ལས། །ས་གཞིའི་སྟེང་དུ་བྱུག་སྤོས་ཀྱིས། །དཀྱིལ་འཁོར་སོར་གྲངས་བཅུ་གཉིས་བྱ། །གསུངས་པའི་ལུགས་བཞིན་བྲིས་པ་ཡིན། །ལྷ་གནས་སོགས་ཀྱི་བྱེད་ལུགས་རྣམས། །བཀླག་ཆོག་མཐོང་བརྒྱུད་ལྟར་བྱའོ། །དབང་གི་དཀྱིལ་འཁོར་བྲི་བ་དང་། །ཆོ་ག་སོགས་ཀྱི་ཕྱག་ལེན་རྣམས། །གཞན་དུ་བཤད་ལས་རྟོགས་པར་གྱུར། །ཞེས་པའང་རང་གི་ཟིན་ཐོར་པྲཛྙཱ་ཤཱ་སས་སོ། །སྨིན་གླིང་རྡོར་འཛིན་ཤེས་རབ་བསྟན་དར། མཆན། སརྦ་མངྒལཾ།། ༈ །།དཔངས་ཞེང་ཆ་ཆེན་ཐམས་ཅད་ལ། །ཆ་ཕྲན་བཞི་བཞིར་དོན་ཐོབ་ཀྱང་། །སྟབས་བདེའི་ལག་ལེན་འདི་བཞིན་བྱ། །ཞེང་གི་ཆ་ཆེན་དང་པོ་ནི། །ཆ་ཕྲན་བཞིར་བསིལ་དེ་བཞིན་དུ། །གཉིས་བཞག་གསུམ་བཞི་བཞི་རུ་བསིལ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དཔངས་ནི་མས་ནས་ཡར་བགྲང་བའི། །དེ་བཞིན་དགོས་གནད་ཆ་བསིལ་བྱ། །སྒོ་ཁྱིམ་དཔངས་ཞེང་ཆ་ཆེན་གཉིས། །རྩ་བ་ཚངས་ནས་གཡས་གཡོན་རྒྱ། །ཆ་ཕྲན་གཉིས་མཚན་ལེགས་དྲངས་ཏེ། །པདྨའི་འདབ་འདྲ་དབྱིབས་ལེགས་བྱ། །ཕྱི་ཡི་པ་ཏྲའི་ཞེང་དག་ཀྱང་། །ཇི་ལྟར་རིགས་པས་གང་མཛེས་བྱ། །ཞེས་སོ།། ༈ །།བྱང་ཆུབ་སེམས་ཀྱི་གཞི་རྩར་ལེགས་བཟུང་ནས། །བྱང་ཆུབ་སྤྱོད་པའི་ཟབ་ལམ་གཅིག་བུ་ུཞིག །བྱང་ཆུབ་མཆོག་གི་འབྲས་བུ་ལ་གཞོལ་ཕྱིར། །བྱང་ཆུབ་རྒྱ་མཚོས་པར་དུ་བསྐྲུན་སྤེལ་དགེ།


previousའཕགས་པ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་བཀླག་པས་གྲུབ་པའི་གསལ་བྱེད་དང་མཆོད་རྟེན་ཁང་བརྩེགས་འདི་ཉིད་ཀྱི་དཀྱིལ་འཁོར་ཐིག་ཡིག་བཅས་མཐོང་བས་དོན་རྟོགས། ཤེས་རབ་བསྟན་དར།no next