Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས། འགྱུར་མེད་རྡོ་རྗེ།
   
   
   
   
   
   
   


 
previousདཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས། འགྱུར་མེད་རྡོ་རྗེ།next

དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས། འགྱུར་མེད་རྡོ་རྗེ།

དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་ཆེན་འགྱུར་མེད་ཧེ་རུ་ཀ །སྟོང་ཉིད་ཁྲོ་མོ་དབྱིངས་ཀྱི་དབང་ཕྱུག་མར། །དགྱེས་རོལ་རྡོ་རྗེ་ཁྲ་འཐུང་ཡང་དག་དང་། །དབྱེར་མེད་དྲིན་ཅན་བླ་མར་ཕྱག་བགྱིའོ། །བདེ་ཆེན་མཆོག་གི་གྲོང་ཁྱེར་ཉམས་དགའ་བར། །མྱུར་བདེར་བགྲོད་པའི་ཐབས་ཚུལ་བླ་ན་མེད། །དབང་བསྐུར་ཆོ་ག་རྣམ་དག་གཞུང་དོན་གྱི། །སྙིང་པོ་བདེ་ཆེན་འཇུག་ངོགས་འདིར་གསལ་བྱ། །ཇི་སྐད་དུ། ཧེ་རུ་ཀ་གལ་པོ་ལས། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དུ། །སློབ་མ་རབ་གཞུག་དབང་བསྐུར་ཏེ། །བྱ་བྲལ་རྫོགས་པའི་མན་ངག་བསྟན། །ཏིང་འཛིན་བརྟན་པའི་དཀྱིལ་འཁོར་དུ། །སློབ་མ་འབྲིང་གཞུག་དབང་བསྐུར་ཏེ། །བསྐྱེད་རྫོགས་གྲུབ་པའི་མན་ངག་བསྟན། །གཟུགས་བརྙན་བསྙེན་སྒྲུབ་དཀྱིལ་འཁོར་དུ། །ཐ་མའི་སློབ་གཞུག་དབང་བསྐུར་ཏེ། །རིམ་གྱིས་བློ་སྦྱངས་མན་ངག་བསྟན། །ཞེས་གསུངས་པ་བཞིན་སློབ་མ་མཆོག་དང་འབྲིང་དང་ཐ་མའི་རིགས་ཅན་རྣམས་ལ་ཡེ་ཤེས་དང་ཏིང་ངེ་འཛིན་དང་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྐལ་པ་དང་མཚམས་པའི་དབང་བསྐུར་ནས་དེ་དང་དེའི་མན་ངག་རྣམས་སྟོན་པར་གསུངས་པ་ལས། ཕྱི་མའི་དབང་དུ་བྱས་ནས་བསྒྲུབ་པའི་རིམ་པ་ལ། དང་པོ་ས་གཞི་ཡོངས་སུ་བཟུང་། །གཉིས་པ་སྟ་གོན་གནས་པ་དང་། ནུབ་གསུམ་པ་ལ་འཇུག་པར་བྱ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་བ་ལས། སའི་ཆོ་ག་དང་། ལྷག་གནས་ཀྱང་ཆོ་ག་གཞན་དང་། དཀྱིལ་འཁོར་འདུ་བྱ་བ་དང་། བསྒྲུབ་ཅིང་མཆོད་པ་ལ་སོགས་པའི་ལས་ཀྱི་རིམ་པའི་ཁོག་དབུབ་རྣམས་ནི་དཀྱིལ་ཆོག་ལས་ཤེས་པའི་དབང་དུ་བྱས་ནས། འདིར་སློབ་མར་དབང་བསྐུར་བའི་ཆོ་ག་ལ། སྦྱོར་བ་སྟ་གོན་གྱི་ཆོ་ག་དང་། དངོས་གཞི་དབང་བསྐུར་བའི་ཆོ་གའོ། །དང་པོ་ནི། ལྷ་དང་བུམ་པ་སྟ་གོན་གྱི་ཆོ་ག་རྫོགས་པའི་རྗེས་ཉིད་དུ་བྱ་བའམ། དངོས་གཞི་དཀྱིལ་འཁོར་བཤམས་བཀོད་ཟིན་ནས་ནང་བར་དཀྱིལ་འཁོར་དུ་འཇུག་པ་བྱེད་རྒྱུའི་ཉིན་སྔ་མའི་དགོང་ཁའི་དུས་སུ་བྱས་ཀྱང་རུང་སྟེ་སྒྲུབ་རྫས་དཀྱིལ་འཁོར་རྣམས་ཡོལ་བས་བསྒྲིབས་ཏེ་མི་མཐོང་བར་བྱས། སློབ་དཔོན་གྱི་ཉེ་ལོགས་སུ་སོ་ཤིང་། ཁྱོར་ཆུ། སྲུང་སྐུད། ཀུ་ཤ །ཚོམ་བུའི་མཎྜལ། སྤོས། མེ་ཏོག །མར་མེ་དྲི་དང་བཅས་པའི་མཆོད་པ་རྣམས་བཤམས་ནས། ཆོ་ག་དངོས་ལ་བཅུ་གཅིག་ལས་དང་པོ་གསོལ་བ་གདབ་པ་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་ནས། ཆོས་བཤད་ཐོན་མོང་བ་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར། འདི་ནི་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་ཁྲག་འཐུང་གི་གལ་པོ་ཆེའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་ཉིད་བསྐུར་བ་སྐབས་སུ་བབས་པ་ཡིན་ཞིང་། དབང་དེ་ལའང་སྦྱོར་དངོས་རྗེས་གསུམ་ལས་སྐབས་འདིར་སྦྱོར་བ་སྟ་གོན་གྱི་བྱེ་བྲག་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་སྒྲུབ་པར་བྱེད་པ་ཡིན་པས། དེའི་སླད་དུ་ཐོག་མར་ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དང་འབྲེལ་བའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡོམས་ནས་འབུལ་བའི་མོས་འདུན་བགྱིས་ཏེ་ཞིང་ཁམས་འབུལ་མཛོད། ཅེས་བརྗོད་དེ་མཎྜལ་འབུལ། སླར་ཡང་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། སློབ་དཔོན་སངས་རྒྱས་དགོངས་སུ་གསོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །བདག་ནི་འཇུག་པར་འཚལ་ལགས་ན། །མགོན་པོའི་ཐུགས་རྗེས་བཟུང་དུ་གསོལ། །ཞེས་ལན་གསུམ་བརྗོད། གཉིས་པ་སྤྲོ་བ་བསྐྱེད་པ་ནི། ཀྱེ། རིགས་ཀྱི་བུ་དག་ཚུར་གཤེགས་ཤིག །ཁྱེད་ནི་ཐེག་པ་ཆེན་པོའི་རིགས། །གསང་སྔགས་ཟབ་མོའི་སྣོད་ཡིན་པས། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་འདས་པ་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དང་པོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་ཆོས་སྐུ་བརྙེས། །གསང་སྔགས་ལྟ་སྤྱོད་ཟབ་མོ་འདིས། །སྐྱོབ་པ་རྡོ་རྗེ་སེམས་དཔའ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་ནས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད། གསུམ་པ་རྒྱུད་སྦྱངས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་དབུལ་ལོ། །ཚེ་རབས་བགྲངས་བའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བརྒྱད་པ་ཚར་གསུམ་གྱིས་རྒྱུན་བཤགས་དང་། ༀ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་དེ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །ཞེས་ཤོ་ལོ་ཀ་གཅིག་གིས་ཁྱད་པར་གྱི་སེམས་གཉིས་བསྐྱེད། བཞི་པ་བྱིན་གྱིས་བརླབ་པ་ནི། ས་མ་ཡ་ཨཱ། ཞེས་བརྗོད་པས། སློབ་དཔོན་གྱི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ། དེ་ལས་འོད་ཟེར་རཾ་ཡིག་ཏུ་སྤྲོས་པས་སློབ་མའི་ཉེར་ལེན་གྱི་ཕུང་པོ་སྡིག་སྒྲིབ་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱངས་ནས། ༀ་ཨཱཿཧཱུཾ་དུ་གྱུར་པ་བདག་གི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་ནས་གདན་ལ་འཁོད་པར་གྱུར། དེའི་གནས་གསུམ་དུ་རྡོ་རྗེ་དང་བཅས་པས་བདུད་རྩིའི་ཐིག་ལེ་བྱས་ལ། ཙཀྲ་སཏྭ་ༀ། པདྨ་སཏྭ་ཨཱཿ བཛྲ་སཏྭ་ཧཱུཾ། ཞེས་པས། སྤྱི་བོར་འཁོར་ལོ་ལ་ༀ། མགྲིན་པར་པདྨ་ལ་ཨཱཿ སྙིང་གར་རྡོ་རྗེ་ལ་ཧཱུཾ་གིས་མཚན་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ལྔ་པ་མཆོད་པ་ནི། དེ་ལྟར་བྱིན་གྱིས་བརླབས་པ་དེ་མཆོད་པའི་ཡུལ་དུ་བྱས་ནས། སྤྱི་བོར་མེ་ཏོག །མདུན་དུ་སྤོས་དང་མར་མེ། སྙིང་གར་དྲིའི་བྱུགས་པ་རྣམས་ཀྱིས་མཆོད་ཅིང་གསལ་བར་བསྐྱེད་པར་བྱའོ། །དྲུག་པ་དངོས་གྲུབ་ཀྱི་ལྟས་བརྟག་པ་ནི། བླ་མའི་མདུན་དུ་བ་བྱུང་ལྔས་ཁྲུ་གང་གྲུ་བཞིར་བ་ཀོ་ཙམ་དུ་བྱུགས། དྲི་བཟང་གི་ཆག་ཆག་གདབ། མེ་ཏོག་གི་ཚོམ་བུ་ལྔ་བཀོད་པ་གདོད་ནས་གྲུབ་པའི་རིགས་ལྔའི་རང་བཞིན་དུ་མོས་པ་ལ། ཨུ་དུམྺཱ་ར་དང་ཨ་ཤྭཏྵ་ལ་སོགས་པའི་སོ་ཤིང་སྲིད་དུ་སོར་བཅུ་གཉིས་པ་སྐྱོན་དང་བྲལ་བ་བདུད་རྩིའི་ཆུས་བཀྲུས་ཤིང་རྩེ་མོར་མེ་ཏོག་བཅིངས་པ་འཁྱིལ་བའི་སྔགས་ཀྱིས་བཏབ་ནས་སློབ་མ་ཤར་དུ་ཕྱོགས་པའི་ཐལ་མོའི་བར་དུ། ༀ་བཛྲ་ཛི་ཧ་སཾ་བྷ་ར་པྲ་ཏི་ནི་ཧཱུཾ། ཞེས་པས་བྱིན་ལ། དེས་ཀྱང་། བཛྲ་ཧ་ས་ཏྲཾ། ཞེས་སོ་རྩ་དྲུད་ནས་ཚོམ་བུའི་སྟེང་དུ་དོར་རོ། །རྩེ་མོ་རང་ངམ། བླ་མའམ། ཚོམ་བུ་དབུས་མ་ལ་གཏད་ན་མཆོག་དང་། སྟེང་དུ་རིག་འཛིན། འོག་ཏུ་ས་འོག །ཕྱོགས་བཞིར་ཞི་སོགས་བཞི་དང་། མཚམས་སུ་ཕྲ་མོའི་དངོས་གྲུབ་རྣམས་འགྲུབ་ཅིང་། ཕྱིར་ལྷུང་ན་དངོས་གྲུབ་མི་ཐོབ་པས་བསྐྱར་རོ། །བདུན་པ་ཁྱོར་ཆུ་བླུད་པ་ནི། རྨི་ལམ་གསལ་བར་བྱ་ཕྱིར། པཾ་ལས་བྱུང་བའི་དྲི་བཟང་གི་ཆུ་ༀ་ཨཱཿཧཱུཾ་བཟླས་པ། ༀ་ཧྲིཿ བི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙཱ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུཾ། ཞེས་བརྗོད་ནས་ཁྱོར་བར་བྱིན་པ་ལན་གསུམ་དུ་འཐུང་ཞིང་ཁ་ལག་ཀྱང་བཀྲུའོ། །བརྒྱད་པ་སྲུང་སྐུད་གདགས་པ་ནི། རྨི་ལམ་གྱི་བར་ཆད་བསྲུང་བའི་ཕྱིར། གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོ་བརྐྱང་བ་ལུས་ཚད་དང་མཉམ་པ་སུམ་བལྟབ་ཏུ་བསྒྲིལ་བ་རྡོ་རྗེའི་མདུད་པ་གསུམ་དང་ལྡན་པ་ལ་ཡེ་ཤེས་ཀྱི་སྲད་བུ་བསྟིམས་ནས་ཕོའི་དཔུང་བ་གཡོན་དང་མོའི་གཡས་པ་ལ་བཅིངས་ཏེ། ༀ་བུདྡྷ་མཻ་ཏྲེ་རཀྵ་རཀྵ་སརྦ་ན་ཧཱུཾ་ཨ་ཧཾ། ཞེས་བརྗོད་ཅིང་ཆུ་དང་བཅས་པའི་རྡོ་རྗེས་རྒྱ་གྲམ་དུ་རེག་ལ། ༀ་བཛྲ་རཀྵ་ཧཾ། ཞེས་རྒྱས་བཏབ་ནས་བསྲུང་བར་བྱའོ། །དགུ་པ་ཀུ་ཤ་གཏད་པ་ནི། རྨི་ལམ་རྣོ་བར་བྱ་ཕྱིར། ཧཱུཾ་བཟླས་པའི་ཀུ་ཤའི་ཆུན་པོ་གཉིས། ༀ་བཛྲ་ཏིཀྵ་ན་ཧཱུཾ། ཞེས་སྔས་དང་སྟན་གྱི་དོན་དུ་བྱིན་ནོ། །བཅུ་པ་ཆོས་བཤད་པ་ནི། སྤྲོ་བ་བརྟན་པར་བྱ་བའི་ཕྱིར། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །ཞེས་བརྗོད་ནས། མདོར་ན་གསང་སྔགས་ཀྱི་ཚུལ་འདི་ནི་དཀོན་ལ་ཕན་ཡོན་ཆེ་བ་ཡིན་པས་བློ་མ་འགྱུར་བར་ཉམས་སུ་ལེན་པར་གྱིས་ཤིག །ཅེས་བསྒོ། སྤྲོས་པ་ལ་དགའ་ན་དབང་གི་གེགས་བརྒྱད་བཤད་ནའང་སྐབས་སུ་བབ་པར་འགྱུར་རོ། །བཅུ་གཅིག་པ་རྨི་ལམ་བརྟག་ན་ནི། ཁྱེད་རྣམས་དོ་ནུབ་སྔར་གཏད་པའི་ཀུ་ཤའི་སྔས་སྟན་ལ་སེངྒེའི་ཉལ་སྟབས་ཀྱིས་དུས་གསུམ་གྱི་རྣམ་རྟོག་མེད་པར་ཉོལ། ཐུན་གསུམ་གྱི་ཐ་མ་ལ་རྨི་ལམ་མཐོང་བ་གང་ཡིན་པ་ནང་པར་ང་ལ་སྨྲ་བར་གྱིས་ཤིག །ཅེས་གདམས་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ་གཏད་དོ། །དེ་ནས་དཀྱིལ་འཁོར་གྱི་ཡོལ་བ་བསལ་ཏེ། སྟ་གོན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས་སྙན་གསན་ཕབ། ༀ་བཛྲོད་ཏིཥྛ། ཞེས་པས་ནམ་མཁར་བཏེགས་ནས་སླར་ཡང་མཆོད་པར་བྱའོ། །སྔོན་དུ་སྒྲུབ་དཀྱིལ་བཤམས་ཟིན་ན་ནི་འདེགས་མི་དགོས་སོ། །གང་ལྟར་ཡང་། དེ་ནས་ཚོགས་མཆོད་དང་། གཏོར་ཆོག་རྣམས་དང་། བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་རྫོགས་པར་བྱས་ནས་ཉལ་བའི་རྣལ་འབྱོར་གྱིས་ཉལ་ཏེ། ནངས་པར་སློབ་མ་རྣམས་རྨི་ལམ་བཟང་ན་སྤྲོ་བ་བསྐྱེད་ཅིང་དགེ་བ་སྤེལ། ངན་ན་ལས་སྔགས་དང་དྲག་པོའི་སྦྱིན་སྲེག་སྦྱང་བ་རྣམས་བྱའོ། །དེ་དག་ནི་ནུབ་གཉིས་པའི་བྱ་བའོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། དཀྱིལ་འཁོར་འདུ་བྱ་བ་དང་། སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་སློབ་མ་ལ་དབང་བསྐུར་བ་དང་བཞི་ལས། དང་པོ་གཉིས་དཀྱིལ་ཆོག་ཏུ་བལྟ་ཞིང་། གསུམ་པ་བདག་ཉིད་འཇུག་པ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་ཕྱོགས་ཏེ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཞེས་སོགས་ཀྱིས་རིག་པའི་མེ་ཏོག་དོར་ནས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་ནུས་ལྡན་དུ་བྱ་བསྒྲུབ་ཐབས་བཞིན་དང་། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་པས་སློབ་མ་གཞུག་པར་གསོལ་བ་བཏབ་ནས་གནང་བ་ནོད་པར་བྱའོ། །བཞི་པ་སློབ་མར་དབང་བསྐུར་བ་ལ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པ་ལ་བཅུ་གཉིས་ལས། དང་པོ་སྔོན་འགྲོའི་ཡན་ལག་ནི། སློབ་མ་བྱང་ཆུབ་ལ་ཡིད་ཆེས་པའི་རྟོགས་པས་རྒྱུད་དག་ཅིང་། འཕངས་པ་མེད་པའི་ཡོན་གྱིས་སློོབ་དཔོན་མཉེས་པར་བྱེད་པ་རྣམས། ལས་བུམ་གྱི་ཆུས་ཁྲུས་བྱས། ཕྱག་དང་ཡོན་གྱི་དང་པོ་ཕུལ་ནས་དཀྱིལ་འཁོར་གྱི་ཡོལ་བའི་ཕྱི་རོལ་ཤར་ཕྱོགས་སུ་འཁོད་པ་ལ། བགེགས་བསྐྲད་ནས། འོ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སློབ་པའི་ཟུང་འཇུག་གི་ངོ་བོ་ཉིད་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་རིན་པོ་ཆེ་གང་ཞིག་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་རྣམས་ལེགས་པར་ནོད་ནས་ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་བླང་དོར་མ་འཛོལ་བར་བགྱིས་ཏེ་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་སྤྱིར་བདག་ཅག་གི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་རྣམས་ཀྱི་ཁམས་དང་། དབང་པོ་དང་། བསམ་པའི་རྗེས་སུ་འགྲོ་བའི་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་བསྐོར་བར་མཛད་པ་ཡིན་ཡང་། རེ་ཞིག་སྤང་གཉེན་གྱི་སྒོ་ནས་བསྡུ་ན། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་བྱེ་བྲག་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོའང་དེ་སྙེད་ཅིག་ཏུ་གྲངས་ངེས་པ་ཡིན་ཏེ། དེ་སྐད་དུའང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་གཞུང་དང་མན་ངག་ཙམ་གྱི་སྒོ་ནས་བསྡུ་ན། གཞུང་མཚན་ཉིད་ཕར་ཕྱིན་གྱི་ཐེག་པ་དང་། མན་ངག་གསང་ཆེན་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། དེ་ཉིད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར་ལས། འདིར་སྐབས་སུ་བབས་པ་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་བཤད་པ་ལྟར་ཁྱད་ཆོས་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཉིད་ཡིན་ཞིང་། དེ་ལས་ཡང་ཤེས་བྱེད་རྒྱུད་སྡེའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་ལྟ་སྤྱོད་ཙམ་གྱི་སྒོ་ནས་བསྡུ་ན། སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་། ལྟ་བ་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་དེ་གཉིས་སུ་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་འདུ་བ་ལས། འདིར་ཕྱི་མ་སྟེ། དེ་ཡང་རྣལ་འབྱོར་གྱི་རྒྱུད་ཙམ་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་གཉིས་སུ་ཡོད་པ་ལ། འདི་ནི་རྣལ་འབྱོར་བླ་ན་མེད་པ་ལ་ནང་གསེས་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟོན་པའི་གཞུང་རྒྱུད་ལུང་མན་ངག་གསུམ་ཡོད་པའི་དང་པོ་རྒྱུད་མ་ཧཱ་ཡོ་ག །དེ་ལའང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་མ་ཧཱ་སྟེ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་དང་། བསྐྱེད་རིམ་གྱི་སྤྲོས་པ་ཤས་ཆུང་ཞིང་ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་དུ་ཉམས་སུ་ལེན་པ་མ་ཧཱའི་ཨ་ནུ་སྟེ་མ་རྒྱུད་སངས་རྒྱས་མཉམ་སྦྱོར་དང་དཔལ་ཡང་དག་ལ་སོགས་པ་དང་། བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་བསྐྱེད་པའི་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པ་མ་ཧཱའི་ཨ་ཏི་སྟེ་གཉིས་མེད་ཀྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ལས། འདིར་སྔ་འགྱུར་བཀའ་མའི་བཀའ་སྲོལ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ་ལས། ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་རོལ་པའི་རྒྱུད་ཀྱི་བྱེ་བྲག་དཔལ་ཁྲག་འཐུང་གི་གལ་པོ་ཆེའི་རྒྱུད་ཀྱི་རྗེས་སུ་འབྲངས་བ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། དེ་ལ་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས། རྒྱུད་ཀྱི་དྲི་མ་བྱང་བའམ་ཉམས་སྨད་པར་བྱས་ཤིང་། ཐར་བའི་མྱུ་གུ་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་སྨིན་པར་བྱས་པ་སྟེ། ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ། དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། ཡང་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས། དབྱེ་ན་ཕྱི་ཡི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། རྫོགས་པའི་དབང་སྟེ་བཞིའོ། །དེ་ཡང་དབང་བསྐུར་བ་ནི་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དེ་ལའང་རྡོ་རྗེ་རྩེ་མོ་ལས། སེམས་ཅན་ཤིན་ཏུ་གདུལ་དཀའ་གང་། །སྡོམ་པ་འཛིན་པར་མི་བྱེད་ཅིང་། །དད་དང་ལྡན་པ་མེད་པ་ཡང་། །འཇུག་པ་ཉིད་ནི་དགག་མི་བྱ། །ཞེས་པས་རེ་ཞིག་དབང་གི་སྣོད་དུ་མ་གྱུར་པའི་གང་ཟག་ཡིན་ནའང་། དཀྱིལ་འཁོར་དུ་བཅུག་པ་ཙམ་ལ་འགལ་བ་མེད་པར་གསུངས་མོད། དཀྱིལ་འཁོར་དུ་མ་བཅུག་པ་ལ་དབང་བསྐུར་བ་ནི་ནམ་དུའང་མི་རུང་སྟེ། ཇི་སྐད་དུ། དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་མ་སྨྲ་ཞིག་ཅེས་གསུངས་པའི་ཕྱིར། དེས་ན། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་གཞུག་པར་བྱ། །ཞེས་གསུངས་པ་ལྟར་སྟ་གོན་དུ་གནས་པ་ཡན་ཆད་སོང་ནས། དངོས་གཞི་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ཡོད་པ་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་རིག་པས་འཇུག་པ་རྣམས་ཆད་ལྷག་མེད་པར་སྔོན་དུ་གྲུབ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་ནོད་པའི་བྱ་བ་གཉིས་ལས། འདིར་འཇུག་པའི་ཡན་ལག་ཁྲུས་དང་བགེགས་བསལ་བ་སྔོན་དུ་སོང་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ། མཎྜལ་ཕུལ་མཛོད། ཅེས་བརྗོད་དོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བཏབ་པའི་སྟོད་གཡོགས་དང་སྨད་དཀྲིས་བགོ་བའམ། མེད་ཀྱང་རུང་སྟེ། རིགས་ཀྱི་ཁ་དོག་ཅན་གྱི་དར་རམ་རས་སྒོ་སྲུང་གི་སྔགས་སམ་ཨ་ཁཾ་ཝི་ར་ཧཱུཾ་གིས་བསྔགས་པས་མིག་བཀབ། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ། ༀ་པྲ་བེ་ཤ་ཧཱུཾ། ཞེས་ལག་ཏུ་གཏད། གཉིས་པ་གསོལ་བ་གདབ་པ་ནི། སྔགས་ཀྱི་དངོས་གྲུབ་ལ་རྩེ་གཅིག་ཏུ་མོས་པས་ཐལ་མོ་སྦྱར་བ་བཏུད་དེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལན་གསུམ་གྱི་གསོལ་བ་གདབ། གསུམ་པ་སྤྲོ་བ་དྲི་བ་ནི། སློབ་དཔོན་གྱིས། ཁྱོད་ནི་དགའ་བ་ཅི་ལ་དད། །ཅེས་དྲི། སློབ་མས། བདག་ནི་སྐལ་བཟང་བདེ་ཆེན་ལ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །མཆོག་ཏུ་དགའ་ལ་བདག་དགའོ། །ཞེས་ལན་བཏབ། བཞི་པ་ནང་དུ་དྲང་བ་ནི། སློབ་མ་ལ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཛིན་དུ་བཅུག་སྟེ། བུ་འདིར་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤང་བའི་དང་ཡིད་ཀྱིས། །གཏོར་ཞིང་རང་སེམས་བརྟན་པོར་བཟུང་། །ཡང་དག་གྲུབ་པའི་རྫོགས་དབང་སྦྱིན། །ཞེས་དཀྱིལ་འཁོར་གྱི་ནང་དུ་དྲངས་པར་མོས་ཏེ་ཡོལ་བ་བསལ། ལྔ་པ་ཕྱག་བྱ་བ་ནི། རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་བདྲེན་པའི་དཔལ་ལགས་པས། །རིན་ཆེན་ཅན་ལ་ཕྱག་བཙལ་ཏེ། །བྱམས་མགོན་ཁྱོད་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་ཕྱག་བྱ། དྲུག་པ་རྒྱུན་བཤགས་བྱ་བ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྙི་གར་སྦྱར་ཏེ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་སམ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་ཡི་རང་ངོ་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །དགེ་བ་ཀུན་ལ་རྗེས་སུ་སྨོན། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། བདུན་པ་བྱིན་གྱིས་བརླབ་པ་ནི། སློབ་མའི་སྙིང་གར་མ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་དགུ་པ་ཧཱུཾ་ཡིག་བསྐལ་པའི་མེ་ལྟར་འབར་བས་མཚན་པ་ལས་འོད་འཕྲོས། ཉེ་བར་ལེན་པའི་ཟག་བཅས་ཀྱི་ཕུང་པོ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྲེགས། རྣམ་ཤེས་སྐད་ཅིག་མའི་རྒྱུན་མར་མེ་ལྟར་གནས་པ་ལ། སློབ་དཔོན་གྱིས་གསང་སྔགས་བརྗོད་བཞིན་དུ་སྤྲོས་ཏེ་བསྟིམས་པས་དཔལ་ཁྲག་འཐུང་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར་ནས་སྙོམས་པར་ཞུགས་པའི་བྱང་སེམས་ཨ་ཡིག་དམར་པོ་ཟླ་བ་ལྟར་གང་བ་ཟུང་དུ་གྱུར་པའི་འོད་ཀྱིས་ལུས་ཀྱི་ཉེས་པ་ཐམས་ཅད་ཡོངས་སུ་དག་པར་བསམ་ལ། ལས་བུམ་གྱི་ཆུས་བསང་བར་བྱའོ། །བརྒྱད་པ་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། རིགས་ཀྱི་བུ། ངེས་དེང་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་ཅིང་། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གནས་པར་བྱས་ཟིན་པས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ཟིན་ན་ཐུན་མོང་གི་དངོས་གྲུབ་ཕལ་པ་ཐོབ་པར་ལྟ་སྨོས་ཀྱང་ཅི་དགོས་པས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་སུ་ལ་ཡང་མ་སྨྲ་ཞིག །གལ་ཏེ་སྨྲས་ན་ཁྱོད་དམ་ཚིག་འགལ་བར་འགྱུར་རོ། །ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག །དུང་ཆེན་བདུད་རྩིས་གང་བ་བཟུང་ནས་རྡོ་རྗེ་སྙིང་གར་བཞག་སྟེ། རྡོ་རྗེ་སེམས་དཔའ་བདག་ཉིད་ནི། །ཁྱོད་ཀྱི་སྙིང་ལ་རབ་ཏུ་གནས། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །རྡོ་རྗེ་ཡེ་ཤེས་འོད་ཟེར་གྱིས། །བསད་ནས་སེམས་ཅན་དམྱལ་བར་སྐྱེ། །ཀྱཻ། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །ཁྱོད་ཀྱི་སྙིང་ལ་ཀུན་ཏུ་གནས། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །གཞན་དུ་དམ་ཚིག་མི་འགྱུར་ཏེ། །དངོས་གྲུབ་ཉིད་དུའང་མི་འགྱུར་རོ། །སྔགས་རྣམས་ཀུན་གྱི་དམ་ཚིག་ནི། །རྒྱལ་བ་རྣམས་ཀྱང་མི་འདའོ། །ཞེས་ཉེས་དམིགས་ཀྱིི་སྒོ་ནས་དམ་ལ་བཞག །དུང་ཆེན་གྱི་བདུད་རྩི་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། །ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ༀ་ཨི་དནྟེ་ན་ར་ཀན་སརྦ་པ་ཏི་ཧྲི་ད་ཡ་ཧཱུཾ་ཧྲཱིཿཋཱ། ཞེས་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག །སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ནས། རིགས་ཀྱི་བུ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ཕྱིན་ཆད་ངས་ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱོས་ཤིག །ངའི་བཀའ་ལས་འདས་བར་མ་བྱེད་ཅིག །གལ་ཏེ་འདས་ན་ཁྱོད་དུས་མ་ཡིན་པར་འཆི་བའི་དུས་བྱས་ནས་དམྱལ་བར་སྐྱེ་བར་འགྱུར་ཏ་རེ། ཞེས་བཀའ་གཉན་པའི་སྒོ་ན ས་དམ་ལ་བཞག་གོ། །དགུ་པ་ཡེ་ཤེས་དབབ་པ་ནི། སློབ་མས་མཎྜལ་ཕུལ་ཏེ། བདག་ལ་རྡོ་རྗེ་ཁྲག་འཐུང་ཆེན་པོ་དབབ་པར་མཛད་དུ་གསོལ། །ཞེས་གསོལ། སློབ་དཔོན་གྱི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དེའི་སྙིང་གར་བཅིངས་ཏེ། འདི་ནི་དམ་ཚིག་ཁྲོ་བོ་སྟེ། །རྡོ་རྗེ་ཁྲང་འཐུང་ཞེས་སུ་འདོད། །བླ་མེད་ཡེ་ཤེས་རྡོ་རྗེ་ལྷ། །ཁྱོད་ལ་དེ་རིང་དབབ་པར་བྱ། །ཞེས་བརྗོད་ནས། སློབ་མ་ལུས་དྲང་པོར་བསྲངས་ཏེ་གནས་པའི་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར་བསྐལ་པའི་མེ་ལྟར་འབར་བའི་སྟེང་དུ་ཧཱུཾ་ལས་ཁྲོ་བོ་རྡོ་རྗེ་ཧཱུཾ་གིས་མཚན་པར་བསམ་ནས། གཡོན་པའི་ཁུ་ཚུར་ཁ་སྦུབ་པའི་སྲིན་ལག་གཡས་པའི་མཛུབ་མོས་དྲངས་པ་རྡོ་རྗེ་དབབ་པའི་རྒྱ་བཅིངས་ཏེ། ༀ་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཞེས་བརྗོད་པས་དཔལ་ཆེན་པོ་ཧེ་རུ་ཀ་སྐུ་མདོག་དང་ཆ་ལུགས་ཇི་ལྟ་བ་བཞིན་སད་པར་གྱུར་པ་ལ། བླ་མའི་སྙིང་གའི་འོད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ཏེ་སློབ་མའི་སྙིང་གར་ཐིམ་པར་བསམ་ཞིང་། སྤོས་ཆེན་གྱིས་བདུག །ཌཱ་དྲིལ་སོགས་རོལ་མོ་སྣ་ཚོགས་པའི་སྒྲ་དང་སྦྱར་ཏེ། རུ་ལུའི་མཐར་ཡེ་ཤེས་དབབ་པའི་སྔགས་བཏགས་པ་དྲག་ཏུ་བཟླའོ། །བབས་པའི་རྟགས་ལུས་འཕར་ཞིང་གཡོ་བ་དང་། སྔགས་བརྗོད་པ་དང་། མངོན་པར་ཤེས་པ་འཆར་བ་ལ་སོགས་པ་འབྱུང་ཞིང་། དེ་ཉིད་བརྟག་པར་བྱས་ནས་སྣང་བ་དྲིས་ཏེ་ལུང་བསྟན་པར་བྱའོ། །བཅུ་པ་མེ་ཏོག་འབུལ་བ་ནི། སྔོན་ཚེ་ཚེ་རབས་གྲངས་མེད་ནས། །དགེ་བའི་ལས་ཀྱིས་བསྟེན་པའི་ལྷ། །ལྷག་པའི་ལྷ་ནི་གང་ཡིན་པར། །ད་ལྟ་ཉིད་དུ་འབབ་པར་ཤོག །ༀ་བཛྲ་པྲ་ཏི་གྲྀ་ཧྣ་ཧཱུཾ། ༀ་བཛྲ་པྲ་ཏཱིཙྪ། བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ནས་དཀྱིལ་འཁོར་དུ་མེ་ཏོག་དོར་ཞིང་། ལྷ་གང་ལ་བབས་པ་དེ་ཡི་དམ་དུ་བྱིན་ནས། མེ་ཏོག་དེ་ཉིད་ལྷ་དེའི་སྔགས་དང་། ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ། ཞེས་པས་མགོ་བོར་བཅིངས་ནས་ལྷ་དེ་སློབ་མ་ལ་དབྱེར་མེད་དུ་བསྟིམ། བཅུ་གཅིག་པ་མིག་དབྱེ་བ་ནི། ཡི་གེ་བྲིས་བྱིན་གྱིས་བརླབས་པའི་གསེར་གྱི་ཐུར་མ་བཟུང་ལ། སློབ་མའི་མིག་གཉིས་ལ་ཡང་ཡི་གེ་པྲ་བསམ་ནས། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་ཐུར་མ་ཐོགས་ནས་ནི། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་མི་ཤེས་རྨོངས་པ་ཡི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། ཤེས་བྱའི་སྒྲིབ་པ་བསལ་ནས་ཤེས་རབ་ཀྱི་མིག་ཐོབ་པར་བསམ་ཞིང་། ༀ་བཛྲ་ཙཀྵུ་ཀ་མ་ལ་སརྦ་སུ་ར་ཏ་སྟྭཾ། ཞེས་བརྗོད་ཅིང་གདོང་གཡོགས་བཀྲོལ། བཅུ་གཉིས་པ་མཐོང་བ་བསྟན་པ་ནི། སློབ་མའི་མིག་གཉིས་ལ་རྡོ་རྗེ་བསམ་ནས། དེ་རིང་རིགས་ཀྱི་བུ་ཁྱོད་ཀྱི། །རྩོལ་བའི་སེམས་སྟོབས་མ་ཆུང་བར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཡེ་ཤེས་དཀྱིལ་འཁོར་གཟུགས་བརྙན་ནི། །ཀུན་རྫོབ་གཟུགས་སུ་བསྟན་པ་ཡིན། །འདི་ལ་དད་པ་རབ་ཏུ་བསྐྱེད། །རྩེ་གཅིག་ཡིད་ཀྱིས་གནས་བགྱིས་ལ། །སེམས་ནི་གཞན་དུ་མ་ཡེངས་ན། །དངོས་གྲུབ་གཞན་དུ་མི་འགྱུར་ཏེ། །འོན་ཀྱང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་དངོས་སུ་ད་གྱུར་ཏེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འབྱོར་པ་ཐམས་ཅད་མངོན་དུ་གྱུར། །རྟེན་དང་དགོས་གྲུབ་ཐམས་ཅད་ཀྱང་། །ཁྱོད་ལ་མངོན་དུ་ཕྱོགས་འགྱུར་བས། །དངོས་གྲུབ་བསྒྲུབ་ཕྱིར་དམ་ཚིག་སྲུངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་དང་། རིགས་ཀྱི་བུ་ཉོན་ཅིག །གཞལ་ཡས་ཁང་འདི་ནི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ལས་གྲུབ་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པའི་རྟགས་སུ་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་ལ་སོགས་པ་གཞལ་ཡས་ཁང་གི་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པར་སྣང་བའོ། །ཁྱད་པར་སྐུ་གསུང་ཐུགས་དང་ལྡན་པས་ཐོད་པའི་ཕྲེང་བ། ཐབས་ཤེས་དབྱེར་མེད་པས་ཉི་ཟླ། །ཡེ་ཤེས་བཞིའི་དོན་རྟོགས་ཤིང་བྱང་ཆུབ་ཀྱི་སེམས་ཉོན་མོངས་པ་དང་བག་ཆགས་ཀྱིས་མ་གོས་པར་ཟླ་གམ་དང་། ཐུགས་རྗེས་ཐམས་ཅད་ཁྱབ་པས་རིན་པོ་ཆེའི་བླ་རེ་དང་། འདོད་ཡོན་ལྔ་ལ་སྤྱོད་པས་ན་བཟའ་སྣ་ཚོགས་དང་། ཆེ་བའི་ཡོན་ཏན་དང་ཐུགས་རྗེ་རྒྱུན་མི་འཆད་པས་ཕྲེང་བས་ཀྱང་བརྒྱན་པའོ། །དཀྱིལ་འཁོར་པདྨ་ཞེས་གསུངས་ཏེ། །མཆོག་ནི་ཡིད་ཀྱི་དཀྱིལ་འཁོར་རོ། །གཞལ་ཡས་ཁང་བརྩེགས་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞིའི་དབྱིབས། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་ཐར་བརྒྱད་ལྡན་རྟ་བབས་སོ། །རིན་ཆེན་སྒོ་སྟེ་ཐུགས་རྗེའི་དང་། །ཡང་དག་སྤོང་བཞི་ཏ་ར་ཎ། །དྲན་པ་ཉེར་བཞག་སྒོ་ཁྱུད་དང་། །རྫུ་འཕྲུལ་རྐང་བཞིའི་སྒོ་ཁྱམས་ལྡན། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བརྒྱད་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་གཅོད་འཛེམས་མུ་ཏིག་ཕྲེང་། །དྲིལ་བུ་འཕན་དག་རླུང་བསྐྱོད་པ། །ཤེས་རབ་ཆོས་སྒྲ་སྒྲོགས་པ་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །རྟེན་འབྲེལ་མཚན་པའི་མེ་ལོང་དང་། །ཡེ་ཤེས་ལྔ་ཡི་ཚོན་རྩི་དང་། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་བརྒྱན་པའོ། །དེ་ལྟར་རྒྱུ་འབྲས་རྣམ་པར་དག་པའི་རང་བཞིན་གནས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་དེ་ལ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྟན་པར་བྱ་སྟེ། དེ་ཡང་ཡེ་ཤེས་ཆེན་པོ་ལྔའི་བདག་ཉིད་ཕུང་པོ་ལྔ་གནས་འགྱུར་ནས་ཐོབ་པའི་སྐུ་ནི་དེ་བཞིན་གཤེགས་པ་རིགས་ལྔར་སྣང་བ་ལས། སེམས་ཅན་ཉོན་མོངས་པ་ལྔའི་མུར་ཐུག་པ། ཞི་བས་འདུལ་བར་མི་སྤྱོད་པ། གདུག་ཅིང་གཏུམ་པ་རྣམས་འདུལ་བའི་ཕྱིར་ཧེ་རུ་ཀ་རིགས་ལྔར་བཞེངས་པ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་མཐའ་ཡས་པར་བསྟན་པ་ནི། འབར་བ་ཆེན་པོའི་གར་དགུ་དང་། ཁྲོ་ཚུལ་དྲུག་ཅུ་རྩ་བཞི་དང་ལྡན་པ། ཐུན་མོང་དང་། ཕྱག་གདུབ་སོགས། ཁྱད་པར་དང་། ཐོད་སྐམ་ཉི་ཟླ་སོགས། རྨད་དུ་མཚན་མ་གསུམ་སོགས། བྱུང་བའི་ཆོས་རྣམ་པ་གསུམ་གྱིས་བརྒྱན་པ་སྐུ་མདོག་དང་། ཕྱག་མཚན་དང་། རྒྱན་དང་ཆ་ལུགས་རྣམས་ཅིར་ཡང་སྣང་བ་ལས། འདིར་ནི་རིགས་ཀྱི་དབང་གི་དབུ་གསུམ་ཕྱག་དྲུག་པར་བསྟན་པ་སྟེ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་ཞལ་དཀར་པོ་འཛུམ་པ། གཡོན་ཞལ་དམར་པོ་གཤེ་བ། དབུས་ཞལ་མཐིང་ནག་ཁྲོས་པའི་ཉམས་ཅན། ཉི་ཟླ་འབར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཕཊ་ཀྱི་རྐན་སྒྲ་སྡེབ་ཅིང་ཤངས་ནས་ཧཱུཾ་སྒྲ་འབྱིན་པ། སྨིན་མཚམས་ནས་ཁྲོ་གཉེར་གཡོ་བ། སྨ་ར་དང་སྨིན་མའི་གློག་འོད་འཁྱུག་ཅིང་། རལ་པ་ཁམ་ནག་གྱེན་དུ་འབར་བ། ཉི་མ་བྱེ་བའི་གཟི་མདངས་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་རྒྱས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་དྲིལ་བུ། བར་པ་གཉིས་ཀྱི་ཁ་ཊྭཱཾ་ཀ་དང་ཐོད་པ་ཁྲག་གིས་གང་བ། ཐ་མ་གཉིས་ཀྱིས་ཐོད་པའི་རྔེའུ་ཆུང་དང་། རྒྱུ་མའི་ཞགས་པ་བསྣམས་པ། ཞབས་བཞི་གཡོན་བརྐྱང་བའི་སྟབས་ཀྱི་རོལ་པ། ཐོད་སྐམ་ལྔའི་དབུ་རྒྱན་ཅན། ཐོད་རློན་གྱི་དོ་ཤལ་དང་། ཐོད་ཚལ་སྦྲུལ་རྒྱན་དང་བཅས་པ། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྔོ་སྐྱ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་དུང་ཁྲག་སྟོབ་པ། གཅེར་བུ་ལང་ཚོ་རྒྱས་པའི་འཇོ་སྒེག་ཅན། ཞབས་གཡས་བརྐྱང་བའི་རོལ་པས་ཡབ་དང་གཉིས་སུ་མེད་པར་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུག་པའི་དབུས་ན་བཞུགས་པའོ། །འདིའི་ཡེ་ཤེས་ཀྱི་རང་རྩལ་འཁོར་གྱི་ཁྲོ་མོ་བརྒྱད་དུ་ཤར་བ་ནི། ཤར་དུ་དཀར་མོ་མཐིང་ཀ་གཡས་ཞིང་དབྱུག་འཕྱར་ཞིང་། གཡོན་བྷན་དམར་འཛིན་པ། ལྷོར་རྐུན་མོ་སེར་མོ་མདའ་གཞུ་འགེངས་པའི་རྩེ་མོ་གཙོ་བོའི་ཐུགས་ཀར་གཏོད་པ། ནུབ་ཏུ་སྤོས་མོ་དམར་མོ་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་བྷན་དམར་འཛིན་པ། བྱང་དུ་རྨོངས་མོ་མཐིང་ནག་གཡས་རྡོ་རྗེ་རྒྱ་གྲམ་འཕྱར་ཞིང་། གཡོན་ཞིང་ཆུང་གི་དབྱུག་པ་གཡོབ་པ། ཤར་ལྷོར་རྒན་བྱེད་མ་དམར་སེར་གཡོན་ཞིང་ཆུང་བཟུང་བའི་རྒྱུ་མ་གཡས་པས་འདྲེན་ཅིང་སྟོབ་པ། ལྷོ་ནུབ་ཏུ་ཐལ་བྱེད་མ་ལྗང་ནག་གཡས་པའི་རྡོ་རྗེས་གཡོན་གྱི་དུང་ཁྲག་དཀྲུག་ཅིང་གསོལ་བ། ནུབ་བྱང་དུ་མ་ཚོགས་མ་མཐིང་ནག་ཕྱག་གཉིས་ཀྱིས་ཞིང་བཟུང་ནས་སྙིང་ཟ་བ། བྱང་ཤར་དུ་དུར་ཁྲོད་མ་སེར་སྐྱ་གཡོན་ཞིང་ཆུང་བཟུང་བའི་མགོ་བོ་གཡས་པས་བཅད་ནས་ཟ་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། སྐྲ་སེར་པོ་འབར་བ། གཅེར་བུ་དུར་ཁྲོད་རོལ་པའི་ཆས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་ཞིང་གི་སྟན་ལ་རོལ་པའོ། །དེ་ལྟར་སྐུ་ཕྱག་རྒྱའི་མཚན་ཉིད་ཐ་དད་པར་སྣང་ཡང་། ཡེ་ཤེས་དང་རང་བཞིན་གཞན་དུ་འགྱུར་བ་མེད་ཅིང་། ཆོས་ཀྱི་སྐུ་ལས་གཡོ་བ་མེད་པར་ཤེས་པར་བྱའོ། །དེ་ཡང་། ཡུལ་ཅན་ཡེ་ཤེས་འདུས་པའི་ངོ་བོ་ནི་ཤྲཱི་ཧེ་རུ་ཀའོ། །ཡུལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་ཡུམ་ཀྲོ་དྷཱི་ཤྭ་རཱི་མའོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ནི་གོ་རཱི་མ་ཁྲོ་མོ་བརྒྱད་དོ། །དེའི་ཡུལ་ལ་སོགས་པ་ནི་སེངྷ་ཕྲ་མེན་བརྒྱད་དོ། །རྒྱན་གྱི་ལྷ་མོ་དང་དབང་ཕྱུག་མ་ལ་སོགས་པ་དེ་དག་གི་བྱིན་རླབས་ཀྱི་ཆོ་འཕྲུལ་ཤར་བའོ། །དེ་རྣམས་རྣམ་པ་ཐ་དད་པར་སྣང་ཡང་། དོན་དབྱིངས་དང་ཡེ་ཤེས་ལས་མི་གཡོ་བ་ནི་དོན་དམ་པའི་བདེན་པའོ། །རྟགས་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྣང་བ་ནི་ཀུན་རྫོབ་བདེན་པའི་ཚུལ་དུ་སྣང་བའོ། །ཞེས་སོགས་རྒྱས་བསྡུས་སྐབས་དང་འཚམས་པར་འཆད་ཅིང་། གཞན་དུ་འདིར་རྟེན་དང་བརྟེན་པའི་རྣམ་པ་ཙམ་བསྟན་ནས་དེ་ཉིད་བརྗོད་པ་གདོད་དབང་བསྐུར་ནས་བྱའོ་ཞེས་བཤད་ཀྱང་མཐའ་གཅིག་ཏུ་མ་ངེས་སོ། །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་དངོས་ལ། ཕྱིའི་དབང་དང་། ནང་གི་དབང་དང་། གསང་བའི་དབང་དང་། རྫོགས་པའི་དབང་དང་བཞི་ལས། དང་པོ་ལ་སྔོན་འགྲོའི་ཡན་ལག་དང་། དངོས་གཞིའི་དབང་གཉིས་ལས་དང་པོ་ནི། མཎྜལ་ཕུལ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱིས། །ཇི་ལྟར་མཆོད་ཆེན་བགྱིས་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་ཕན་ཡོན་གྱི་སྤྲོ་བ་བསྐྱེད་ནས། རང་བཞིན་ལྷུན་གྲུབ་ཀྱི་རྒྱལ་བ་ནམ་མཁའི་དབྱིངས་གང་བར་བཞུགས་པ་ལ། བཅོམ་ལྡན་འདས་ཡེ་ཤེས་ཀྱི་གཙོ་བོ་རྣམས་ཀྱིས་བདག་དང་སློབ་མར་བཅས་པ་ལ་ཡེ་ཤེས་བླ་ན་མེད་པའི་དབང་བསྐུར་དུ་གསོལ། ཞེས་སློབ་དཔོན་གྱིས་ནམ་མཁའི་ལྷ་ལ་གསོལ་བ་བཏབ་པས། དེ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པས་ཕྱོགས་ཀུན་ཁྱབ་པར་བྲེས། དུང་དང་རྔ་བོ་ཆེ་དང་རྒྱུད་མངས་ལ་སོགས་པ་རོལ་མོ་སྣ་ཚོགས་སྙན་པར་བསྒྲགས། བཀྲ་ཤིས་པའི་གླུ་དབྱངས་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བསམ་མོ། །གཉིས་པ་དབང་དངོས་ལ་བཅུ་བདུན་ལས། དང་པོ་སྐུ་གསུང་ཐུགས་རྡོ་རྗེར་དབང་བསྐུར་བ་ནི། སློབ་མའི་སྤྱི་མགྲིན་སྙིང་གར་ཟླ་བ་པདྨ་ཉི་མ་ལ་གནས་པའི་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་རྣམས་འོད་འབར་བར་བསམ་ལ། ༀ་བུདྡྷ་བཻ་རོ་ཙ་ན་ༀ། ཞེས་བརྗོད་པས། ༀ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་རང་འདྲའི་སྤྱན་མ་དང་སྦྱོར་བ། དེ་ལས་རྣམ་སྣང་ཡབ་ཡུམ་དཔག་མེད་སྤྲོས་ནམ་མཁའ་གང་བར་བཞུགས་པ་ལ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ཡིར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁའི་རྣམ་སྣང་ཡབ་ཡུམ་སྤྱི་བོར་རྣམ་སྣང་ལ་ཐིམ། དེ་ལས་འོད་ཟེར་བྱུང་བས་ལུས་ཐམས་ཅད་ཁྱབ། ལུས་ཀྱི་བག་ཆགས་བྱང་ཞིང་དག་ནས་མཚན་དཔེས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་གྱུར་པར་བསམ་ཞིང་། ༀ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ཡིར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། སྐུ་རྡོ་རྗེར་དབང་ཐོབ་པར་བསམ་མོ། །མགྲིན་པའི་ཨཱཿལ་དམིགས་ཏེ། ཨ་མི་དེ་ཝ་ཧྲཱིཿ ཞེས་བརྗོད་པས། ཨཱཿལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རང་འདྲའི་གོས་དཀར་མོ་དང་སྦྱོར་བ། དེ་ལས་སྣང་བ་མཐའ་ཡས་ཡབ་ཡུམ་དཔག་མེད་སྤྲོས་ནམ་མཁའ་གང་བར་བཞུགས་པ་ལ། ཨཱཾ། ཆོས་ཀྱི་ངག་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་གིར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་སྣང་མཐའ་ཡབ་ཡུམ་མགྲིན་པའི་སྣང་མཐའ་ལ་ཐིམ། དེ་ལས་འོད་ཟེར་བྱུང་བས་ངག་གི་བག་ཆགས་བྱང་ཞིང་དག་ནས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ཡེ་ཤེས་ཀྱི་གསུང་དུ་གྱུར་པར་བསམ་ཞིང་། ཨཱཿ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་གིར་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་གསུང་རྡོ་རྗེར་དབང་ཐོབ་པར་བསམ་མོ། །སྙིང་གའི་ཧཱུཾ་ལ་དམིགས་ཏེ། བཛྲ་ཨཀྵོ་བྷྱཿཧཱུཾ། ཞེས་བརྗོད་པས། མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འདྲའི་མཱ་མ་ཀཱི་དང་སྦྱོར་བ། དེ་ལས་མི་བསྐྱོད་པ་ཡབ་ཡུམ་དཔག་མེད་སྤྲོས། ནམ་མཁའ་གང་བར་བཞུགས་པ་ལ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང་། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་ཀྱིར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའི་མི་བསྐྱོད་པ་ཡབ་ཡུམ་སྙིང་གའི་མི་བསྐྱོད་པ་ལ་ཐིམ། དེ་ལས་འོད་ཟེར་བྱུང་བས་ཡིད་ཀྱི་བག་ཆགས་བྱང་ཞིང་དག་ནས་སེམས་ཉིད་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པའི་ཐུགས་སུ་གྱུར་པར་བསམ་ཞིང་། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཐུགས་རྡོ་རྗེར་དབང་ཐོབ་པར་བསམ་མོ། །གཉིས་པ་བུམ་པའི་དབང་ནི། སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས། ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་རིགས་ལྔའི་སངས་རྒྱས་ཡབ་ཡུམ་རྗེས་ཆགས་ཀྱི་མེས་ཞུ་བའི་བྱང་སེམས་བདུད་རྩིས་གང་བའི་བུམ་པ་སྤྱན་མ་ལ་སོགས་པའི་ལྷ་མོས་བཟུང་སྟེ་སྤྱི་བོ་ནས་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་ཀྱིས་ལུས་ཐམས་ཅད་གང་བར་བསམ་ལ། ཆོས་དབྱིངས་ཡུམ་གྱི་བུམ་པ་ན། །རྒྱལ་བའི་དཀྱིལ་འཁོར་ཕོ་བྲང་བཞུགས། །གཉིས་མེད་བྱང་ཆུབ་སེམས་བརྟགས་ཆུས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་བས། །ལུས་ལ་སངས་རྒྱས་གཏམས་པར་ཤོག །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ། བཛྲ་ཧཱུཾ། རཏྣ་ཏྲཱཾ། པདྨ་ཧྲཱིཾཿ ཀརྨ་ཨ། ཞེས་སྦྱར་བ་བརྗོད་བཞིན་དུ་མགོ་བོའི་གནས་ལྔར་བསྐུར་ཞིང་བུམ་ཆུ་བླུད། དེ་ལྟར་དབང་བསྐུར་བས་ཉེ་བར་ལེན་པའི་ཕུང་པོ་ཟག་པ་དང་བཅས་པའི་དྲི་མ་དག་ནས་ཡེ་ཤེས་ཀྱི་ལུས་ཟག་པ་མེད་པའི་སྐུ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །གསུམ་པ་དབུ་རྒྱན་གྱི་དབང་ནི། རིགས་ལྔ་ཡབ་ཡུམ་བཅུ་སྙོམས་པར་ཞུགས་པའི་བྱང་སེམས་མགོ་བོའི་གནས་ལྔར་ཐིམ་པས་ལུས་ཐམས་ཅད་གང་བར་བསམ་ལ། ཐོད་པའི་ཕྲེང་བའི་དབུ་རྒྱན་དང་། །སངས་རྒྱས་གཙུག་གི་ནོར་བུ་ཅན། །ཀུན་ནས་ཉོན་མོངས་འཇིག་རྟེན་དབང་། །མི་ཕྱེད་ལ་སོགས་དེ་འགྲུབ་པས། །ཡེ་ཤེས་ལྔ་ལྡན་དབུ་རྒྱན་འདིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་བཞིན་དུ། ཨ་དཪྴ། ས་མ་ཏཱ། པྲ་ཏྱེ་བེཀྵ། ཀྲྀ་ཏྱ་ནུཥྛཱ། ཞེས་པ་རྣམས་བརྗོད་དེ། དབང་བསྐུར་བས་སྐུ་ལྔའི་འོད་ཟེར་གྱིས་དུག་ལྔའི་ཉེས་པ་བྱང་ཞིང་དག་ནས་འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་འགྱུར་བའི་དབང་ཐོབ་པར་གྱུར་ཅིག །བཞི་པ་ཅོད་པན་གྱི་དབང་ནི། དར་རམ། རས་ཀྱི་ཅོད་པན་སྔོ་དམར་ཞེང་དུ་ཁྲུ་གང་། སྲིད་དུ་ཁྲུ་བཅུ་གཉིས་ཀྱི་ཚད་དང་ལྡན་པ་མགོ་བོར་བཅིངས་ཏེ། བག་ཆགས་ཉེས་པའི་སྐྱོན་བྲལ་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །ཡེ་ཤེས་ལྔ་ལྡན་ཅོད་པན་འདིས། །ཁྱོད་ལ་དབང་མཆོག་བསྐུར་བར་བྱ། །ༀ་བཛྲ་པ་ཊ་ལཾ་ཨ་བྷི་ཥིཉྩ་ཧྲཱིཿ ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར་ཅིག །ལྔ་པ་ཕྲེང་བའི་དབང་བསྐུར་བ་ནི། མེ་ཏོག་དང་རིན་པོ་ཆེའི་ཕྲེང་བའམ། མི་མགོའི་ཕྲེང་བ་སྐྲ་མཚམས་སུ་བཅིངས་ཏེ། འདི་ནི་རིན་ཆེན་ཕྲེང་བ་སྟེ། རིན་ཆེན་རྒྱུ་ལས་བྱས་པ་ཡིས། །བྱང་ཆུབ་ཡན་ལག་ཕྲེང་བ་འདིས། །འཕགས་མཆོད་འགྲོ་དོན་བྱེད་པ་ལ། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །བར་ཆད་མེད་པར་དབང་བསྐུར་རོ། །ༀ་བཛྲ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ། འཕགས་པ་མཆོད་པ་དང་འགྲོ་བའི་དོན་བྱེད་པ་ལ་བར་ཆད་མེད་ཅིང་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ངོ་བོ་ཉིད་དུ་འགྱུར་བའི་དབང་ཐོབ་པར་གྱུར་ཅིག །དྲུག་པ་ཕྱག་རྒྱའི་དབང་ནི། མེ་ཏོག་གང་ལ་བབས་པའི་ལྷ་དེའི་ཕྱག་རྒྱ་བཞི་ལུས་ལ་བཀོད། དམ་རྒྱ་སྙིང་གར་གཏུགས་ལ། ཧཱུཾ། ཕྱག་རྒྱ་འདིས་ནི་དབང་བསྐུར་བས། །ཆོས་རྣམས་སྐུ་གསུང་ཐུགས་ཀྱི་ངང་། །ཕྱག་རྒྱ་ཆེན་པོའི་རང་བཞིན་དུ། །རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་གྱིས། །ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨཿ ཞེས་དང་ལྷ་གང་ཡིན་དེའི་སྔགས་ལ་མུ་དྲ་སོགས་བཏགས་ཏེ་དབང་བསྐུར་བས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་འགྱུར་བ་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །བདུན་པ་བྷཉྫའི་དབང་ནི། རིགས་བཟང་གི་ཐོད་པ་སྭཱའམ་ཏྲཱཾ་བྲིས་པ་རིན་པོ་ཆེས་གཏམས་པ་གཏད་ལ། ཧཱུཾ། ཆོས་ཉིད་སྤྲོས་བྲལ་རྡོ་རྗེ་ཀ་པཱ་ལ། །སྐུ་ལྔ་ལྷུན་རྫོགས་རྡོ་རྗེ་ཀ་པཱ་ལ། ། ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་པཱ་ལ། །སྐུ་གསུམ་ལྡན་པའི་རྡོ་རྗེ་ཀ་པཱ་ལ། །མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། །ཡིད་བཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ། །སྐལ་ལྡན་ཁྱོད་ལ་དབང་འདི་བསྐུར་བ་ཡིས། །ཅི་བསམ་འགྲུབ་པའི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཀ་པཱ་ལ། དེ་བ་རཏྣ་ཏྲཻ་ལོཀྱ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལས་འོད་ཟེར་འཕྲོས་སློབ་བུའི་དྲི་མ་སྦྱངས་འོད་ཀྱི་གོང་བུར་གྱུར་པ་ལས་ལྷར་བསྐྱེད། བྷཉྫ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་དབང་བསྐུར་བས་ཡིད་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །བརྒྱད་པ་རྡོ་རྗེ་དང་དྲིལ་བུའི་དབང་ནི། ཧཱུཾ་དང་ཨཱ་ལས་རྡོ་རྗེ་དང་དྲིལ་བུ་གར་སྟབས་སུ་བསྐོར་ནས་སློབ་བུའི་ལག་པ་གཉིས་སུ་གཏད་ལ། ཉོན་མོངས་འཇོམས་པའི་རྡོ་རྗེ་དང་། །ཆོས་སྒྲ་སྒྲོགས་པའི་དྲིལ་བུ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །ཐབས་དང་ཤེས་རབ་འཕེལ་བར་ཤོག །ༀ་བཛྲ་གྷཎྜེ་པྲ་ཛྙཱོ་པ་ཡ་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་དེ། དབང་བསྐུར་བས་དོན་དབྱིངས་དང་ཡེ་ཤེས་ཐ་མི་དད་པའི་རྟགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དབང་ཐོབ་པར་གྱུར་ཅིག །དགུ་པ་འདོད་པའི་ཡོན་ཏན་ལྔའི་དབང་ནི། གཟུགས་སོགས་བུད་མེད་ལྷ་མོའི་ཚོགས། །འདོད་པ་ལྔ་ཡི་ཡོན་ཏན་དག །ཆོས་ཉིད་ཀྱི་ནི་རྒྱན་ཡིན་པས། །དགའ་མགུར་སྤྱོད་པའི་དབང་ཐོབ་ཤོག །ན་མོ་ཧ་ར་གུ་ཎ་པཉྩ་ཨ་བྷི་ཥིཉྩ་ཨ། ཞེས་དབང་བསྐུར་ཏེ་ཐེག་པ་འོག་མ་པས་བཀག་པའང་གསང་སྔགས་ཀྱི་དང་དུ་བླངས་ཏེ། འདོད་པའི་ཡོན་ཏན་ལྔའི་ལྷ་མོར་དམིགས་ནས་སྤྱད་པར་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ལ་འཇུག་པའི་དབང་ཐོབ་པར་གྱུར་ཅིག །བཅུ་པ་བདུན་རྩི་རྣམ་པ་ལྔའི་དབང་ནི། དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས་པའི་བདུད་རྩིའི་ཐོད་པ་གཏད་ལ། བྷཉྫ་བཅུད་ཡངས་ཟབ་པ་ནི། །འཁོར་ཡུག་གཏོགས་པའི་སྣོད་བཅུད་ཀུན། །བདུད་རྩིའི་རང་བཞིན་ཡིན་པས་ན། །རྟག་ཏུ་ཟ་བྱེད་ཞལ་དུ་བསྟིམ། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུཾ་ཨ། ཞེས་པས་གཡོན་པས་མཐེབ་སྲིན་ལ་ཉི་ཟླའི་སྟེང་དུ་ཧྲཱིཿཡིག་བསམ་པས་བདུད་རྩི་བླངས་པ་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱས་ནས་ཁར་བླུད་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམ་ཞིང་། བདག་དང་གཞན་གྱི་རྣམ་པར་རྟོག་པ་སྦྱོང་ཞིང་། མཆོག་དང་ཐུན་མོང་གིས་བསྡུས་པའི་དངོས་གྲུབ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག །བཅུ་གཅིག་པ་ལྕགས་ཀྱུ་རྣམ་པ་ལྔའི་དབང་ནི། ཡུམ་ལྔའི་ཡི་གེ་འབྲུ་ལྔས་བྱིན་གྱིས་བརླབས་པའི་དམ་རྫས་ཀྱི་ཐོད་པ་གཏད་ལ། མངོན་ཤེས་ལྔ་ལ་སོགས་པ་ཡི། །ཐུན་མོང་དངོས་གྲུབ་ཇི་སྙེད་དང་། །རིག་འཛིན་གཙོ་བོར་སྒྲུབ་པའི་ཕྱིར། །ལྕགས་ཀྱུ་ལྔ་ཡིས་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་མ་ཧཱ་མཱཾ་ས་པཉྩ་ཨ་བྷི་ཥིཉྩ་ཨ། ཞེས་བྱིན་ལ། མི་སྣང་བ་བཅུ་གཅིག །མངོན་པར་ཤེས་པས་ལྔ། དགུག་པ་དགུ། རིག་འཛིན་གྱི་གཙོ་བོ་ལ་སོགས་པ་འགྲུབ་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །བཅུ་གཉིས་པ་མིང་གི་དབང་བསྐུར་བ་ནི། གང་ལ་བབས་པའི་ལྷ་དེའི་རིགས་དང་མཐུན་པའི་མིང་བཏགས་ལ། འདི་ནི་རྡོ་རྗེ་མིང་གི་དབང་། །མཚན་མཆོག་འདིས་ནི་དབང་བསྐུར་བས། །སངས་རྒྱས་ཞིང་དུ་གྲགས་པ་ཡི། །རིག་འཛིན་བླ་མེད་འགྲུབ་པར་ཤོག །ཀྱེ་རྡོ་རྗེ་ཆེ་གེ། ཞེས་བོས་ནས། ཞེས་མིང་གི་དབང་བསྐུར་བས་ཞིང་ཁམས་ཀུན་ཏུ་གྲགས་པ་ཆོས་ཀྱི་རྒྱལ་པོ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །བཅུ་གསུམ་པ་སྒྲུབ་རྫས་ལྷ་ཆ་ལྔའི་དབང་ནི། ཞིང་གི་རྒྱལ་མཚན་རིགས་གཉིས། རོ་རས་ཀྱི་བ་དན། གཡང་གཞིའི་འཕན། སྤྲིན་ཆེན་གྱི་བླ་རེ་རྣམས་བསྒྲགས་ཚིག་རྒྱས་པ་གཞན་དུ་འབྱུང་བ་བཞིན་ནམ། བསྡུ་ན། ཞིང་ལྤགས་རྒྱལ་མཚན་གཉིས་དང་རོ་རས་འཕན། །གཡང་གཞིའི་བ་དན་སྤྲིན་ཆེན་བླ་རེ་སྟེ། །སྒྲུབ་རྫས་ལྷ་ཆ་ལྔ་ཡི་དབང་བསྐུར་བས། །ཉོན་མོངས་གཡུལ་བཟློག་དཔལ་ཆེན་མཐུ་ཐོབ་ཤོག །ཅེས་ཉོན་མོངས་པའི་གཡུལ་ངོ་བཟློག་ཅིང་བདུད་ཀྱི་དམག་ཚོགས་ལས་རྒྱལ་བའི་དབང་ཐོབ་པར་གྱུར་ཅིག །བཅུ་བཞི་པ་ཁ་ཊྭཱཾ་ཀའི་དབང་ནི། ཧཱུཾ། རྡོ་རྗེ་ཁ་ཊྭཱཾ་འདི་བྱིན་པས། །དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །ༀ་བཛྲ་ཁ་ཊྭཱཾ་གྷཎྜེ་ཨ་བྷི་ཥིཉྩ་ཨ། ཞེས་པས། འཇིག་རྟེན་གསུམ་པོ་དག་འཇིག་ཅིང་སླར་འཚོ་བར་བྱེད་པའི་དབང་ཐོབ་པར་གྱུར་ཅིག །བཅོ་ལྔ་པ་ཕུར་བུའི་དབང་ནི། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཤིང་བསྙེན་པ་རྫོགས་པའི་ཕུར་བུ་གཏད་ལ། ཧཱུཾ། ཁྲོ་རྒྱལ་འདུས་པའི་སྲས་ཀྱི་མཆོག །སྐུ་གསུང་ཐུགས་སུ་བྱིན་བརླབས་ཏེ། །དགྲ་བགེགས་འཇོམས་པའི་མཐུ་མངའ་བའི། །ཕུར་བུ་འདི་ཡི་དབང་བསྐུར་རོ། །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་བཾ་ཧཱུཾ་ཕཊ། ཨ་བྷི་ཥིཉྩ་ཨ། ཞེས་ལག་པ་བྱིན་གྱིས་བརླབས་པས་འདྲིལ་དུ་གཞུག །ཅེས་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་གདུག་པ་ཅན་གཏན་འཕོ་བར་བྱེད་ཅིང་ཁམས་གསུམ་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག །བཅུ་དྲུག་པ་ཚེ་དབང་ནི། ཧཱུཾ། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །རྡོ་རྗེ་སེམས་དཔའི་ཚེ་དང་དཔལ། །དེ་རིང་ཁྱོད་ལ་དབང་བསྐུར་གྱི། །ནང་མེད་བདེ་མཆོག་གྲུབ་པར་ཤོག །ༀ་ཨཱ་ཡུ་པུཎྡྱཻ་པུཎྡྱཻ་མ་ཧཱ་པུཎྡྱཻ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨ། ཞེས་པས། རྒས་རྒུད་ཀྱི་སྡུག་བསྔལ་བསལ་ཏེ་ཚེ་དབང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་བཏབ་པའི་དོན་དེ་དང་དེ་ཐོབ་པར་བསམ་མོ། །བཅུ་བདུན་པ་རྒྱལ་པོ་བཀའ་རྟགས་ཀྱི་དབང་ནི། གདུགས་དང་། རྒྱལ་མཚན་དང་། གོ་ཆ་དང་། སྙིང་པོ་ལྔ་དང་། འདོད་ཡོན་ལྔ་དང་། རིན་ཆེན་བདུན་དང་། བཀྲ་ཤིས་རྫས་བརྒྱད་རྣམས་ཀྱི་དབང་སྟེ་སྤྲོ་ན་གཞན་དུ་འབྱུང་བ་བཞིན་བྱའོ། །དེ་ལྟར་དབང་བཅུ་བདུན་པོ་ནི་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཀུན་ལས་བསྡུས་པ་སྟེ། རྡོ་རྗེའི་ཚུལ་དུ་དབང་ཡང་སྦྱིན། །ཞེས་གསུངས་པའི་དོན་ནོ། །དེ་ལྟར་ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པ་ལ་སོགས་པ་ཕྱིའི་རྫས་ལ་བརྟེན་ནས་དབང་བསྐུར་བས། ལུས་ཀྱི་དྲི་མ་དག་ནས་ས་བརྒྱད་པའི་བྱང་སེམས་དང་སྐལ་པ་མཉམ་ཞིང་། སྣང་སྲིད་ལྷའི་འཁོར་ལོར་རྟོགས་པས། ལས་དང་བྱ་བ་ལ་རྨོངས་པ་མེད་པར་འཇུག་པ་དང་། ཞུགས་པས་བདག་དོན་གྲུབ་ནས་གཞན་ལ་ཕན་པར་བྱེད་པས་ཕན་པའི་དབང་ཞེས་བྱའོ། །གཉིས་པ་ནང་གི་དབང་བསྐུར་བ་ལ་བཞི་ལས། དང་པོ་འདོད་དོན་གསོལ་བ་ནི། སློབ་མའི་མ་ད་ནའི་སྐྱེམས་དང་། གསེར་ལ་སོགས་པའི་མེ་ཏོག་གིས་མཆོད་ཅིང་རིག་མ་མཚན་དང་ལྡན་པ་ཕུལ་ལ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། ཇི་ལྟར་དུས་གསུམ་རྒྱལ་བ་ཡིས། །དམ་ཆོས་བདུད་རྩིའི་ཆར་ཕབས་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ཤིང་། །སྐལ་མེད་ཀུན་གྱི་སྐྱབས་མཛད་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱི། །ཞབས་ལ་བཏུད་དེ་ཞུ་བ་ནི། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་བ་རྣམས་ལ་ཕན་དོན་དུ། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཞེས་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས། ཁྱོད་ཉིད་བརྩེ་བས་བཟུང་བ་དང་། །འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར། །དཔལ་ལྡན་བླ་མ་བདག་ཉིད་ཀྱིས། །ཁྱོད་ལ་དབང་མཆོག་སྦྱིན་པར་བྱ། །ཞེས་གནང་བ་སྦྱིན། གཉིས་པ་བྱིན་གྱིས་བརླབ་པ་ནི། ཤེས་རབ་མ་ཁྲུས་བྱས། དྲིས་བྱུགས། མཛེས་པའི་རྒྱན་དང་ལྡན་པ་གཡོན་དུ་བཞག་ལ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཧེ་རུ་ཀར་གསལ་བ་དང་། ཡུམ་གྱི་སྙིང་གར་ཡི་གེ་ཨ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་ཉེར་ལེན་གྱི་ཕུང་པོ་བསྲེགས་ཤིང་སྦྱང་ནས་གཞིའི་ཨ་ལ་ཐིམ། དེ་ཡང་ཇེ་ཆུང་ཇེ་ཕྲར་ཡལ་ཏེ་མི་དམིགས་པ་ལས་ཧཱུཾ་ཞེས་བརྗོད་པས་ཧཱུཾ་མཐིང་ནག་ཚོན་གང་བར་གྱུར། དེ་འཕྲོས་ཤིང་འདུས་པ་ལས་ཡུམ་ཀྲོ་དྷཱི་ཤྭ་རཱི་མའི་སྐུར་གྱུར་པ་ལས། ཡབ་ཀྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་རྣམ་སྣང་སོགས་རྒྱལ་བ་ཡབ་ལྔ་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བ་དང་། ཡན་ལག་བཞི་ལ་ཁྲོ་བོ་བཞི། ཡུམ་གྱི་སྤྱི་བོ་ལ་སོགས་པའི་གནས་ལྔར་དབྱིངས་ཕྱུག་མ་སོགས་རྒྱལ་བ་ཡུམ་ལྔ་རིགས་ཀྱི་སེམས་མ་བཞི་བཞིས་བསྐོར་བ་དང་ཡན་ལག་བཞི་ལ་སྒོ་མ་བཞི་གསལ་བཏབ་ལ། དེ་ལྟར་ཡབ་ཡུམ་རྣམས་དགྱེས་པར་རོལ་པའི་དགའ་བའི་རོལ་མོས་རང་བཞིན་ལྷུན་གྲུབ་ཀྱི་རྒྱལ་བ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་ཕྱག་མཆོད་ཀྱི་དགྱེས་པར་བྱས་པས། ལྷ་ཡབ་ལ་ཡབ་དང་ཡུམ་ལ་ཡུམ་གཉིས་མེད་དུ་ཐིམ་པར་བསམ། གསུམ་པ་སྦྱོར་བ་བརྩམ་པ་ནི། དེ་ནས་ཡབ་ཀྱི་ཐུགས་ཀ་ནས་བྷྲཱུཾ་ཆད་ཡུམ་གྱི་མཁར་ཐིམ་པས་ཟླ་གམ་དམར་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཟེར་འབྲུར་ཟླ་བ་ལ་ཨཾ་དམར་པོས་མཚན་པར་བསམ། ཡུམ་གྱི་ཐུགས་ཀ་ནས་ཧཱུཾ་ཆད། ཡབ་ཀྱི་གསང་གནས་སུ་ཐིམ་པས་རྡོ་རྗེ་རྩེ་ལྔ་པའི་བུམ་པར་ཉི་མ་ལ་ཨ་དཀར་པོས་མཚན་པར་བསམ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ར་ཧོ་ཧཾ། རཱ་ག་ཡ་མི། ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དྲངས་འཁྱུད་སྦྱར་ནས་མཉེས་པར་བྱས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བསྐྱོད་ནས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་བྱང་སེམས་ཨཾ་གིས་བསྡུས་ཤིང་ཧཱུཾ་གིས་བསྐུལ་ནས་ཕཊ་ཀྱིས་ཡུམ་གྱི་གསང་བར་བབས་པས་ཟླ་བ་ལྟ་བུར་གསལ་བའི་འོད་ཀྱིས་གཟུང་འཛིན་གྱི་དྲི་མ་སྦྱངས་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོ་སད་པར་བསམ་མོ། །བཞི་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཀྱི་དབང་དང་བྱིན་རླབས་ཐམས་ཅད་བསྡུས་མཁའ་ནང་གི་བྱང་སེམས་ལ་ཐིམ། དེ་ཉིད་སློབ་མའི་སྤྱི་བོ་ནས་བསྟིམས་པས་ལུས་ངག་ཡིད་གསུམ་གྱི་རྟོག་སྒྲིབ་སྦྱངས་ནས་ཧཱུཾ་དུ་གྱུར། དེ་རྡོ་རྗེར་གྱུར་པ་ལས་དཔལ་ཆེན་པོའི་སྐུར་བསྐྱེད་པ་ལ་རྡོ་རྗེའི་མིང་བྱིན་ནས། བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་གྲུབ་ཀྱི་སྙིང་པོར་གྱུར་པ་སྣོད་དུ་བླུགས་པ། བདུད་རྩི་ལྔ་དང་མངར་གསུམ་སྦྱར་བ་ཆ་གསུམ་དུ་བཅད་པའི་དང་པོ་ༀ་ཨཱཿཧཱུཾ་གསུམ་གྱིས་བརླབས་པ། སློབ་དཔོན་གྱི་མཐེབ་སྲིན་གྱི་བར་དུ་ཉི་མ་ལ་ཧྲཱིཿབསམ་པས་བླངས་ཏེ། སློབ་མའི་མགྲིན་པ་པདྨ་འདབ་མ་བརྒྱད་པ་མདུན་གྱི་འདབ་མ་ལྕེར་གྱུར་པའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལ་བཞག་ཅིང་། ༀ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད། སླར་ཡང་གནས་གསུམ་དུ་ཐིག་ལེ་བྱས་ལ། ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ་ཞེས་བརྗོད་ཅིང་མྱང་དུ་བཅུག་པས། ལུས་ཐམས་ཅད་ཁྱབ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དབང་ཐོབ་ཅིང་ལུས་ཀྱི་དཀྱིལ་འཁོར་ཐམས་ཅད་མཉེས་པར་བསམ་མོ། །བྱང་སེམས་ཆ་གཉིས་པས་ནུས་དབང་ལྔ་བསྐུར་བ་ལ་དང་པོ་ཉན་པའི་དབང་ནི། རྣ་བར་བྱང་སེམས་ཀྱི་ཐིག་ལེ་བྱས་ལ། སློབ་མའི་རྣ་བའི་ནང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཏྲཱཾ་མཐིང་ཟུང་ལྔའི་འཕྲོ་འདུ་ལས་རིན་པོ་ཆེར་གྱུར། དེ་ལས་རིན་ཆེན་འབྱུང་གནས་ཡབ་ཡུམ་ལ་རིན་ཆེན་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་གནས་ཀྱི་སྐུར་གྱུར་པ་ལ། བཛྲ་ས་མཱ་ཛཿས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། རྒྱུད་ཀྱི་གླེགས་བམ་གཏད་དེ། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་པས་ཉན་ཅིང་ཐོས་པའི་སྐལ་པ་དང་ལྡན་པར་བསམ་མོ། །གཉིས་པ་སྒྲུབ་པའི་དབང་ནི། སྙིང་གར་ཐིག་ལེ་བྱས་ལ། སྙིང་གི་ནང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཧཱུཾ་དཀར་པོ་ཟུང་ལྔའི་འཕྲོ་འདུ་ལས་རྡོ་རྗེར་གྱུར། དེ་ལས་རྡོ་རྗེེ་སེམས་དཔའ་ཡབ་ཡུམ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྡོར་དྲིལ་གཏད་ལ། སྒྱུ་འཕྲུལ་དུ་ཕྲེང་བ་གཏད། ཧཱུཾ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཡི་དམ་གྱི་ལྷ་གང་བསྒྲུབ་ཀྱང་འགྲུབ་པའི་སྐལ་པ་དང་ལྡན་པར་བསམ་མོ། །གསུམ་པ་ལས་ཀྱི་དབང་ནི། ལག་པ་གཡས་སུ་ཐིག་ལེ་བྱས་ལ། ཐལ་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཧཱ་ལྗང་གུ་ཟུང་ལྔའི་འཕྲོ་འདུ་ལས་རལ་གྲིར་གྱུར། དེ་ལས་དོན་གྲུབ་ཡབ་ཡུམ་ལ་ལས་ཀྱི་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་དོན་ཡོད་གྲུབ་པའི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྡོ་རྗེ་རྒྱ་གྲམ་གཏད་ལ། ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་ཏེ། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་རྣམ་པ་བཞི་བསྒྲུབ་པའི་སྐལ་པ་དང་ལྡན་པར་བསམ་མོ། །བཞི་པ་འཆད་པའི་དབང་ནི། ལྕེ་ལ་ཐིག་ལེ་བྱས་ཏེ། ལྕེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་དབུས་དང་ཕྱོགས་བཞིར་ཉི་ཟླ་པདྨའི་གདན་ལ་ཧྲཱིཿདམར་པོ་ཟུང་ལྔའི་འཕྲོ་འདུ་ལས་པདྨར་གྱུར། དེ་ལས་སྣང་མཐའ་ཡབ་ཡུམ་ལ་པདྨ་རིགས་ཀྱི་སེམས་དཔའ་བཞི་དང་སྒོ་བ་བཞི་རྣམས་ཡུམ་དང་བཅས་པས་བསྐོར་བར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་འོད་དཔག་མེད་ཀྱི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། འཁོར་ལོ་དུང་དང་པུསྟི་རྣམས་གཏད་ལ། ༀ། ཆོས་ཀྱི་བདུད་རྩི་བླ་མེད་པས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཐེག་པ་མཐའ་དག་འཆད་ཅིང་སྤེལ་བའི་སྐལ་བ་དང་ལྡན་པར་བསམ་མོ། །ལྔ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། སློབ་མའི་ཡན་ལག་ལྔ་ལ་བྷྲཱུཾ་ལས་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ལྔའི་དབུས་དང་ཕྱོགས་བཞིར་ཧཱུཾ་ༀ་སྭཱཾ་ཨཱཾཿཧཱཾ་རྣམས་ལས་ཕྱག་མཚན་ལྔར་གྱུར། དེ་ལས་རྒྱལ་བ་རིགས་ལྔ་ཡབ་ཡུམ་རིགས་ཀྱི་སེམས་དཔའི་འཁོར་དང་ཁྲོ་བོ་བཅུ་ཡུམ་དང་བཅས་པར་གྱུར། དེ་རྣམས་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ལས་རིགས་ཀྱི་བདག་པོའི་སྐུར་གྱུར། བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། རྡོར་དྲིལ་གཏད་དེ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པར་སྤྱོད། །རྡོ་རྗེ་རྒྱལ་པོའི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་བསམ་མོ། །དེ་ནས་སྒྲུབ་པའི་དབང་བསྐུར་བ་ལ། ལྷ་རྒྱན་གཅིག་སྒྲུབ་པའི་དབང་དང་། ཚོམ་བུ་སྒྲུབ་པའི་དབང་སྟེ། རེ་རེའང་ཁྱད་པར་གྱི་བྱེ་བྲག་ཐ་དད་པས་བསྐུར་བར་གསུངས་པ་ནི་སྐབས་དོན་གྱི་བྱེ་བྲག་ཤེས་པས་སྦྱར་བར་བྱ་ཞིང་། དེ་ཡང་སློབ་མ་ནུབ་སྒོར་ཟླ་གམ་དབང་གི་དཀྱིལ་འཁོར་དུ་བཞག་ལ། བྱང་སེམས་ཆ་གསུམ་པས་སྙིང་གར་ཐིག་ལེ་བྱས་ཏེ། སློབ་བུའི་ཙིཏྟ་རིན་པོ་ཆེའི་གུར་ཁང་དུ་དཔལ་ཆེན་པོ་ཡབ་ཡུམ་བསྐྱེད་པ་སྙོམས་པར་ཞུགས་ཏེ་རྗེས་ཆགས་ཀྱི་མེས་ཞུ་ནས་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལས་དཔལ་ཆེན་པོའི་སྐུར་གྱུར། ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུཾ་བཾ་ཧོཿས་བསྟིམ། བྱང་སེམས་ལྕེ་ལ་བཞག །ཐོད་སྐུའི་བྷཉྫ་དང་མར་མེ་རྡོར་དྲིལ་ལག་ཏུ་གཏད་ལ། ཧཱུཾ། ཐབས་དང་ཤེས་རབ་དབང་ཆེན་ཏེ། །རྡོ་རྗེ་དྲིལ་བུ་རིག་པ་འཛིན། །མྱ་ངན་འདས་དང་འཁོར་བ་ཡི། །ཆོས་ལ་འདོད་བཞིན་དབང་བསྐུར་རོ། །ཞེས་དང་རྩ་བའི་སྙིང་པོ་བརྗོད་ནས། དེ་ལྟར་དཔལ་ཆེན་པོ་ཁྱད་པར་དུ་སྒྲུབ་པའི་དབང་བསྐུར་བ་འདི་རྣམས་ཁྱོད་ཀྱི་ཐོབ་པར་གྱུར་ཅིག །ཅེས་བརྗོད་ཅིང་བསྒོམ་མོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ནང་གི་དབང་བསྐུར་བས་ངག་གི་དྲི་མ་དག་ནས་ས་བཅུ་བའི་བྱང་སེམས་དང་སྐལ་བ་མཉམ་ཞིང་། འཁོར་འདས་སྒྱུ་མར་རྟོགས་པས་བདེ་མཆོག་གི་ཡེ་ཤེས་རིགས་དྲུག་གི་སྐུ་ཐོབ་ནས་འགྲོ་བའི་དོན་ནུས་པ་དང་། ཉན་སྒྲུབ་ལས་དང་འཆད་པ་དང་། །རྡོ་རྗེ་རྒྱལ་པོའི་གནས་ཐོབ་ཅིང་། །ཚོམ་བུ་སྒྲུབ་པ་ལ་སོགས་པ། །ནུས་པས་ནུས་པའི་དབང་ཞེས་བྱའོ། །གསུམ་པ་གསང་བའི་དབང་བསྐུར་བ་ནི། སློབ་མས་རྡོ་རྗེ་སློབ་དཔོན་ལ་མཆོད་ཅིང་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཇི་ལྟར་དུས་གསུམ་རྒྱལ་བ་ཡིས། །དམ་ཆོས་བདུད་རྩིའི་ཆར་ཕབ་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ཤིང་། །སྐལ་མེད་ཀུན་གྱི་སྐྱབས་མཛད་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱི། །ཞབས་ལ་བཏུད་དེ་ཞུ་བ་ནི། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་བ་རྣམས་ལ་ཕན་དོན་དུ། །སྔོན་གྱི་རྒྱལ་བས་མཛད་པ་བཞིན། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཞེས་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས། ཁྱོད་ཉིད་བརྩེ་བས་བཟུང་བ་དང་། །འགྲོ་ཀུན་བྱང་ཆུབ་ཐོབ་བྱའི་ཕྱིར། །དཔལ་ལྡན་བླ་མ་བདག་ཉིད་ཀྱིས། །ཁྱོད་ལ་དབང་མཆོག་སྦྱིན་པར་བྱ། །ཞེས་གནང་བ་བྱིན་ནས། སློབ་མས་རིགས་དང་མཐུན་པའི་མཚན་ཉིད་ཅན་གྱི་རིག་མ་ཡིད་དུ་འོང་བ་འདུ་བྱས་ལ། སློབ་དཔོན་གྱིས་གཟུངས་མ་དེའི་ལག་པ་ནས་བཟུང་སྟེ་སློབ་མའི་ལག་ཏུ་གཏད་ལ། ལེགས་པར་ཉོན་ཅིག་རིགས་ཀྱི་བུ། །བདེ་ཆེན་གོ་འཕང་བསྒྲུབ་པ་ལ། །ཤིན་ཏུ་དད་ལྡན་ཤེས་རབ་མ། །ཁྱོད་ཀྱི་གྲོགས་ཀྱི་དམ་པ་སྦྱིན། །ཞེས་གཏད་ལ། དེ་གཉིས་བདེ་བའི་སྟན་ལ་འདུག་ནས། སློབ་མ་དཔལ་ཧེ་རུ་ཀ་དང་། རིག་མ་ཁྲོ་མོ་དབང་ཕྱུག་མའི་སྐུར་བསྐྱེད་པའི་གནས་ལྔར་རིགས་ལྔ་ཡབ་ཡུམ་དང་། ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་རྣམས་བཀོད། ཡབ་ཡུམ་རྣམས་དགའ་བའི་རོལ་མོས་རང་བཞིན་གྱི་རྒྱལ་བ་རྣམས་སྤྱན་དྲངས། ཡབ་ལ་ཡབ་དང་། ཡུམ་ལ་ཡུམ་རྣམས་བསྟིམ། ཡུམ་གྱི་མཁའ་ཟླ་གམ་དམར་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཟླ་བ་ལ་ཨྃ་དམར་པོ། ཡབ་ཀྱི་གསང་གནས་རྡོ་རྗེ་རྩེ་ལྔ་པའི་བུམ་པར་ཉི་མ་ལ་ཨ་དཀར་པོས་མཚན་པར་བསམ་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། རཱ་གོ་ཡ་མེ། རཱ་གོ་ཡ་ཧཾ། ཞེས་སྦྱོར་བའི་བརྡས་ཡབ་ཡུམ་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིས་དྲངས་འཁྱུད་སྦྱར་ནས་མཉེས་པར་བྱས་ཏེ་ཧཱུཾ་ཡིག་གླུར་ལེན་ཅིང་བསྲུབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་སྙོམས་པར་ཞུགས་ལུས་གནས་ཀྱི་བྱང་སེམས་ཨཾ་གིས་བསྡུས་ཤིང་ཧཱུཾ་གིས་བསྐུལ་ནས་དགའ་བཞིའི་གནས་སུ་ངེས་ཤེས་ཀྱིས་ཟིན་པ་ལས་ལྷན་སྐྱེས་ཀྱི་བདེ་བ་བརྟན་པར་བྱས་ཏེ། ཕཊ་ཅེས་ཡུམ་གྱི་མཁའ་ལ་ཕབ་པའི་བྱང་སེམས་སྣོད་དུ་བཟུང་བ་བདུད་རྩིར་སྦྱར་ནས་གཅིག་ལ་གཅིག་སྟོབ་ཅིང་ལོངས་སྤྱོད་དུ་བཅུག་ལ། རིག་པ་འདི་དང་རྟག་པར་མི་འབྲལ་བར་གྱིས་ཤིག །ཅེས་བསྒོ། དེ་ལྟར་གསང་བའི་དཀྱིལ་འཁོར་དུ་བྱང་སེམས་བདེ་བ་ཆེན་པོས་དབང་བསྐུལ་བས། སེམས་ཀྱི་དྲི་མ་དག་ནས་སངས་རྒྱས་ཀུན་དང་སྐལ་བ་མཉམ་ཞིང་བདེ་བ་ཆེན་པོའི་ཡེ་ཤེས་ལ་ལོངས་སྤྱོད་པའི་མཐུ་དང་ལྡན་པར་བྱས་པའོ། །དེ་ནས་སློབ་མས་མེ་ཏོག་ཕུལ་ཏེ་མཆོད་ནས། སྟོན་མཆོག་རྡོ་རྗེ་སློབ་དཔོན་གྱིས། །བདག་གཞན་ཀུན་ལ་ཕན་པའི་ཕྱིར། །བླ་མེད་དམ་ཚིག་མཆོག་ཉིད་ཀྱིས། །བཀའ་ཡི་ལུང་རྣམས་གནང་བར་མཛོད། །ཅེས་གསོལ་བ་དང་། སློབ་དཔོན་གྱིས་སློབ་མའི་ལྕེ་ལ་བྱང་སེམས་བཞག་ནས་དམ་ཚིག་དཔོག་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་བླང་། །བུད་མེད་དག་ཀྱང་བརྟེན་པར་བྱ། །རྡོ་རྗེའི་ལམ་ནི་འདི་དག་གིས། །སེམས་ཅན་ཐམས་ཅད་བསྐུལ་བར་བྱ། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་སངས་རྒྱས་བྱེད་སྤྱོད་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱོད་ལ་འཇིགས། །དམ་ཚིག་འདི་ནི་འདའ་དཀའ་བའོ། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་དག་དམ་ལ་འགོད། །བརྟུལ་ཞུགས་ཁྱོད་ཀྱིས་དེ་དྲོངས་ལ། །ཁྲག་ཆེན་པོ་ནི་འཐུང་བར་གྱི། །སྐལ་ངན་འཇིག་རྟེན་ཉན་ཐོས་ལ། །ནམ་ཡང་དགའ་བར་མི་བྱ་སྟེ། །སྐལ་བཟང་རྡོ་རྗེ་སེམས་དཔའ་གཙོ། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་གྱིས། །ཞེས་རྒྱུད་ལས་འབྱུང་བ་བཞིན་བརྗོད་པར་བྱའོ། །བཞི་པ་གསང་ཆེན་རྫོགས་པའི་དབང་ནི། སྒོམ་ལུང་བཀའི་མན་ངག་དང་། སྙིང་པོ་སྒྲུབ་པའི་མན་ངག་སྦྱིན་པ་གཉིས་ཀྱིས་སྟོན་པ་སྟེ། མཐའ་ཆོད་པ་ནི་གཞན་ལས་ཤེས་པར་བྱ་ཞིང་། སྙིང་པོར་དྲིལ་ན་ཤེས་བྱའི་ཆོས་ཐམས་ཅད་སེམས་སུ་ཐག་བཅད། དེ་ཡང་ངོ་བོར་སྟོང་ཉིད་ནམ་མཁའ་ལྟར་གསལ་ལ་མི་རྟོག་པ་ཆོས་སྐུ། རང་བཞིན་འགག་མེད་ཆེན་པོ་ལྷ་སྐུར་འཆར་བ་ལོངས་སྐུ། ཐུགས་རྗེའི་བྱེ་བྲག་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་འབྱུང་བ་སྤྲུལ་པའི་སྐུ་སྟེ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཞེས་གསུངས་པས་འདི་ཁོ་ན་ཕྱག་རྒྱ་ཆེན་པོ་སྟེ། རིགས་ཀྱི་བུ་འདི་ལྟར་ཤེས་པར་གྱིས་ཤིག །ཅེས་དང་། བརྗོད་བྲལ་འདི་ལ་གང་གནས་པ། །རྣལ་འབྱོར་འདི་ནི་སྐལ་པ་བཟང་། །བདག་དང་གཞན་དོན་མི་ཕྱེད་པས། །སྒྱུ་མ་ལྷུན་གྲུབ་ཡུམ་ལ་རོལ། །ཞེས་པ་ལྟར་ལྟ་བས་ཐག་བཅད་ནས། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ལ་བསླབ་པར་བྱའོ། །དེ་ལྟར་གསང་ཆེན་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་དབང་བསྐུར་བ། རྟོག་པའི་དྲི་མ་ཟག་པ་དང་བཅས་པ་སངས་ཤིང་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་ཆོ་འཕྲུལ་དུ་རྒྱས་པས་དཔེ་ཆུ་ཟླ་ལྟར་སྣང་སྟོང་དབྱེར་མེད་ཆོས་ཀྱི་དབྱིངས་སུ་རྣམ་པར་དག་ཅིང་རིག་པ་གདེང་དུ་གྱུར་པའི་མཐུ་དང་ལྡན་པར་བྱས་པའོ། །དེ་ནས་རྗེས་དམ་ཚིག་བསྒྲག་པ་ནི། ཇི་སྐད་དུ། དབང་ཐོབ་མཛེས་པ་དེ་དག་གིས། །དུལ་བའི་སེམས་སུ་བཞག་ནས་ནི། །དམ་ཚིག་ཆེན་པོ་ཉེ་བར་གནས། །ཞེས་གསུངས་པས། དཔེར་ན་སྐྱེས་བུ་བཟང་པོ་རིན་པོ་ཆེའི་བརྒྱན་ན་ཤིན་ཏུ་ཡང་མཛེས་པ་བཞིན་དུ། སྣོད་དང་ལྡན་པའི་སློབ་མ་ལ་བཅུད་ལྡན་གྱི་སློབ་དཔོན་གྱིས་ཕྱི་ནང་གསང་བའི་དབང་བསྐུར་ཏེ་ཐོབ་པ་ནི་དེ་དང་འདྲའོ། །དབང་ཐོབ་པ་དེས་ཀྱང་འཕྲལ་དུ་ཁེངས་སེམས་ཀྱི་ང་རྒྱལ་མི་བསྐྱེད། ཡུན་དུ་ཉོན་མོངས་པའི་དབང་དུ་མ་སོང་བར་བྱ་ཞིང་། སྤྱོད་ལམ་ཤིན་ཏུ་བག་ཡོད་དང་ཁྲེལ་འཛེམ་ཆེན་པོས་སྤྱི་དང་ཁྱད་པར་དང་ལྷག་པའི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བ་ལ་ནན་ཏན་དུ་གྱིས་ཤིག །ཅེས་བསྒོ། སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ཀྱིས་དམ་བཅའ་ཞིང་། གཏང་རག་གི་མཎྜལ་ཕུལ་ནས། མོས་པ་དང་དད་པ་དང་མགུ་བའི་སེམས་ཀྱིས་ཡོན་གྱི་དངོས་པོ་ཇི་ལྟར་འབྱོར་པ་དག་ཅི་ནུས་སུ་ཕུལ་བ་དགེ་བ་བསྔོ་བ་རྣམས་བྱའོ། །ཚོགས་མཆོད་ལ་སོགས་པ་རྗེས་ཀྱི་ཆོ་ག་རྣམས་ནི་དཀྱིལ་ཆོག་ལས་ཤེས་པར་བྱའོ། །རྣལ་འབྱོར་མ་རྒྱུད་རྒྱ་མཚོའི་བླ་མ་མཆོག །རིགས་དྲུག་དཀྱིལ་འཁོར་ཆེ་ལས་ཧེ་རུ་ཀའི། །སྙིང་པོའི་གྲོང་ཁྱེར་མཆོག་ཏུ་བདེར་འཁྲིད་པའི། །ཆོ་ག་བཀླགས་ཆོག་འཇུག་བདེའི་ཁྲིགས་སུ་བཀོད། །ཟབ་ཡང་གཞུང་དོན་ནམ་མཁའི་དཀྱིལ་འཁོར་འདྲ། །ཐོས་ཆུང་བློ་མཐུ་ཁབ་ཀྱི་མིག་ལྟ་བུས། །གཞལ་བར་རློམ་པ་ངལ་བའི་གནས་ཉིད་དེ། །འོན་ཀྱང་ལྷག་པའི་བསམ་པ་ཁོ་ནས་སོ། །འདི་ལས་བསོད་ནམས་དངོས་པོ་གང་ཐོབ་དེས། །ཆོས་ཚུལ་མཆོག་འདི་དར་ཞིང་རྒྱས་པ་དང་། །དེ་ལས་འགྲོ་ཀུན་དཔལ་ཆེན་ཧེ་རུ་ཀའི། །གོ་འཕང་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །དཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས་ཞེས་བྱ་བ་འདི་ནི། ཀུན་བཟང་ཆོས་གླིང་འདུས་སྡེའི་སློབ་དཔོན་པ་སྡོམ་བརྩོན་བསྟན་འཛིན་འགྱུར་མེད་དང་། མདོ་ཁམས་པ་ཨོ་རྒྱན་མཁྱེན་རབ་ཀྱིས་བསྐུལ་བ་དང་། སྔོན་ཆད་འཇུག་བདེའི་དབང་ཆོག་ཁྲིགས་བཀོད་མི་འདུག་པས། ཆོས་ཚུལ་འདི་ཉིད་འཕེལ་རྒྱས་ཀྱི་སྒོར་འགྱུར་བར་དམིགས་ཏེ། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སློབ་དཔོན་ཆེན་པོ་ཧཱུྃ་མཛད་དང་པདྨ་སམ་བྷ་ཝའི་གཞུང་འགྲེལ་ཆ་ལག་དང་བཅས་པ་རྣམས་ལ་ལེགས་པར་བརྟགས་ཤིང་དཔྱད་ནས། ཕྱོགས་ཙམ་མཐོང་བ་དག་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་རྣམ་གནོན་གྱི་ལོ་གྲོ་བཞིན་གྱི་ཟླ་བའི་ཡར་ཚེས་དགེ་བ་ལ་གྲུབ་པར་སྦྱར་བའོ། །དེ་ལྟར་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་སོར་བཞག་ལས། གཞན་དུ་ཞལ་འཕེན་མཛད་པ་རྣམས་དཀྱུས་སུ་བཀོད་ནས་བཀླགས་ཆོག་མར་བགྱིས་པ་འདི་ཡང་། ཆོས་སྨྲ་བའི་བཙུན་པ་གཞན་ཕན་མཐའ་ཡས་པས་སྔ་འགྱུར་བཀའ་མའི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་སྐབས་སུ་འདི་ཉིད་ཀྱི་གཞུང་ཕྱི་མོ་སློབ་དཔོན་ཧཱུྃ་མཛད་ཀྱི་དབང་ཆོག་དང་ཧེ་རུ་ཀ་གལྤོ་མཆན་འགྲེལ་དང་བཅས་པ་ལའང་ལེགས་པར་བསྟུན་ནས་ཞུས་ཤིང་དག་པར་བྱས་ཏེ་གཏན་ལ་ཕབ་པའོ།། །།


previousདཔལ་ཆེན་ཡང་དག་ལྷ་དགུའི་དབང་གི་ཆོ་ག་བདེ་ཆེན་འཇུག་ངོགས། འགྱུར་མེད་རྡོ་རྗེ།next