Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་པ།


   
   
   
   
   
   
སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། འགྱུར་མེད་རྡོ་རྗེ།next

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། འགྱུར་མེད་རྡོ་རྗེ།

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་མཆོག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །སྐུ་དང་གསུང་ཐུགས་བཀོད་པ་མི་ཟད་སྤྲིན། །སངས་རྒྱས་ཀུན་དང་མཉམ་སྦྱོར་རིགས་དྲུག་གི། །འཁོར་ལོར་སྣང་མཛད་བླ་མར་ཕྱག་བགྱིའོ། །གང་གི་སྙིང་པོའི་དཀྱིལ་འཁོར་རབ་ཡངས་པར། །སྐལ་བཟང་མྱུར་བདེར་འཇུག་པ་ཐབས་ཀྱི་སྒོ། །རྣམ་དག་གཞུང་དོན་བླ་མའི་མན་ངག་བཞིན། །ཀུན་ཏུ་བཟང་པོའི་ཞལ་ལུང་འདིར་གསལ་བྱ། །འདི་ལ་གསུམ་སྟེ། དམིགས་པར་བྱ་བའི་ཡུལ། བསྒྲུབ་པར་བྱ་བའི་ཐབས། གྲུབ་པའི་འབྲས་བུའོ། །དང་པོ་ནི། ཇི་སྐད་དུ། བདེ་ཆེན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །རྣམ་པ་སྣ་ཚོགས་ཀུན་གྱི་མཆོག །འཁོར་ལོ་ཐམས་ཅད་རྣམ་འཕྲུལ་བའོ། །གསང་བ་མཆོག་གི་དགྱེས་པར་ནི། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །ཞེས་གསུངས་པས་གཞིའི་རྒྱུད་ཅེས་བྱ་བ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་གཞི་འབྲས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པ་ནས་ཐུན་མོང་གི་དངོས་གྲུབ་གང་ལ་དམིགས་པ་དེའི་བར་རོ། །གཉིས་པ་ནི། རྟེན་གནས་ཕུན་སུམ་ཚོགས་ལྡན་པས། །སྔོན་འགྲོའི་བསྙེན་པ་རྫོགས་བྱས་ཏེ། །ས་གཞི་སྟ་གོན་གནས་པ་དང་། །གཟུགས་བརྙན་དཀྱིལ་འཁོར་རྩོམ་སྒྲུབ་ཅིང་། །འཇུག་པའི་སྦྱིན་སྲེག་གཏོར་མའི་ལས། །རབ་གནས་དབང་བསྐུར་ལ་སོགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་བསྒྲུབ་པར་བྱ། །ཞེས་པས་གཞིའི་རྒྱུད་དེ་གློ་བུར་གྱི་དྲི་མའི་སྦུགས་ལས་གྲོལ་བར་བྱེད་པ་ཐབས་ཀྱི་རྒྱུད་ཅེས་བྱ་བ་ལམ་གྱི་དངོས་པོ་ཡན་ལག་དང་བཅས་པས་བསྡུས་པ་ལས་འདིར་དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་འགྲོ་བས་དེ་ཉིད་སྒྲུབ་ཅིང་མཆོད་པའི་ཆོ་ག་བཤད་པར་བྱའོ། །དེ་ལ་ཡང་སྦྱོར་བ་དང་། དངོས་གཞི་དང་། མཇུག་གི་བྱ་བ་དང་གསུམ་དུ་གནས་པ་ལས། དང་པོ་ལ་ཡང་ལས་ཀྱི་གཞི་བཟུང་བ་དང་། ལས་ཀྱི་རིམ་པ་དངོས་ལ་འཇུག་པའོ། །དང་པོ་ནི། རྟེན་གྱི་གང་ཟག་ཞི་ཞིང་དེས་པ་སོགས་རྒྱུད་དག་ཅིང་བྱང་ཆུབ་དུ་སེམས་བསྐྱེད་པ། ཤེས་རབ་གསུམ་གྱིས་དྲང་ངེས་ཀྱི་དོན་ཁོང་དུ་ཆུད་པ། དཀྱིལ་འཁོར་འདིར་དབང་གིས་སྨིན་ཅིང་དམ་ཚིག་ལ་གནས་པ་འགྲོ་བ་སྒྲོལ་བའི་སྙིང་སྟོབས་དང་ལྡན་པས་སྒྲུབ་ཐབས་བཞིན་གཙོ་བོ་རྡོ་རྗེ་སེམས་དཔའི་བཟླས་པ་འབུམ་དང་། དཀྱིལ་འཁོར་གཞན་ལྔའི་གཙོ་བོ་ལ་ཁྲི་དང་། འཁོར་གྱི་ལྷ་མོ་རྣམས་ལ་སྟོང་ལྟ་བུའི་གྲངས་ཀྱི་བསྙེན་པ་དང་། དུས་དང་མཚན་མ་དང་གནང་བ་ཐོབ་པ་དང་འགོག་པ་མེད་པས་ཀྱང་རུང་སྟེ་སྔོན་དུ་གོམས་པར་བྱས་ནས། རྒྱལ་ཐེབས་སོགས་སྒྲུབ་པའི་གྲོགས་དང་བཅས་ཏེ་གནས་དུས་ཡོ་བྱད་སོགས་ཕུན་སུམ་ཚོགས་པའི་ཆ་རྐྱེན་ཐམས་ཅད་བཟང་ཞིང་ཚོགས་པར་བྱ་བའོ། །གཉིས་པ་ལ་སའི་ཆོ་ག་དང་། སྟ་གོན་གྱི་ཆོ་ག་གཉིས་ཀྱི། དང་པོའི་སའི་ཆོ་ག་ལ་ལྔ་ལས། དང་པོ་ལ་སྤྱིར་བརྟག་པ་དང་བྱེ་བྲག་ཏུ་བརྟག་པ་གཉིས་ཀྱི། དང་པོ་ནི། ཡིད་དང་མཐུན་པའི་གནས་ཀྱི་གཞི་པདྨ་འདྲ་བ་ལས་དབུས་མཐོ་ཞིང་ཤར་དང་བྱང་དུ་གཞོལ་བ་ནམ་མཁའི་འཁོར་ལོ་རྩིབས་བརྒྱད་པ་ལྟར་མངོན་པ་ནགས་ཚལ་བཟང་པོ་མེ་ཏོག་དང་འབྲས་བུས་བརྒྱན་པ་སོགས་སྒྲུབ་པའི་གནས་སུ་གསུང་པ་བཞིན། གཉིས་པ་ནི། གཞི་དེར་པུས་ནུབ་ཙམ་དུ་བསྐོས་ནས་སླར་ས་དེས་གང་བའམ། དྲི་བཟང་པོ་དང་སྦྱར་བའི་ཆུས་བཀང་སྟེ། མཉམ་པར་བཞག་པས་རྡོར་དྲིལ་བཟུང་ནས་རང་སྔགས་བརྗོད་བཞིན་དུ་མི་དྲག་པར་གོམ་པ་བརྒྱའི་གནས་ནས་ལོག་སྟེ་བལྟས་པས་ངན་པའི་མཚན་མ་མཐོང་ན་གཞན་དུ་སྤོ་བའམ་སྦྱིན་སྲེག་གིས་སྦྱང་བར་བྱ་ཞིང་། རྣམ་ཤེས་དང་ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་བརྟག་པར་བཤད་དོ། །གཉིས་པ་ལ་སྣང་བ་དང་མི་སྣང་བ་ལ་བསླང་བ་གཉིས་ལས། དང་པོ་ནི། བརྟགས་པས་རུང་བའི་ས་དེ་རྒྱལ་པོ་སོགས་ལ་བསླང་བའམ་རིམ་གྱིས་ཉོས་ནས་རང་དབང་དུ་བྱས་པའོ། །གཉིས་པ་ནི། གཞི་དེ་རང་བྱུང་དང་དྲི་བཟང་བདུད་རྩི་ལྔ་ལ་སོགས་པའི་མཎྜལ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་རྣམ་པ་ལྔ་དང་གཏོར་མ་ཆ་གཉིས་བཤམས་ལ། བདག་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་བསྒོམ་པ་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་ནས་ས་བདག་རྣམས་ཚིམ་པར་བྱས་ཏེ། ས་བདག་ལྷ་ཀླུ་འཁོར་བཅས་རྣམས། །བདག་གི་བསྙེན་སྒྲུབ་མ་ཐོན་པར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གནང་དུ་གསོལ། །ཞེས་བསླང་ཞིང་བསོད་ནམས་ཀྱི་དཔུང་བསྐྱེད་པའི་ཕྱིར་རྟེན་དགྲམ། གསུང་རབ་བསྒྲག །མཆོད་སྦྱིན་སོགས་ཀྱང་ཅི་འགྲུབ་བྱའོ། །གསུམ་པ་ས་སྦྱང་ཞིང་རློབ་པ་ནི། ས་དེར་བྱིན་གྱིས་བརླབས་པའི་དྲི་ཆབ་སྔགས་ཀྱིས་གཏོར་ཞིང་། ཏིང་ངེ་འཛིན་གསལ་བའི་འཕྲོ་འདུས་བདུད་རྩིའི་རྫས་དང་ཡི་གེ་གསུམ་གྱིས་སྦྱངས་ནས། དཀྱིལ་འཁོར་གྱི་གཞི་གསར་དུ་སྒྲུབ་ན། ལྟོ་འཕྱེའི་དུས་ཚོད་ཤེས་པས། དེའི་ལྟོ་བ་ལས་ཅུང་ཟད་མདུན་གྱི་ཆ་ནས་དང་པོར་བརྐོ་ཞིང་། དེ་ནས་དཀྱིལ་འཁོར་ཇི་ཙམ་འདོད་པའི་རྒྱར་དངོས་གྲུབ་རབ་འབྲིང་གི་དོན་དུ་ཁྲུ་དོ་དང་ཁྲུ་གང་དང་སོར་བཞིའི་ཚད་དུ་བརྐོ་ཞིང་རུས་པ་དང་གསེག་མ་དང་གྱོ་མོ་དང་སོལ་བ་སོགས་རོ་ལྔ་བསལ་ཏེ། དྲི་ཞིམ་པོའི་ཆུ་དང་ས་མཉེན་འཇམ་ཞིང་སྤྱིན་པ་དག་བསྲེས་ནས་ལྔ་ཚན་ལྔའི་རྫས་རྣམས་སྙིང་པོར་བཅུག་ལ་དཀྱིལ་འཁོར་གྱི་རྒྱ་ལས་ཉིས་འགྱུར་སྙོམས་ཤིང་འཇམ་ལ་འཐས་པར་བརྩིག །སྔོན་ནས་དུལ་བའི་ས་ཡིན་ན་བརྐོ་བ་སོགས་མི་དགོས། གང་གི་ཚེ་ཡང་ཆོས་ཉིད་རྣམ་པར་དག་པའི་དོན་བསམ་ཞིང་། སྭ་བྷཱ་ཝའི་སྔགས་བརྗོད་དེ་དྲིའི་ཆུས་བྱུག་གོ། །དེར་མཆོད་གཏོར་བཤམས། རིགས་ཀྱི་རྒྱན་དང་ལྡན་པས། ༀ་བྷྲཱུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ཞེས་ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། དེར་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་ཤིང་རྡོ་རྗེའི་ས་གཞི་རྭ་གུར་མེ་འོད་དང་བཅས་པར་བསམ་ནས་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་བཅིངས་པ་ས་ལ་བཞག་སྟེ། ༀ་མེ་འདི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་བརྗོད་དོ། །བཞི་པ་དཔང་པོ་གསོལ་བ་ནི། ཐལ་མོ་ལན་གསུམ་ས་ལ་བརྡབས་པས་རང་གི་མདུན་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་བུམ་པ་འཛིན་པ་བཀའ་ཉན་པའི་ཚུལ་དུ་གནས་པ་ལ། ཞབས་བསིལ་དང་ཉེར་སྤྱོད་རོལ་མོ་གཏོར་མ་རྣམས་ཕུལ་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གྱིས་ཇི་སྲིད་ལས་མ་གྲུབ་ཀྱི་བར་དུ་བཞུགས་པར་གསོལ་བས། ལྷ་མོ་དགྱེས་པའི་མདངས་ཕྱུང་སྟེ། སློབ་དཔོན་ཆེན་པོ་དཀྱིལ་འཁོར་མཛོད། །དགའ་བ་ཆེན་པོས་ལས་སྒྲུབས་ཤིག །ཅེས་གནང་བ་བྱིན་ནས། སླར་ཡང་དེ་ཉིད་དུ་ཐིམ་པར་བསམ་མོ། །ལྔ་པ་ལ་བསྲུང་བར་གསོལ་བ་གདབ་པ་དང་བསྲུང་བ་དངོས་ལས། དང་པོ་ནི། དཀྱིལ་འཁོར་གྱི་གཞིའི་དབུས་སུ་སློབ་དཔོན་རྒྱན་བཅུ་གཉིས་ཀྱིས་བརྒྱན་ཅིང་རྡོར་དྲིལ་བཟུང་སྟེ་གཙོ་བོའི་ང་རྒྱལ་གྱིས་གནས་པ་ལ། ཕྱོགས་བཞིའི་སློབ་མ་ལྷ་མོ་བཞིའི་ང་རྒྱལ་འཛིན་པས་རིམ་བཞིན། ༀ། བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། །རྡོ་རྗེ་འཛིན་རྒྱལ་འཇིགས་པའི་སྐྱབས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པས་གྲོལ། །ཨ་ལ་ལ་ཧོཿ ༀ། ཐུགས་རྗེའི་གནས་མཆོག་དག་པའི་དངོས། །མཉམ་ཉིད་ཆོས་ཀུན་འབྱུང་བའི་གཞི། །ཡོན་ཏན་རིན་ཆེན་མཆོག་སྟོན་པའི། །རྣམ་འཕྲུལ་ཆོས་ལས་རབ་ཏུ་གྲོལ། །ཨ་ལ་ལ་ཧོཿ ༀ། དགའ་བའི་པདྨོ་མཚན་ལྡན་པ། །ཀུན་རྟོག་དངོས་གསལ་ཆད་པ་མེད། །རྡོ་རྗེ་གསང་གསུམ་སྔགས་དོན་པའི། །བརྗོད་བྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ཧོཿ ༀ། བཏང་སྙོམས་གནས་ངན་དྲྭ་བ་སེལ། །ཕྲིན་ལས་བཞི་པོ་སྟོབས་དང་ལྡན། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང་། །སྤྲུལ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཨ་ལ་ལ་ཧོཿ ཞེས་སོ་སོ་དང་ཐུན་མོང་དུ། ༀ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང་། །བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དགའ་ཐོས་པས་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ཧོཿ ཞེས་གསོལ་བ་གདབ་ཅིང་། བཞི་མེད་ན་གཅིག་གིས་ཀྱང་ཕྱོགས་དེ་དག་ཏུ་སོང་ནས་བྱའོ། །གཉིས་པ་སྲུང་བ་དང་མཚམས་བཅད་པ་གཉིས་ཀྱི་དང་པོ་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་སྐད་ཅིག་གིས་རྟ་མཆོག་རོལ་པའི་ཁྲོ་བོ་འཇིགས་ཤིང་རྔམས་པ་མི་བཟད་པའི་ཁྲོ་བོའི་སྤྲིན་སྤྲོ་བའི་མིག་གཡས་སུ་མ་ལས་ཉི་མ་དང་། གཡོན་དུ་ཨ་ལས་ཟླ་བ། སྣ་རྩེར་ཡཾ་ལས་བྱུང་བའི་རླུང་གིས་མཚན་པར་གྱུར། བགེགས་རྣམས་ཉི་མ་ལས་བྱུང་བའི་མེས་བསྲེག་ཟླ་བ་ལས་བྱུང་བའི་ཆུས་བཀྲུས་སྣ་རྩེའི་རླུང་གིས་བཤིག་ཅིང་འཐོར་བར་བསམ་ལ། མིག་གི་རྫི་མ་འདྲེན་པ་འབར་བའི་ལྟ་སྟངས་ཀྱིས་བལྟ་ཞིང་རྡོ་རྗེ་གསོར་བ་དང་དྲིལ་བུ་འཁྲོལ་བཞིན་པར། ༀ་སུམྦྷ་ནིསུམྦྷ་ཧཱུཾ། ཞེས་བརྗོད་པས་ཁྲོ་བོ་དང་མཚོན་ཆའི་སྤྲིན་སྤྲོ་བར་བསམ་ཞིང་། ཧཱུཾ། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོ་གདུག །གནོད་བྱེད་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་ས་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱིས་མྱུར་དུ་དེངས། །ང་ཡི་བཀའ་ལས་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་ཐོ་བ་ཁ་ཊྭཱཾ་ཀས། །ཐལ་བའི་ཚོགས་བཞིན་བཤིག་པར་བྱེད། །རབ་འབར་ཁྲོ་བོའི་གནས་འཇོམས་པའི། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གི་དམ་ཚིག་བཅག །འདོད་གསུམ་སྐྱེས་རྣམས་འགས་བྱ་སྟེ། །འཇིག་པར་འགྱུར་ཕྱིར་གཞན་དུ་དེངས། །ཞེས་ལན་གསུམ་བརྗོད་ཅིང་ས་གཞི་བསྐོར། །རོལ་མོའི་སྒྲ་དང་ཡུངས་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམས་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་ཕུར་བུ་དར་གྱི་ཅོད་པན་ཅན་བཅུ་མདུན་དུ་བཀོད། རང་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་སྤྲོས་ཕྱོགས་བཅུའི་བགེགས་རྣམས་སུམྦྷ་དང་རང་སྔགས་ཀྱིས་བཀུག་པའི་གཟུགས་ལ་གཞུགས་པའི་སེམས་ཕབ་སྟེ། སླར་ཡང་རང་གི་སྙིང་ག་ནས་ཁྲོ་བོ་བཅུ་སྤྲོས་ཕུར་བུ་རྣམས་ལ་བསྟིམ། ཁྲོ་བོ་སོ་སོའི་སྔགས་དང་། ༀ་གྷ་གྷ་ཏ་ཡ་སོགས་ཀྱིས་ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས་དེ་རྣམས་ཀྱི་ལུས་ཕུག་སྟེ་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་པ་སོགས་སྒྲུབ་ཐབས་བཞིན་དབང་ལྡན་ནས་བརྩམས་ཏེ་གདབ་པར་བྱའོ། །བསྡུ་ན་ཕྱོགས་སྐྱོང་བཅུ་གནས་ལྔར་བསྡུས་ཏེ། ཁྲོ་བོ་ཆེན་པོ་སྟོབས་ཆེན་དང་སྤྲིན་སྒྲ་ལ་སོགས་པའི་ཕུར་བུ་གྷ་ཏའི་སྔགས་ཀྱིས་བཏབ་པས་ཀྱང་ཆོག་པར་བཤད་དོ། །གང་གི་ཚེ་ཡང་ཕུར་བུས་བཏབ་པའི་རྗེས་དེ་ཉིད་དུ་ཧེ་རུ་ཀ་ལྷ་མོའི་འཁོར་དང་བཅས་པའི་ང་རྒྱལ་གྱིས། རྐང་པ་བསྐྱོད་ནས་ལག་པ་བསྐྱོད། །ཅུང་ཟད་ངོ་མཚར་ཟུར་མིག་ཚུལ། །ཞེས་སོགས་གསུངས་པ་བཞིན་རྡོ་རྗེའི་གར་དང་སྟངས་སྟབས་ཀྱི་རོལ་པ་ཅི་རིགས་པས་བཅག་ཅིང་བསྲུང་བར་བྱའོ། །གཉིས་པ་ནི། ལས་ཀྱི་རྡོ་རྗེས་ཕྱི་རོལ་གྱི་སྟེགས་བུར་མཆོད་གཏོར་བཤམས་ནས་ཕྱོགས་སྐྱོང་དང་སྡེ་བརྒྱད་ལན་ཆགས་ལ་གཏོར་མ་བསྔོ་བར་གསུངས་པ་ནི་ཆ་གསུམ་གྱི་ཆོ་ག་བཞིན་དུ་བྱས་པས་འགྲུབ་བོ། །ཁྱད་པར་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་གཏོར་མ་ཕུལ་ཞིང་རྟེན་ལ་བཞག་ནས་མངའ་གསོལ་བར་གསུངས་པ་ནི་རིགས་མཐུན་གྱི་ཆོ་ག་གང་བདེ་ནས་བླངས་ལ་བྱའོ། །སྔར་བཤད་པའི་སའི་ཆོ་ག་ཕལ་ཆེར་དཀྱིལ་འཁོར་ཁང་པ་ལོགས་སུ་བྱེད་པ་དང་། རྐོས་ནས་སྟེགས་བུ་བྱ་དགོས་པའི་སར་ཡིན་ལ། གཞན་དུ་མི་སྣང་བ་ལས་བསླང་བ་ཙམ་སྔོན་དུ་འགྲོ་བས། རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱོང་ཞིང་དཔང་པོ་གསོལ་ནས་བསྲུང་བའི་ལས་ལ་འཇུག་པ་ཡིན་ནོ། །དེ་དག་ནི་ནུབ་དང་པོའི་བྱ་བའོ། །གསུམ་པ་སྟ་གོན་ལ་ལྷ་སློབ་མ་བུམ་པ་སྟ་གོན་དང་གསུམ་ལས། དང་པོ་ནི། གཞི་དེར་རྒྱར་འདོམ་གང་ལ་སོགས་པའི་སྟེགས་བུ་བརྩིགས་པའམ། དེ་དང་མཉམ་པའི་གཞི་ལ་བ་བྱུང་ལྔ་དང་དྲི་བཟང་བསྲེས་པ་བྱུག །དེའི་སྟེང་དུ་བྱིན་གྱིས་བརླབས་པའི་བདུད་རྩིས་བྱུགས་ལ་ལྷ་གནས་མི་འཆོལ་བའི་སྐྱ་ཐིག་ཙམ་བཏབ་ནས། བདུད་རྩི་ལྔས་གཙོ་གནས་སུ་གྲུ་བཞི་དང་འཁོར་གནས་སུ་ཐིག་ལེ་ཟླུམ་པོར་བྱས་ལ་སོ་སོའི་སྔགས་ཀྱིས་མེ་ཏོག་དགྲམ། དེའི་མཐའ་མཆོད་པའི་ཚོགས་ཀྱིས་བསྐོར། སྐབས་དོན་དང་འབྲེལ་ན་རྩ་དཀྱིལ་གྱི་ཕྱོགས་བཞིར་སྦྱིན་སྲེག་གི་ཐབ་ཁུང་བཞི་དང་། མཚམས་སུ་རྟ་མཆོག་ལྷག་མའི་དཀྱིལ་འཁོར་ཡང་བཤམ་མོ། །དེ་ནས་མཆོད་པ་བྱིན་གྱིས་བརླབས་དེ་བསྲུང་འཁོར་ནས་གཞི་དང་། རྟེན་དང་བརྟེན་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བཏབ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། མདུན་གྱི་དཀྱིལ་འཁོར་མཉེས་པར་བྱས་ནས་བསྟོད་པ་བྱ་བར་གསུངས་པ་ནི་སྒྲུབ་ཐབས་ལས་ཤེས་པར་འགྱུར་ཞིང་། སྐབས་དོན་འཇུག་པ་བདེ་བའི་དབང་དུ་ནི། དཀྱིལ་འཁོར་གྱི་གཞི་དངས་ཤིང་ཐོགས་པ་མེད་པ་ལ། ཚོམ་བུ་རྣམས་ལྷ་སོ་སོའི་གདན་ཇི་ལྟ་བ་བཞིན་འགྲུབ་པར་གྱུར། དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་པ་ནས། བཟང་མོ་དང་མཉམ་པར་སྦྱོར་བའོའི་བར་དང་། དེའི་ཕྱོགས་བཞིར་བདེ་མཆོག་མ་སོགས་བཞི་དང་། དེའི་ཕྱིའི་ཤར་སོགས་ཕྱོགས་བཞིར་སངས་རྒྱས་བྱང་ཆུབ་མ་སོགས་བཞི། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲྭ་བཞིར་མེ་ཏོག་མ་སོགས་བཞི། སྒོ་བཞིའི་གནས་སུ་རྟ་མགྲིན་འཕང་མཐོ་མ་སོགས་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་ཤར་མའི་དབུས་སུ་རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་ནས། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོའི་བར་དང་། ཕྱོགས་བཞིར་སངས་རྒྱས་ཀུན་བརྗོད་མ་སོགས་བཞི་དང་། དེའི་ཕྱིའི་ཤར་སོགས་ཕྱོགས་བཞིར་སངས་རྒྱས་ཀུན་ལྡན་མ་སོགས་བཞི་དང་། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲྭ་བཞིར་མེ་ཏོག་མ་སོགས་བཞི། སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་ལྷོ་མའི་དབུས་སུ་དཔལ་ཆེན་པོ་ཧེ་རུ་ཀ་ནས། བ་དན་རྩེ་གསུམ་པའི་ཕྱག་རྒྱ་ཅན་གྱིས་འཁྱུད་པའོའི་བར་དང་། དེའི་ཕྱོགས་བཞིར་གོ་རཱི་མ་སོགས་བཞི་དང་། མཚམས་བཞིར་ཙཎྜ་ལཱི་སོགས་བཞི། ཕྱིའི་མེ་སོགས་མཚམས་བཞིར་མདའ་འཛན་མ་སོགས་བཞི། གྲ་བཞིར༴ སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་ནུབ་མའི་དབུས་སུ་པདྨ་གར་གྱི་དབང་ཕྱུག་ནས། རོལ་པའི་སྟབས་ཀྱིས་བཞུགས་པའོའི་བར་དང་། དེའི་ཕྱོགས་བཞིར་རྣམ་གཟིགས་མ་སོགས་བཞི་དང་། ཕྱིའི་ཤར་སོགས་ཕྱོགས་བཞིར་གཏུམ་པའི་དབང་ཕྱུག་མ་སོགས་བཞི། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲ་བཞིར༴ སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། དཀྱིལ་འཁོར་བྱང་མའི་དབུས་སུ་རྡོ་རྗེ་ཉི་མ་ནས། རིན་པོ་ཆེ་དང་ཐོད་པ་འཛིན་པ་དང་འཁྲིལ་པའོའི་བར་དང་། དེའི་ཕྱོགས་བཞིར་དབང་བསྐུར་མ་སོགས་བཞི་དང་། ཕྱིའི་ཤར་སོགས་ཕྱོགས་བཞིར་མདའ་གཞུ་མ་སོགས་བཞི། མེ་སོགས་མཚམས་བཞིར་གླིང་བུ་མ་སོགས་བཞི། གྲ་བཞིར༴ སྒོ་བཞིའི་གནས་སུ་སྒོ་སྐྱོང་བཞི་རྣམས་གཡས་བསྐོར་གྱིས་འཁོད། མཚམས་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རྟ་མཆོག་རོལ་པའི་སངས་རྒྱས་ནས། ངེས་པར་འཁྱུད་པོའི་བར་དང་། དེའི་གཡས་གཡོན་དུ་སྣ་ཚོགས་པདྨོ་མ་དང་སྣ་ཚོགས་རྡོ་རྗེ་མ་གཉིས་ཀྱིས་ལྷག་པ་ལས་འཁོར་གཞན་རྣམས་ནི་ཕྲིན་ལས་ཀྱི་བྱེ་བྲག་ལས་ཕྱོགས་མཚམས་ཟུང་རེ་རིགས་དང་མཚུངས་པར་སྣང་བའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། བཛྲ་པུཥྤེ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་དམ་ཚིག་པ་ལ་བསྟིམ། ༀ་ཨཱཿཧཱུཾ་ཨ་ཏི་པཱུ་ཧོཿ ཞེས་པ་ནས། དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །ཞེས་པའི་བར་སྒྲུབ་ཐབས་ཀྱི་དཀྱུས་ལྟར་ལས། ཇི་ལྟར་རིགས་པས་མཆོད་ཅིང་བསྟོད་ནས། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་བཞིན་པས། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་གྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲི། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །བདག་ཉིད་ཆེ་རྣམས་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱོད་ལ་བདག་གུས་ཏེ། །དགྱེས་མཛད་འོས་པར་གྱུར་ལགས་པས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོའི་འཁོར་ལོའི་ཕྱིར། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་གཞན་སྔགས་ཀྱི་ལྷ་རྣམས་དང་། །འབྱུང་པོ་འཇིག་རྟེན་སྐྱོང་བ་དང་། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་གནས་པའི་འགྲོ་བ་དང་། །གངས་སུ་རྡོ་རྗེའི་སྤྱན་མངའ་བ། །རིགས་རྣམས་འདུས་པའི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམས། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །གནང་བར་མཛད་པའི་འོས་ལགས་སོ། །ཞེས་ལན་གསུམ་གྱིས་སྙན་གསན་ཕུལ་ནས། ཨརྒྷཾ་ནས། ཤཔྡའི་བར་གྱི་མཆོད་དེ་བརྟན་པར་བཞུགས་སུ་གསོལ། འགྲུབ་ན་སྐབས་འདིར་སྦྱིན་སྲེག་ཀྱང་བྱའོ། །གཉིས་པ་སློབ་མ་སྟ་གོན་ནི་དབང་ཆོག་ཏུ་ཤེས་པར་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། རིན་པོ་ཆེ་དང་ལས་བྱས་པའི་བུམ་པ་མཚན་ཉིད་དང་ལྡན་པ་ལྷ་གྲངས་དང་མཉམ་པའམ། མ་འབྱོར་ན་འཁོར་ལོ་དྲུག་ལ་རེ་རེ་དང་ལས་བུམ་སྟེ་བདུན། དེ་ཡང་མ་འབྱོར་ན་རྣམ་རྒྱལ་དང་ལས་བུམ་གཉིས་སུ་བྱས་ལ། གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད། མགུལ་ཆིངས་སོགས་ཆས་སུ་བཅུག །རྫས་ཉེར་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བ་དཀྱིལ་འཁོར་གྱི་གནས་སུ་བཞག །མཐའ་མཆོད་པས་བསྐོར། བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་རྣམ་རྒྱལ་བུམ་པའི་ནང་དུ་རིགས་དྲུག་གི་དཀྱིལ་འཁོར་སོ་སོའི་གདན་དང་བཅས་པར་གྱུར། དཀྱིལ་འཁོར་དབུས་མའི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཞེས་པ་ནས། དཀྱིལ་འཁོར་བྱང་མའི་རྡོ་རྗེ་ཉི་མ་ནས། ཐོད་པ་འཛིན་པ་དང་འཁྲིལ་པའོའི་བར་སྔར་ལྟར་དང་། མཚམས་བཞིའི་དཀྱིལ་འཁོར་གྱི་གནས་དང་ལས་བུམ་གྱི་ནང་དུ་རྟ་མཆོག་རོལ་པའི་སངས་རྒྱས་ནས། ངེས་པར་འཁྱུད་པའོ་ཞེས་པའི་བར་གྱིས་གཙོ་བོ་རྣམས་ཀྱི་བསྐྱེད་ཚིག་བརྗོད་པས་འཁོར་ཞར་བསྐྱེད་བྱས་པས་ཁྱབ་ཅིང་བསྐྱེད་ཚིག་བྱེད་ན་ལྷ་སྟ་གོན་བཞིན་དང་ལས་བུམ་གྱི་ལྷ་ལ་འཁོར་མི་དགོས་སོ། །གང་ལྟར་ཡང་། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ་སོགས་ནས། ཨ་ཏི་པུ་ཧོ་ཞེས་པའི་བར་གྱིས་སྤྱན་འདྲེན་མཆོད་བསྟིམ་ཕྱག་རྣམས་སྟ་གོན་གཞིན་དང་། དེ་ནས་ཇི་ལྟར་རིགས་པའི་མཆོད་པ་དང་བསྟོད་པ་བྱས་ནས་གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་། རྣམ་རྒྱལ་དུ་འཁོར་ལོས་བསྒྱུར་བ་དྲུག་གི་སྙིང་པོ་རྣམས་གཙོ་འཁོར་གྱི་འགྲོས་སྦྱོར་བ་ཅི་ནུས་དང་། ལས་བུམ་དུ་རྟ་མཆོག་གི་སྔགས་བརྒྱ་རྩ་སོགས་བཟླས་ནས་སླར་ཡང་མཆོད་དེ་མེ་ཏོག་དང་བཅས་པའི་མཆོད་ཡོན་ཕུལ་བས། ལྷ་ཐམས་ཅད་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། སྤོས་ཀྱིས་བདུག་ནས་བགེགས་སྐྲོད་པ་དང་མཆོད་ཅིང་བསྲུང་བར་བྱའོ། །དེ་ཡང་སློབ་མ་དང་དབང་བསྐུར་དང་རབ་གནས་དང་བདག་འཇུག་དཀྱུས་མ་དང་། སྒྲུབ་པ་དངོས་གྲུབ་ཀྱི་དབང་ལེན་པ་རྣམས་ལ་བུམ་པ་ངེས་པར་དགོས་ལ། སྒྲུབ་མཆོད་ཙམ་པ་ནི་བུམ་པ་ངེས་པར་དགོས་པ་མིན་ཡང་འགྲུབ་ན་ནི་ལེགས་སོ། །དེ་དག་ནི་ནུབ་གཉིས་པའི་བྱ་བའོ། །གཉིས་པ་དངོས་གཞི་ལ། དཀྱིལ་འཁོར་མངོན་པར་འདུ་བྱ་བ་དང་། དེར་རང་གཞན་གྱི་དོན་སྒྲུབ་པའོ། །དང་པོ་ལ་ཐིག་གདབ་པ། ཚོན་དགྱེ་བ། རྒྱན་དགྲམ་པ་དང་གསུམ་ལས། དང་པོ་ནི། ནངས་པར་སྟ་གོན་གྱི་ལྷ་མཆོད་དེ། བེ་གཱ་པྲ་མ་ཡཾ་ཞེས་འདེགས་པའི་རྒྱས་ནམ་མཁར་བཏེགས་ནས་བཀོད་ལ། ཚོམ་བུ་དང་མཆོད་པ་རྣམས་གཞན་དུ་བསལ། ཐིག་སྐུད་ཁ་དོག་ལྔ་པ་སྲིད་དུ་དཀྱིལ་འཁོར་ལས་ཉིས་འགྱུར་སྤོམས་སུ་སྒོའི་ཉི་ཤུ་ཆ་ཡོད་པ་ཐོད་པའམ་རིན་པོ་ཆེའི་སྣོད་དུ་བཞག་པ་བསང་སྦྱངས། སྟོང་པའི་ངང་ལས་ༀ་ཧིཿཧྲཱིཿཏྲཾ་ཧཱཾ་ལྔ་ལས་བྱུང་བའི་སྲད་བུ་དཀར་སྔོ་དམར་སེར་ལྗང་ཁུ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གྱུར། རང་གི་མིག་གཉིས་ཛཿ ཡིག་ལས་བྱུང་བའི་ཉི་ཟླ་འབར་བའི་ལྟ་སྟངས་དང་། ༀ་དཱིཔྟ་དྲྀཥྚ་ཨངྐུ་ཤ་ཛ་ཛཿ ཞེས་པས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་འོད་ཟེར་ལྔའི་རང་བཞིན་དུ་བྱུང་བ་དམ་ཚིག་པ་ལ་གཉིས་སུ་མེད་པར་གྱུར། པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་མས་བསྟོད། གཙོ་སྔགས་ཀྱིས་བསྒྲིལ་ཏེ། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ༀ་ཨཱཿཧཱུཾ་གིས་བརྟན་པར་བྱས་ནས་སློབ་དཔོན་ཤར་དང་སློབ་མ་ནུབ་ཏུ་གནས་པ་ལས། ༀ་ཨཱཿཧཱུཾ་ཛཿཛཿཛཿཞེས་ཐིག་སྐུད་བརྐྱང་བ་གཏད་ལ་ཡབ་ཀྱི་གསང་བ་ནས་ཡུམ་གྱི་མཁར་བྱང་ཆུབ་སེམས་ཀྱི་ཐིག་དྲངས་པར་བསམ་ཞིང་། སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང་། །འགྲོ་བའི་དོན་ལ་བསྐུལ་བར་མཛད། །ༀ་བོ་དྷི་ཙིཏྟ་སརྦ་སཏྭ་ཧཱུཾ། ཞེས་བརྗོད་ཅིང་དྲངས་ནས་ལྟེ་བའི་ཐད་ཀྱི་བར་སྣང་ལ་རྡོ་རྗེ་དང་བཅས་པའི་གཡས་པའི་མཐེབ་མཛུབ་ཀྱིས་སེ་གོལ་དང་བཅས་པས། ༀ་བཛྲ་ས་མ་ཡ་སྭཱུ་ཏྲ་མ་ཏིཀྲ་མ་ཧཱུཾ། ཞེས་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་ཚངས་ཐིག་གཉིས་པ་སོགས་བཏབ་པས་ནམ་མཁའ་ལ་གཞལ་ཡས་ཁང་ལྷུན་གྱིས་གྲུབ་པར་བསམ་ཞིང་། དེ་དང་མཐུན་པར་ས་གཞི་ལ་ཡང་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་ཕྱོགས་བཞི་རུ། །ཆ་ཆེན་དགུ་དགུ་བཅོ་བརྒྱད་ལས། །ཚངས་ཐིག་ནས་བཟུང་དང་པོ་དང་། །བདུན་པ་ཕྱེད་གདབ་ཕྱི་མ་བསིལ། །གཉིས་པ་བརྒྱད་པ་ཆ་བཞིར་བགོ། །དྲུག་དགུ་དབུས་དོར་མཐའ་གཉིས་གདབ། །དེ་ནི་གཞི་ཡི་དཀྱིལ་འཁོར་རོ། །ལྔ་པ་ཕྱེད་བཅས་ནང་མ་ཕན། ཕྱོགས་བཞིར་ཐིག་བཞི་གླིང་དགུར་ཕྱེ། །ནང་གི་དཀྱིལ་འཁོར་དགུ་ཡི་ས། །ཀུན་ཀྱང་སྒོ་བཞི་གྲུ་བཞིའི་དབུས། །ཟླུམ་པོ་ཟླུམ་པོ་ཟླ་གམ་དང་། །པདྨོ་རིན་ཆེན་ཆ་བརྒྱད་དང་། །རྒྱ་གྲམ་དབྱིབས་ཏེ་རིམ་པ་བཞིན། །རྡོར་སེམས་རྣམ་སྣང་ཧེ་རུ་ཀ །གར་དབང་ཉི་མ་རྟ་མཆོག་རྣམས། །དབུས་དང་ཕྱོགས་བཞི་མཚམས་བཞིའོ། །མདའ་ཡབ་ཟུར་ནས་ཆ་ཕྲན་གཅིག །གཉིས་གཅིག་གཉིས་དང་ཆ་ཆེན་གཅིག །ཆ་ཆེན་ཕྱེད་དང་ཆ་ཕྲན་གཅིག །བསྐོར་བ་ལྷ་སྣམ་པད་རྡོར་དང་། །མེ་རི་དུར་ཁྲོད་འདོད་འབྱུང་གནས། །ཁོར་ཡུག་ཉིད་དོ་གཞན་དག་ནི། །སྤྱི་དང་མཐུན་པར་ཤེས་བྱའོ། །དཀྱིལ་ཆོག་སྔ་མ་རྣམས་སུ་ཐིག་གི་དབྱེ་ཚུལ་གསུངས་པ་དག་འབྲུ་ནོན་དཀའ་བས་ལག་ལེན་ལ་འཇུག་པ་བདེ་ཕྱིར་ད་ལྟའི་ལག་ལེན་བཞིན་བྱས་པའོ། །གདབ་པའི་ཆོ་ག་དང་སྤྱོད་ལམ་ནི་ཡེ་ཐིག་གི་སྐབས་བཞིན་འདིར་ཡང་ཤེས་པར་བྱ་ཞིང་། དེ་ཡང་། ཤར་ནུབ་བྱང་ལྷོའི་ཐིག་བཞིའི་རྗེས། །ལོགས་དང་མཚམས་སུ་གདབ་པར་བྱ། །དང་པོར་ཆ་ཆེན་བཅུ་དྲུག་ལ། །ཞེས་སོགས་གསུངས་པའི་སྤྱོད་ལམ་གྱིས་གདབ་པའམ། སྤྱི་དང་མཐུན་པར་བཏབ་ཀྱང་མི་འགལ་ཏེ་དཀྱིལ་ཆོག་བདེ་འབྱུང་དེ་ལྟར་བཤད་པས་སོ། །དེ་ལྟར་ལས་ཐིག་རྫོགས་ནས་ཡེ་ཐིག་གི་དཀྱིལ་འཁོར་བསྟིམ་ནས། ཐིག་སྐུད་ཀྱི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས། བཛྲ་མུཿས་གཤེགས་སུ་གསོལ། དེ་ནས་ལྷའི་ང་རྒྱལ་གྱི་མིག་གཉིས་ཉི་ཟླའི་ལྟ་སྟངས་དང་རྡོ་རྗེ་སློང་བའི་རྒྱས། ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་རི་མོ་བཏེགས་ནས་ཧི་ཞེས་སྒོའི་ཐིག་དབྱི་ཞིང་། ༀ། ཐམས་ཅད་རང་བཞིན་རྣམ་འཕྲུལ་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེས་འཛིན་པ་གཏེར་ཆེན་འབྱེད། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབས། །ཞེས་ཕྱོགས་ཐམས་ཅད་མཉམ་པར་ཉིད་དུ་བལྟའོ། །གཉིས་པ་ནི། ཚོན་སྣ་ལྔ་སྣོད་སོ་སོར་བླུག་པ་དབུས་དང་ཕྱོགས་བཞིར་བཞག །བསང་སྦྱངས། སྟོང་པའི་ངང་ལས་ༀ་ཧི་སོགས་ལས་དེ་བཞིན་གཤེགས་པ་རིགས་ལྔར་བསྐྱེད་མིག་གི་བལྟ་བས་ཡེ་ཤེས་པ་ཐིག་གི་སྐབས་ལྟར་དྲངས་བསྟིམ། མཆོད་ཅིང་བསྟོད། ས་བོན་ལྔ་མང་དུ་བརྗོད་དེ་ཞུ་བ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར། ༀ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། ཞེས་མང་དུ་བཟླས་པས་བྱིན་གྱིས་བརླབ། སློབ་དཔོན་གྱིས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་གཡོན་གྱི་དབང་ལྡན་གྱི་རྩིག་པ་ནང་ནས་དཀར་མཐིང་དམར་སེར་ལྗང་བའི་རེ་ཁཱ་ལྔ་སྒོ་ཚད་གཅིག་ཙམ་བྲིས་ནས་མཆོད་ལ་ཐོད་པས་བཀབ་སྟེ། འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་རྡོ་རྗེ་སེམས། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བདེན་པ་བརྗོད་ཅིང་བཏེགས་ནས་མཚན་མ་བརྟག་གོ། །དེ་ཡང་ཐིག་ཕྱི་ནས་གདབ་ཅིང་ཚོན་ནང་ནས་དགྱེ་སྟེ་དང་པོར་སློབ་དཔོན་དང་ཕྱིས་ནས་གཞན་གྱིས་ཀྱང་བྲིའོ། །དེ་ཡང་། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་དང་། སྦོམ་པོ་ཡིས་ནི་ནད་འབྱུང་ཞིང་། །ཕྲ་ན་ནོར་རྣམས་ཟད་པར་འགྱུར། །འཁྱོག་ལ་འཐབ་རྩོད་འབྱུང་འགྱུར་ཞིང་། །ཞེས་གསུངས་པ་ལྟར་ཤེས་པར་བྱས་ནས། ཚོན་ཐོབ་ནི་ཕོ་བྲང་ནང་མའི་རེ་མིག་བཞི་རིགས་ཀྱི་མདོག་དང་། ལྷོ་དང་ལྷོ་ནུབ་ཀྱི་ཟླ་གམ་དམར་པོ། ཕོ་བྲང་ནང་མའི་ཁྱམས་ནི་གཙོ་བོའི་གནས་ཤར་དུ་བཟུང་བའི་ཕྱོགས་མདོག །རྩིག་པ་གཙོ་མདོག་ནང་དུ་བྱས་པའི་ལྔ་ཕྲག་གམ་ལྗང་ཁུ། རྡོ་རྗེའི་གདུང་སེར་པོ་ལ་གཞི་སྔོན་པོ། རེ་མིག་གི་ནང་ཁོངས་དཀར་པོ། ཁྱམས་སྒོ་ཀ་བ་སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཤར་ནས་རིམ་པར་དཀར་སྔོ་དམར་སེར། རྟ་བབས་ཁ་དོག་ཉི་ཤུ་རྩ་ལྔ། ཕྱི་ཁྱམས་ལྗང་གུ། པད་ར་སྣ་ཚོགས། རྡོ་ར་དཀར་པོ་གཞི་སྔོན་པོ། །མེ་རི་དམར་སེར། དུར་ཁྲོད་ཕྱོགས་མདོག །འདོད་འབྱུང་སེར་པོ། ཕྱིའི་ར་བ་སྔོན་པོ་སྟེ། ལྷའི་མཚན་མ་སོགས་ཚོན་ཐོབ་གཞན་རྣམས་སྒྲུབས་ཐབས་ལས་ཀྱང་ཤེས་པ་ཉིད་དོ། །དེ་ལྟར་བྲི་བ་རྫོགས་ནས་ཚོན་ལྷག་གི་ཡེ་ཤེས་པ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ། གསུམ་པ་ནི། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་དང་རོལ་མོས་སྣ་དྲངས་ཏེ་དཀྱིལ་འཁོར་གྱི་བྱང་ནས་གཡོན་བསྐོར་གྱིས་རང་གནས་སུ་དགོད། གཉིས་ལས་མེད་ན་རྣམ་རྒྱལ་དབུས་དང་ལས་བུམ་བྱང་སྒོའི་ཐད་དུ་བཞག །དཀྱིལ་འཁོར་གྱི་མཐའ་བསྐོར་དྲི་བཟང་གིས་བྱུག །མེ་ཏོག་གི་སིལ་མ་དགྲམ། ཕྱོགས་ཀུན་ཏུ་བླ་རེ་དང་། ཡོལ་བ་དང་། གདུགས་དང་། རྒྱལ་མཚན་བ་དན་སྣ་ཚོགས་པ་དང་། གོས་ཟུང་དུ་མ་ཚར་དུ་དངར་བས་བརྒྱན་ཅིང་། མེ་ཏོག་དཀར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་སྣ་ཚོགས་པ། །འཇིག་རྟེན་དབང་ལ་ཁ་དོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙནྡན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་ཀ །སྤྱན་རས་གཟིགས་ལ་ཀ་བི་ཏ། །གུ་གུལ་རྡོ་རྗེ་ཉི་མ་ལ། །མར་མེའི་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་བདུན། །སྤྱན་རས་གཟིགས་ལ་མར་མེ་བརྒྱ། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམ་ལ་ཙནྡན་དྲི། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་བུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཕྲེང་བ་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང་། །སྤོས་རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་འཛིན་ལ་འབུལ་བར་བགྱི། །ཞེས་དང་། ཞལ་ཟས་ཀྱི་ཁྱད་པར་ཡང་། ཁ་བ་ཚ་བ་རྡོ་རྗེར་འབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལ། །དེ་བཞིན་ལན་ཚྭ་འཇིག་རྟེན་རྗེར། །རྟ་ཡི་རྒྱལ་པོར་ཐམས་ཅད་དམ། །བསྐ་བ་རབ་ཏུ་རྟག་པར་བྱ། །ཞེས་གསུངས་པའི་མཚན་ཉིད་ཅན་གྱི་མཆོད་པ་དང་། གཏོར་མའི་ཁྱད་པར་ཅི་འབྱོར་པ་དག་བྱིན་གྱིས་བརླབས་ཏེ་དགོད་པར་བྱའོ། །དེ་ཡང་རྡོ་རྗེ་ཅན་ནི་ཧེ་རུ་ཀ་དང་། རྡོ་རྗེ་འཛིན་རྡོ་རྗེ་སེམས་དཔའ། སྤྱན་རས་གཟིགས་གར་དབང་ངོ་། །གཉིས་པ་ལ་རང་དོན་དང་གཞན་དོན་སྒྲུབ་པ་གཉིས་ཀྱི། དང་པོ་ལ་སྔོན་དུ་བྱ་བ་དང་། སྒྲུབ་མཆོད་དངོས་དང་དབང་བསྐུར་བའོ། །དང་པོ་ལ་སྤྱི་དང་ཁྱད་པར་གྱི་སྦྱོར་བ་གཉིས་ལས། དང་པོ་ནི། དེ་ནས་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་དང་ཕྱག་རྒྱ་དང་བརྡའ་སྦྱོར་དང་རྡུལ་ཕྱགས་སོགས་སོ་སོར་ཕྱེ་སྟེ་གདན་བཤམས་པ་ལ་འཁོད་ནས། སྔོན་འགྲོ་གཏོར་མ། བགེགས་སྐྲོད། མཚམས་གཅོད། ཡུལ་མཆོག་དམན་ལ་ཚོགས་བསག་པ། སྲུང་འཁོར་བསྒོམ་པ། བཤགས་པ། དམ་བཅའ་བ། བྱིན་དབབ། མཆོད་རྫས་བརླབ་པ་རྣམས་ཏེ་སྒྲུབ་ཐབས་བཞིན་ནོ། །གཉིས་པ་ལ། སྟ་གོན་གྱི་ལྷ་དགོད་པ། བརྡའ་སྒོ་དབྱེ་བ། བརྡའ་ཕྱག་བྱ་བ་དང་གསུམ་ལས། དང་པོ་ནི་མདུན་གྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་སྲུང་འཁོར་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལ། ལྷའི་མཚན་མ་རྣམས་ལྷ་ཚོགས་སུ་གྱུར་པ་ནི། དཀྱིལ་འཁོར་དབུས་མའི་ལྟེ་བར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཕྱོགས་བཞིར་བདེ་མཆོག་མ་སོགས་ནས། གཡས་བསྐོར་དུ་འཁོད་ཀྱི་བར་དང་། དཀྱིལ་འཁོར་ཤར་མའི་དབུས་སུ་རྒྱལ་བ་རྟག་པ་ཡབ་ཡུམ་དང་། ཕྱོགས་བཞིར་སངས་རྒྱས་ཀུན་བརྗོད་མ་སོགས་སོ། །དཀྱིལ་འཁོར་ལྷོ་མའི་དབུས་སུ་ཧེ་རུ་ཀ་ཡབ་ཡུམ་དང་། ཕྱོགས་བཞིར་ག་རཱི་མ་སོགས་སོ། །དཀྱིལ་འཁོར་ནུབ་མའི་དབུས་སུ་པདྨ་གར་དབང་ཡབ་ཡུམ་དང་། ཕྱོགས་བཞིར་རྣམ་གཟིགས་མ་སོགས། དཀྱིལ་འཁོར་བྱང་མའི་དབུས་སུ་རྡོ་རྗེ་ཉི་མ་ཡབ་ཡུམ་དང་། ཕྱོགས་བཞིར་དབང་བསྐུར་མ་སོགས། མཚམས་བཞིའི་དཀྱིལ་འཁོར་གྱི་དབུས་སུ་རྟ་མཆོག་ཡབ་ཡུམ་དང་། གཡས་གཡོན་དུ་སྣ་ཚོགས་པདྨོ་སོགས་ནས། རིགས་དང་མཚུངས་པར་སྣང་བའོ། །ཞེས་པའི་བར་ད ང་། དེ་ལྟར་གདོད་ནས་རྣམ་དག་དམ་ཚིག་གི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་པར་གྱུར། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ནམ་མཁར་བཞུགས་པའི་སྟ་གོན་གྱི་དཀྱིལ་འཁོར་ཐམས་ཅད་ༀ་བཛྲ་ས་མཱ་ཛཿཧཱུཾ། ཞེས་སྤྱན་དྲངས། རྟ་མཆོག་གི་སྙིང་པོ་བཟླ་ཞིང་ཕྱི་འབྲང་གི་བགེགས་བསྐྲད། ཧཱུཾ་བཞི་པའི་སྔགས་ཀྱི་རྡོ་རྗེ་གསོར་བ་དང་བཅས་སྲུང་འཁོར་གྱི་སྒོ་དབྱེ། མ་ཧཱ་ས་མ་ཡ་སྟྭཾ། ལན་གཉིས་ཀྱིས་མཆོད་ཡོན་ཕུལ། མ་ཧཱ་སུ་ཁ་ཧཱུཾ་གི་བར་ཚོགས་ཞིང་གི་སྐབས་ལྟར་མཆོད། འཁོར་ལོས་བསྒྱུར་བ་དྲུག་གི་སྔགས་མཐར། ཨ་བེ་ཤ་ཡ་ཨ་ཛཿཧཱུཾ་བཾ་ཧོཿ ཞེས་བརྟགས་པ་རོལ་མོའི་སྒྲ་དང་བཅས་པས། ཡེ་ཤེས་ཀྱི་ལྷ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསམ་མོ། །གཉིས་པ་ནི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་པྲ་བེ་ཤ་ཡ་ཕཊ། ཨ་ལ་ལ་ཧོཿ ཞེས་ཚད་མེད་པ་བཞིའི་འཇུག་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་སྒོ་བཞི་ཕྱེ་བས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་བཞུགས་པར་བསམ་མོ། །གསུམ་པ་ནི། ༀ་ཨཱཿཧཱུཾ་ཨ་ཏི་པཱུ་ཧོཿ སརྦ་ཏ་ཐཱ་ག་ཏ་བྷན་དྷ་ནཾ་ཀཱ་རོ་མི། ཨ་ལ་ལ་ཧོཿ ཨོཾ་ཨ་ཏི་བྷཱུ་ཧཱུཾ། པྲ་ཏི་ༀ་ཏི་བྷཱུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་ག་སིདྡྷི་ཨ་ཧཱུཾ། ཞེས་ལྷ་དང་བདག་རང་བཞིན་གཉིས་མེད་དུ་རྟོགས་པར་བརྡ་ཕྱག་བྱའོ། །དེ་ནས། ༀ་ཨཱ་ཧཱུཾ་ཞེས་པས་རང་ཉིད་རྡོ་རྗེ་སེམས་དཔའ་མདུན་བསྐྱེད་དང་རོ་གཅིག་ཏུ་འདྲེས་པར་བསམ་མོ། །སྐབས་འདིར་གདུག་པ་ཅན་འདུལ་བའི་ཕྱིར་མ་ཊཾ་སྒྲོལ་བའི་ཆོ་ག་བྱེད་པར་གསུངས་པ་བཞིན་སྤྲོ་ན་ཧཱུཾ་མཛད་ཀྱི་དཀྱིལ་ཆོག་དང་རིགས་མཐུན་གྱི་ཆོ་ག་གཞན་ནས་ཀྱང་བླངས་པས་ཁྱབ་བོ། །དེ་ལྟར་ཁྱད་པར་གྱི་སྦྱོར་བ་རྣམས་ནི་སྒྲུབ་མཆོད་ཀྱི་ཉིན་དང་པོ་ཁོ་ནའི་བྱ་བའོ། ༈ །གཉིས་པ་ལ་དཀྱིལ་འཁོར་སྒྲུབ་པ། དེ་ཉིད་མཆོད་པ། དབང་ལེན་པ་དང་གསུམ་གྱི། དང་པོ་ནི། གཞི་དང་། རྟེན་དང་། སྦྱོར་བའི་ཏིང་ངེ་འཛིན་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པར་བཤད་པ་བཞིན། འདི་ལྟར་དམིགས་པའི་ཡུལ་བྲལ་སེམས་ཀྱི་དབྱིངས། །ཞེས་པ་ནས། རྟ་མཆོག་གི་དཀྱིལ་འཁོར་རྣམས་ལ་དབང་བསྐུར་བའི་བར་སྒྲུབ་ཐབས་བཞིན་ཏེ། སྒྲུབ་གཞི་བདག་དང་། བྲིས་པའི་དཀྱིལ་འཁོར་གཉིས། སྒྲུབ་ཆོས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཅིག་གིས་བསྡུས་པ་བདག་མདུན་དབྱེར་མེད་དུ་བསྒོམ་ཞིང་། དཀྱིལ་ཆོག་རྙིང་བ་གཉིས་ལས་དངོས་གཞིའི་སྐབས་སུ་བུམ་པ་ལོགས་སྒྲུབ་ཀྱི་གསལ་ཁ་མ་གསུངས་པ་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པ་ལ་དགོངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་ཕྱག་མཆོད་སོགས་ལ་འཇུག་པར་མོས་ཏེ། ཕྱག་དང་མཆོད་པ་བསྟོད་པ་སྔ་མའི་མཐར་ཐུག་པའི་བར་བྱས་ནས། རིགས་དྲུག་གི་རོལ་མོའི་མཆོད་པའང་སྤྲོ་ན་སྐབས་འདིར་བྱ་སྟེ་གཞན་ལས་ཤེས་པར་འགྱུར་ལ། དེ་ནས་འཛབ་ཁང་དབྱེ་བ་སོགས་བཟླས་པའི་རྣལ་འབྱོར་རྣམས་དང་། དབང་དང་འབྲེལ་ན་རྩ་བའི་བཟླས་པའི་རྗེས་སུ་བུམ་པའི་གཟུངས་ཐག་ལ་བརྟེན་ནས་བཟླས་པ་ཅི་རིགས་པའང་བྱ་ཞིང་། བཟླས་པའི་མཐར་མཆོད་བསྟོད་བཤགས་པ་སྟེ་སྐབས་ཀྱི་མཇུག་བསྡུ་བ་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་དང་། མཚན་མེད་ཀྱི་རྣལ་འབྱོར་དང་། དག་པ་དྲན་པ་རྣམས་ཇི་ལྟར་ནུས་པ་སྒྲུབ་ཐབས་ཀྱི་གཞུང་བཞིན་བྱས་ནས་རྣལ་འབྱོར་པ་རྣམས་རྒྱན་དང་བཅས་པས་རྡོར་དྲིལ་ཐོགས་ནས་ཡི་གེ་བརྒྱ་བ་བརྗོད་བཞིན་དུ་སྟངས་སྟབས་ཀྱིས་དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར། སླར་ཡང་རང་གནས་སུ་ལངས་ཏེ་འཁོད་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོ་བྱིན་འབེབས་པ་དང་གནས་དང་དཀྱིལ་འཁོར་མངའ་གསོལ་བ་རྣམས་ཀྱང་བྱ་བར་གསུངས་སོ། །དེ་ནས་གཏོར་མའི་ཆོ་ག་ནི་སྒྲུབ་ཐབས་སུ་བཤད་པའི་ལྷག་གཏོར་ཉིད་སྐབས་ཇི་ལྟ་བའི་བསྒྱུར་ཁ་ཤེས་པས་ཕྱི་རོལ་གཏོར་མའི་ཚུལ་དུ་སྐབས་འདིར་བྱའོ། །གསུམ་པ་ནི། བདག་འཇུག་སྟེ་དབང་ཆོག་ལས་ཤེས་ཤིང་སྒྲུ་མཆོད་ཙམ་ལ་བདག་འཇུག་མ་གྲུབ་ཀྱང་མི་འགལ་མོད་སྤྱིར་འགྲུབ་ན་ལེགས་པ་ནི་ཡིན་ནོ། ༈ །གསུམ་པ་གཞན་དོན་དབང་བསྐུར་བའི་རིམ་པ་ཡང་དབང་ཆོག་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། ཚོགས་མཆོད་བྱ་བ། གཏོར་མ་བཏབ་པ། བརྟན་མ་སྐྱོང་བ་གསུམ་ནི་སྒྲུབ་ཐབས་ཀྱི་དཀྱུས་བཞིན་ཏེ། ཧཱུཾ་མཛད་ཀྱིས་མཁའ་འགྲོ་མ་བསྐྱང་བ་ཞེས་སྐབས་འདིར་གསུངས་པ་ཡང་བརྟན་སྐྱོང་ལས་གཞན་དུ་མེད་དོ། །བཞི་པ་ནི་དཀྱིལ་འཁོར་ཉེར་བསྡུའི་ཚེ། གཏང་རག་གི་མཆོད་པ་བཤམས་ཤིང་བྱིན་གྱིས་བརླབས་ནས་འབུལ་བ་དང་བསྟོད་པ་རྒྱས་བསྡུས་ཅི་རིགས་པས་བསྟོད། ཡི་གེ་བརྒྱ་བས་ལྷག་ཆད་བསྐང་ཞིང་བཟོད་པར་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་དང་། དམ་ཚིག་གི་དཀྱིལ་འཁོར་གསལ་བཏབ། ཧཱུཾ་ཞེས་པས་རང་གི་སྙིང་གའི་འོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ལ། གོ་བགོ་ལུས་བསྲུང་སོགས་སྒྲུབ་ཐབས་ལྟར་བྱ། རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་དུ་བྱེད་པའི་ཉིན་སྔ་མ་རྣམས་ལ་ཡང་དེ་བཞིན་ནོ། །གཟུགས་བརྙན་གྱི་དཀྱིལ་འཁོར་གཤེགས་གསོལ་བྱེད་ན། སྐབས་འདིར་ལས་ཀྱི་རྡོ་རྗེས་སྦྱིན་སྲེག་དང་བསྐང་བཤགས་ཀྱང་འགྲུབ་ཏུ་རུང་ན་བྱ་ཞིང་། ཐམས་ཅད་ཀྱིས་དཀྱིལ་འཁོར་བསྐོར་ཞིང་སྨོན་ལམ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ཞིང་བཤགས་པ་བྱ། ཤིས་པ་བརྗོད་ཅིང་དངོས་གྲུབ་བླངས། སླར་ཡང་མཆོད་ཅིང་བསྟོད་ནས་བྲོ་གར་དང་རྡོ་རྗེའི་གླུས་དགྱེས་པ་བསྐྱེད། དེ་ནས་བེ་གཱ་ཀྲ་མ་ཡཾ། ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཏེགས་ལ་གཏང་རག་གི་མཆོད་བསྟོད་བཟོད་གསོལ་སྔར་བཞིན་བྱས་ནས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སེམས་དང་། གཙྪ་མུཿཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་སྔར་བཞིན་བསྡུས་ནས་གོ་བགོ་ཞིང་ལུས་བསྲུང་བ་བྱས་ལ། ཆོས་ཐམས་ཅད་སྐྱེ་མེད་དུ་མོས་ནས། ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས་ཐོག་མ་ལྷ་མཚན་ནས་ཅུང་ཟད་བླངས་པ་མགོ་བོར་བཀོད། ལྷག་མ་དབང་ལྡན་ནས་བརྩམས་ཏེ་གཙོ་གནས་ཀྱི་བར་དུ་ཕྱགས་པ་བུམ་པ་ལ་སོགས་པའི་སྣོད་དུ་བསྡུས་པ་དངོས་གྲུབ་ཀྱི་དོན་དུ་འཇོག་པའམ་ཆུ་བོ་ཆེན་པོར་བཀུར་བསྟི་དང་བཅས་པས་གཤེགས་ནས་དཀྱིལ་འཁོར་གྱི་རྗེས་མི་མངོན་པར་བྱས། ཕུར་བུའི་ཁྲོ་བོ་བཅུ་མཆོད་ནས་བསྡུ། ཅོད་པན་བཀྲོལ་ཏེ་ཁྲུས་བྱ། བརྡའ་དང་མཚམས་འགྲོལ་ཞིང་། སླར་ཡང་གཏོར་མ་བཤམས་ཏེ་མགྲོན་སྤྱི་དང་ཁྱད་པར་གྱི་སྲུང་མ་རྣམས་དང་རྟེན་ལ་བཞག་པའི་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་ལ་བསྒོས་ནས་གཤེགས་སུ་གསོལ། སླར་ཡང་ཤིས་བརྗོད་དང་མཆོད་སྦྱིན་སྨོན་ལམ་གདབ་པ་རྣམས་བྱས་ན་སྤྱོད་ལམ་གྱི་རྣལ་འབྱོར་མ་ཉམས་པར་བྱའོ། །སྤྱི་དོན་གསུམ་པ་གྲུབ་པ་འབྲས་བུའི་ཚུལ་ལ། ཇི་ལྟར་སྒྲུབ་པ་དང་། དེས་གྲུབ་པའི་ཚད་བསྟན་པ་སྟེ་སྒྲུབ་ཐབས་སུ་བཤད་པ་བཞིན་ནོ། །ཚུལ་འདི་ལ་རྒྱུད་འགྲེལ་དང་སྒྲུབ་དཀྱིལ་སོགས་ཡིག་རྙིང་ངོ་མཚར་ཅན་དུ་མ་ཡོད་མོད། དེ་དག་ཏུ། རྡོར་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྙེན་པ་དང་། རྣམ་སྣང་གར་དབང་ཉི་མ་རྣམས་ཀྱི་སྒོ་ནས་ཞི་བ་དང་། དབང་དང་། རྒྱས་པའི་ལས་ཀྱི་ཉེ་བར་བསྙེན་པ་དང་། ཧེ་རུ་ཀའི་སྒོ་ནས་དྲག་པོའི་ཕྲིན་ལས་ཀྱིས་སྒྲུབ་པ་དང་། དེ་དག་གི་མཐར་སྒྲུབ་པ་ཆེན་པོའི་ལས་ཀྱིས་དངོས་གྲུབ་ལེན་པ་སྟེ་སྨིན་སློབ་སྒྲུབ་ཆེན་ཁོ་ནའི་དབང་དུ་མཛད་པའི་ཕྱིར། དེང་དུས་སྒྲུབ་ཆེན་གྱི་འདྲ་འབག་སྒྲུབ་མཆོད་དང་དབང་རྐྱང་ཙམ་སྒྲུབ་པ་ལ་ལག་ཏུ་ལེན་དཀའ་བས། ཡུལ་དུས་ཀྱི་རྐྱེན་དང་འཚམས་པའི་དབང་དུ་བྱས་པ་ནི་འདི་ཙམ་སྟེ་གཞན་དུ་སྨིན་སློབ་ཀྱི་ཚུལ་དུ་སྒྲུབ་པ་སོགས་སོ་སོའི་གནས་སྐབས་ཀྱི་བྱེ་བྲག་ཤེས་པས་དམ་པ་སྔ་མ་རྣམས་ཀྱི་ལེགས་པར་བཤད་པའི་གསུང་རབ་ལ་རྣམ་པར་སྤྱོད་པའི་བློ་གྲོས་ཀྱིས་འཇུག་པར་བྱའོ། །ཕུལ་བྱུང་དགོས་གྲུབ་རིན་ཆེན་གྱིས་གང་བའི། །ཟབ་ཡངས་རྒྱུད་སྡེའི་མཚོ་ངོས་མཐོང་ཙམ་གྱིས། །དོན་གཉེར་འདོད་པའི་ཡིད་ནི་གཡོས་གྱུར་ཀྱང་། །ཉམ་ཆུང་མཐུ་ཡིས་གྱ་ཚོམ་ཉིད་དུ་ཅི། །འོན་ཀྱང་དེད་དཔོན་མཁས་པའི་བཤེས་གཉེན་དང་། །ལྷག་བསམ་བ་དན་སྤྲོ་བའི་རླུང་ཤུགས་ཀྱིས། །བསྐུལ་བས་ཡིད་བཞིན་འདོད་འཇོའི་རིན་པོ་ཆེ། །ཆ་ཙམ་ཐོབ་འདི་ཅི་ཕྱིར་སྐལ་བཟང་མིན། །གངས་རིའི་ཁྲོད་འདིར་སྔོན་བྱོན་མཁས་རྣམས་ཀྱིས། །ཧ་ཅང་རྒྱས་དང་རིགས་འགྲེས་སྦྱར་བ་ལས། །འཇུག་བདེ་རང་གཞུང་ཚུགས་པར་མ་བཀྲོལ་བས། །ཚུལ་འདིར་འཇུག་ལ་བཏང་སྙོམས་བགྱིད་མ་སྤོབས། །ཕྱོགས་ལྷུང་རྣ་བའི་བུ་ག་འཁྱོག་པོ་ནི། །སྔོན་མེད་ལེགས་བཤད་གསར་པའི་འབྲོག་དགོན་ཏེ། །དེ་ལྟ་མོད་ཀྱི་བདག་ཡིད་དགེ་གོམས་ཕྱིར། །བརྗོད་པའི་བསོད་ནམས་འགྲོ་ལ་གསལ་གྱུར་ཅིག །བདག་ཀྱང་ཚེ་རབས་ཀུན་ཏུ་རྒྱལ་བ་ཡི། །བསྟན་ལ་རྗེས་ཞུགས་ཐུགས་ཀྱི་གསང་བའི་མཛོད། །ཡོངས་བཟུང་གསང་ཆེན་བསྟན་པ་རྒྱས་བྱེད་ཅིང་། །རིགས་དྲུག་འཁོར་ལོས་སྒྱུར་བའི་གནས་ཐོབ་ཤོག །ཅེས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་ཞེས་བྱ་བ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བརྗོད་བདེའི་ངག་གིས་སྙིང་པོར་དྲིལ་ཏེ་ཆུ་ཕོ་རྟའི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ།། །།


previousསངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། འགྱུར་མེད་རྡོ་རྗེ།next