Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་པ་པ།


   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ། བློ་གྲོས་མཐའ་ཡས།
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ། བློ་གྲོས་མཐའ་ཡས།next

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ། བློ་གྲོས་མཐའ་ཡས།

རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་གུ་རུ་བུདྡྷ་ཡ། རྡོ་རྗེའི་དབྱིངས་ལས་ཁྲོས་པའི་རྡོ་རྗེའི་སྐུ། །དབང་སྔོན་མདོག་ཅན་དབང་དང་དངོས་གྲུབ་མཛོད། །རྡོ་རྗེའི་སྟོབས་ཀྱིས་བྱང་ཆུབ་སྒྲུབ་པའི་བགེགས། །རྣམ་པར་འཇོམས་མཛད་དེ་ལ་ཕྱག་བྱས་ནས། །ས་གསུམ་ལ་གནས་གནུབས་ཆེན་བཀའ་ཡི་སྲོལ། །བྱིན་རླབས་ཆུ་རྒྱུན་མ་ཆད་བདག་བློ་ཡི། །བུམ་པར་བསྐྱིལ་གང་བསྟན་ཕྱིར་ཡིད་གདུང་བའི། །དམ་པ་རྣམས་ལ་དགྱེས་པའི་ཞལ་བསིལ་སྤྲོ། །སློབ་དཔོན་དབང་རྫོགས་ཤིང་ལུང་བསྟན་སོགས་མཚན་མ་ཐོབ་པའམ། ལྷའི་རྣལ་འབྱོར་རྫོགས་ཤིང་གཞན་ལ་ཕན་འདོད་ཀྱི་བསམ་པ་གཡོ་མེད་པས། དད་གུས་སྙིང་སྟོབས་དང་ལྡན་པའི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་ལ་སྤྱི་དོན་གསུམ། དམིགས་རྟེན་གཟུགས་བརྙན་མཚན་མའི་དཀྱིལ་འཁོར་འདུ་བྱ་བ། ཏིང་འཛིན་དམིགས་པའི་དཀྱིལ་འཁོར་སྒྲུབ་ཅིང་བདག་ཉིད་འཇུག་པ། དཀྱིལ་འཁོར་གཉིས་ཀ་ལ་བརྟེན་ནས་སློབ་མ་རྗེས་སུ་བཟུང་བའོ། །དང་པོ་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་རིམ་པ། དཀྱིལ་འཁོར་དང་དབང་རྫས་འདུ་བྱ་བའོ། །དང་པོ་ནི། ཁྲུས་དང་འབྱུང་གཏོར་ནས་བརྩམས་བདག་བསྐྱེད་བཟླས་པ་མཆོད་བསྟོད་པར་གྲུབ་པ་དང་། དཀར་གཏོར་གཙང་མ་ལ་ཆབ་བྲན་ཏེ། ༀ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་བསམ་ལ། ཨ་ཀཱ་རོ་བརྗོད་པས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ནས། ག་ག་ན་ཁཾ་བ་ལིཾ་ཏ་སྭཱ་ཧཱས་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གཏོར་མ་ཕུལ་བས་གནང་བ་བྱིན་པར་བསམ། ནག་ཕྱོགས་རྣམས་གོང་གི་ལས་སྔགས་བརྗོད་ཅིང་གུ་གུལ་དུད་པ་སོགས་ཀྱིས་བསྐྲད། ཆོས་ཉིད་རྣམ་དག་སྔགས་བརྗོད་ལ་ས་གཞི་སྟོང་ཉིད་དུ་མོས། གཟུངས་ཐུང་བརྗོད་ཅིང་དྲི་ཆབ་འཐོར་བས་ས་གཞིའི་ཉེས་སྐྱོན་དག་པར་མོས་པ་ནི་ས་ཆོག་མདོར་བསྡུས་པའོ། །གཉིས་པ་ལ་གསུམ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། དཀྱིལ་འཁོར་གྱི་གཞི་ལ་དྲི་བཟང་པོས་ཆག་ཆག་གདབ་པར་དྲིའི་ཐིག་ལེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། མཆོད་པ་རྣམས་བསང་སྦྱང་བྱིན་རླབས་གཟུངས་ཆོག་ལྟར་བྱ། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས། སྲུང་འཁོར་གྱི་ནང་འབྱུང་བཞི་རི་རབ་དང་བཅས་རིམ་པར་བརྩེགས་པའི་སྟེང་དུ། འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག །དེ་རྒྱབ་རྩིབས་བཅུ་མཐིང་ནག །འཁོར་ལོའི་ལྟེ་བར་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་གནད་ལ་ན་མཿཙཎྜ་སོགས་བརྗོད། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོ་ནག་སོགས་གཟུངས་ཆོག་བདག་བསྐྱེད་སྐབས་ལྟར་ལ། བསྡུ་ན་གནས་བདུན་དང་ལྕེ་ལག་བྱིན་རླབས་མི་དགོས། གཞན་བསྟོད་པ་ཡན་ཚང་བར་བཏང་ངོ་། །གཉིས་པ་ནི། བུམ་པ་གཉིས་གཟུངས་ཆོ་ག་ལྟར་སྔགས་དང་བཅས་ཆས་སུ་བཅུག་ལ། དེ་ལས་འབྱུང་བ་ལྟར་རྣམ་བུམ་བསང་སྦྱང་ནས། ལས་བུམ་སྒྲུབ་པ་རྫོགས་ཀྱི་བར་མཐར་ཆགས་སུ་བཏང་བ་ལས། གཟུངས་བཟླས་སྐབས་བསྒྲུབ་བྱ་བསྐྱེད་པ་དང་ཡུངས་ཀར་འཐོར་བ་རྣམས་མི་དགོས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་བཞག་གོ། །གསུམ་པ་སློབ་མ་སྟ་གོན་གྱི་ཐོག་མར་སྔོན་གྱི་ཕྱག་ལེན་དུ། གྲིབ་སེལ་གྱི་ཆོ་ག་རྒྱས་པ་མཆོད་རྟེན་ལ་བརྟེན་པ་དང་། བསྡུས་པ་ཆང་བུའི་གླུད་བསྔོ་ཙམ་མཛད་པར་སྣང་བ་དང་པོ་སྤྲོ་ན་གཞན་དུ་ཤེས། གཉིས་པ་ཁྲོ་དཀར་དུ་བཤད་པ་ལྟར་ཡིན་ཀྱང་ཕྱིས་ནས་བྱབ་ཁྲུས་རེ་མཛད་པའི་ཁོངས་སུ་དེ་དག་འཐུས་པར་སྣང་བས། དེ་ལྟར་བྱེད་ན། བུམ་ཆོག་གྲུབ་མ་ཐག་པར་ལྷ་ཁྲུས་གསོལ་བའི་ཆུ་ལས་བུམ་དུ་བླུགས་ཤིང་། རྣམ་བུམ་ནས་བསྲེ། སློབ་མ་རྣམས་འཚོགས་ལ། བྱབ་པ་དང་། བཀྲུ་བ་དང་། བྲབས་པ་དང་། སྲུང་བ་བཅས་བྱས་ལ་ཤིས་བརྗོད་མདོར་བསྡུས་བྱའོ། །ལོངས་ཁྱབ་དབེན་པའམ་མི་སྤྲོ་ན། ཕྱི་རོལ་དུ་གཟུངས་སྔགས་བརྗོད་བཞིན་དུ་ལས་ཀྱི་བུམ་པའི་ཆུས་ཁྲུས་བྱས་པས་ཀྱང་དེའི་དོན་ཚང་ཞིང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །སྟ་གོན་དངོས་ལ། སྡོམས་ནི། མཚམས་སྦྱར། གསོལ་གདབ་གནང་བ་སྦྱིན། རྟོག་བསྡུ་སྣོད་རུང་གནས་བྱིན་བརླབས། །སོ་ཤིང་ཁྱོར་ཆུ་སྲུང་སྐུད་དང་། །ཀུ་ཤ་སྦྱིན་ཅིང་ཆོས་བཤད་དོ། །ཞེས་ཆོས་བཅུ་གཅིག་ཡོད་པས། དང་པོ་ནི། སློབ་དཔོན་གྱིས། ནམ་མཁའི་མཐའ་དང་མཉམ་པའི་མ་གྱུར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་ཞུགས་ལ་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པས་གསན་འཚལ། དེ་ལ་གསན་བྱ་ཆོས་ཀྱི་རྣམ་གྲངས་བསམ་མི་ཁྱབ་པ་ཞིག་ཡོད་པ་ལས་སྐབས་འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིའམ་དྲུག་ཏུ་གྲགས་པའི་ཐོག་མ་སྔགས་རྒྱུད་རྣམས་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་དུ་གཏོགས་པ་ཡིན། ཐེག་པ་རིམ་དགུར་གྲགས་པ་ལ་དཀའ་ཐུབ་རིག་བྱེད་ཐེག་པ་གསུམ་གྱི་ནང་ཚན་ཀྲི་ཡ་སྟེ། དེ་ལའང་འཇིག་རྟེན་ལས་འདས་པའི་རིགས་གསུམ། འཇིག་རྟེན་པའི་རིགས་གསུམ་སྟེ་དྲུག་ཏུ་བཤད་པའི་ཐོག་མ་འདས་པའི་རིགས་གསུམ་ལས་རྡོ་རྗེའི་རིགས་དེ་ལའང་རིགས་ཀྱི་གཙོ་བོ་སོགས་ནང་གསེས་བརྒྱད་དུ་དབྱེར་ཡོད་པ་ལས་རིགས་ཀྱི་ཁྲོ་བོའི་སྔགས་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན། དེའང་སྔོན་རྒྱལ་བ་འཇིག་རྟེན་དུ་བཞུགས་པའི་ཚེ་རྒྱལ་པོ་ལོག་པའི་སྙིང་པོ་ཅན་ཞེས་བྱ་བ་ལ་ཚེ་རབས་སྔ་མའི་ལས་ངན་གྱི་རྣམ་པར་སྨིན་པས་རྒྱུ་བྱས། གདོན་གྱི་རྒྱལ་པོ་ཕུར་བུ་རྐང་གཅིག་གིས་ཟིན་པས་རྐྱེན་བྱས་ནས་བྲོ་ནད་ཚབས་པོ་ཆེས་བཏབ་སྟེ། བྲམ་ཟེ་རྣམས་ལ་ཕན་པའི་ཐབས་དྲིས་པས་ལོག་པའི་ལུང་བསྟན་པ་ལས་ཕན་པའི་ཐབས་མ་རྙེད་པ་ན། རྒྱལ་པོ་ཆེན་པོ་སྡེ་བཞིས་ཟུག་རྔུས་གཟིར་བའི་སེམས་ཅན་ལ་སྙིང་རྗེ་སྐྱེས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་བཀའ་སྩལ་པ་སྐལ་བ་དང་ལྡན་པ་དུ་མས་བཟུང་ཞིང་བཀླགས་པ། དེ་ལས་བྲམ་ཟེའི་ཁྱེའུ་རིག་པ་འཛིན་པ་ཞེས་བྱ་བས་རྒྱལ་པོ་ལོག་པའི་སྙིང་པོའི་རྣ་བར་གཟུངས་བསྒྲག་པ་ཙམ་གྱིས་ན་ཚ་ཕལ་ཆེར་སངས། དེ་ལ་རྒྱུ་མཚན་དྲིས་ཤིང་དེས་ལུང་བསྟན་པ་ལྟར་སློབ་དཔོན་དཔལ་གྱི་སེང་གེ་བྱ་བ་སྤྱན་དྲངས་ཏེ་གཟུངས་ཀྱི་ཆོ་གས་ཁྲུས་མཛད་ཅིང་དཀྱིལ་འཁོར་དུ་ཞུགས་པས་རྒྱལ་བས་རྒྱལ་པོ་ཡུལ་ཁམས་དང་བཅས་པ་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། བོད་དུ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས་དུས་སུ་ཐོན་མི་སཾ་བྷོ་ཊས་བསྒྱུར་བར་གྲགས་པས་བོད་ཆོས་ཀྱི་སྔ་ཤོས་ཡིན་ལ། ཕྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་ཆོས་བསྒྱུར་བའི་ཐོག་མར་ཡང་རྒྱལ་པོའི་ཐུགས་དམ་མདོ་ལྔར་བསྒྱུར་བར་གྲགས་པའི་ཡ་གྱལ་གཅིག་འདི་ཉིད་ཡིན་པ་དང་། དཔལ་བསམ་ཡས་བདུད་འདུལ་སྔགས་པ་གླིང་དུ་སྔགས་འཆང་དྷརྨ་ཀིརྟིས་འདི་ཉིད་ཀྱི་དཀྱིལ་འཁོར་བཞེངས་ནས་ཆོས་རྒྱལ་ཆེན་པོ་ལ་དབང་བསྐུར་ཅིང་སྒྲུབ་ཐབས་བཤད་པར་གྲགས་པས་བོད་དུ་དབང་བསྐུར་བྱུང་བའི་ཐོག་མའང་དེ་ཡིན་པས། སྐྱེ་བོ་ཐམས་ཅད་ཀྱི་གཟུངས་མདོ་འདོན་པ་སོགས་དར་རྒྱས་ཆེ་ཞིང་ད་ལྟའི་བར་མ་ནུབ་པར་གནས་པས་གསར་རྙིང་གི་བཀའ་སྲོལ་ཡང་ཇི་སྙེད་ཅིག་བྱུང་བ་ལས། སྐབས་སུ་བབས་པ་འདི་ནི། ས་གསུམ་པ་འོད་བྱེད་པ་ལ་གནས་ཤིང་ཆུ་བོ་བཞིའི་བཀའ་བབས་ཀྱི་ཤིང་རྟ་ཆེན་པོ། གནུབས་ཀྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ཁ་ཆེ་ཛྙཱ་ན་བཛྲ་ལས་གསན་ཅིང་། སྐུའི་སྲས་ཡོན་ཏན་རྒྱ་མཚོ་དང་། ཟུར་ཤཱཀ་འབྱུང་སོགས་ལས་རིམ་པར་བརྒྱུད། རྒྱལ་བ་ཀཿཐོག་པ་དམ་གཙང་བྱམས་གསུམ་ལ་བཀའ་བབས་ཤིང་ད་ལྟའི་བར་དུ་བརྒྱུད་སྲོལ་ཟམ་མ་ཆད་པར་བྱོན་པ་སྔ་འགྱུར་བཀའ་མའི་ཆོས་སྡེར་གཏོགས་པ་སྟེ། ངོ་བོ་བྱ་རྒྱུད་རྡོ་རྗེའི་རིགས་ལ་ཆོ་གའི་ཡན་ལག་འགའ་ཞིག་རྣལ་འབྱོར་རྒྱུད་སོགས་དང་མཐུན་པར་སྦྱོར་བའི་ལུགས་དེ་ཡིན། འདི་དང་ལྷ་སྔགས་སོགས་རྣམ་པ་མཚུངས་པ་ཕྱི་འགྱུར་མ་ཎི་བཛྲའི་བཀའ་སྲོལ་སོགས་ཀྱང་ཡོངས་སུ་གྲགས་པས་ན། ཟབ་ཅིང་ཁུངས་བཙུན་པའི་དབང་བསྒྲུབ་པར་བགྱི་བ་ལ། སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་ཆོ་ག་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་སམ། སྤྲོ་ན་སྐབས་འདིར་དྲང་དོན་རྒྱུ་འབྲས་ཀྱི་ཆོས་བཤད་ཀྱི་མཚམས་སྦྱར་ལ། འདི་ཉིད་དབང་བསྐུར་དངོས་གཞིར་འཆད་དོ། །གང་ལྟར་མཎྜལ་འབུལ་ཟིན་ནས། གཉིས་པ་ནི། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་གདབ། གསུམ་པ་ནི། སློབ་དཔོན་གྱིས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །ཞེས་བརྗོད། བཞི་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་ཡིན་པས་གཞན་དུ་མ་ཡེངས་པར་ཡིད་དང་དབང་པོ་རྩེ་གཅིག་ཏུ་གཏོད་ལ་དད་གུས་སྤྲོ་བའི་བསམ་པ་བཟང་པོ་དང་ལྡན་པར་བྱ་དགོས་སོ། །ལྔ་པ་ནི། དེ་ལ་ཐོག་མར་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བསགས་སྦྱོང་སྤེལ་ཞིང་རྒྱུད་སྡོམ་པ་དང་ལྡན་པ་གལ་ཆེ་བས་གཞི་རྣམ་པར་དག་པ་བྱ་བའི་དང་པོ་རྒྱུད་དག་པར་བྱ་བའི་ཡན་ལག་ནི། ཁྱེད་རང་རྣམས་ཀྱིས་སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དང་བཅས་པས་བཤགས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པར་དམ་ཆོས་ལ་འདིའི་རྗེས་ཟློས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །ལན་གསུམ། གཉིས་པ་དགེ་བའི་རྩ་བ་ཆུང་ངུ་ལ་ཆེན་པོར་སྤེལ་བའི་ཡན་ལག་ནི། འཁོར་འདས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དབུལ་པོས་ནོར་བུ་རྙེད་པ་ལྟ་བུའི་སྤྲོ་དགའ་དུང་ངེ་བ་བསྐྱེད་ལ་འདིའི་རྗེས་ཟློས། བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ལན་གསུམ། གསུམ་པ་རྟེན་ཐོབ་པའི་ཡན་ལག་ནི། དཀོན་མཆོག་གསུམ་ལ་སྙིང་ཁུང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཐུགས་རྗེ་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིག་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ཆེ་ལྡན་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི་ཞིང་། །སྲེད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །ལན་གསུམ། བཞི་པ་བྱང་ཆུབ་ཏུ་ངེས་པའི་ཡན་ལག་ནི། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་པ་དང་། དེའི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་སེམས་བསྐྱེད་དེ་འདིའི་རྗེས་ཟློས། རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་སྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་དག་གིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ལན་གསུམ། དྲུག་པ་ནི། དེ་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་རྒྱ་གྲམ་བསྐོར་ཞིང་སྡིགས་མཛུབ་སྒྲེང་བའི་སྤྱི་བོར་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་ཁར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གསལ་ཐོབ་ཅིག །དྲི་བཟང་གི་ཐིག་ལེ་གནས་གསུམ་དུ་བཀོད་ལ། ༀ་ཨཱཿཧཱུྃ་བརྗོད། ཕྱག་མཚན་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་བསྐུལ། ཆར་བབས་པ་ལྟར་བྱོན་ནས་ཁྱོད་རང་གི་གནས་གསུམ་དུ་ཐིམ། དེ་ལྟར་བྱིན་གྱིས་བརླབས་པ་ལ་མེ་ཏོག་ལ་སོགས་པས་མཆོད་པའི་མོས་པ་བགྱིས་ཤིག །ཉེར་སྤྱོད་རྣམས་སོ་སོར་འབུལ་བའི་ཚུལ་བྱས་ལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་བིདྱ། ཞེས་སྦྱར་ལ་མཆོད་དོ། །བདུན་པ་ནི། ཐོག་མར་རྫས་བཞི་ཀ་ཆབ་གཅིག་ཏུ་དམིགས་ཏེ། བསང་སྦྱང་། སྟོང་པའི་ངང་ལས། ༀ་དཀར་པོ་རྣམས་ཡོངས་སུ་གྱུར་པ་ལས་སོ་ཤིང་ལ་སོགས་རྫས་བཞིའི་རྣམ་པར་གྱུར་ནས་སོ་སོའི་ལས་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུྃ། བརྗོད་ལ་བྱིན་བརླབས། དེ་ནས་སོ་ཤིང་དང་། མཎྜལ་ཚོམ་བུ་འདུ་བྱས་ལ། སྔོན་ཚེ་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་བཞད་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པའི་དུས་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་རྣམས་ཀྱིས་ཚེ་སྔ་མའི་མཁན་པོ་དང་སློབ་དཔོན་དང་ཕ་མའི་སྐྱེ་བ་རྣམས་ཀྱི་ཤ་ཟོས་པའི་རྣམ་སྨིན་ཆེ་བར་གཟིགས་ནས་དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་ངའི་མིང་དང་སྔགས་ཀྱིས་སོ་ཤིང་བསྔགས་ཏེ་སོའི་རྩ་བ་དྲུས་པས་ཤ་ཟོས་པའི་རྣམ་སྨིན་ཐམས་ཅད་དག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་ཆོས་འབྱུང་གི་ཕྱག་རྒྱས་སོའི་རྩ་བ་བྲུ་བའི་ཚུལ་དང་ལྷན་ཅིག་འཁོར་བ་ཐོག་མེད་ནས་ཤ་ཟོས་པ་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་བྱང་བའི་མོས་པས་ཚོམ་བུའི་དཀྱིལ་འཁོར་དུ་དོར་ཞིག །བཞད་པ་རྡོ་རྗེ་དགྱེས་པ་ཡི། །ཚེམས་ཤིང་དམ་ཚིག་མནོས་པ་ཡིས། །བསྐལ་པ་གྲངས་མེད་འཁོར་བའི་དུས། །ཕྱིན་ཅི་ལོག་བཞིས་དབང་བསྒྱུར་བས། །དགེ་བཤེས་ཕ་མ་གཉེན་འདུན་གྱི། །ལས་ཀྱིས་འཁོར་བའི་ཤ་ཟོས་པ། །སྐད་ཅིག་ཡུད་ལ་བྱང་བར་ཤོག །ༀ་བཛྲ་ཧཱ་ས་ཏྲཱྂ། ཞེས་འདོར་དུ་གཞུག་ལ། དེ་ལས་དངོས་གྲུབ་ལྟས་བརྟག་པ་ནི། རྩེ་མོ་སྟེང་དང་རང་ལ་བསྟན་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ལས་བཞི། ཤར་ལྷོར་ཐུན་མོང་། མཚམས་གཞན་དུ་འཇིག་རྟེན་པའི་དངོས་གྲུབ། བརྒྱ་ལ་ཐུར་དུ་བསྟན་ན་ས་འོག་སྤྱོད་པའི་དངོས་གྲུབ་འགྲུབ་པར་གསུངས་སོ། །བརྒྱད་པ་ནི་དུང་ཞལ་དུ་དྲི་ཆབ་རྣམ་བུམ་གྱི་ཆུ་བསྲེས་པ་ཐོགས་ལ། སྔོན་གྱི་ཚེ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་མཛད་པའི་ཚེ་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་རྣམས་ཀྱིས་ངག་ལ་བརྟེན་ནས་མི་དགེ་བ་སྣ་ཚོགས་བསགས་པའི་རྣམ་སྨིན་ཤིན་ཏུ་ཆེ་བར་གཟིགས་ནས། དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་ང་ཡི་མིང་དང་སྔགས་ཀྱིས་དྲི་བཟང་གི་ཆུ་ལ་བཏབ་སྟེ་ཁ་བཤལ་བས་ངག་གི་ཉེས་སྐྱོན་བག་ཆགས་ཐམས་ཅད་དག་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས་དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་ལག་པ་གཡས་ཀྱི་ཁྱོར་ཆུ་ལན་གསུམ་འཐུང་ཞིང་ཁ་བཤལ་བས་ངག་གི་ཉེས་པ་གཙོ་བོར་གྱུར་པའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ཤིག །རྡོ་རྗེ་རྣོན་པོ་ཐོགས་མེད་ཀྱི། །དག་བྱེད་དམ་ཚིག་མནོས་པ་ཡིས། །ལུས་ངག་ཡིད་ལས་བྱུང་བ་ཡི། །བག་ཆགས་མ་ལུས་དག་པར་ཤོག །ༀ་བཛྲ་ཏཱིཀྵྞ་ཧྲཱིཿབི་ཤུདྡྷེ་སརྦ་པཱ་པཾ་ཀཱ་ཝཱ་ཙི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ལན་གསུམ་སྦྱིན་ནོ། །དགུ་པ་ནི། སྲུང་སྐུད་དཀར་དམར་གང་རུང་རྡོ་རྗེའི་མདུད་པ་གསུམ་ལྡན་རྩ་སྔགས་ཀྱིས་བཏབ་པ་ཐོགས་ལ། སྔོན་གྱི་ཚེ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་སྲུང་བ་ཞེས་བྱ་བ་བྱང་ཆུབ་ཀྱི་ལམ་ལ་གནས་པའི་དུས་སུ་མངོན་པར་ཤེས་པས་གཟིགས་ནས། སེམས་ཅན་གྱི་ལུས་ལ་བར་ཆད་བསམ་གྱིས་མི་ཁྱབ་པ་དང་བཅས་ནས་སྡུག་བསྔལ་བ་གཟིགས་པ་དེ་ལ་ཐུགས་རྗེ་སྐྱེས་ཏེ་གང་གིས་སྲུང་སྐུད་ཚད་དང་ལྡན་པ་ལ་བདག་གི་མིང་དང་སྔགས་ཀྱིས་བཏབ་སྟེ། མགུལ་ལམ་དཔུང་པར་བཏགས་ན་བར་ཆད་ཐམས་ཅད་ལས་གྲོལ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ་སྲུང་སྐུད་འདི་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་འཆིང་བ་ཙམ་གྱིས་ལུས་རྡོ་རྗེའི་གོ་ཁྲབ་སྤུངས་ཀྱིས་སོང་ནས་བར་ཆད་རྐྱེན་གེགས་ཐམས་ཅད་སྲུང་བར་མོས་ཤིག །སྲུང་པ་རྡོ་རྗེའི་གོ་ཆ་ཡི། །སྲུང་སྐུད་དམ་ཚིག་མནོས་ནས་ནི། །བདུན་ནམ་ཉི་ཤུ་རྩ་གཅིག་གིས། །རབ་ཏུ་བསྔགས་ཏེ་མདུད་བོར་བས། །འཆི་བདག་བདུད་ལས་རྒྱལ་བར་ཤོག །ༀ་བཛྲ་རཀྵ་ཧཱུྃ། ཞེས་བཅིང་། ༀ་བཛྲ་ས་ཏྭ་ཀྲོ་དྷཱ། ཞེས་རྡོ་རྗེས་རྒྱས་གདབ་བོ། །བཅུ་པ་ནི། ཀུ་ཤའི་ཆུན་པོ་རིང་ཐུང་གཉིས་ཐོགས་ལ། སྔོན་གྱི་ཚེ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྡོ་རྗེ་ལེགས་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པའི་ཚེ་སེམས་ཅན་རྣམས་གླེན་ཅིང་རྨོངས་ཏེ་ལས་ལེགས་ཉེས་དང་དགེ་སྡིག་ངོ་མ་ཤེས་པ་ལ་ཐུགས་རྗེ་སྐྱེས་ཏེ། གང་གིས་ང་ཡི་མིང་དང་སྔགས་ཀྱི་ཀུ་ཤ་ལ་བཏབ་ནས་སྔས་སྟན་བྱས་པས་དགེ་སྡིག་ལེགས་ཉེས་མཐོང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ཡིན་པས། དེའི་བདེན་པའི་སྟོབས་དྲན་པར་གྱིས་ལ། དྷཱིཿདང་ཧཱུྃ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཐུང་བ་སྔས་དང་རིང་བ་སྟན་གྱི་དོན་དུ་ཟུང་ལ། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཏེ་སེང་གེའི་ཉལ་སྟབས་ཀྱི་ཉལ་བའི་ཚེ་ལས་དང་སྐལ་པ་བཟང་ངན་རྨི་ལམ་དུ་མཐོང་བར་གྱུར་ཅིག་པའི་དམོད་བོར་ཅིག །རྡོ་རྗེ་ལེགས་པ་དགྱེས་པ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཀུ་ཤ་འདི་ནི་ཁྱོད་ཀྱིས་ལོངས། །དགེ་དང་མི་དགེའི་ཆོས་རྣམས་ཀུན། །རྨི་ལམ་དུ་ནི་གང་རྨིས་པ། །སང་ནི་བདག་ལ་བཤད་པར་བྱོས། །ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་ལག་གཡས་གཡོན་དུ་གཏད། སྔོན་སྟོན་པ་སངས་རྒྱས་ཀྱི་ཚུལ་དང་མཐུན་པར་ཀུ་ཤའི་གདན་ལ་ཡིད་དང་བསྐྱེད་དེ། བར་ཆད་ཀྱིས་མི་ཚུགས་པའི་ཕྱིར་ལུས་ལྷར་དྲན་པ་དང་། གཉིད་ཀྱི་མུན་པས་མི་འགྱུར་བའི་ཕྱིར་སྙིང་གར་ཟླ་བའི་དཀྱིལ་འཁོར་དྲན་པ་དང་། མ་འོངས་པའི་དངོས་པོ་ད་ལྟར་ཤེས་པའི་དོན་དུ་རང་སེམས་ཟླ་བའི་སྟེང་དུ་ལྷའི་ས་བོན་དུ་དྲན་པ་གསུམ་གྱིས་རྒྱས་ཐོབ་ལ། རྨི་ལམ་གང་བྱུང་བདེན་མེད་སྒྱུ་མའི་རྣམ་པར་ཤེས་པར་གྱིས་ཤིག །ཅེས་བསྒོ། བཅུ་གཅིག་པ་ནི། དེ་ནས་ཕྱིར་མི་ལྡོག་པ་ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི་འདི་ལ་སྙན་གཏོད་པར་ཞུ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦྷ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་བྱེད་པ་ཡིན། །དེ་དག་རྣམས་ཀྱིས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ཡིན་པས་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། ཞེས་བསྔོ་སྨོན་བརྗོད་ལ་སློབ་མ་རྣམས་གྱེས་སོ། །དེ་ནས་སྟ་གོན་བྱས་པའི་དཀྱིལ་འཁོར་གྱི་ལྷ་ལ་སྙན་གསན་དབབ་པ་ནི། པུས་བཙུགས་སྟབས་ཀྱིས་རྡོར་དྲིལ་དང་སྤོས་ཐོགས་ལ། རྣམ་པར་འཇོམས་མཛད་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་གཅིག་པུར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་ལྷ་ཡི་སྤྱན་མངའ་བ། །སེམས་ཅན་དོན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །རྡོ་རྗེ་རྣམ་འཇོམས་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་རྣམས། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཞེས་སྙན་གསན་དབབ་ལ། བཛྲོ་ཏྟིཥྛ། ཞེས་དཀྱིལ་འཁོར་ནམ་མཁར་བཏེགས་ལ་མཆོད་བསྟོད་མདོར་བསྡུས་བྱ། དེ་ནས་བདག་བསྐྱེད་ལ་དམིགས་ཏེ་མཆོད་བསྟོད་ནོངས་བཤགས་བསྔོ་སྨོན་བསྡུ་ལྡང་ཤིས་བརྗོད་ཀྱི་བར་གཟུངས་ཆོག་ལྟར་བྱ། བུམ་པ་ཉིན་ཕྱི་མར་བསྐྱར་ནས་བསྒྲུབ་ན་བདག་བསྐྱེད་ཆབ་གཅིག་རྗེས་ཆོག་བྱ། བསྐྱར་མི་ནུས་ན་དེ་ཀར་བཞག་ཀྱང་ཆོག །གལ་ཏེ་དངོས་སྟ་ཉིན་གཅིག་ལ་རྫོགས་པར་བྱེད་ན་ལྷ་བཏེགས་པའི་རྗེས་ཆོག་དེ་མ་ཐག་པར་དཀྱིལ་འཁོར་དང་དབང་རྫས་འདུ་བྱས་ནས་མདུན་བསྐྱེད་བསྒྲུབ་པ་ལ་འཇུག་གོ། །གསུམ་པ་ལ། ཐོག་མར་དཀྱིལ་འཁོར་འདུ་བྱ་བ་ནི། ཐིག་ཚོན་གྱི་ཆོ་ག་རྒྱས་པར་སྤྲོ་ན་འདུས་མདོའི་ཡོ་གའི་དཀྱིལ་ཆོག་སོགས་རིགས་མཐུན་ནས་བླང་དུ་རུང་ཞིང་། འདིར་ས་བཅད་ཙམ་དུ། ཁ་དོག་ལྔ་པའི་སྲད་བུ་ལས་སྔགས་ཀྱིས་བསངས་གཏོར་བྱ། མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པ་བཞུགས་པར་མོས་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད། ལས་སྔགས་བཟླ་བཞིན་དུ་ཐིག་སྐུད་ཡེ་ཤེས་ཀྱི་རང་བཞིན་དུ་མོས་ཏེ། ཐིག་ཆེན་བརྒྱད་བཏབ། དེ་ལས་བཅུ་དྲུག་ཆ་དབྱེ་བ་སོགས་ཀྱིས་ཞི་དཀྱིལ་སྤྱི་འགྲེ་རྟ་བབས་སྣམ་བུ་བཞི་མའི་ཐིག་བཏབ་ལ། ཚོན་ཁ་དོག་སྣ་ལྔར་དཔའ་བོ་འབྲུ་ལྔ་བརྗོད་པས་རིགས་ལྔ་འོད་དུ་ཞུ་བ་ཚོན་རྩིར་མོས་ལ། ལས་སྔགས་བཟླ་བཞིན་དུ་ལྟེ་བ་སྔོན་པོ། དེ་རྒྱབ་འཁོར་ལོ་རྩིབས་བཞིའི་བྱང་ཤར་སྨུག་ནག །ཤར་ལྷོ་སེར་ནག །ལྷོ་ནུབ་ཏུ་དམར་ནག །ནུབ་བྱང་ནག་པོ། དེ་རྒྱབ་རྩིབས་བཅུ་མཐིང་ནག །ལྷ་རྣམས་དང་སྒོ་བཞི་ཕྱོགས་མདོག །རྒྱན་རྟ་བབས་སྤྱི་ལྟར་ལ་གདན་པདྨ། ཁོར་ཡུག་མེ་རི་བཅས་ལེགས་པར་བྲིས་པ་ལ། གཙོ་འཁོར་བཅོ་ལྔའི་ལྷ་མཚན་རབ་སྐུ་གཟུགས། འབྲིང་ཕྱག་མཚན། ཐ་མ་ས་བོན་གྱི་ཚུལ་དུ་འགོད། ལྷ་མོ་བཅུ་དྲུག་དང་སྒོ་བཞི་རྣམས་མོས་བསྐྱེད་ཡིན་པས་ལྷ་མཚན་མ་བཀོད་ཀྱང་ཆོག་གོ། །མི་འགྲུབ་ན་རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད། དབང་རྫས་འདུ་བྱ་བ་ནི། དཀྱིལ་འཁོར་དབུས་སུ་སྟེགས་བུའི་ཁར་སྟ་གོན་བྱས་པའི་རྣམ་བུམ་ཉིད་སྔགས་བཟླ་བཞིན་དུ་བཀོད་པ་དང་ལྷན་ཅིག་ལྷ་ཙཀ་རྣམས་དང་། དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་རྣམས་ཀྱང་བཀོད། ལས་བུམ་བྱང་དུ་བཞག །མཐའ་བསྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམ། ནུབ་ཏུ་རིན་པོ་ཆེའི་སྣོད་དུ་རྣམ་འཇོམས་གཏོར་མ་གཙོ་འཁོར་ལྔ་པ་དང་འབུལ་གཏོར་ཆ་བཞི། འབྱོར་ན་དཀྱིལ་འཁོར་གྱི་རྒྱན་རྫས་རལ་གྲི། རྒྱལ་མཚན་ལ་སོགས་པ་སྤྱི་ལྟར་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ལ་བག་དྲོ་བྱིན་ཆགས་པར་བྱ། གཞན་ཡང་དུང་ཆུ། མིག་དར། མེ་ཏོག །རྗེས་གནང་ཆས་རིགས་ལྔའི་ཕྱག་མཚན་དང་། རྫས་བརྒྱད་ཙཀླི། མཆོད་པ་རྣམ་ལྔ་སོགས་ཀྱང་ཉེ་བར་བསྡོགས་པ་སོགས་འོག་ཏུ་དགོས་པའི་ཡོ་བྱད་མཐའ་དག་ཚོགས་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་དམིགས་པའི་དཀྱིལ་འཁོར་སྒྲུབ་ཅིང་བདག་ཉིད་འཇུག་པ་ནི། ཁྲུས་དང་སྔོན་གཏོར་ནས་བརྩམ་བདག་བསྐྱེད། བུམ་བསྐྱེད་བཟླས་པ་མཆོད་བསྟོད་ཀྱི་བར་དུ་གྲུབ་པ་དང་། མདུན་བསྐྱེད་དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་ནས། རྒྱ་ཆེ་བའི་དབུས། བྷྲཱུྂ་འོད་དུ་ཞུ་བ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་གདུགས་རི་དྭགས་ཆོས་འཁོར་དང་བཅས་པའི་ཕྱི་རོལ་དུ་འགྲམ་སྟེགས་ཀྱི་སྣམ་བུ། ཁོར་ཡུག་མེ་རིའི་ཕྲེང་བ་སོགས་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བཞི་སྣ་ཚོགས་མདོག་སོགས་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་པ་དང་ལྕེ་ལག་བྱིན་རླབས་དོར་ལ། ཕྱག་འཚལ་ཡན་གྲུབ་པ་དང་། མཆོད་པ་བྱིན་གྱིས་བརླབ། ཆུ་གཉིས་ཉེར་སྤྱོད་དང་། སྤྲོ་ན་འདོད་ཡོན་ལྔ། རྒྱལ་སྲིད་བདུན་སོགས་སྤྱི་ལྟར་འབུལ། གང་ལྟར་མཆོད་པའི་མཇུག་ཏུ། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་འཁོར་བཅས་ལ། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །ཡིད་དུ་འོང་བའི་མཆོད་སྤྲིན་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་ངང་། །མེ་ཏོག་ཕྲེང་བ་བདུག་པ་དང་། །ཡིད་འོང་སྣ་ཚོགས་མཆོད་པ་དང་། །མཆོད་སྤྲིན་རྒྱ་མཚོ་ཕྱོགས་བཅུར་འབུལ། །ཕྱོགས་བཅུའི་སངས་རྒྱས་བདེན་པ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །བླ་མེད་མཆོད་པའི་སྤྲིན་འབྱུང་ཞིང་། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། །ཞབས་ལས་སྤྱི་བོས་གཏུགས་གྱུར་ཅིག །ཅེས་མཆོད་སྤྲིན་བསྔོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པས་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭོ་དྷ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་རོལ་མོ་བྱ། བསྟོད་པ་ནི། ༀ། ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་འཇོམས་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་བསལ་མཛད་པ། །ཕྱག་འཚལ་རྡོ་རྗེ་རྣམ་འཇོམས་ལའོ། །མེ་ལོང་ཡེ་ཤེས་གཟུང་འཛིན་སྤངས། །ཞེ་སྡང་དྲི་མ་བསལ་མཛད་པ། །རྡོ་རྗེ་གཏུམ་པོ་ཡེ་ཤེས་སྐུ། །ཕྱག་འཚལ་རྡོ་རྗེ་གཏུམ་པོ་ལའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །ང་རྒྱལ་རྣམ་གསུམ་འཇོམས་མཛད་པ། །ཚེ་རིང་དབང་བསྐུར་མཆོག་ཐོབ་མཛད། །ཕྱག་འཚལ་རྡོ་རྗེ་ཕུར་བུ་ལའོ། །སོ་སོར་ཀུན་རྟོག་ཡེ་ཤེས་ཀྱིས། །ལྟ་བ་ངན་པ་འཇོམས་མཛད་ཅིང་། །འདོད་ཆགས་རྣམ་དག་ཤེས་རབ་རྒྱས། །མུན་པ་འཇོམས་མཛད་བེ་ཅོན་ལའོ། །བྱ་བ་རྗེས་གྲུབ་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་ལ་མཆོག་སྩོལ་ཅིང་། །གདོན་དང་བགེགས་འཇོམས་ཤིན་ཏུ་ཁྲོས། །ཡེ་ཤེས་སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དབུས་སུ་རྡོ་རྗེ་རྣམ་འཇོམས་ནི། །སྐུ་མདོག་མཐིང་ནག་དྲག་པོའི་ཞལ། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་ལ། །ངོས་གཅིག་ཡུ་བ་བརྟེན་མཛད་པ། །ཡེ་ཤེས་ལུས་ཅན་སྐུ་ཡི་མཆོག །ཚེ་འཕེལ་ཡོན་ཏན་མཐར་ཕྱིན་མཛད། །འགྲོ་བའི་སྡུག་བསྔལ་སེལ་མཛད་པའི། །གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །བྱང་ཤར་ཁྲོ་རྒྱལ་གཏུམ་པོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་ལྔ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཤར་ལྷོ་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་རྩེ་གཅིག་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་མཚན་རྡོ་རྗེ་བེ་ཅོན་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་མཚན་རྡོ་རྗེ་ཐོ་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཧཱུྃ། སྟེང་ཕྱོགས་ཁྲོ་རྒྱལ་ཧཱུྃ་ཀ་ར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ཚངས་པ་འདུལ་ལ་ཕྱག་འཚལ་བསྟོད། །ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །དྲི་ཟ་འདུལ་ལ་ཕྱག་འཚལ་བསྟོད། །ཤར་ལྷོ་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །མེ་ལྷ་འདུལ་ལ༴ ལྷོ་ཕྱོགས་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཞལ་གཅིག་ཕྱག་གཉིས༴ ཞབས་གཉིས་ཉི་ཟླའི༴ གཤིན་རྗེ་འདུལ་ལ༴ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན། །ཞལ་གཅིག༴ ཞབས་གཉིས༴ སྲིན་པོ་འདུལ༴ ནུབ་ཏུ་ཁྲོ་རྒྱལ་རྟ་མགྲིན་ནི། །ཞལ་གཅིག༴ ཞབས་གཉིས༴ ཀླུ་གདོན་འདུལ་ལ༴ ནུབ་བྱང་ཁྲོ་རྒྱལ་འདོད་པའི་རྒྱལ། །ཞལ་གཅིག༴ ཞབས་གཉིས༴ རླུང་ལྷ་འདུལ༴ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ་གཅིག༴ ཞབས་གཉིས༴ གནོད་སྦྱིན༴ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཞལ་གཅིག༴ ཞབས་གཉིས༴ འབྱུང་པོ༴ འོག་ཕྱོགས་ཁྲོ་རྒྱལ་སྟོབས་པོ་ཆེ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཞབས་གཉིས་ཉི་ཟླའི་གདན་ལ་བཞུགས། །ས་བདག་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷ་ཆེན་འདོད་ཆགས་གཞོམ་པའི་ཕྱིར། །ནང་གི་ལྷ་མོར་སྐུ་སྤྲུལ་པ། །སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མཛད་ལྷ་མོ་བཞི་ལ༴ བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །འཕགས་པ་མཆོད་ཅིང་སྐུ་སྤྲུལ་པ། །བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཡི་ལྷ་མོ་བཞི་ལ༴ བདེ་གཤེགས་མངོན་པར་སངས་རྒྱས་ཚེ། །བཀྲ་ཤིས་རྟགས་སུ་སྐུ་སྤྲུལ་པ། །དཔལ་བེའུ་འཁོར་ལོ་པདྨ་དང་། །རྒྱལ་མཚན་གདུགས་དང་བུམ་པ་དང་། །དུང་དང་གསེར་ཉ་ལ་སོགས་ཏེ། །བཀྲ་ཤིས་ལྷ་མོ་བརྒྱད་ལ༴ བདེ་གཤེགས་དགྱེས་པ་བསྐྱེད་པའི་ཕྱིར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ལ ། །དད་པས་བཏུད་དེ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཛཿཧཱུྃ་བྂ་ཧོཿསོགས་ཀྱིས་དམ་ཡེ་བསྲེ་བ་དང་། བཟླས་པའང་བདག་བསྐྱེད་སྐབས་ལྟར་བྱ། མཐར་མཆོད་པ་དང་། ཧཱུྃ། དུས་གསུམ་སངས་རྒྱས་སོགས་ཀྱིས་བསྟོད། དེ་ནས་གཏོར་མ་འབུལ་ཞིང་། དབང་གཏོར་བསྐྱེད་བཟླས་བྱས་ལ་བདག་འཇུག་རྫོགས་པར་བླང་བའམ། དེ་ཙམ་མི་ནུས་ན་གཞལ་ཡས་ཁང་གི་སྒོ་ཕྱེས་ཏེ་བདག་ཉིད་ནང་དུ་ཞུགས་ནས། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་རིག་པའི་མེ་ཏོག་ཕུལ་བས། དཀྱིལ་འཁོར་པའི་རྡོ་རྗེ་གསུམ་དང་བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་ཏེ། སློབ་དཔོན་གྱི་ལས་ལ་གནང་བ་ནོད་པར་བྱའོ། །གལ་ཏེ་བདག་འཇུག་རྫོགས་པར་ལེན་ན་མཐར་བདེན་པའི་བྱིན་རླབས་བསྡུ་བ། ནམ་མཁའ་སྐྱེ་བ་མཚན་སོགས་དང་བདེན་པའི་དམ་ཚིག་བསྒྲགས་པ། ཐབས་དང་ཤེས་རབ་དཀྱིལ་འཁོར་སོགས་བརྗོད་པར་ཡིག་རྙིང་ལས་བཤད་པས་དེ་དག་སྤྲོ་ན་སྤྱི་ལྟར་བརྗོད་དོ། །གསུམ་པ་དཀྱིལ་འཁོར་གཉིས་ཀ་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པ་ལ་གསུམ། དཀྱིལ་འཁོར་དུ་འཇུག་པའི་ཆོས། དབང་གི་དངོས་གཞི། མཐའ་རྟེན་གྱི་རིམ་པའོ། །དང་པོ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། ཕྱག་བཅས་ནང་དུ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ཅིང་ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །སྡོམ་ལ། གསོལ་གདབ་གདོང་གཡོགས་བགེགས་བསྐྲད་ཅིང་། །དྲི་ལན་གནང་ཞུ་ཕྱོགས་བཞིའི་ཕྱག །སྡོམ་བཟུང་ཆས་འཇུག་སེམས་བསྐྱེད་བྱ། །དམ་བསྒྲགས་དབབ་ཅིང་ཁ་དོག་དྲི། །རིགས་བརྟགས་མིག་དབྱེ་མཐོང་བ་བསྟན། །ཞེས་པ་ལྟར་ཆོས་བཅོ་ལྔ་ཡོད་པ་ལས་དང་པོ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་ལན་གསུམ། གཉིས་པ་ནི། རས་དཀར་དྲི་མ་མེད་པ་ལས་བུམ་གྱི་ཆུ་དང་སྔགས་ཀྱིིས་བསངས་ལ། དཀྱིལ་འཁོར་དང་སྔར་མ་མཇལ་བའི་མཚོན་བྱེད་དུ་གདོང་གཡོགས་འཆིངས་མཛོད། ༀ་ཨཱཿཧཱུྃ། ཞེས་གདོང་གཡོགས། གསུམ་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་མེ་འོད་དང་ཁྲོ་ཆུང་གི་ཆར་གྱིས་དབང་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་བསྐྲད་པར་མོས་ཏེ་གུ་གུལ་བདུག །ཡུངས་ཐུན་བྲབ་ལ་ལས་སྔགས་དང་། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བརྗོད། བཞི་པ་ནི། སློབ་དཔོན་གྱིས། བུ་ཁྱོད་སུ་ཡིན། ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་སྐལ་པ་བཟང་པོ་ཅན་ལགས། ཞེས་ལན་གསུམ། ལྔ་པ་ནི། སློབ་དཔོན་ཡི་དམ་ལྷ་ལ་གསོལ་བ་གདབ་ཅིང་གནང་བ་ནོད་པ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཕྱག་ན་རྡོ་རྗེའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་བརྗོད། དྲུག་པ་ནི། ཁྱེད་རང་རྣམས་ཤར་གྱི་སྒོ་དྲུང་དུ་འཁོད་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་དཀྱིལ་འཁོར་གྱི་ལྷ་ལ་གུས་པས་ཕྱག་མཛད་པར་མོས་ལ་འདིའི་རྗེས་ཟློས། ༀ་ན་མ་སྟེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། དཀྱིལ་འཁོར་གྱི་ཕྱིར་གཡས་བསྐོར་གྱིས་སོང་ནས་ལྷོའི་སྒོ་དྲུང་། སོགས་གོང་བཞིན་དང་། དེས་འགྲེས་ཏེ། ནུབ་དང་། བྱང་ནས་ཕྱག་བྱ། སླར་ཤར་གྱི་སྒོ་དྲུང་དུ་འཁོད་པར་མོས་ཤིག །བདུན་པ་ལ། ཐུན་མོང་གི་སྡོམ་པ་སྦྱིན་པའི་ཐོག་མར་སྡིག་བཤགས། ཡི་རང་། སྐྱབས་འགྲོ། སེམས་བསྐྱེད་བཞི་པོ་སྟ་གོན་སྐབས་ལྟར་བྱར་གཞུག །དེ་ནས་རྒྱུད་སྡོམ་པ་དང་ལྡན་པར་བསྒྲུབ་པའི་ཐོག་མར་ཐུན་མོང་གི་སྡོམ་པ་བསྒྲགས་པ་ནི་འདི་ལ་གསན་པར་ཞུ། ཁྱེད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་ལོག་སྤྱོད་པར་མི་བྱ་ཞིང་། །རྫུན་དུ་སྨྲ་བ་སྤང་བར་བྱ། །ཉེས་པ་ཀུན་གྱི་རྩ་བ་སྟེ། །ཆང་ནི་རྣམ་པར་སྤང་བར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྗེས་སུ་བསྲུང་། །ལྷ་དང་ལྷ་མིན་གསང་བ་པར། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་ལན་གསུམ་བསྒྲག །དེ་ནས་ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བཟུང་སྙམ་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་པའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་སྟེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་བཏང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་བྱའོ། །བརྒྱད་པ་ནི། སྔགས་དང་ལས་བུམ་གྱིས་བསང་ལ། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གྱུར། དཀྱིལ་འཁོར་གྱི་ལྷ་རྣམས་མཇལ་བའི་ཕྱག་རྟེན་དུ་ཡངས་ཤིང་མ་ཉམས་པའི་རིན་པོ་ཆེན་ཕྲེང་བ་རེ་ཐོགས་པར་མོས་ཤིག །ༀ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་སྦྱིན། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་བགོས་པར་མོས་ཤིག །རྒྱ་གྲམ་གནས་རྣམས་སུ་བཞག་ལ། ཧཱུྃ། ཡང་དག་ཆེན་པོའི་རྡོ་རྗེ་ནི། །མི་ཤིགས་མི་གཡོ་སྲ་ལ་བརྟན། །རབ་ཏུ་གནས་ཤིང་བརྟན་གྱུར་པས། །བར་ཆད་བསྲུང་བའི་གོས་སུ་ཤོག །ཡང་སྙིང་དང་། བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དགུ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་རྒྱས་པའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པས་མཚན་པར་མོས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ༀ་བཛྲ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ལན་གསུམ། སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་གི་ཕྲེང་བ་སྙིང་གར་བཞག་ལ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ བོ་དྷི་ཙིཏྟ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་དོ། །བཅུ་པ་ནི། དེ་ནས་ཡེ་ཤེས་པ་དབབ་པའི་སྔོན་འགྲོར་དམ་ལ་བཞག་པ་བཞི་པོ་རིམ་པར་འབྱུང་བ་ཡིན་པས་དོན་ངེས་པར་གྱིས་ཤིག །དེ་ལ་དང་པོ་ཡི་དམ་ལྷའི་དམ་བསྒྲག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། ཕྱག་ན་རྡོ་རྗེ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛོད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་དཀྱིལ་འཁོར་གྱི་དམ་བསྒྲགས་པ་ནི། མཆོག་གི་དཀྱིལ་འཁོར་དམ་པ་འདི། །མ་མཐོང་བ་དང་སྣོད་མིན་ལ། །ཁྱོད་ཀྱིས་སྨྲ་བར་མ་བྱེད་ཅིང་། །སྨྲས་ན་སྤྱི་བོ་འགས་པར་འགྱུར། །དེ་ནས་སློབ་དཔོན་གྱི་དམ་བསྒྲགས་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། ང་ནི་ཕྱག་ན་རྡོ་རྗེ་སྟེ། །ང་ཡིས་བསྒོ་བ་བཞིན་དུ་གྱིས། །ཁྱོད་ཀྱིས་ང་ལ་བརྙས་ན་ནི། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །དེ་ནས་དམ་ཆུ་བླུད་པ་ནི། དྲི་བཟང་གི་ཆུ་དུང་ཞལ་དུ་བླུགས་པར། ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ནས་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཨ་མྲྀ་ཏོ་ད་ཀ་ཧཱུྃ། ཞེས་འཐུང་དུ་གཞུག་གོ། །བཅུ་གཅིག་པ་ནི། དེ་ནས་ཡེ་ཤེས་པ་དབབ་པ་ལ་ཁྱོད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག །སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ཁྲོས་པའི་ཉམས་ཅན། ཕྱག་གཡས་རྒྱ་གྲམ་བསྐོར་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་ཞབས་གཉིས་བརྐྱང་བསྐུམ་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཀློང་ན་བཞུགས་པར་གྱུར་པའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་དུ་ཛཿ འདོམས་སུ་རྂ་ལས་མེའི་དཀྱིལ་འཁོར་རྂ་གྱིས་མཚན་པ། བྲང་དུ་སའི་དཀྱིལ་འཁོར་ལྂ་གྱིས་མཚན་པ། སྤྱི་བོར་ཆུའི་དཀྱིལ་འཁོར་བཾ་གྱིས་མཚན་པར་གསལ་ཐོབ་ཅིག །ད་སློབ་དཔོན་གྱི་ཐུགས་ཀ་ནས་ཨ་ཡིག་དམར་པོ་འོད་ཟེར་འབར་བ་ཆར་བཞིན་དུ་བབས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་ཟག་པ་མེད་པའི་བདེ་བས་གང་བར་མོས་ཤིག །སྤོས་དུད་རོལ་མོའི་སྒྲ་དང་བཅས་ཏེ། ༀ་ཨཱ་བེ་ཤ་ཡ་ཨཱཿ སྟྭཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཨ་ཛྷཻཾ། ཞེས་དྲག་དུ་བརྗོད་པས་སྐུ་ཕེབ་ན་འཕར། གསུང་ཕེབ་ན་མ་འོངས་པ་ལུང་བསྟན། ཐུགས་ཕེབ་ན་བདེ་གསལ་མི་རྟོག་པའི་ཉམས་སྐྱེའོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་རྒྱུན་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་སྤྱི་བོར་བཞག་ཅིང་། ༀ་ཨཱཿཏིཥྛ་བཛྲ་ཧཱུྃ། ཞེས་བརྗོད་དོ། །བཅུ་གཉིས་པ་ནི། དེ་ནས་ལས་ཀྱི་དངོས་གྲུབ་བརྟགས་པའི་ཕྱིར། ཁྱེད་རང་རྣམས་ཀྱིས་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་ངེད་ལ་སྨྲོས་ཤིག །ཅེས་དྲིས་ནས། དཀར་པོ་མཐོང་ན་ཞི་བ་སོགས་ནས། ཁ་དོག་སྣ་ཚོགས་སུ་མཐོང་ན་ལས་ཐམས་ཅད་འགྲུབ་པར་ལུང་བསྟན་ནོ། །བཅུ་གསུམ་པ་ནི། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་ཆབ་ཅིག་དཀྱིལ་འཁོར་དུ་འདོར་བར་ཞུ། ཡང་དག་གསང་བའི་དཀྱིལ་འཁོར་དུ། །བདག་གིས་མེ་ཏོག་འདི་དོར་བས། །ལྷ་ཚོགས་རྣམས་ཀྱི་རིགས་ཅི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །དེའང་མེ་ཏོག་གཙོ་བོ་ལ་ཕོག་ན་མཆོག་གི་དངོས་གྲུབ། འཁོར་ལ་ཕོག་ན་ཐུན་མོང་དང་། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་གསུངས་ཤིང་། གཙོ་འཁོར་གང་ལ་ཕོག་པ་དེ་ཉིད་སྔོན་ནས་འབྲེལ་བའི་རིགས་ཀྱི་ཡི་དམ་ཡིན་པར་ཡང་ཤེས་པར་གྱིས་ཤིག །མེ་ཏོག་དེ་ཉིད་སླར་ཡང་ལྷག་པའི་ལྷས་ཁྱེད་རང་རྣམས་ཀྱི་སྤྱི་བོར་འཆིང་བའི་མོས་པ་མཛོད། པྲ་ཏི་གྲྀཧྞ་ས་མ་ཡ་མ་ཧཱ་སཏྭ། སེམས་དཔའ་སྟོབས་པོ་ཆེ་འདི་ཟུང་ཞིག །ཅེས་མེ་ཏོག་སྤྱི་བོར་བཞག་གོ། །བཅུ་བཞི་པ་ནི། མིག་ཐུར་ཐོགས་ལ། ཁྱེད་རང་རྣམས་ཀྱི་མིག་གཉིས་སུ་འབར་བ་དང་བཅས་པའི་ༀ་ཡིག་རེ་རེས་མཚན་པས་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཕྱག་ན་རྡོ་རྗེ་ང་ཡིན་ཏེ། །ཁྱོད་ཀྱི་ཉོན་མོངས་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དེས་ནི་ཐམས་ཅད་མཐོང་བར་གྱུར། །བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཏྲ་ལཾ་ཧྲཱིཿ ཞེས་མིག་དར་དབྱེའོ། །བཅོ་ལྔ་པ་ནི། ཕྱག་ཤིང་ངམ་རྡོ་རྗེས་མཚོན་ལ། རང་བཞིན་རྣམ་པར་དག་པ་ཡི། །ཕྱག་ན་རྡོ་རྗེའི་གྲོང་ཁྱེར་མཆོག །དྲི་མེད་དཀྱིལ་འཁོར་འདི་ལ་ནི། །བུ་ཁྱོད་ཀྱིས་ནི་ལེགས་པར་ལྟོས། །ཞེས་བསྐུལ་ལ། དེའང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་སྲུང་བའི་འཁོར་ལོའི་ནང་དུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་ཀྱི་ལྟེ་བར་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཚུལ་ཅན། ཕྱག་གཡས་རྒྱ་གྲམ་བསྐོར་ཅིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་རྒྱན་ཅིང་ཞབས་འདོར་ཐབས་པདྨ་ཉི་ཟླའི་སྟེང་ན་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་བཞེངས་ཏེ་བཞུགས་པའི་ཕྱི་རོལ་གྱི་མཚམས་བཞིའི་རྩིབས་བཞི་ལ་རྡོ་རྗེ་གཏུམ་པོ་སོགས་གཏུམ་པོ་རིགས་བཞི། དེ་རྒྱབ་འཁོར་ལོ་རྩིབས་བཅུ་ལ་ཧཱུྃ་མཛད་སོགས་ཁྲོ་བོ་བཅུ། དེ་རྒྱབ་སྒེག་སོགས་བརྒྱད། བཀྲ་ཤིས་ཀྱི་ལྷ་མོ་རྣམས་དང་། སྒོ་སྲུང་ཁྲོ་མོ་བཞི་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་མོས་པས་ཁྱེད་རང་རྣམས་ཀྱི་ཡི་དམ་གྱི་ལྷར་ངོ་ཤེས་པར་གྱིས་ལ། དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལྷག་པའི་ལྷར་བཟུང་བར་མཛོད་ཅིག །དེ་དག་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གསུམ། གསོལ་བཏབ་གནང་སྦྱིན། རྡོ་རྗེ་སློབ་མའི་དབང་། སློབ་དཔོན་གྱི་དབང་བསྐུར་བའོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་དགོངས། །བདག་ཅག་ལས་ཀྱིས་བསྒྲིབས་པ་རྣམས། །མྱུར་དུ་བསལ་བར་བྱ་བའི་ཕྱིར། །བདུད་རྩི་ཁྲུས་ཀྱི་བུམ་པ་ཡིས། །བྱིན་རླབས་དབང་བསྐུར་མཛད་དུ་གསོལ། །ལན་གསུམ་ཞུས་པ་ལ་གནང་བ་སྦྱིན་པ་ནི། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །མཁྱེན་བརྩེ་ནུས་པས་བར་ཆད་ཀུན། །རྣམ་པར་འཇོམས་པའི་དོན་བསྒྲུབ་ཕྱིར། །བྱིན་རླབས་དབང་བསྐུར་དུས་འདིར་སྦྱིན། །ཞེས་བརྗོད། གཉིས་པ་ལ་གསུམ། བུམ་དབང་། རིག་པའི་དབང་ལྔ། དཀྱིལ་འཁོར་གྱི་ལྷ་དབང་ངོ་། །དང་པོ་ནི། དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་དབང་སྟེགས་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་གདན་ལ་རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས་པའི་གཟུགས་ཀྱིས་འཁོད་པའི་སྟེང་དུ་གདུགས་དཀར་པོ། གཡས་གཡོན་དུ་རྒྱལ་མཚན་བ་དན། མཐའ་བསྐོར་མཆོད་པའི་ཡོ་བྱད་དུ་མ་ལྡན་པས་འཁོད་པ་ལ་བླ་མ་དཀྱིལ་འཁོར་གྱི་ལྷ་དང་། ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་མཛད་པར་མོས་ཤིག །ལས་བུམ་གྱི་ཆུ་འཐོར་ཞིང་ལས་སྔགས་བརྗོད་པས་བགེགས་དང་བྱུར་བསལ། དེ་ནས་རྣམ་བུམ་ཐོགས་ལ། བུམ་པ་གཞལ་ཡས་ཁང་གི་ནང་དུ་རྣམ་པར་འཇོམས་པའི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ངང་ན་ར་ར་བྱུང་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཚངས་པའི་བུ་ག་ནས་མར་བབས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་དང་སྡིག་སྒྲིབ་འཕྲལ་གྱི་རྐྱེན་བགེགས་བར་ཆད་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་སྒོང་དྲི་མ་བྲལ་བ་ལྟར་གྱུར། གཟུགས་ཀྱི་སྐུ་ཡོན་ཏན་དུ་མ་དང་ལྡན་པར་བྱས་པའི་མོས་པ་མཛོད་ཅིག །ཧཱུྃ། བུམ་པའི་དབང་བསྐུར་དག་བྱེད་བདུད་རྩིའི་རྒྱུན། །སྤྱི་བོར་བཞག་པས་པདྨ་རཱ་ག་འདྲ། །དྲི་མེད་རྣམ་དག་ཀཱེ་ཤིའི་མགུལ་འཆིང་ཅན། །ལོ་འབྲས་རབ་རྒྱས་དཔག་བསམ་ཁ་རྒྱན་མཛེས། །ཡན་ལག་བརྒྱད་ལྡན་ཡིད་བཞིན་བདུད་རྩིས་གཏམས། །མེ་ཏོག་ཕྲེང་མཛེས་དྲི་དང་སྤོས་ཀྱི་ཆུ། །འབྲུ་སྣ་ལ་སོགས་སྙིང་པོ་ཉེར་ལྔ་བཅས། །ཡོན་ཏན་དཔག་མེད་ལྡན་པའི་བུམ་པ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མཚན་དང་དཔེ་བྱད་དུ་མ་ལྡན་གྱུར་ཅིག །གཟུངས་སྔགས་མཐར། བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ༀ། བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཏྲཱྂ། པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱཿ ཞེས་གནས་གསུམ་དུ་བསྐུར་ལ་བུམ་ཆུ་སྦྱིན། དེའི་མཐའ་རྟེན་དུ། ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དྲི་མེད་རྣམ་དག་བདུད་རྩི་འདིས། །སྐལ་ལྡན་ཁྱོད་ལ་ཁྲུས་གསོལ་བས། །སྒོ་གསུམ་དྲི་མ་དག་གྱུར་ཅིག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་སྤྱི་བོར་བླུགས་པ་དང་ཡན་ལག་བཀྲུ་བ་སོགས་བྱའོ། །སྨོན་ལམ་གདབ་པ་ནི་མེ་ཏོག་འཐོར་ལ། དེ་ལྟར་བུམ་ཆུའི་དབང་བསྐུར་བས། ལས་དང་ཉོན་མོངས་སྡིག་སྒྲིབ་དག་པར་གྱུར་ཅིག །སྨན་ལྔའི་དབང་བསྐུར་བས་དུག་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །དྲི་ལྔའི་དབང་བསྐུར་བས་ཕུང་པོའི་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །སྤོས་ལྔའི་དབང་བསྐུར་བས་དབང་པོ་ལྔའི་སྒྲིབ་པ་དག་པར་གྱུར་ཅིག །འབྲུ་ལྔའི་དབང་བསྐུར་བས་སྟོབས་ལྔ་ཐོབ་པར་གྱུར་ཅིག །རིན་པོ་ཆེ་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་ཐོབ་པར་གྱུར་ཅིག །སྙིང་པོ་ལྔའི་དབང་བསྐུར་བས་སྐུ་ལྔ་ཐོབ་པར་གྱུར་ཅིག །གཞན་ཡང་བུམ་པའི་ཆས་ཐམས་ཅད་ཀྱི་དབང་བསྐུར་བས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །ཅེས་བྱའོ། །གཉིས་པ་ནི། དེ་དག་གིས་བུམ་དབང་དངོས་གཞི་གྲུབ་ནས། རྗེས་འབྲེལ་རིག་པའི་དབང་ལྔ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བསམ་གྱིས་མི་ཁྱབ་དམ་ཆོས་སྣོད། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག །མཐའ་ཡས་སེམས་ཅན་དྲང་བའི་ཕྱིར། །དབང་མཆོག་དམ་པ་སྩལ་དུ་གསོལ། །ལན་གསུམ་ཞུ། རྣམ་བུམ་ཆུ་སྤྱི་བོར་གཏིགས་ལ། ཧཱུྃ། སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་པ་རུ་དབང་བསྐུར་རོ། །ༀ་བཛྲ་བྂ་ཨ་བྷི་ཥིཉྩ་ཧཱུྃ། དབུ་རྒྱན་བསྐོན་ལ། ཧཱུྃ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཅོད་པན་རིན་ཆེན་དམ་པ་སྟེ། །དབུ་རྒྱན་རིན་ཆེན་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱྂ། རྡོ་རྗེ་ལག་གཡས་སུ་གཏད་དེ། ཧཱུྃ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་གསང་བ་ལས། །ཆོས་རྣམས་ཀུན་གྱི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ། ཐབས་དང་ཤེས་རབ་འབྲེལ་བ་ཡིས། འགྲོ་དོན་མཉམ་མེད་བྱེད་པ་དང་། །མཆོད་པའི་ལས་རྣམས་རྫོགས་བྱེད་པ། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རྡོ་དྲིལ་སྤྱི་བོར་བཟུང་ལ། ཧཱུྃ། རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེ་མིང་གི་དབང་བསྐུར་རོ། །ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ཞེས་བརྗོད། དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས་ཉོན་མོངས་པ་ལྔ་གནས་སུ་དག་ནས། ཡེ་ཤེས་ལྔ་རྒྱུད་ལ་སྐྱེ་བར་གྱུར་ཅིག །གསུམ་པ་ནི། དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་དབང་བསྐུར་བ་ལ་ཐོག་མར་གཞལ་ཡས་ཁང་གི་དབུས་ཕྱོགས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །གཙོ་བོའི་སྐུ་ཐོགས་ལ། ཧཱུྃ། ཆོས་དབྱིངས་ཡེ་ཤེས་རྣམ་རྟོག་འཇོམས། །ཉོན་མོངས་དགྲ་འཇོམས་ཡེ་ཤེས་སྐུ། །རྟོག་པའི་དྲི་མ་སེལ་མཛད་པ། །སྣ་ཚོགས་རྡོ་རྗེ་སྡིགས་མཛུབ་མཛད། །ཡེ་ཤེས་ལུས་ཅན་མཐིང་གའི་མདོག །འགྲོ་བའི་སྡུག་བསྔལ་སེལ་མཛད་པ། །ཚེ་འཕེལ་ཡོན་ཏན་མཐར་ཕྱིར་མཛད། །རྡོ་རྗེ་ཅན་གྱི་དབང་བསྐུར་རོ། །ན་མཿཙཎྜ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་རྣམ་པར་འཇོམས་པ་གཙོ་བོའི་དབང་བསྐུར་བས་ཉོན་མོངས་པ་གཟུགས་ཕུང་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར། གཏུམ་པོ་རིགས་བཞིའི་སྐུ་རིམ་པར་ཐོགས་ལ། གཙོ་བོའི་མཚམས་ཀྱི་འཁོར་ལོ་རྩིབས་བཞི་ནས་གཏུམ་པོ་བཞི་རིམ་པར་བྱོན་ཏེ་ཁྱེད་རང་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མོས་ཤིག །ཧཱུྃ། བྱང་ཤར་ཁྲོ་རྒྱལ་གཏུམ་པོ་ནི། །སྐུ་མདོག་སྨུག་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་པས་སྡིག་མཛུབ་མེ་ཆེན་འབར། །རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་གཏུམ་པོའི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་གནས་སུ་དག་ནས་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཤར་ལྷོ་རྡོ་རྗེ་ཕུར་བུ་ནི། །སྐུ་མདོག་སེར་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་གཅིག་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །རྡོ་རྗེ་ཕུར་བུའི་དབང་བསྐུར་རོ། །བྷིནྡྷ་བྷིནྡྷ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཕུར་བུའི་དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་གནས་སུ་དག་ནས་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ལྷོ་ནུབ་རྡོ་རྗེ་བེ་ཅོན་ནི། །སྐུ་མདོག་དམར་ནག་དྲག་པོའི་ཞལ། །ཕྱག་གཡས་རྡོ་རྗེ་བེ་ཅོན་བསྣམས། །གཡོན་པ་སྡིག་མཛུབ་ཐུགས་ཀར་མཛད། །བེ་ཅོན་བསྣམས་པའི་དབང་བསྐུར་རོ། །ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་བེ་ཅོན་གྱི་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་གནས་སུ་དག་ནས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ནུབ་བྱང་རྡོ་རྗེ་ཁྲོ་བོ་ནི། །སྐུ་མདོག་ནག་པོ་ཤིན་ཏུ་ཁྲོས། །ཕྱག་གཡས་རྡོ་རྗེ་ཐོ་བ་བསྣམས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཁྲོ་བོའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གནས་སུ་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དབང་དང་ལྡན་པར་གྱུར་ཅིག །ཁྲོ་བཅུའི་སྐུ་རིམ་པར་ཐོགས་ལ། དེ་རྒྱབ་འཁོར་ལོ་རྩིབས་བཅུ་ནས་ཡེ་ཤེས་ཀྱི་ཁྲོ་བཅུ་རིམ་པར་བྱོན་ཏེ་དབང་བསྐུར་ཅིང་བྱིན་གྱིས་བརླབ་པར་མོས་ཤིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཞེ་སྡང་རྣམ་དག་བདག་ཉིད་ཅན། །དྲི་ཟ་འདུལ་མཛད་རྡོ་རྗེ་བསྣམས། །རྣམ་པར་རྒྱལ་བའི་དབང་བསྐུར་རོ། །ༀ་ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་རྣམ་རྒྱལ་གྱི་དབང་བསྐུར་བས་ཤར་ཕྱོགས་དྲི་ཟའི་གདུགས་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ང་རྒྱལ་རྣམ་དག་བདག་ཉིད་ཅན། །གཤིན་རྗེ་འདུལ་མཛད་རྡོ་རྗེ་བསྣམས། །གཤིན་རྗེ་གཤེད་པོའི་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་བས་ལྷོ་ཕྱོགས་གཤིན་རྗེའི་གདུག་པ་འཇོམས་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །འདོད་ཆགས་རྣམ་དག་བདག་ཉིད་ཅན། །ཆུ་ལྷ་འདུལ་མཛད་རྡོ་རྗེ་བསྣམས། །རྟ་མཆོག་རྒྱལ་པོའི་དབང་བསྐུར་རོ། །དྷུ་ན་དྷུ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་རྟ་མཆོག་རྒྱལ་པོའི་དབང་བསྐུར་བས་ནུབ་ཕྱོགས་ཆུ་ལྷའི་གདུག་པ་ཞི་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །ཕྲག་དོག་རྣམ་དག་བདག་ཉིད་ཅན། །གནོད་སྦྱིན་འདུལ་མཛད་རྡོ་རྗེ་བསྣམས། །བདུད་རྩི་འཁྱིལ་བའི་དབང་བསྐུར་རོ། །ཚིནྡྷ་ཚིནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་བདུད་རྩི་འཁྱིལ་བའི་དབང་བསྐུར་བས་བྱང་ཕྱོགས་གནོད་སྦྱིན་གྱི་གདུག་པ་འཇོམས་པའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་དབྱུག་པ་སྔོན་པོ་སྟེ། །མེ་ལྷའི་གདུག་པ་འཇོམས་མཛད་པ། །དབྱུག་པ་སྔོན་པོའི་དབང་བསྐུར་རོ། །ཧ་ན་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་དབྱུག་སྔོན་ཅན་གྱི་དབང་བསྐུར་བས་ཤར་ལྷོ་མེ་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་མི་གཡོ་མགོན་པོ་སྟེ། །སྲིན་པོའི་གདུག་པ་འཇོམས་མཛད་པ། །མི་གཡོ་མགོན་པོའི་དབང་བསྐུར་རོ། །དྷ་ར་དྷ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་མི་གཡོ་མགོན་པོའི་དབང་བསྐུར་བས་ལྷོ་ནུབ་སྲིན་པོའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གཞན་གྱིས་མི་ཐུབ་པ། །རླུང་ལྷའི་གདུག་པ་འཇོམས་མཛད་པ། །གཞན་གྱིས་མི་ཐུབ་དབང་བསྐུར་རོ། །དཱ་རུ་ཎ་དཱ་རུ་ཎ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པའི་དབང་བསྐུར་བས་ནུབ་བྱང་རླུང་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཁམས་གསུམ་རྣམ་པར་རྒྱལ། །འབྱུང་པོའི་གདུག་པ་འཇོམས་མཛད་པ། །ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །བྷནྡྷ་བྷནྡྷ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་དབང་བསྐུར་བས་བྱང་ཤར་དབང་ལྡན་གྱི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་ཧཱུྃ་སྒྲ་སྒྲོགས་པ་སྟེ། །སྟེང་གདོན་དྲེགས་པ་འཇོམས་མཛད་པ། །ཧཱུྃ་ཀ་ར་ཡི་དབང་བསྐུར་རོ། །ཧ་ར་ཧ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་ཧཱུྃ་ཀ་རའི་དབང་བསྐུར་བས་སྟེང་གདོན་ལྷའི་གདུག་པ་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །ཧཱུྃ། ཁྲོ་བོ་ཆེན་པོ་བརྗིད་པའི་སྐུ། །སྟོབས་ཆེན་གནོན་མཛད་རྒྱལ་པོ་སྟེ། །ཀླུ་དང་ས་བདག་འདུལ་མཛད་པ། །སྟོབས་ཆེན་གནོན་པའི་དབང་བསྐུར་རོ། །མ་ཐ་མ་ཐ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཁྲོ་རྒྱལ་སྟོབས་པོ་ཆེའི་དབང་བསྐུར་བས་ཀླུ་དང་ས་བདག་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག །སྒོ་མ་བཞི་ཐོགས་ལ། སྒོ་བཞི་ནས་སྒོ་སྐྱོང་ཁྲོ་མོ་རྣམ་བཞི་བྱོན་ཏེ་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མོས་ཤིག །ཧཱུྃ། ཤར་སྒོ་སྲུང་བའི་ཁྲོ་མོ་ནི། །དཀར་མོ་ཕྱག་ན་ལྕགས་ཀྱུ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ལྷ་བདུད་གནོད་པ་ཞི་བར་ཤོག །ཧུ་ལུ་ཧུ་ལུ་བཛྲ་ཨ་བྷི་ཥིཉྩ་ཛཿ སྒོ་མ་ལྕགས་ཀྱུ་དཀར་མོའི་དབང་བསྐུར་བས་ལྷའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། ལྷོ་སྒོ་སྲུང་བའི་ཁྲོ་མོ་ནི། །སེར་མོ་ཕྱག་ན་ཞགས་པ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཕུང་བདུད་གནོད་པ་ཞི་བར་ཤོག །ཏིཥྛ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། སྒོ་མ་ཞགས་པ་མ་སེར་མོའི་དབང་བསྐུར་བས་ཕུང་པོའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། ནུབ་སྒོ་སྲུང་བའི་ཁྲོ་མོ་ནི། །དམར་མོ་ཕྱག་ན་ལྕགས་སྒྲོག་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཉོན་བདུད་གནོད་པ་ཞི་བར་ཤོག །བྷནྡྷ་བྷནྡྷ་བཛྲ་ཨ་བྷི་ཥིཉྩ་བཾ། སྒོ་མ་ལྕགས་སྒྲོག་དམར་མོའི་དབང་བསྐུར་བས་ཉོན་མོངས་པའི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཧཱུྃ། བྱང་སྒོ་སྲུང་བའི་ཁྲོ་མོ་ནི། །ལྗང་མོ་ལག་ན་དྲིལ་བུ་བསྣམས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །འཆི་བདག་གནོད་པ་ཞི་བར་ཤོག །ཧ་ན་ཧ་ན་བཛྲ་ཨ་བྷི་ཥིཉྩ་ཧོཿ སྒོ་མ་དྲིལ་བུ་མ་ལྗང་གུའི་དབང་བསྐུར་བས་འཆི་བདག་གི་བདུད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཅེས་བརྗོད། གསུམ་པ་སློབ་དཔོན་གྱི་དབང་གི་དངོས་གཞི་དམ་ཚིག་གསུམ་སྦྱིན་པ་ནི། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་རྟོགས་པར་བྱའོ་སྙམ་དུ་རྡོ་རྗེ་ལག་པ་གཡས་ཀྱི་ཐུགས་ཀར་གསོར་ཞིག །ཅེས་སྦྱིན། འདི་ནི་ཐུགས་ཀྱི་དམ་ཚིག་གོ། །དྲིལ་བུ་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་དྲིལ་བུ་རྡོ་རྗེ་སྙེམས་མའི་ངོ་བོར་གྱུར། སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་མཆོག་ནི་བྱེད་པ་ཡིན། །ཞེས་བརྗོད་ལ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་རྣམས་ལ་བསྒྲག་སྙམ་པའི་བློས་དྲིལ་བུ་གཡོན་གྱིས་ལན་གསུམ་བཀྲོལ་ནས་དཀུ་ལ་བརྟེན་པའི་ཚུལ་གྱིས་ཤིག །ཅེས་སྦྱིན། འདི་ནི་གསུང་གི་དམ་ཚིག་གོ། །ཁྱེད་རང་རྣམས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྣང་ལ་རང་བཞིན་མེད་པའི་ངོ་བོར་མཉམ་པར་ཞོག་ཅིག །ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱ་རབ་ཏུ་གྲགས། །ཞེས་བརྗོད་ལ། རྡོར་དྲིལ་བསྣོལ་མར་འཛིན་དུ་བཅུག་སྟེ། དུས་འདི་ནས་བཟུང་ནས་ཇི་སྲིད་ཀྱི་བར་དུ་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མ་བྲལ་བར་གྱིས་ཤིག །འདི་ནི་སྐུའི་དམ་ཚིག་གོ། །ཞེས་བརྗོད། དེའི་མཐའ་རྟེན་རྗེས་གནང་སྦྱིན་པ་ནི། དེ་ལྟར་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་བདག་པོའི་གསང་བ་གསུམ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་ནས། དོན་གཉིས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ལ། ཐོག་མར་རང་དོན་བཟླས་པའི་རྗེས་སུ་གནང་བ་སྦྱིན་པ་ལ་འདུན་པ་འདི་ལྟར་དུ་མཛོད། བླ་མ་དང་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་དབྱེར་མེད་པའི་ཐུགས་ཀ་ནས་གཟུངས་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་མར་མེ་གཅིག་ལས་གཉིས་མཆེད་པའི་ཚུལ་དུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པའི་མོས་པ་མཛོད་ལ་གཟུངས་ཀྱི་རྗེས་ཟློས་གྱིས་ཤིག །ཅེས་བྱས་ཏེ་ཕྲེང་བ་སྦྲེལ་ལ། འདི་སྐད་བདག་གིས་ཐོས་པ་ནས་ཉེ་སྙིང་གི་བར་བརྗོད་ཅིང་། ཉེ་སྙིང་ཉིད་གསུམ་མམ་ལན་བདུན་བསྐྱར། མཐར་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལྷག་པའི་བསམ་པ་བརྟན་པོས་ནི། །ནམ་དུ་ཡང་ནི་མ་བཏང་ཞིག །ཅེས་བརྗོད། སློབ་དཔོན་ལ་མེ་ཏོག་ཕུལ་བཞིན་པར་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་གནང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །བདག་གིས་བསམ་པ་བརྟན་པོ་ཡིས། །ནམ་དུ་ཡང་ནི་མི་བཏང་ངོ་། །ཞེས་ཁས་བླང་ངོ་། །ལྷ་མཆོད་པའི་རྗེས་གནང་ནི་ཕྱི་མཆོད་ལག་ཏུ་གཏད་པ་འབུལ་བའི་ཚུལ་བྱར་གཞུག་ལ། དུས་འདི་ཉིད་ནས་བཟུང་ནས་ནི། །བྱང་ཆུབ་སྙིང་པོའི་བར་དུ་ནི། །མཆོད་པ་འདི་དང་མ་བྲལ་བར། །དུས་ཀུན་ཏུ་ནི་བདེ་བར་མནོས། །ཞེས་བརྗོད། དེ་ནས་གཞན་དོན་རིགས་ལྔའི་སྤྲུལ་བཤད་གྱི་རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་རྣམ་སྣང་སོགས་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་ང་རྒྱལ་ལ་གནས་པར་ཞུ། འཁོར་ལོ་སྦྱིན་ལ། མདོར་ན་འཇིག་རྟེན་ཁམས་ཀུན་ཏུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ༀ་བུདྡྷ་དྷརྨ་ཙཀྲ་ཨ་བྷི་ཥིཉྩ་མཱཾ། ཞེས་སྤྱི་བོར་བཞག །སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྡོ་རྗེ་གཏད་ཅིང་སྙིང་གར་བཞག་སྟེ། ཚིག་གཞན་སྔར་ལྟར་ལས། རྡོ་རྗེའི་འཁོར་ལོ་བསྐོར་དུ་གསོལ། །ༀ་བཛྲ་དྷརྨ་སོགས་དང་། སེམས་ཅན་ཐམས་ཅད་ལ་རྡོ་རྗེའི་འཁོར་ལོ་སོགས་སྦྱར། དེས་རིགས་འགྲེས་ཏེ། རིན་ཆེན་ལྟེ་བར་བཞག་ལ། རིན་ཆེན། རཏྣ། པདྨ་མགྲིན་པར་བཞག་ལ། པདྨ། རྒྱ་གྲམ་གསང་བར་བཞག་ལ། ལས་ཀྱི། ཀརྨ། ཞེས་སྦྱར་རོ། །གསུམ་པ་མཐའ་རྟེན་གྱི་རིམ་པ་ལ་གསུམ། གཏོང་དབང་། གོ་བགོ། ཤིས་པའི་རྫས་ཀྱིས་མངའ་གསོལ་བའོ། །དང་པོ་ནི། དེ་རྣམས་ཀྱི་སྒོ་ནས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བྱིན་པ་ལ་འདུན་པ་འདི་བཞིན་དུ་མཛོད། བདག་གཞན་སེམས་ཅན་ཐམས་ཅད་སོགས་ནས། གཏོར་ཆུ་སྦྱིན་པའི་བར་དང་། གཉིས་པ་གོ་བགོ་བའང་གཟུངས་ཆོག་ལྟར་བྱའོ། །གསུམ་པ་ནི། རྫས་བརྒྱད་མདུན་དུ་བཀོད་ལ ། བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ལས་སྐྱེས་པའི་བཀྲ་ཤིས་ཀྱི་རྫས་རྣམས་སློབ་མ་དགེ་ལེགས་སུ་བྱེད་པའི་གཟི་བརྗིད་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཡེ་དྷརྨཱས་རབ་ཏུ་གནས་པ། སྔོན་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་རྩྭ་ཚོང་བཀྲ་ཤིས་ཀྱིས་རྩྭ་དཱུརྦ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་དཱུརྦས་དབང་བསྐུར་བས་བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ཏེ། །ཉོན་མོངས་སྐྱེ་ཤིའི་སྡུག་བསྔལ་རྩད་གཅོད་པའི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །ཅེས་བརྗོད། ཚིག་ལྷུག་དེས་འགྲེས་ཏེ། ཐོག་མཐའ་འདྲ་བ་ལས། གླང་པོ་ཆེ་ས་སྲུང་གིས་གི་ཝཾ༴ ཞེས་དང་། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་དམ་པ་ཆོས་ཉིད་རབ་རྟོགས་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་དགེ་གྱུར་པའི། །བཀྲ་ཤིས་དེས་ཀྱང་ནད་རྣམས་ཞི་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་༴ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །ཡེ་ཤེས་ཆེན་པོ་ཉིད་དུ་ཁྱོད་གྱུར་ནས། །རྣམ་དག་ཐོགས་མེད་ཆོས་ལ་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྦྱིན་མས་ཞོ༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཆོས་ཉིད་རབ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཕྱག་ན་རྡོ་རྗེས་ཡུངས་ཀར༴ ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར༴ དུང་ནི་ཆོས་སྒྲ་སྟོང་པར་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་ཁྱོད་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡིས། །བཀྲ་ཤིས་དེས་ཀྱང་ཚེ་ལ་དབང་ཐོབ་ཤོག །ལྷ་ཚངས་པས་བིལྦ༴ བིལྦ་རྒྱུ་རྐྱེན་འབྲས་བུར་ལྡན་པ་ཡིས། །འཇིག་རྟེན་འདས་དང་མ་འདས་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ཅེས་བརྗོད་ཅིང་སློབ་མ་ལ་སྦྱིན། དེ་ནས་ནམ་མཁའ་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་ཚིག་གི་རྔ་སྒྲ་ལྡིར་ཞིང་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བར་མོས་ལ། ༀ་འབྲས་བུའི་སོགས་བཀྲ་ཤིས་རྒྱ་ཆེར་བརྗོད་དོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྔ་འགྱུར་གྱི་ཤིང་རྟ་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་སྲོལ་ལས་བྱོན་པའི་རྣམ་འཇོམས་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས་སོགས་མཚམས་སྦྱོར་སྤྱི་འགྲེ་བྱས་ལ། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་དང་། ལུས་ལོངས་སྤྱོད་འབུལ། དགེ་བ་བསྔོས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་ནས་བརྩམ། ཤིས་བརྗོད་བར་བདག་མདུན་དཀྱིལ་འཁོར་གྱི་རྗེས་རིམ་གཟུངས་ཆོག་ལྟར་ལ། རྡུལ་ཚོན་ཡོད་ན་ཨ་ཀཱ་རོའི་སྔགས་ཀྱིས་བསྡུ་བ་སོགས་གསང་བ་སྤྱི་ལྟར་སྤྱད་དོ། །སྔོན་དུས་དར་རྒྱས་ཆེ་ལ་ཡོངས་སུ་གྲགས། །དེང་སང་མཚན་ཙམ་གླེང་བར་ཟད་མོད་ཀྱང་། །ད་རུང་བཀའ་སྲོལ་མ་ནུབ་ཙམ་བྱུང་ན། །ཅི་མ་རུང་སྙམ་དད་བློས་འབད་པ་ཡིན། །སྦྱོར་བ་མཐའ་དག་མ་མཐོང་ཞིང་། །ལག་ལེན་རྒྱུན་ཀྱང་ཕལ་ཆེར་འཆོལ། །རིགས་པས་དཔོགས་པར་མི་བཟོད་པས། །འགལ་འཁྲུལ་བླ་མ་ལྷ་ལ་བཤགས། །རྡོ་རྗེའི་ཁྲོ་རྒྱལ་ཆེ་དང་མི་གཉིས་པའི། །མཐུ་སྟོབས་རྩལ་གྱིས་སྒྲིབ་གཉིས་བག་ཆགས་བཅས། །རྣམ་པར་འཇོམས་པའི་གཟི་བྱིན་རབ་འབར་བས། །འགྲོ་ཁམས་མཐར་ཐུག་བར་དུ་སྣང་བྱེད་ཤོག །ཅེས་པ་འདིའང་རྒྱ་སྡོམ་སྟོན་པ་སེང་གེའི་གསུང་ཉིད་གཞིར་བྱས་པ་ལ། ཡིག་ཆ་རྙིང་པའི་དགོངས་པ་གུང་བསྡེབས་ཏེ་རང་ལུགས་ལ་སྤྱི་འགྲོའི་རིགས་པས་མ་བསླད་པར་ལས་གསལ་ཁྱེར་བདེའི་ཚུལ་དུ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་རྡོ་རྗེ་ཐུགས་ཀྱི་མཁར་དུ་སྦྱར་བ་དགེ་ལེགས་འཕེལ།། །།


previousརྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ། བློ་གྲོས་མཐའ་ཡས།next