Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་པ།


   
   
   
   
   
   
   
   
དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   


 
previousདཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་འགྱུར་མེད་རྡོ་རྗེ།next

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་འགྱུར་མེད་རྡོ་རྗེ།

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་ཆེན་འགྱུར་མེད་དཔལ་ལྡན་རྡོ་རྗེ་འཆང་། །སྟོང་ཉིད་ཀུན་བཟང་དགའ་མར་མཉམ་སྦྱོར་བའི། །རྣམ་རོལ་རིགས་དྲུག་འཁོར་ལོའི་ཕྱག་རྒྱ་ཡིས། །སྲིད་ཞིར་རྒྱས་འདེབས་དཔལ་ལྡན་བླ་མར་འདུད། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཡི། །སྙིང་པོའི་དཀྱིལ་འཁོར་མཆོག་ཏུ་བཀྲི་བའི་ཐབས། །དབང་བསྐུར་ཆོ་ག་དམ་པའི་ཞལ་ལུང་བཞིན། །བྱིན་རླབས་ཆར་དུ་འབེབས་པའི་དཔྱིད་དུ་སྤེལ། །དེ་ཡང་འདིར་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་བྱ་བའི་རིམ་པ་ནི། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེ་ཡང་། ས་གཞི་སྟ་གོན་གནས་པ་དང་། །གཟུགས་བརྙན་དཀྱིལ་འཁོར་རྩོལ་སྒྲུབ་ཅིང་། །འཇིག་པ་སྦྱིན་སྲེག་གཏོར་མའི་ལས། །རབ་གནས་དབང་བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་སྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་ཤེས་པར་བྱས་ལ། སའི་ཆོ་ག་དང་སྟ་གོན་གྱི་ཆོ་ག་གཞན་དང་། དཀྱིལ་འཁོར་འདུ་བྱ་བ་དང་། སྒྲུབ་ཅིང་མཆོད་པ་ལ་སོགས་རྣམས་ཀྱི་དཀྱིལ་ཆོག་ལས་ཤེས་པའི་དབང་དུ་བྱས་ནས། འདིར་སློབ་མར་དབང་བསྐུར་བའི་ཆོ་ག་ལ། སྦྱོར་བ་སྟ་གོན་གྱི་ཆོ་ག་དང་། དངོས་གཞི་དབང་བསྐུར་བའི་ཆོ་གའོ། །དང་པོ་ནི། ལྷ་སྟ་གོན་གྱི་རྗེས་སམ། དེ་དང་བུམ་པ་སྟ་གོན་སྦྲེལ་བའི་རྗེས་ཉིད་དུའམ། དངོས་གཞིའི་དཀྱིལ་འཁོར་བཤོམ་བཀོད་ཟིན་ནས་ནང་པར་དཀྱིལ་འཁོར་དུ་འཇུག་པ་བྱེད་རྒྱུའི་ཉིན་སྔ་མའི་དགོང་ཁའི་དུས་སུ་བྱེད་ཀྱང་རུང་སྟེ། དེ་ལྟར་ན་དཀྱིལ་འཁོར་སྒྲུབ་རྫས་རྣམས་ཡོལ་བས་བསྒྲིབས་ཏེ་མི་མཐོང་བར་བྱས། སློབ་དཔོན་གྱི་ཉེ་ལོགས་སུ། སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ །ཚོམ་བུའི་མཎྜལ། སྤོས། མེ་ཏོག །མར་མེ། དྲི་དང་བཅས་པ་རྣམས་བཤམས་ནས། ཆོ་ག་དངོས་ལ་བཅུ་གསུམ་ལས། དང་པོ་སྤྲོ་བ་བསྐྱེད་པ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། དེ་ནས་སློབ་དཔོན་གྱིས་ཆོས་བཤད་ཐུན་མོང་བ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར་འདི་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་ལས། སྐུའི་རྒྱུད་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཆོས་ཀྱི་རྣམ་གྲངས་ཏེ། དེ་ལའང་སྨིན་གྲོལ་གྱི་རིམ་པ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བ་སྐབས་སུ་བབས་པ་ཡིན་ཞིང་། དབང་དེ་ལའང་སྦྱོར་དངོས་རྗེས་གསུམ་ལས་སྐབས་འདིར་སྦྱོར་བ་སྟ་གོན་གྱི་བྱེ་བྲག་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བྱེད་པ་ཡིན་པས། དེའི་སླད་དུ་ཐོག་མར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འབུལ་བའི་མོས་འདུན་བགྱིས་ཏེ་ཞིང་ཁམས་འབུལ་མཛོད། ཅེས་མཚམས་སྦྱར་ཏེ། ཕྱག་སྔོན་དུ་འགྲོ་བས་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་འདུག་པ་ལ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གནས་བཞུགས་པ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་རིགས་དྲུག་དཀྱིལ་འཁོར་གྱིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ། དེ་རྣམས་ཀྱི་དོན་ཡང་བཤད། གཉིས་པ་རྗེས་སུ་གདམས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་གྱིས། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོའི་ཕྱིར། །འཁོར་ལོར་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་གྱིས། །དཔའ་བོ་དཔའ་མོ་འཁོར་བཅས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །ཞེས་གདམས། གསུམ་པ་དམ་འཆའ་བ་ནི། མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་སྟེ། །ཇི་སྲིད་སྙིང་པོར་བྱང་ཆུབ་བར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གིས་སྡོམ་པ་མ་ལུས་བཟུང་། །ཞེས་དམ་འཆའ། བཞི་པ་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་བཟུང་བར་བགྱི། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །རྒྱས་བ་སྲས་བཅས་ཐམས་ཅད་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དད་པས་རྗེས་སུ་ཡི་རང་ངོ་། །སེམས་ཉིད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་ཅིང་། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །སངས་རྒྱས་རྣམས་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཐུགས་མཆོག་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་གྱི། །མགོན་རྣམས་བདག་ལ་དགོངས་སུ་གསོལ། །དུས་འདི་ཉིད་ནས་སངས་རྒྱས་བར། །བླ་མེད་རྒྱ་ཆེན་དད་པས་གཟིགས། །ཞེས་ལན་གསུམ་གྱིས་རྒྱུད་དག་པར་བྱའོ། །ལྔ་པ་སྡོམ་པ་བཟུང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བར་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་བྱིན་པ་དབྱུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་དང་། དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་འགྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་འགོད་པར་བགྱི། །ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་ངོ་། །དྲུག་པ་བྱིན་གྱིས་བརླབ་པ་ནི། སློབ་མའི་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་ཏེ། སྤྱི་བོར་འཁོར་ལོར་ལྟེ་བར་ༀ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུཾ་སྔོན་པོས་མཚན་པ་དང་། སླར་ཡང་རྡོ་རྗེས་རེག་ནས། ༀ་ཨཱཿཧཱུཾ་གིས་ལྷ་གནས་བྱས་ཏེ་བརྟན་པར་བྱའོ། །བདུན་པ་མཆོད་པ་ནི། དེ་ལྟར་བྱིན་གྱིས་བརླབས་པ་ནི་མཆོད་པའི་གནས་སུ་གྱུར་པ་ཡིན་པས་དེའི་སྤྱི་བོར་མེ་ཏོག །མདུན་དུ་སྤོས་དང་མར་མེ། སྙིང་གར་དྲི་རྣམས་ཕུལ་བར་མོས་ལ། ༀ་པ་ན་བེཾ་པེ་ནུ་སུ་ར་ཏོ་ཏི་པུ་ར་མུཿསརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ་ས་མ་ཡོ་ཏ་མི་སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། པུཥྤེ་པུ། ཨཱ་ལོ་ཀེ་ཧྲཱི། གནྡྷེ་གན། ཞེས་སོ་སོའི་སྔགས་ཀྱིས་དབུལ་ལོ། །བརྒྱད་པ་སོ་ཤིང་སྦྱིན་པ་ནི། དངོས་གྲུབ་ཀྱི་ལྟས་བརྟགས་པའི་ཕྱིར། བླ་མའི་མདུན་གྱི་ས་དེར་བ་བྱུང་ལྔས་ཁྲུ་གང་གྲུ་བཞིར་བྱུགས་པའི་མཎྜལ་ལ་མེ་ཏོག་གི་ཚོམ་བུ་དགུ་བཀོད་ནས་སློབ་མ་ཁ་ཤར་དུ་ཕྱོགས་པ་ལ། ཨུ་དུམྺ་ར་ལ་སོགས་འོ་མ་ཅན་གྱི་སོ་ཤིང་སྲིན་བུག་མེད་པ་སོར་བཅུ་གཉིས་པའི་རྩེ་མོར་མེ་ཏོག་བཅིངས་པ་རིགས་སྔགས་ཀྱི་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱི་དམོད་བཅུག་སྟེ་གཏད་ལ། དེས་ཀྱང་སོ་ཤིང་གི་རྩེ་མོས་སོ་དྲུག་ཅིང་། གཞན་དུ་མི་ལྟ་བར། ༀ་བཛྲ་ཧཱ་ས་ཧཱ། ཞེས་བརྗོད་ཅིང་ཚོམ་བུའི་སྟེང་དུ་དོར་བས། མེ་ཏོག་གིས་བཅིངས་པའི་རྩེ་མོ་བདག་དང་སྟེང་ངོས་སུ་བལྟས་ན་དངོས་གྲུབ་མཆོག །གཞན་དུ་འབྲིང་། མཚམས་དང་བྱང་དུ་འཇིག་རྟེན་པ། འོག་ཏུ་ས་འོག་དང་། ཕྱོགས་བཞིར་ཞི་སོགས་ཀྱི་དངོས་གྲུབ་འགྲུབ་པར་ལུང་བསྟན་ནོ། །དགུ་པ་ཁྱོར་ཆུ་བླུད་པ་ནི། རྨི་ལམ་གསལ་བའི་ཕྱིར། ལས་ཐམས་ཅད་པ་བཟླས་པའི་དྲི་བཟང་གི་ཆུ་ལག་པར་སྦྱིན་ཏེ། ༀ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་པཱ་པཾ་ནི་ཙཱ་ཤྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ནཱ་ཡ་ཧཱུཾ། ཞེས་བརྗོད་ནས། ཁྱོར་བ་དང་པོས་ཁ་བཤལ། གཉིས་པ་འཐུང་། གསུམ་པ་གཏོར་བར་བྱའོ། །བཅུ་པ་ཀུ་ཤ་གཏོད་པ་ནི། རྨི་ལམ་རྣོ་བར་བྱ་བའི་ཕྱིར་ཀུ་ཤ་སྔོ་ལྗང་རྩེ་མོ་མ་ཉམས་པ་ཆེ་ཆུང་གཉིས། ཧཱུཾ་ཨཿ ༀ་ཨ། ཧི་ཨ། ཧྲཱིཿཨ། ཏྲཾ་ཨ། ཧཱཾ་ཨ། སརྦ་ཏུརྟེ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་པ་སྔས་དང་སྟན་དུ་སྦྱིན་ནོ། །བཅུ་གཅིག་པ་སྲུང་སྐུད་གདགས་པ་ནི། རྨི་ལམ་གྱི་བར་ཆད་བསལ་བའི་ཕྱིར་སྲུང་སྐུད་སྲིད་དུ་ལུས་ཚད་སུམ་སྒྲིལ་སྤོམས་སུ་ཀུ་ཤའི་སུམ་འགྱུར་རྡོ་རྗེའི་མདུད་པ་གསུམ་ལྡན་དང་རིགས་ཀྱི་སྔགས་དང་འབྲུ་གསུམ་གྱིས་བསྔགས་པ་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་ཏེ་ཆུ་དང་བཅས་པའི་རྡོ་རྗེ་རྒྱ་གྲམ་དུ་རེག་པས་བསྲུང་བར་བྱའོ། །བཅུ་གཉིས་པ་ཆོས་བཤད་པ་ནི། ཟབ་མོའི་ལམ་ལ་སྤྲོ་བ་བསྐྱེད་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྺ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རིས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །ཞེས་དང་། བསྡུ་ན། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པ་གྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །ཞེས་བརྗོད་ནས། མདོར་ན་གསང་སྔགས་ཀྱི་ཚུལ་འདི་ནི་དཀོན་ལ་ཕན་ཡོན་ཆེ་བ་ཡིན་པས་བློ་མ་འགྱུར་བར་ཉམས་ལེན་ལ་བརྩོན་པར་གྱིས་ཤིག །ཅེས་བརྗོད་དོ། །བཅུ་གསུམ་པ་རྨི་ལམ་བརྟགས་པ་ནི། སྟ་གོན་གྱི་གནས་དེ་ཉིད་དུ་མཆོད་གཏོར་ཕུལ་ནས་སྔར་གྱི་ཀུ་ཤའི་སྔས་སྟན་ལ་མི་སྨྲ་ཞིང་དགེ་བའི་སེམས་ཀྱིས་སེངྒེའི་ཉལ་སྟབས་ཀྱིས་ཉལ་ནས་རྨི་ལམ་བརྟག་ཏུ་བཅུག་ནས། སློབ་དཔོན་ནང་དུ་ཞུགས་ཏེ་མཉམ་པར་བཞག་ལ་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། ནངས་པར་རྨི་ལམ་དྲིས་ཏེ་བཟང་ན་དངོས་གྲུབ་ལུང་བསྟན་ཅིང་སྤྲོ་བ་བསྐྱེད། ངན་ན་སྦྱིན་སྲེག་དང་གཏོར་མ་དང་སྔགས་དང་ཕྱག་རྒྱས་སྦྱང་ཞིང་བ་བྱུང་དང་དྲི་བཟང་གི་ཆུ་སྔགས་ཀྱིས་སྦྱངས་བས་བཀྲུ། ནམ་མཁའ་དབྱིངས་ཕྱུག་མའི་ཕྱག་རྒྱ་དང་། ༀ་དྷརྨཱ་དྷ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་དག་ནི་སྟ་གོན་གྱི་ཆོ་གའོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། དཀྱིལ་འཁོར་འདུ་བྱ་བ་དང་། སྒྲུབ་ཅིང་མཆོད་པ། བདག་ཉིད་འཇུག་པ། སློབ་མར་དབང་བསྐུར་བ་དང་བཞི་ལས། དང་པོ་གཉིས་དཀྱིལ་ཆོག་ལས་ཤེས། གསུམ་པ་བདག་ཉིད་འཇུག་པ་ནི། སྒྲུབ་མཆོད་ཀྱི་དགོང་ཀའི་དུས་སུ་བདག་ཉིད་བསྲུང་ཞིང་ཁྲུས་བྱ། དྲིས་བྱུགས། རྒྱན་བཏགས་ནས་སྟན་ལ་འཁོད་དེ། སློབ་དཔོན་གྱི་བྱ་བ་རྣམས་བླ་མ་དང་ཐ་མི་དད་པའི་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་བསམ་སྟེ། འཆད་པར་འགྱུར་བ་བཞིན་འཇུག་པ་ནས་བརྩམས་ཏེ། དབང་རྫོགས་པར་བླང་ཞིང་། མིག་དར་འཆིང་གྲོལ་སོགས་ནི། གཙོ་བོ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ལས་ཀྱི་རྡོ་རྗེའི་ཚུལ་དུ་དབྱེ་བས་མཛད་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་འདོད་ཆགས་ཆེན་པོ་ལས་བྱུང་བའི་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གཟུགས་བརྙན་བཞིན་ཤེས་ནས་སློབ་མ་གཞུག་པའི་ཕྱིར། ༀ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོགས་མ་མཐའ་མ་མེད་པའི་དབྱིངས། །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །རིགས་མཆོག་མགོན་པོར་བདག་སྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དག་པ་སྟེ། །བཅོམ་ལྡན་དེ་ཉིད་ཀྱིས་སྒྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་མཆོག་ཏུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་རྒྱལ། །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་ཅན་བདག་ཏུ་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་བྲལ་བའི་དམ་ཚིག་མཆོག །ཅེས་དང་། ༀ་ཨཱཿཧཱུཾ་གིས་མཆོད་སྤྲིན་སྤྲུལ། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བནྡྷ་ནཾ་ཀ་རོ་མི། ༀ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་པུཥྤེ་ༀ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཧཱཾ། ༀ་བཛྲ་ནཻ་ཝི་དྱཱ་ཏྲཾ། ཨཱོཾཿབཛྲ་ཨ་ཧ་ར་ཧྲཱིཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཨ་ལངྐ་ར་པ་ན་བཻ་ཧཱུཾ་སྭཱ་ཧཱ། བྷྱོ་དྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ༀ་ན་མཿསརྦ་པཉྩ་རཱ་ས་ཡ་ན་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ། བླ་མ་སངས་རྒྱས་ཆོས་དགེ་འདུན། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །རྣམ་ཀུན་བཏུད་དེ་སྐྱབས་མཆི་ཞིང་། །མཆོད་འོས་གཞན་ལའང་ཕྱག་འཚལ་བསྟོད། །ཅེས་གླུ་གར་མཆོད་བསྟོད་དང་བཅས་པས་མཉེས་པར་བྱས་ནས། སླར་ཡང་། ཤེས་རབ་ཐབས་བདག་དཀྱིལ་འཁོར་མཆོག །བདེན་པའི་བྱིན་རླབས་ཆེན་པོ་ཡིས། །མགོན་ཚོགས་སྤྲུལ་པའི་དཀྱིལ་འཁོར་གྱི། །འདོད་པ་ཐམས་ཅད་སྐོང་བྱེད་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་འཛིན་རབ་སྤངས་བརྗོད་དུ་མེད། །རྒྱུ་དང་རྐྱེན་ལས་བྱུང་བ་དག །ཆོས་ཉིད་དེ་བཞིན་ཉིད་ལས་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་དྲི་མེད་གནས། །སེམས་ཅན་ཀུན་གྱིས་མཐོང་བར་ཤོག །ཅེས་བདེན་པའི་སྟོབས་བརྗོད་དེ་དངོས་གྲུབ་གསོལ་བར་བྱའོ། །བསྡུ་ན། ཤེས་རབ་ཐབས་བདག་ཅེས་པས་མན་ཆད་བརྗོད་པས་ཀྱང་ཆོག་གོ། །ཡང་ན། ༀ་བཛྲ་ས་མ་ཡ་ༀ། ཨཱཾ་བཛྲ་ས་མ་ཡ་ཨཱཾཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་རིག་པའི་མེ་ཏོག་དོར་ནས། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་པས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་སློབ་མ་གཞུག་པར་གསོལ་བ་གདབ་པ་ཉིད་ཀྱིས་ཀྱང་འགྲུབ་སྟེ། རིགས་མཐུན་གྱི་གསང་བ་སྤྱིའི་ཆོ་ག་ཡིན་པའི་ཕྱིར་རོ། །བཞི་པ་སློབ་མར་དབང་བསྐུར་བ་ལ་འཇུག་པ་དང་། དབང་བསྐུར་བ་དངོས། འཇུག་པ་ལ་ཕྱི་ནང་གཉིས་ཀྱི་ཕྱི་འཇུག་ལ་བཞི་ལས། དང་པོ་ནི། ཡོལ་བའི་ཕྱི་རོལ་དུ་རྒྱུད་དག་པའི་སློབ་མ་རྣམས་ལས་བུམ་གྱི་ཆུས་བསང་། མེ་ཏོག་ལ་སོགས་མཆོད་པ་བཞིས་མཆོད་ནས། འོ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཆོས་ཀྱི་སྐུ་གང་ཞིག་ཚེ་འདིར་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ། ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཡང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་གཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པར་གསུངས་པར་ཟད། །ཅེས་གསུངས་པར་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལ་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེར་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལས། ༈ །འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག ༈ །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐེག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ་ལས་སྐུའི་རྒྱུད་ཐམས་ཅད་ཀྱི་གཞི་དང་རྩ་བར་གྱུར་པ་མ་ཧཱའི་ཨ་ནུ་སྟེ་རྣལ་འབྱོར་མའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་། ཐར་པའི་མྱུ་གུ་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན། ཕྱི་ཡི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། གསང་ཆེན་གྱི་དབང་སྟེ་བཞིའོ། །དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་སྟེ། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིང་ཞེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས། དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྗོད་དེ་སློབ་བུས་ཕྱག་བྱས་མཎྜལ་ཕུལ་ཏེ་འདུག་པ་ལ། ཨཱཿཁཾ་ཝི་ར་ཧཱུཾ། ཞེས་པས་མིག་དར་དམར་པོའམ་དཀར་པོས་བཅིངས། སྔགས་དེས་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་གཏད་ནས་ཐེག་པ་ཆེན་པོ་ལ་རྩེ་གཅིག་ཏུ་སེམས་བསྐྱེད་པར་བྱའོ། །གཉིས་པ་ནི། ཀྱེ་བུ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་པ་ཡིན། ཞེས་དྲི། དེས་ཀྱང་། བདག་སྐལ་པ་བཟང་པོ་ལ་དགའ་བས་འདིར་འཇུག་གོ། །ཞེས་བརྗོད། སླར་ཡང་། དེ་ཡི་ཁྱོད་ལ་ཅི་ཞིག་བྱ། དྲིས་པ་ན། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ། །ཞེས་བརྗོད། གསུམ་པ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་བཏུད་དེ། བདེ་མཆོག་མ་དང་མཉམ་སྦྱོར་བའི། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་སྐྱབས་མཆི། །སྐལ་བཟང་ལྷ་མོའི་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བཞི་པ་ནི། སློབ་དཔོན་གྱིས། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་དེ་ཕྱིར་འཇུག་གོ། །གཉིས་པ་ནང་འཇུག་ལ་དྲུག་ལས། དང་པོ་ནི། སྙིང་གར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེས་མཚན་པར་བསམ་ནས། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མི། ཞེས་བརྗོད་དུ་བཅུག་པས་སེམས་བསྐྱེད། ཡང་སྔགས་དེ་ཉིད་བརྗོད་ཅིང་རྡོ་རྗེ་འཛིན་པའི་རྒྱས་སློབ་མའི་ལག་ནས་འཇུས་ཏེ་ནང་དུ་ཁྲིད་པར་མོས་ཏེ་ཡོལ་བ་བསལ། དེ་ཡང་པད་སྐོར་ལན་གསུམ་བྱས་ནས་གཡོན་པའི་ཐལ་མོ་ཁ་སྦུབ་པའི་སྟེང་དུ་གཡས་པའི་ཐལ་མོ་བཀན་མཐེའུ་དང་མཐེ་བོ་བསྣོལ་མར་སྤེལ་བས་རིན་པོ་ཆེའི་ཕྲེང་བ་བཟུང་བའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ཤར་སྒོར་གནས་པས། ཐོག་མ་མེད་དུས་འཁོར་བ་རྣམས། །བདག་གིས་སྡིག་པའི་ལས་གང་བགྱིས། །བགྱིད་སྩལ་ཡི་རང་དུས་འདིར་བཤགས། །ཕྱིན་ཆད་མི་བགྱིའི་སྡོམ་པ་བཟུང་། །རྒྱལ་བ་སྲས་སོགས་དགེ་རྩ་བཞི། །འགྲོ་གཞན་ལེགས་བྱས་གང་ཡིན་པ། །དེ་དག་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་ཆེན་པོར་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ནི་དུས་འདིར་སྐྱབས་སུ་མཆི། །ཉོན་མོངས་སྡུག་བསྔལ་བཅད་པ་དང་། །དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་གཉིས་མེད་སེམས་བསྐྱེད་ནས། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ནས་གདོན། །ཞེས་ལན་གསུམ་མམ། ཡང་ན་རྒྱུན་བཤགས་དང་སྡོམ་བཟུང་སྟ་གོན་གྱི་སྐབས་བཞིན་བྱས་ན་ཡང་ལེགས་སོ། །གསུམ་པ་ནི། རྡོ་རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་སྙིང་གར་བཞག་ནས། ༀ། བདེ་གཤེགས་ཀུན་གྱི་ཁྱོད་ཉིད་ནི། །དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་བཞུགས་ཤིང་། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། །ༀ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ས་མ་ཡ་ཐ་སུ་ཁཾ། ཞེས་དང་། སླར་ཡང་། ༀ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་བཞུགས་མཛད་དེ། །གལ་ཏེ་ཚུལ་འདིར་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་གསང་བར་གདམས་ནས། ༀ་མ་ཧཱ་ས་མ་ཡ་ཨུ་ད་ཀ་ཋ། ཞེས་བཟླས་པའི་མནའ་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ད་ཀ་ཧྲཱིཿཋཱ། རྡོ་རྗེ་མགོ་བོར་བཞག་ལ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཟད་བརྙས་ན་ཡང་། །དུས་མིན་འཆི་ཞིང་དམྱལ་བར་ལྟུང་། །ཞེས་བརྗོད་ཅིང་དམ་ལ་བཞག་གོ། །བཞི་པ་ནི། མཎྜལ་སྔོན་དུ་འགྲོ་བས། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་སྤྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་དེ་དག་གིས། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་སློབ་མའི་རྐང་མཐིལ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་ཡཾ་རཾ་ལཾ་ཁཾ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་སོ་སོའི་ས་བོོན་གྱིས་མཚན་པར་བསམ་ནས། ༀ་སུམྦྷ་ནི་སུམྦྷ་ཧཱུྃ། ཞེས་རྟ་མཆོག་གི་སྔགས་དྲག་ཏུ་བཟླས་པས་བསྲུངས་ལ། བདུད་རྩི་ལྔ་དཔའ་བོ་འབྲུ་དགུས་ལྕེ་ཐོག་ཏུ་བཞག་ནས། སྙིང་གའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མམ། གསལ་བར་ནུས་ན། རིགས་དྲུག་གི་འཁོར་ལོ་སྒྱུར་བ་ཡབ་ཡུམ་རྣམས་རྗེས་སུ་ཆགས་པའི་བདེ་བའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་རིགས་དྲུག་གི་འཁོར་ལོས་སྒྱུར་བའི་རྣམ་པར་སྤྱན་དྲངས་ཏེ་སྙིང་གར་ཐིམ་པར་བསམ་ལ། རྫས་དུད་ཀྱིས་བདུག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བ་དང་རོལ་མོ་སྣ་ཚོགས་པའི་སྒྲ་སྦྱར་ཏེ། ༀ་ཛྙཱ་ན་ཨ་བེ་ཤ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཨཱཿཧཱཿཛྷཻ། ཞེས་བརྒྱ་རྩ་སོགས་དྲུག་ཏུ་བརྗོད། དེའི་ཚེ་ལུས་འདར་ཞིང་འཕར་བ་དང་། དྲག་སྔགས་ཀྱི་ཚིག་བརྗོད་པ་དང་། སེམས་ལ་མངོན་ཤེས་འཆར་བ་སྟེ། སྐུ་གསུང་ཐུགས་བབས་པའི་རྟགས་མཐོང་བ་ནས། ༀ་ཨཱཿཧཱུཾ་ཞེས་བརྟན་པར་བྱས་ནས། ཡེ་ཤེས་ཕབ་པའི་བདེ་བ་སྦྱིན་པའི་གར་དང་བཅས་པས། སློབ་མ་དམ་པ་དེང་ཕྱིན་ཆད། །ཕྱག་རྒྱའི་ཡེ་ཤེས་རྗེས་བཟུང་བས། །རྣམ་པར་སྣང་མཛད་མཆོག་བཞིན་དུ། །སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། །ཅེས་ཆེ་བའི་ཡོན་ཏན་བརྗོད། ལྔ་པ་ནི། མིག་དར་དང་བཅས་པས་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་བལྟར་བཅུག་སྟེ་སྣང་བ་དྲིས་ནས་ཁ་དོག་གང་མཐོང་བ་དེ་དང་མཐུན་པའི་ཕྲིན་ལས་འགྲུབ་པར་ལུང་བསྟན་ནོ། །དེ་ནས་བདེན་པས་བྱིན་གྱིས་བརླབ་པའི་ཕྱིར་དྲིལ་བུ་འཁྲོལ་བཞིན་དུ། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང་། །བསོད་ནམས་གང་ཡིན་དེ་བཞིན་ཤོག །ཅེས་བརྗོད་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དཀྱིལ་འཁོར་གྱི་འཁོར་ལོ་ལ་འབུལ་བས། ལྷ་གང་ལ་བབས་པ་དེ་ཡི་དམ་དུ་སྦྱིན་ཞིང་། དེ་ཡང་གཙོ་བོའི་སྐུའི་སྟོད་སྨད་ལ་སོགས་པའི་དབྱེ་བས་དངོས་གྲུབ་མཆོག་ལ་སོགས་པ་དང་། བར་མཚམས་ལ་འབྲིང་དང་། ར་བ་ལས་འདས་ན་ལན་གསུམ་བསྐྱར་ཞིང་། དེ་ནས་ཀྱང་ཕྱིར་ལྷུང་ན་བུམ་ཆུས་ཤིས་པར་བྱས་ནས་གཏོང་བར་བཤད་དོ། །དེ་ནས་ཕྲེང་བ་དེ་སློབ་མའི་སྤྱི་བོར་འཆིང་ཞིང་། སྟོབས་ལྡན་སེམས་དཔའི་རྒྱལ་པོ་ཆེ། །ཕྲེང་བ་འདི་ནས་ལྡན་པར་གྱིས། །ༀ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཞེས་བརྗོད་དོ། །དྲུག་པ་ནི། ༀ་གྱིས་བསྔགས་པའི་གསེར་གྱི་ཐུར་མ་པྲ་ཡིག་གིས་མཚན་མ་ཐོགས་ནས། ༀ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །སྒྲིབ་གཡོགས་ལིང་ཐོག་ཀུན་བསལ་བས། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། ཅེས་གདོང་གཡོགས་བསལ་ནས་དཀྱིལ་འཁོར་མཚོན་པར་བྱས་ཏེ། ལེགས་པར་ལྟོས་ཤིག་སེམས་དཔའ་ཆེ། །ཐར་པ་ཆེན་པོའི་དཀྱིལ་འཁོར་དུ། །མེ་ཏོག་གང་ལ་ལྷུང་བ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཞེས་རྟ་མགྲིན་འཕང་མཐོ་ནས་གཙོ་བོའི་མཐར་ཐུག་པའི་བར་གྱི་ལྷ་རྣམས་སོ་སོའི་མཚན་བརྗོད་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ལ། བཟའ་བཏུང་ལ་སོགས་པའི་མཆོད་པའི་ཚོགས་ཀྱིས་ལྷ་དང་སློབ་དཔོན་དང་རྣལ་འབྱོར་པ་རྣམས་མཉེས་པར་བྱས་ནས། སློབ་དཔོན་གྱིས། བུ་ཁྱོད་དད་པས་རབ་གུས་སྐྱེད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང་། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །ཞེས་བསྒྲགས། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །གཉིས་པ་ཞུགས་པ་ལ་དབང་བསྐུར་བ་ནི། ཕྱི་དང་། ནང་དང་། གསང་བ་དང་། གསང་ཆེན་གྱི་དབང་བསྐུར་བ་དང་བཞི་ལས། དང་པོ་ལ་སློབ་མའི་དང་། སློབ་དཔོན་གྱི་དབང་གཉིས། དང་པོ་ལ་སྔོན་དུ་བྱ་བ་དང་། དངོས་གཞི་དབང་བསྐུར་བ། རྗེས་གདམས་ངག་བརྗོད་པ་གསུམ་ལས། དང་པོ་ནི། སློབ་མས་ཇི་ལྟར་འབྱོར་བའི་ཡོན་དང་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ཏེ། རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབས་པའི་འོས་པ་ལགས། །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་རིམ་བཞིན་བདག་ལ་སྩོལ། །རིགས་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་གྲུབ་མཆོག་རྣམས་ཤེས་པ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་རྡོ་རྗེ་སློབ་དཔོན་བཟུང་། །ཞེས་གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོ་ལས་ཁྲུ་དོ་ཙམ་གྱིས་ཆོང་པའི་སར་དབང་སྟེགས་རྩ་བའི་དཀྱིལ་འཁོར་གྱི་ལྟེ་བ་དང་མཉམ་པ་བརྩིགས་པའམ། བ་བྱུང་དང་དྲི་བཟང་གིས་བྱུགས་པ་ལ་པདྨ་འདབ་བརྒྱད་ཕྱི་རོལ་གྲུ་བཞི་སྒོ་དང་བཅས་པ་བྲིས་པའི་དབུས་སུ་སེང་ཁྲི་པདྨའི་གདན་ལ་སློབ་མ་གུས་པའི་སེམས་ཀྱི་གནས་པ་ལ། འཕན་གདུགས་དང་། མེ་ཏོག་གི་ཕྲེང་བ་དང་། རིན་པོ་ཆེའི་རྒྱན་དང་། གོས་སྣ་ཚོགས་ཀྱིས་མཛེས་ཤིང་མཆོད་པའི་ཚོགས་ཀྱིས་བསྐོར་བར་གྱུར་པ་ལ། ལས་སྔགས་དང་། ༀ་ཧཱུཾ་ཊ་ཊི་ཏ་ཕཊ། ཅེས་སྤོས་ཆུས་གཏོར། ༀ་སརྦ་པ་པཱཾ་ད་ཧ་ན་བཛྲ་སྭཱ་ཧཱ། ཞེས་ཡུངས་ཀར་གྱིས་བསྐོར་ནས་མེ་ནང་དུ་དོར། ༀ་སརྦ་སཱཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཀུ་ཤ་དང་བཅས་པའི་ཆུས་གཏོར་ཞིང་བྱབས་ལ། བྱུར་དང་སྐལ་བ་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཡུངས་ཀར་གྱི་བཟེད་ཞལ་ཕྱིར་དོར་ཞིང་རོལ་མོའི་སྒྲ་སྦྱར། དེ་ནས་ལས་བུམ་གྱི་ཆུས་བསངས་ཤིང་རྟ་མཆོག་གི་སྔགས་ལན་གསུམ་བཟླས་པས་བསྲུངས། སླར་ཡང་བདུད་རྩི་གཏོར་ནས། ༀ་ཨཱཿཧཱུཾ། ཞེས་པས་སྦྱངས། སྭ་བྷཱ་ཝའི་སྔགས་བརྗོད་དེ། ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ལས་སློབ་བུ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་གཟུགས་སུ་གནས་པར་བསམ་མོ། །གཉིས་པ་དངོས་གཞིའི་དབང་བསྐུར་བ་ལ་ཆུ། ཅོད་པན། རྡོ་རྗེ། དྲིལ་བུ། མིང་དབང་དང་ལྔ་ལས། དང་པོ་ནི། མཆོད་དབྱངས་རོལ་མོའི་སྒྲ་དང་བཅས་པས་བུམ་ཆུ་དུང་ཞལ་དུ་བླངས་ཏེ། ༀ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རོ་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པ་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚས་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་བཀྲ་ཤིས་ཀྱི་གླུ་བླང་བ་སྔོན་དུ་འགྲོ་བས། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །འདི་ཉིད་དུ་ནི་བླུགས་མཛད་པས། །བག་ཆགས་མ་ལུས་དག་གྱུར་ཅིག །ཅེས་ཕྱི་བུམ་གྱིས་ཁྲུས་བྱའོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དབང་གི་ལྷ་རིགས་དྲུག་གི་དཀྱིལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། མདུན་གྱི་ནམ་མཁར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་ལ། མ་ཧཱ་ས་མ་ཡ་སྟྭཾ། ཞེས་ལན་གཉིས་ཀྱིས་ཆུ་གཉིས་དང་། ༀ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ཞེས་པ་སྔོན་དུ་འགྲོ་བས། ༀ་བཛྲ་པུཥྤེ་ༀ། ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀབཛྲ་གནྡྷེ་ཧཱཾ། ༀ་བཛྲ་ནཻ་ཝི་དྱཱ་ཏྲཱཾ། ༀ་བཛྲ་ཨ་ཧ་ར་ཧྲཱིཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཨ་ལངྐ་ར་པ་ན་བཻ་ཧཱུཾ་སྭཱ་ཧཱ། བྷྱོ་དྷྱཾ་རཏྣ་མེ་གྷ་སྥ་ར་ཎ་ཧཱུཾ། ཞེས་པས་མཆོད། དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་ཉིད་དུ་གནས་པ་ལས་དབང་རྫས་རྣམས་སོ་སོར་བསྐྱེད་པར་བྱ་སྟེ། བུམ་པ་གཞན་གྱི་ཆུ་རྣམས་གཙོ་བུམ་དུ་བསྡུས། ༀ་མ་ཧཱ་སུ་ཥ་བཛྲ་སཏྭ་ཨ། ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ། ༀ་བྷཱུ་ཁཾ། ༀ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧྲཱིཿསརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་ནིརྟེ་ཤྭ་ར་ཧྲཱིཿཛཿ ༀ་སིདྡྷནྟུ། ས་མ་ཡ། སིདྡྷྱ་མ་ཧཱ་བཛྲ་རཏྣ་བ་བ་ཊ་ཊ་ཏྲཾ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་འཁོར་ལོས་སྒྱུར་བ་དྲུག་གི་སྔགས་བརྗོད། སྭ་བྷཱ་ཝ་ས་སྦྱངས། དབང་རྫས་བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧྲཱིཿལས་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་རྡོ་རྗེ་དང་དུང་ཁྲག །གཡོན་གཉིས་གཤོར་ཐོང་དང་ཞགས་པ་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་ཐོད་ཁྲག་དང་བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཧེ་རུ་ཀའི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་བྱང་ཆུབ་སེམས་ཀྱི་བུམ་ཆུར་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་དབང་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བུམ་ཆུ་དང་འདྲེས་པས་གང་བའི་བུམ་པ་འཛིན་པའི་བཟང་མོ་སོགས་འཁོར་ལོའི་བདག་མོ་རྣམས་དང་བདེ་མཆོག་མ་སོགས་རིགས་ཀྱི་ལྷ་མོ་རྣམས་ཀྱི་བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས་པས་ཕྱོགས་བཞི་ནས་བཀྲུ་ཞིང་དབང་བསྐུར་བས་བསམ་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བས། ༀ། ལྷ་ཡི་ཆུ་ནི་རྣམ་དག་པ། །རྡོ་རྗེ་གསང་གསུམ་གནས་ལས་བྱུང་། །རིག་པའི་ལྷ་མོའི་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ༀ་བཛྲ་ཨ་བྷི་ཥིཉྩ་མཾ། ཞེས་དང་། འཁོར་ལོས་སྒྱུར་བ་དྲུག་གི་སྙིང་པོ་ཚང་བའམ། ༀ་མ་ཧཱ་སུ་ཥ་བཛྲ་སཏྭ་ཨཿ ཛཿཧཱུཾ་བཾ་ཧོཿ ཞེས་རྡོར་སེམས་ཀྱི་སྙིང་པོ་དང་། ཧཱུཾ་ༀ་ཧི་ཧྲཱི་ཏྲཾ་ཧཱཾ་ཧཱཾ་ཧཱཾ་ཧཱཾ། ཞེས་དཔའ་བོ་འབྲུ་དགུའི་མཐར། ཨ་བྷི་ཥིཉྩ་མཱཾ། ཞེས་བཏགས་པས་ཆུ་དབང་བསྐུར། དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཧེ་རུ་ཀར་མཚོན་པས་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་ཧེ་རུ་ཀར་རྟོགས་པར་བྱའོ། །ཞེས་གོ་བར་བརྡ་སྤྲད་དོ། །གཉིས་པ་ནི། རིགས་དྲུག་སོ་སོའི་དབུ་རྒྱན་རིགས་ཀྱི་དབྱེ་བས་རྣམ་པ་མི་འདྲ་བར་བཤད་པ་ལས། རྡོ་རྗེ་སེམས་དཔའི་རིགས་ལ་དབུ་རྒྱན་རིན་པོ་ཆེ་སོགས་ལ་བྱས་པ་རྩེ་མོ་ལྔ་པ་རིན་པོ་ཆེའི་ཁང་བུ་སྒོ་ཅན་གྱི་དབུས་ན་སངས་རྒྱས་ལྔ་བཞུགས་པ་དར་དཀར་དམར་གྱི་ཁེབས་དང་བཅས་པ། སངས་རྒྱས་དྲུག་མཚོན་པའི་ཐོད་པ་དྲུག་གི་ཕྲེང་བ་ཅན་གཙུག་གི་ནོར་བུ་རྡོ་རྗེས་མཚན་པ་སྟེ། དེ་ཉིད་སྦྱངས་ནས། དབུ་རྒྱན་མི་དམིགས་ཏེ་སྟོང་པའི་ངང་ལས་ཏྲཱཾ་ལས་རྡོ་རྗེ་ཉི་མ་ཞལ་བཞི་སེར་བ། ཕྱག་བཞིའི་དང་པོ་གཉིས་མདའ་དང་གཞུ། འོག་མ་གཉིས་རལ་གྲི་དང་ཉི་མའི་དཀྱིལ་འཁོར་དང་རྡོ་རྗེ་མཚན་པའི་པདྨ་བསྣམས་པ། ཡུམ་མཱ་མ་ཀཱི་སྔོན་མོ་རིན་པོ་ཆེ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྡོ་རྗེ་ཉི་མའི་རྣམ་པར་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་དབུ་རྒྱན་རྒྱལ་བ་རིགས་ལྔའི་ཁང་བུ་ཅན་ཐོད་པའི་ཕྲེང་བ་དར་དཔྱངས་དང་བཅས་པར་གྱུར། ༀ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དཔྱངས་དབུ་རྒྱན་སྦྱིན་པར་བྱ། །ༀ་བཛྲ་པརྟ་ཀ །བཛྲ་ཨ་ར་ལི་ཧོཿ ཨ་བྷི་ཥིཉྩ་ཏྲཾ། ཞེས་བྱིན་ནས་ཐོད་པའི་མཚན་མ་དྲུག་དང་བཅས་པའི་དར་དཔྱངས་བཅིངས་ཏེ། ༀ། སངས་རྒྱས་ཀུན་གྱི་ཡེ་ཤེས་བརྟགས། །ཐོད་པའི་ཕྲེང་བའི་དབུ་རྒྱན་གྱིས། །རྡོ་རྗེའི་སེམས་དཔའ་བདག་སྔོན་བསྐྱེད། །རིག་པའི་ཡེ་ཤེས་མཚན་མའི་རྟགས། །ༀ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་མཱཾ། དེ་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་ཉི་མར་མཚོན་པའི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་ཉི་མར་རྟོགས་པར་བྱའོ། །གསུམ་པ་ནི། རྡོ་རྗེ་རྩེ་ལྔ་པ་སྦྱངས་ནས། རྡོ་རྗེ་མི་དམིགས་ཏེ་སྟོང་པའི་གང་ལས་ཧྲཱིཿལས་པདྨ་གར་གྱི་དབང་ཕྱུག་དམར་ལ་དཀར་བའི་མདངས་ཅན་ཞལ་ཅིག་ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་ཀྱིས་པདྨའི་སྡོང་བུ་གཉིས་དང་། འོག་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཡུམ་གོས་དཀར་མོ་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་པདྨ་གར་གྱི་དབང་ཕྱུག་གི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་རྡོ་རྗེར་གྱུར། ༀ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་ཆེན་པོའི་དོན། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་གཟུང་བར་གྱིས། །ༀ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཞེས་སྙིང་གར་གཏུགས་ནས་སླར་ཡང་ལག་གཡས་སུ་གཏད་ནས་དེས་ལན་གསུམ་གསོར་ཏེ་སྙིང་གར་བཟུང་ནས། ༀ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་རྡོ་རྗེ་དེ་ཁོ་ན་ཉིད་བསམ། དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་གར་དབང་དུ་མཚོན་པའི་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་པདྨ་གར་དབང་དུ་རྟོགས་པར་བྱའོ། །བཞི་པ་ནི། དྲིལ་བུ་སྦྱངས། དྲིལ་བུ་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱཾ་ལས་རྡོ་རྗེ་རྟ་མཆོག་ལྗང་གུ་ཁྲོ་བོ་ཞལ་བཞི་ཕྱག་བཞི་པ། སྟེང་ཞལ་རྟ་གདོང་། ཕྱག་བཞི་དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པདྨ། འོག་མ་གཉིས་བ་དན་གསུམ་པ་དང་རལ་གྲི་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྡོ་རྗེ་རྟ་མཆོག་གི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་རྟག་ཏུ་བཟུང་བར་བྱ། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ༀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱཾ། ཞེས་དཀྲོལ་ཞིང་ལག་གཡོན་དུ་གཏད། དེས་དཀྲོལ་ནས་དཀུར་བཟུང་བ་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་རྣམས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་དྲིལ་བུའི་དེ་ཁོ་ན་ཉིད་བཟུང་། དེ་ལྟར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་ཏུ་མཚོན་པའི་དབང་བསྐུར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་རྟ་མཆོག་ཏུ་རྟོགས་པར་བྱའོ། །ལྔ་པ་ནི། རྡོར་དྲིལ་མི་དམིགས་ཏེ་སྟོང་པའི་ངང་ལས་ༀ་ལས་རྣམ་པར་སྣང་མཛད་དཀར་པོ་དཀར་སེར་དམར་བའི་ཞལ་བཞི་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆོས་གོས་གསོལ་བའི་གྲྭ་དང་ལྷུང་བཟེད། འོག་མ་གཉིས་ཀྱི་མཁར་གསིལ་དང་གླེགས་བམ་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོ་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའི་དཔྲལ་པར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་ལས་རྡོ་རྗེ་དྲིལ་བུར་གྱུར། ཐབས་ཤེས་སྦྱོར་བ་སྟེ་འཁྱུད་རྒྱས་རྡོར་དྲིལ་སྤྱི་བོར་བཟུང་ལ། ༀ། གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ཡུལ་གང་དག་གང་། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ༀ་ཀྱཻ་དཔལ་ཆེ་གེ་མོ་ཨ་བྷི་ཥིཉྩ་མཱཾ། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཡ་ཧོཿ ཞེས་བརྗོད་ཅིང་། གསང་མིང་དྲན་པར་བྱ། དེ་ལྟར་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་དུ་མཚོན་པའི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་སྣང་མཛད་དུ་རྟོགས་པར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་དབང་ཐོབ་པའི་ཕན་ཡོན་དང་ཉེས་དམིགས་བསྒྲགས་ཏེ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་ཚིག་གིས་ཀྱང་། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །ཞེས་དང་། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱོད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང་། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་བསྲིངས་ནས། །སྙིང་ལས་ཁྲག་ཆེན་འཐུང་བར་འགྱུར། །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །རང་གི་ངོ་བོ་རྣམས་སྤངས་ཤིང་། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །མི་འཇིགས་ཁྱོད་ལ་སྡིག་པ་མེད། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་རྒྱས་པར་བསྟན་ནོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། དབང་བསྐུར་བ། རྗེས་སུ་གནང་བ། ལུང་སྟོན་པ། དབུགས་དབྱུང་བ། གདམས་ངག་བསྟན་པ་དང་ལྔའོ། །དང་པོ་ལ་གསོལ་གདབ་བརྟུལ་ཞུགས་སྦྱིན་པ་མཆོད་པ་དང་གསུམ་གྱི། དང་པོ་ནི། རྡོ་རྗེ་སློབ་དཔོན་དུ་བྱ་ཞིང་གཞན་གྱི་དོན་བསྒྲུབ་པར་འདོད་པས་མཎྜལ་ཕུལ་ཏེ། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། །དཀྱིལ་འཁོར་སློབ་དཔོན་དབང་བསྐུར་སོགས། །བདག་གཞན་དོན་གྱི་བྱ་བ་རྣམས། །འགྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །ཞེས་གསོལ་བ་གདབ། གཉིས་པ་ནི། སློབ་མ་རྡོ་རྗེ་སློབ་དཔོན་མཆོག་ཏུ་མངའ་གསོལ་བའི་ཕྱིར་དཀྱིལ་འཁོར་དབུས་སུ་དབང་སྟེགས་ཀྱི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པས་འཁོད་པའི་ཕྱོགས་ཐམས་ཅད་མཆོད་པའི་ཚོགས་ཀྱིས་བསྐོར་བར་གྱུར་པ་ལ། གཙོ་བོ་ཡབ་ཡུམ་གྱི་བདག་ཉིད་རྡོ་རྗེ་དང་དྲིལ་བུ་གཏད་ནས། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །བཟུང་ཞིང་ཡང་དག་བཟུང་བར་གྱིས། །དེ་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་ཆེད་དུ་བརྗོད་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་རྟག་ཏུ་བཟུང་བར་བྱ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་མ་ཧཱ་བཛྲ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏིཥྛ་ཨི་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ། ཞེས་དེ་ཁོ་ན་ཉིད་ཀྱིས་བཟུང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅིང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ༀ་མ་ཧཱ་བཛྲ་ཧཱུཾ། བཛྲ་གཎྜེ་ཨ། ཞེས་དཀྲོལ་བར་བྱའོ། །དེ་ནས་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་བྱས་ཏེ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་ཅེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ༀ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། ཞེས་ཕྱག་རྒྱའི་དམ་ཚིག་སྟེ། དམ་ཚིག་གསུམ་དང་ལྡན་པའི་སློབ་མ་རྡོ་རྗེ་སློབ་དཔོན་གྱི་གནས་ཐོབ་པ་ལ་དབང་ལྷ་ཐམས་ཅད་ཡེ་ཤེས་སེམས་དཔའི་ངོ་བོར་བསྟིམ་ནས་བཀྲ་ཤིས་ཀྱི་གླུ་དབྱངས་སྔོན་དུ་འགྲོ་བས་རོལ་མོའི་སྒྲ་དང་བཅས་ཏེ། ༀ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་མེ་ཏོག་དོར་ཞིང་བརྟན་པར་བྱའོ། །གསུམ་པ་ནི། སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱི་སྙེམས་དང་བཅས་པས་མེ་ཏོག་གི་ཕྲེང་བ་སོགས་མཆོད་པས་མཉེས་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཞིང་། །རྡོ་རྗེ་སྙེམས་པའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པར་གྱིས། །བཛྲ་ལཱ་སྱེ་ཧཱུཾ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །བཅོམ་ལྡན་ཀུན་ཏུ་མི་འབྲལ་ཏེ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ་བཛྲ་མཱ་ལེ་ཧཱུཾ། ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བར་མྱོང་བར་འགྱུར། །ༀ་བཛྲ་གིརྟི་ཧཱུཾ། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱོས། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་བཞིན་བསྒྱུར་བར་གྱིས། །ༀ་བཛྲ་ནིརྟྱེ་ཧཱུཾ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོ་ལེགས་པར་ཚིམ། །ལུས་ཅན་བདེ་གཤེགས་ཆ་འདྲ་བར། །ཡེ་ཤེས་ཅན་གྱིས་མཆོད་པར་གྱིས། །ༀ་བཛྲ་དྷཱུ་པ་ཧཱུཾ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །ༀ་བཛྲ་པུཥྤེ་ཧཱུཾ། ཆོས་ཀྱི་མིག་འབྱེད་སྒྲོན་འབར་བས། །རྡོ་རྗེ་ཆོས་གང་འདྲ་བ་རུ། །སེམས་ཅན་མ་རིག་མུན་འཐོམ་པའི། །ཡེ་ཤེས་སྣང་བ་གསལ་བར་གྱིས། །ༀ་བཛྲ་ཨཱ་ལོ་ཀེ་ཧཱུཾ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བགོས། །ༀ་བཛྲ་གནྡྷེ་ཧཱུཾ། དེ་ལྟར་སོ་སོའི་གར་དང་བཅས་པས་མཆོད་པར་བྱའོ། །འདི་དག་ལ་གཞན་དུ་མཆོད་པའི་རྗེས་གནང་ཟེར་ཡང་འདིར་བརྟུལ་ཞུགས་ཀྱི་མཐའ་རྒྱས་སུ་བཤད་ཅིང་། ཧཱུཾ་མཛད་ཀྱི་དབང་ཆོག་ཏུ་མཆོད་པའི་སྔགས་ཚིག་མ་གསུངས་པས་མ་བྱས་ཀྱང་ཆོག་པར་མངོན་ནོ། །གཉིས་པ་རྗེས་གནང་ལ་དྲུག་གི་དང་པོ་ནི། བདག་གཞན་དོན་གྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པ། །ཞི་རྒྱས་དབང་དང་དགུག་པ་དང་། །སྡང་གནོད་རེངས་པའི་ལས་ཀུན་དང་། །དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །ཐོགས་མེད་མི་འབྱིང་སྐས་འཛེག་དང་། །གསེར་འགྱུར་རིལ་བུ་ཉི་ཟླ་གསུངས། །ཆར་དབབས་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་སྒྲུབ་དང་ཡེ་ཤེས་སྒྲུབ། །ཕྱག་རྒྱ་ཤེས་པའི་དངོས་གྲུབ་དང་། །ཐམས་ཅད་འགྲུབ་ཅིང་གྲོལ་བ་ལས། །དེ་ཉིད་ཡང་དག་སྦྱོར་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང་། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱས། །ཕྲིན་ལས་བདག་གཞན་གནས་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབས། །ཞེས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་བར་བྱའོ། །གཉིས་པ་ནི། མིག་སྨན་གསེར་གྱི་ཐུར་མས་བླང་བ་མིག་ལ་བྱུགས་ཚུལ་བྱས་པས་དེའི་རབ་རིབ་བསལ་བར་བསམ་ཞིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནཻ་ཏྲཱ་བ་ཧ་ར་པ་ཊ་ལིཾ་ཧྲཱིཿ ཞེས་མིག་ཕྱེས་ཏེ་མེ་ལོང་བསྟན་ནས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོག་པ་མེད། །གཟུང་འཛིན་རྣམ་བྲལ་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །རང་བཞིན་མེད་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །དེ་ནི་སངས་རྒྱས་རིགས་སུ་སྐྱེས། །ཞེས་པས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཟུགས་བརྙན་དང་སྒྱུ་མ་ལྟ་བུར་སྣང་བ་ལ་སྤྱོད་པའི་རྗེས་གནང་ངོ་། །གསུམ་པ་ནི། དྲིལ་བུ་འཁྲོལ་བའི་སྒྲས་མཚོན་པར། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དང་། མེ་ལོང་བསྟན་ལ། ༀ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་བཞུགས། །རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཞེས་བརྗོད་པས་དོན་དམ་པ་དང་ཡི་དམ་གྱི་ལྷ་ཇི་ལྟར་གནས་པའི་མཚན་ཉིད་བསྟན་པའོ། །བཞི་པ་ནི། ཡང་ལྷ་མོ་པདྨ་འཛིན་མས་བྱིན་གྱིས་བརླབ་པར་བཤད་པ་བཞིན། ཛཿབཛྲ་ཌཱིཥྚ་ས་མ་ཀེ་ཕཊ། ཅེས་མདའ་གཞུ་སྦྱིན་ཏེ་དེས་ཀྱང་ཕྱོགས་བཞི་དང་སྟེང་འོག་ཏུ་འཕེན་པའི་ཚུལ་བྱ་ཞིང་སེམས་ཅན་ལ་ཆགས་པའི་རྗེས་གནང་ངོ་། །ལྔ་པ་ནི། དེ་ནས་རྐང་འོག་ཏུ་འཁོར་ལོ་བཞག །ལག་གཡས་སུ་རྒྱུད་ཀྱི་གླེགས་བམ་དང་གཡོན་དུ་འབུད་དུང་བྱིན་ཏེ་བསྒྲགས་པར་བྱ་ཞིང་། ༀ། ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་དོན་ཀུན་རབ་སྦྱོར་ཞིང་། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་གི་སྒྲ་སྒྲོགས་ཤིང་། །གསང་སྔགས་གསང་ཆེན་སྙིང་པོའི་དོན། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། །དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བྱ། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་པས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བསྒྲུབ་པ་ལ་རྗེས་སུ་གནང་བའོ། །དྲུག་པ་ནི། དེ་ནས་རིགས་ཀྱི་འཁོར་ལོ་ལྔ་བསྐོར་བར་གནང་བ་སྦྱིན་པ་ནི། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་ཀྱིས། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་གནས་སུ། བདེ་གཤེགས། རིན་ཆེན། པདྨ། ལས་ཀྱི། ཞེས་བསྒྱུར་བས་རྗེས་སུ་གནང་བ་སྦྱིན་ནོ། །གསུམ་པ་ལུང་བསྟན་པ་ནི། དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་གཡོན་པའི་ཁུ་ཚུར་གྱིས་བཟུང་ཞིང་གཡས་པ་མི་འཇིགས་པའི་རྒྱས། འདི་ལྟར་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་གྲོལ། །ཀྱེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བྷུར་བྷུ་ཝན། ཞེས་སློབ་དཔོན་གྱིས་ལུང་བསྟན་པ་བཞིན་དུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་བསྟན་པར་མཛད་དེ། ཀྱཻ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་ཐ་མ་ནི་འདི་ཡིན་ཏེ། གསང་བ་བླ་ན་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང་གསང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །ཁྱོད་ཀྱི་ཆགས་པ་གཉིས་དང་བྲལ་བར་མི་བྱ་སྟེ། དེ་དག་གི་ལས་ལ་སྦྱར་བར་བྱའོ། །དེ་འདྲ་ཡང་། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། ང་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དེ་ལུང་བསྟན་ནོ། །བཞི་པ་དབུགས་དབྱུང་བ་ལ་བཞི་ལས། དང་པོ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་ལ་སོགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །ཁྱེད་རྣམས་རབ་ཏུ་བདེ་བར་གནས། །ཞེས་དཀྱིལ་འཁོར་མཐོང་བའི་ཕན་ཡོན་གྱིས་དབུགས་དབྱུང་བའོ། །གཉིས་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོངས་མེད་དེ། །ཚུགས་མེད་ཐུབ་པར་མི་འགྱུར་བས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་ལས་འདའོ། །ཞེས་དོན་བཞིན་སྤྱད་པའི་ཕན་ཡོན་གྱིས་དབུགས་དབྱུང་བའོ། །གསུམ་པ་ནི། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང་། །མ་གུས་སྤང་ཞིང་འདོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཞེས་དམ་ཚིག་བརྗོད་པས་དབུགས་དབྱུང་བའོ། །བཞི་པ་ནི། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོར་རྒྱལ་ཆེན་དབང་བསྐུར་ཞིང་། །བདུད་རྣམས་ཀུན་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །འདི་ཡི་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་སློབ་དཔོན་གྱི་དབང་ཐོབ་པའི་ཕན་ཡོན་གྱིས་དབུགས་དབྱུང་བའོ། །ལྔ་པ་གདམས་ངག་བསྟན་པ་ནི། དཀྱིལ་འཁོར་དང་ལྷ་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་དེ་གསུམ་ལས། དེ་ལ་དང་པོ། དཀྱིལ་འཁོར་གྱི་མཚན་ཉིད་ནི་གྲུ་བཞི་པར་གནས་པས། ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པར་བྱས་ཤིང་། སྒོ་རྣམ་པ་བཞི་ཡིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་ཅན་ནོ། །རྟ་བབས་ནས་ཆོས་ཀྱི་འཁོར་ལོའི་བར་དུ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་གནས་པ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་བགྲོད་ནས་རྣམ་པར་ཐར་པའི་སྒོ་བཞིར་འཇུག་པའི་མཚན་ཉིད་ཅན་ནོ། །རིན་པོ་ཆེ་སྣ་ལྔའི་རྩིག་པ་ལས་འོད་ཁ་དོག་ཉི་ཤུ་རྩ་ལྔ་དང་བཅས་པ་འཕྲོ་བ་ནི། རང་བཞིན་ཡེ་ཤེས་དྲུག་གི་བྱིན་རླབས་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སུ་སྣང་བའི་རང་བཞིན་ནོ། །རྡོ་རྗེས་མཚན་པའི་ཀ་བ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ལ། རྡོ་རྗེ་ཐེག་པའི་ཚུལ་གྱིས་མཚོན་པའོ། །རིན་པོ་ཆེ་དང་། མུ་ཏིག་དང་། མེ་ཏོག་གི་ཕྲེང་བས་བརྒྱན་པ་ནི་མཛད་པ་རྒྱ་ཆེན་པོའི་ཕྲིན་ལས་རྣམས་ཡོན་ཏན་ལས་བྱུང་བའི་ཚུལ་ལོ། །འདོད་པའི་ཡོན་ཏན་དྲུག་གི་ལྷ་མོ་ནི། ཡུལ་དྲུག་རྣམ་པར་དག་པའི་སྣང་བའོ། །གདུགས་སྙིང་རྗེ་ཆེན་པོའི་ཆར་ཁེབ་དང་། རྒྱལ་མཚན་བདུད་རྣམ་བཞི་ལས་རྒྱལ་ཞིང་ཐེག་པའི་མཆོག་སྟོན་པའི་མཚན་མ་དང་། བླ་རེ་མཉམ་པ་ཉིད་དུ་ཚུལ་གཅིག་པར་སྦྱོར་བའི་ཚུལ། རྔ་ཡབ་རྣམ་པར་རྟོག་པའི་སྦྲང་མ་སེལ་བར་མཛད་པ་དང་། ཟླ་བ་ཕྱེད་པ་རྡོ་རྗེས་སྨོན་ལམ་རྒྱ་ཆེན་པོ་འགྲོ་བའི་དོན་དུ་ཐེག་པ་ཆེན་པོའི་སྔགས་ཀྱིས་སྒོ་ནས་དོན་མཛད་པ་དང་། རྡོ་རྗེ་རིན་པོ་ཆེ་དབྱིག་པ་ལ་བ་དན་དཔྱངས་པས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པའོ། །དེ་ནས་དྲིལ་བུ་སྒྲ་སྙན་པ་ཕྱོགས་བཅུར་སྒྲོགས་པ་ནི་ཐེག་པ་སྣ་ཚོགས་ཀྱི་དོན་སྟོན་པའོ། །རེའུ་ཆ་བརྒྱད་ཀྱི་མཚན་མ་ནི་སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱིས་བརྒྱན་པའོ། །ཐིག་བཞིས་ལེགས་པར་ཕྱེ་བ་ནི་ཕྲིན་ལས་བཞིའི་སྣང་བའོ། །སྣ་ཚོགས་པདྨའི་མཚན་མ་དང་། མུ་ཁྱུད་རྡོ་རྗེའི་ཕྲེང་བས་བསྐོར་བ་ནི་ཆགས་པ་མེད་པའི་ཕྲིན་ལས་ཀུན་ཏུ་དོན་སྤྱོད་ཅིང་ཉོན་མོངས་པའི་མཚན་མས་མ་གོས་ཤིང་བདེ་བ་ཆེན་པོའི་དབྱིངས་ལས་སྐུ་གསུང་ཐུགས་ཀྱི་ཐེག་པ་སྟོན་པར་མཛད་པའོ། །བུམ་པ་རྒྱན་གྱིས་མཛེས་ཤིང་བདུད་རྩིའི་བཅུད་དང་ལྡན་པས་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་འཆི་བ་མེད་པའི་བདུད་རྩི་ཡེ་ཤེས་རྣམ་པ་ལྔའི་དོན་ལས་ཡོན་ཏན་གྱི་སྣང་བ་མ་འགགས་ཤིང་འདོད་པའི་ལོངས་སྤྱོད་སྣ་ཚོགས་སུ་འཕྲོ་བའོ། །བར་དུ་རེའུ་མིག་འཁོར་ལོའི་ཚུལ་དུ་གནས་པ་ནི་ཕྲིན་ལས་དང་མཆོད་པའི་གནས་སུ་གྱུར་ཅིང་རང་གི་ཕྱག་རྒྱ་མཛེས་པར་གྱུར་པའོ། །ཕྱི་རོལ་པདྨ་ལ་སོགས་པའི་ཕྲེང་བ་དག་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཡོན་ཏན་གྱི་སྣང་བ་སྟོན་པ་དང་། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དང་བཅས་པའི་རྣམ་པ་དང་། ཡེ་ཤེས་ཀྱི་བྱིན་རླབས་ཀྱིས་མི་མཐུན་པའི་རྣམ་པར་རྟོག་པ་ཐམས་ཅད་སེལ་བར་མཛད་པའོ། །ཕྱི་རོལ་གྱི་དུར་ཁྲོད་ཆེན་པོ་དག་གིས་ནི་ཐམས་ཅད་གསང་སྔགས་ནི་ཐེག་པར་འདུ་ཞིང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་ཁམས་གསུམ་གྱི་ཞེན་རྟོག་སྦྱང་བ་དང་། ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམ་པར་དག་པའི་ངོ་བོར་བསྟན་པའོ། །ཞིང་དང་ཞིང་སྐྱོང་དག་གིས་ཡོན་ཏན་མ་འགགས་པའི་རྟེན་ལ་སངས་རྒྱས་བརྒྱད་ཀྱི་སྣང་བ་སྟོན་པའོ། །མཚོ་དང་ཀླུ་བརྒྱད་ནི་སྲིད་པའི་གནས་ཀྱི་རྟོག་པའི་ཚོགས་དག་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་དོན་སྟོན་པའོ། །རྣལ་འབྱོར་ཕོ་མོ་དག་གིས་ནི་དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བའི་དོན་གྱིས་ཆོས་ཐམས་ཅད་འདུས་པར་བསྟན་པའོ། །སྤྲིན་དང་མཆོད་རྟེན་ལ་སོགས་པའི་རྣམ་པ་དག་གིས་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་འཕྲོ་འདུ་དང་ཡེ་ཤེས་ཀྱི་སྣང་བ་བརྒྱད་བསྟན་པའོ། །བྱ་ཁྱི་དང་མཁའ་འགྲོ་ལ་སོགས་པ་སྣ་ཚོགས་པས་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་། ཡོན་ཏན་གྱི་རྩལ་མ་འགགས་པའི་ཕྲིན་ལས་ཀྱི་ཚོགས་རྣམ་པར་འཕྲོ་བ་བསྟན་པ་ཡིན་ནོ། །དེ་ལྟར་རྟེན་གྱི་མཚན་ཉིད་རྣམས་ཤེས་པར་བྱས་ནས། གཉིས་པ་བརྟེན་པའི་རང་བཞིན་ནི། དཔལ་རྡོ་རྗེ་སེམས་དཔའ་དཀར་དམར་གྱི་མདངས་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ལ་རྟོག་པའི་མཚན་མས་མ་གོས་ཤིང་ཐུགས་རྗེ་ཆེན་པོས་ཆགས་པའི་ལས་མཛད་པའོ། །རིན་པོ་ཆེའི་ཁ་དོག་སྣ་ལྔའི་འོད་ཟེར་མཛེས་པས་བརྒྱན་པ་ནི་ཡེ་ཤེས་རྣམ་པ་ལྔའི་སྣང་བ་ལས་རིགས་ཀྱི་མཚན་མ་སྣ་ཚོགས་སྟོན་པའོ། །ཞལ་བཞི་དང་། ཕྱག་བཞིའི་རྣམ་པ་ཅན་དུ་བྱུང་བས་ཕྲིན་ལས་རྣམ་པ་བཞི་དང་། ཚད་མེད་པ་དག་གི་སྒོ་ནས་འགྲོ་བ་དབུགས་འབྱིན་པའོ། །སྒེག་པ་ལ་སོགས་པའི་ཚུལ་གྱིས་ཁམས་གསུམ་ལས་རྒྱལ་ཞིང་། རང་གི་ཆ་ལུགས་བཅོམ་པར་མཛད་པའོ། །ཕྱག་བཞིའི་མཚོན་ཆ་དག་གིས་ཡེ་ཤེས་རྣམ་པ་ལྔའི་ཆེ་བ་ལས་རིགས་ལྔའི་དཀྱིལ་འཁོར་སྣང་བར་མཛད་པ་དང་། ཐུགས་རྗེ་ཆེན་པོས་རྩེ་གཅིག་ཏུ་སེམས་ཀྱི་ལས་ལ་དགོངས་པ་དང་། སྐུ་གསུང་ཐུགས་སྣ་ཚོགས་ཀྱི་སྒོ་ནས་ཁམས་གསུམ་ལས་རྒྱལ་ཏེ། གསང་བ་བླ་ན་མེད་པའི་ཚུལ་སྟོན་པ་དང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལས་ཀྱིས་བསྐུལ་བ་དང་། དེའི་མཚན་ཉིད་གཞན་ལ་སྟོན་པར་མཛད་པའོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་གྱིས་མཛེས་ཤིང་བྱང་ཆུབ་སེམས་ཀྱི་མཆོག་ཏུ་གྱུར་པའི་ཐུགས་རྗེ་ཆེན་པོའི་རྣམ་པ་དང་མ་བྲལ་བའི་སྒོ་ནས་སྟོད་གཡོགས་དང་། མཛད་པ་སྣ་ཚོགས་ཀྱི་ལས་མངའ་བས་སྨད་གཡོགས་ཀྱི་བརྒྱན་པའོ། །བསྡུ་བའི་དངོས་པོ་བཞི་དང་། ཚད་མེད་པ་བཞིའི་ཕྲིན་ལས་དག་ལ་སྤྱོད་པས་དཔུང་པ་རིན་པོ་ཆེས་མཛེས་པའོ། །གཞན་ཡང་རིན་པོ་ཆེའི་སྐེ་རགས་དང་། མགུར་ཆུ་དང་། དོ་ཤལ་གྱིས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དོན་སྟོན་པར་བྱེད་པའོ། །ཕྱག་དང་ཞབས་ལ་གདུ་བུས་མཛེས་ཤིང་སེ་མོ་དོ་བཅུས་མཚན་པ་ནི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། དགེ་བ་བཅུ་ཡོངས་སུ་རྫོགས་པའི་རྟགས་སོ། །དབུ་ལ་རིན་པོ་ཆེའི་རྒྱན་དང་། ཕྲེང་བ་དང་། ཐོད་པ་དང་། རིགས་ཀྱི་བདག་པོ་དག་གིས་བརྒྱན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། རིགས་རྣམ་པ་ལྔ་དང་རིགས་ཀྱི་མཚན་མས་ལྷག་པར་གྱུར་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། ཡེ་ཤེས་སེམས་དཔའ་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ་ནི་ཕྱག་རྒྱ་བཞིའི་སྒོ་ནས་དེ་ཉིད་ཀྱི་དོན་བསྟན་པར་མཛད་པ་དང་། ཕུང་པོ་ལྔ་རྣམ་པར་དག་པའི་རང་བཞིན་དུ་བཞགས་པའོ། །གཞན་ཡང་འབྱུང་བ་རྣམ་པ་བཞི་རྣམ་པར་དག་པའི་སྒོ་ནས་ཁྱད་པར་གྱི་ཕྲིན་ལས་བཞིས་འགྲོ་བའི་དོན་བྱ་བའི་ཕྱིར་རིགས་ཀྱི་ལྷ་མོ་བཞི་དང་། སྐྱེ་མཆེད་ལ་སོགས་པ་ཟག་པ་དང་བཅས་པ་རྣམ་པར་དག་པར་མཛད་ཅིང་རིགས་དང་ཡེ་ཤེས་ཀྱི་སྣང་བ་ཡོན་ཏན་གྱི་ཚོགས་རྣམ་པར་འཕྲུལ་པ་ལས་བྱུང་བའི་ཕྲིན་ལས་ཀྱིས་གཞན་གྱི་དོན་མཛད་པའི་ཕྱིར་ཕྲིན་ལས་སྣ་ཚོགས་དང་བཅས་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས། །དགུག་མཆོད་ལས་སྦྱོར་བསྲུང་བ་ཆེ། །ཉེར་བསྡུ་གཤེགས་སུ་གསོལ་བ་ཡི། །དེ་ཉིད་བཅུ་ལ་སོགས་ལ་མཁས། །ཁྱད་པར་ལས་ཀྱི་རིམ་པ་ཡིས། །གསལ་མཛད་རྒྱ་ཆེན་འགྲོ་བ་དམིགས། །ཞེས་སློབ་དཔོན་གྱི་དེ་ཁོ་ན་ཉིད་དེ། དེ་ལྟར་བཅུ་ནི་སློབ་དཔོན་གྱི་བྱ་བའོ། །དེ་ལྟར་ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོ བ་པས། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱ་བའོ། །གཉིས་པ་ནང་གི་དབང་ནི། དྲིས་བྱུགས་ཤིང་མེ་ཏོག་བཀྲམ་པའི་གནས་དབེན་པར་བདེ་བའི་སྟན་ལ་སློབ་དཔོན་འཁོད་པ་ལ། ཤེས་རབ་མཚན་ལྡན་ཡོན་དང་བཅས་པ་ཕུལ། ཚོགས་ཀྱི་འཁོར་ལོའི་མཆོད་པས་མཉེས་པར་བྱས་ནས་མཎྜལ་ཕུལ་ཏེ། དཔལ་ལྡན་མགོན་པོ་བདེ་བ་ཆེ། །བདེ་ཆེན་བདེ་བའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་ཐམས་ཅད་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་བསལ། །གང་གི་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱིས། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཞེས་བརྗོད། དེ་ནས་ཕྱི་ནང་གི་ཁྲུས་སོགས་ཀྱིས་དམ་ཚིག་གི་ལྷ་མོ་སྦྱངས། སྔགས་དང་བཅས་པའི་ཡུངས་ཀར་གྱིས་བགེགས་བསྐྲད། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་མཚན་ཉིད་ཐམས་ཅད་རྫོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར། རྗེས་སུ་ཆགས་པའི་རྣམ་མང་བདེ་བའི་པདྨོ་རྣམས། །དགའ་བའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པས། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་གྲུབ་མཛོད། །ཨེ་མ་ཧོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་རྟག་པར་རོལ་ཅིག་རོལ་ཅིག་པའོ། །ཞེས་པའི་གླུ་ལེན་སྔོན་དུ་འགྲོ་བས། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་འབར་བ་ནོར་བུའི་རྩེ་མོར་ཅན་ཕཊ་ཀྱིས་མཚན་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་སེར་པོ་འདབ་མ་བརྒྱད་པ་ཕྱི་རོལ་ཆོས་འབྱུང་གི་དབྱིབས་ཅན་ཨཱཿས་མཚན་པའོ། །སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གནས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ཆོས་ཀྱི་དབྱིངས་ནས་བཞེངས། །ཞེས་པའི་གླུ་ལེན་པའམ། མེད་ཀྱང་རུང་སྟེ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་མཉེས་ཤིང་བསྐུལ། སེམས་ཅན་ཐམས་ཅད་ཀྱི་དྲི་མ་སྦྱངས་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཀུནྡ་བྱང་ཆུབ་ཀྱི་སེམས་མཐེབ་སྲིན་གྱིས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་སྟེ། ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །རང་གི་སྲས་མཆོག་དབང་བསྐུར་བཞིན། །བྱང་ཆུབ་སེམས་དེ་དག་པའི་ཆུས། །རྟོག་པའི་དྲི་མ་དག་པར་བྱ། །ༀ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་དང་སློབ་མས། ཨ་ཧོ་སུ་ཁ། ཞེས་མིད་དེ་ལོངས་སྤྱོད་ཀྱི་གནས་སུ་ཞུགས་པས་དུས་གསུམ་གྱི་རྣམ་རྟོག་དག །རིགས་ཀྱི་ཆ་ལུགས་གསལ་བ་ཆུའི་ཟླ་བའམ། སྒྱུ་མའི་རྣམ་པ་བཞིན་དུ་གནས་པའི་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་གསང་བའི་དབང་ནི། རྫོགས་པའི་རིམ་པ་འདོད་པས་མཎྜལ་དང་མཆོད་པའི་ཚོགས་ཀྱིས་བླ་མ་མཉེས་པར་བྱས་ནས། ཀྱེ་ཀྱེ་མགོན་པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། །མི་ཕྱེད་ཕྱག་རྒྱ་རབ་བསྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེ་ཁྱོད་ཅི་ལྟ་བར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །རྟོག་པའི་དྲི་མས་བསྒྲིབ་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེས་ཀྱང་རིགས་དང་མཐུན་པའི་ཕྱག་རྒྱ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་སློབ་མའི་ལག་པ་གཡོན་པར་ཕྱག་རྒྱའི་ལག་གཡས་གཏད་དེ། དེ་ལྟར་བླ་མའི་ལག་གཡོན་པས་བཟུང་ནས། དགའ་བའི་གནས་ཆེན་ལྷ་མོ་འདི། །སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་། །ལེགས་པར་ཟུངས་ཤིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདིར་ལས་བྱུང་། །དེ་བས་ཁྱོད་ཀྱིས་འདི་ཉིད་དང་། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་དེ་བྱིན་པ་དང་། ལྷ་མོས་དེ་ལ་དགའ་བའི་བཞིན་གྱིས་བལྟས་ཏེ་འཛུམ་པ་དང་བཅས་པས་བྷ་ག་ཕྱེ་བ་བསྟན་ནས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་བུར་མཱཾ་ས་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གར་འོ་བྱེད་མི་རྟོག་གམ། །སྨོས་ཤིག་གྲོགས་པོ་དགེ་བ་ཅན། །ཞེས་དྲིས་པ་ལ། སླར་སྨྲས་པ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་ཟ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨོར་འོ་བྱེད་དོ། །ཅེས་ལན་གདབ། དེ་ནས་ལྷ་མོའི་གསང་བའི་དཀྱིལ་འཁོར་གསལ་བར་བསྟན་ནས། རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་བྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བཞིན་གནས། །ནང་གི་རྩ་ཡི་འཁོར་ལོའི་ཚོགས། །པདྨ་ལ་ཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའ་བཞིན། །འབྱུང་བ་བཞི་པོ་རྒྱན་བཞིན་བཀོད། །ལྟེ་བའི་ཟེའུ་འབྲུ་གེ་སར་ཟླུམ། །འདབ་མ་བརྒྱད་སོགས་རྣམ་པར་མཛེས། །དེ་ཡི་དབུས་ན་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་བཟུང་། །བྷཉྫ་མོཀྵ་ཧོཿ ཞེས་བརྗོད་པ་ངེས་པར་བྱས་ནས་དབེན་པར་རྒྱན་བཟང་པོས་སྤྲས། དྲི་ཞིམ་པོས་བྱུགས་ནས་བདེ་བའི་སྟན་ལ་མཉམ་དུ་འདུག་པ་ར་བ་དང་ཡོལ་བ་སོགས་ཀྱིས་བསྒྲིབས། སློབ་མ་རྡོ་རྗེ་སེམས་དཔའ་དང་ཕྱག་རྒྱ་ཀུན་ཏུ་བཟང་མོར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་འབར་བ་ནོར་བུའི་རྩེ་མོ་ཅན་ཕཊ་ཀྱིས་མཚན་པ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་སེར་པོ་འདབ་མ་བརྒྱད་པ་ཕྱི་རོལ་ཆོས་འབྱུང་གི་དབྱིབས་ཅན་ཟེའུ་འབྲུ་ཨཱཿས་མཚན་པའོ། །ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཕན་ཚུན་འཁྱུད་ཅིང་བསྒུལ་བསྐྱོད་བསྲུབ་པ་སོགས་འདོད་པའི་གཙུག་ལག་དང་མཐུན་པར་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ཅིང་ཤིས་མ་ཤིས་ཀྱི་མཚན་མ་ཡི་གེ་ལྔ་བཅུའི་གནས་གང་ལ་བབ་པ་བརྟག་ཅིང་། མ་ནིང་གི་ཡི་གེ་རྀ་ལྀ་བཞི་ལ་བབས་ན་སླར་བསྐྱར་རོ། །དེ་ལྟར་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རིམ་པར་ཕབ་པས་འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ངོས་ཟིན་པར་བྱས་ནས་སླར་ཡང་དོན་འདིས་བཏུང་བར་བྱ་སྟེ། ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་མཆོག །རང་གི་རང་བཞིན་དེ་ཉིད་དོ། །གལ་ཏེ་འཆིང་མ་ནུས་པར་འཛག་ན་པདྨར་སོན་པའི་ཀུནྡ་ལྷའི་ང་རྒྱལ་གྱིས་མྱང་བས་ཀྱང་བདེ་བའི་ཡེ་ཤེས་བསྐྱེད་པར་གསུངས་སོ། །དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པས་བདེ་བ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དོ། །བཞི་པ་གསང་བ་ཆེན་པོའི་དབང་ནི། ཇི་སྐད་དུ། ཐབས་དང་ཤེས་རབ་གཉིས་མེད་པའི། །རྣམ་གསུམ་ཕྱག་རྒྱ་གང་རུང་ལས། །གཉིས་མེད་བདེ་བའི་ཡེ་ཤེས་དོན། །མངོན་སུམ་ཉམས་མྱོང་རྒྱུད་ལ་བསྐྱེད། །ཅེས་གསུངས་པས་ལས་ཀྱི་ཕྱག་རྒྱ་དང་། དེ་ཉིད་ཏིང་ངེ་འཛིན་གྱི་ལམ་དུ་བྱ་བ་གང་རུང་གིས་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་གནས་ལུགས་མཚོན་པར་བྱས་ཏེ་རང་བཞིན་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་མེ་ལོང་གི་དཀྱིལ་འཁོར་དུ་ཤར་བའི་གཟུགས་བརྙན་ལྟར་གསལ་ཞིང་དྭངས་ལ་རྙོགས་པ་མེད་པའི་ངང་ལ་མཉམ་པར་བཞག་པས་ཟག་པ་མེད་པའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་གནས་ལུགས་མངོན་དུ་བྱེད་པར་འགྱུར་རོ། །དེའང་། རྣལ་འབྱོར་བདེ་བ་ཐམས་ཅད་ཀྱིས། །དབང་བསྐུར་བདེ་ཆེན་ལས་བྱུང་བས། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱི། །རབ་ཏུ་མྱོས་པར་དབང་བསྐུར་འགྱུར། །ཞེས་དང་། སེམས་དཔའ་སངས་རྒྱས་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པ་བཞིན་ཉམས་སུ་མྱོང་བར་བྱའོ། །དེ་ནས་ཁྱད་པར་གྱི་དམ་ཚིག་བསྒྲག་པར་བྱ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་གཏོང་མི་བྱ། །དྲན་པ་གསལ་བས་བཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཆེན་ཏོག །ཅེས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་གསང་ཆེན་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་གསང་ཆེན་དོན་གྱི་དབང་བསྐུར་བ་ཐོབ། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་མཆོག་གི་ཡེ་ཤེས་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བསྐྱེད་དེ། དེ་ནས་གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས་ཀྱིས་དམ་ཚིག་ཁས་བླངས། གཏང་རག་གི་མཎྜལ་དང་ཕྱག་བྱ། མོས་པ་དང་དད་པ་དང་མགུ་བའི་སེམས་ཀྱིས་ཡོན་གྱི་དངོས་པོ་ཇི་ལྟར་འབྱོར་བ་དག་ཅི་ནུས་སུ་ཕུལ་བ་མཉེས་པར་བྱའོ། །དེ་ནས་སྦྱིན་སྲེག་དང་། གཏོར་མའི་ལས་དང་། ཚོགས་ཀྱི་མཆོད་པ་ལ་སོགས་པ་རྗེས་ཀྱི་ཆོ་ག་རྣམས་ནི་དཀྱིལ་ཆོག་སོགས་ལས་ཤེས་པར་བྱ་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་མཉམ་པོར་སྦྱོར་བ་ཞེས། །རྣལ་འབྱོར་མ་རྒྱུད་ཀུན་གྱི་སྙིང་པོའི་ཕུལ། །རིགས་དྲུག་འཁོར་ལོས་སྒྱུར་བ་དབང་བཞིའི་ལམ། །མཁས་གྲུབ་བྱེ་བས་བརྟེན་པ་འདི་རྨད་བྱུང་། །ཚུལ་འདིར་འཕགས་ཡུལ་དམ་པའི་ལེགས་བཤད་ཁྲིགས། །ཕུལ་བྱུང་མཆིས་ཀྱང་དེང་དུས་འཇུག་དཀའ་ཞིང་། །བོད་གཞུང་འགའ་ཞིག་ཆེས་རྒྱལ་ལ་ལ་ནི། །ཕྱི་འགྱུར་ཆོ་གའི་རིགས་འགྲེས་རྣམ་པར་འཁྱམས། །དེ་ཕྱིར་ཇི་སྙེད་གཞུང་གི་ལེགས་བཤད་ཆ། །ཇི་ལྟའི་དོན་བཞིན་འཁྲུལ་པ་མེད་མཚོན་པ། །འདི་ནི་བློ་གྲོས་མཆོག་གི་མིག་གསལ་བའི། །སྐལ་བཟང་རྣམས་ལ་བདུད་རྩིའི་སྐྱེས་མིན་ནམ། །གང་ཞིག་རྒྱ་ཆེན་གཞུང་གི་ཚིག་དོན་མཐའ། །ཉུང་ངུའི་ཚིག་གིས་བརྗོད་པར་ནུས་མིན་ཀྱང་། །འདིར་ནི་དབང་ཆོག་སྙིང་པོ་ཉེར་བསྡུས་སུ། །བརྗོད་པའི་བསོད་ནམས་བྱང་ཆེན་རྒྱུར་གྱུར་ཅིག །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ནི་ཀུ་ཀུ་རཱ་ཛ་དང་། ཧཱུཾ་མཛད་ཀྱིས་མཛད་པའི་དབང་ཆོག་གཉིས་རྒྱས་བསྡུས་ཅི་རིགས་པ་ལས་དོན་གྱི་དགོངས་པ་གནད་གཅིག་པ་ཉིད་དུ་བཞུགས་པས། དེ་གཉིས་ཀྱི་དགོངས་པ་གནད་བསྡུས་ནས་ལག་ལེན་འཇུག་པ་བདེ་བའི་ཆེད་དུ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཆུ་ཕོ་རྟའི་ལོ་སྣྲོན་གྱི་ཉ་བའི་དུས་དགེ་བར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་ཀྱི་གྲྭར་སྦྱར་བ་དགེ་བར་གྱུར་ཅིག །དེ་ལྟར་གཏེར་ཆེན་རིན་པོ་ཆེའི་གསུང་སོར་བཞག་ལས། གཞན་དུ་ཞལ་འཕེན་མཛད་པ་རྣམས་དཀྱུས་སུ་བཀོད་ནས་བཀླགས་ཆོག་མར་བགྱིས་པ་འདི་ཡང་། ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས། སྔ་འགྱུར་བཀའ་མའི་དབང་ཆོག་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་གཞུང་ཕྱི་མོ་གཉིས་དང་ཡང་ལེགས་པར་བསྟུན་ནས་ཞུས་ཤིང་དག་པར་བྱས་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་འགྱུར་མེད་རྡོ་རྗེ།next