Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་ལུགས་འཇམ་དཔལ་ཞི་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཁོག་ཕུབ་རིན་ཆེན་ཕྲེང་མཛེས། ཆོས་ཀྱི་བློ་གྲོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུད་ལུགས་འཇམ་དཔལ་ཞི་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཁོག་ཕུབ་རིན་ཆེན་ཕྲེང་མཛེས། ཆོས་ཀྱི་བློ་གྲོས།next

རྒྱུད་ལུགས་འཇམ་དཔལ་ཞི་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཁོག་ཕུབ་རིན་ཆེན་ཕྲེང་མཛེས། ཆོས་ཀྱི་བློ་གྲོས།

ན་མོ་གུ་རུ་མཉྫཱུ་ཤྲཱི་ཛྙཱ་ན་ས་ཏྭ་ཡེ། གཟོད་ནས་སྤྲོས་པའི་དྲྭ་བ་ཀུན་ཆོད་ཅིང་། །སྤངས་རྟོགས་མཐར་ཕྱིན་རྒྱལ་ཀུན་མཁྱེན་པའི་ལྷ། །འཇམ་དཔལ་རྡོ་རྗེ་བློ་མཆོག་ཟབ་མོའི་གཏེར། །བླ་མ་ཡེ་ཤེས་སེམས་དཔར་གུས་ཕྱག་འཚལ། །གང་དེའི་སྒྲུབ་ཐབས་རྒྱ་མཚོའི་ཡང་སྙིང་ནི། །ཨོ་རྒྱན་སློབ་དཔོན་ཆེན་པོའི་བཀའ་སྲོལ་ལས། །བྱོན་པའི་འཇམ་དཔལ་རྫོགས་པ་ཆེན་པོ་ལྟར། །སྒྲུབ་པའི་དཀྱིལ་འཁོར་ཆོ་ག་དབྱེ་བར་བྱ། །དེ་ལ་དབང་གིས་རྒྱུད་སྨིན་ཅིང་འཇམ་དཔལ་གྱི་བསྐྱེད་རྫོགས་ཟབ་མོརབརྩོན་པར་འདོད་པ་རྣམས་ཀྱིས་སྤྲོས་བཅས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་འབྲེལ་བའི་ལས་རིམ་ལ་འཇུག་པར་འདོད་པས་སྒྲུབ་གཞི་རིག་སྟོང་གཉུག་མ་བྱང་ཆུབ་ཀྱི་སེམས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པ་ཉིད། སྒྲུབ་ཆོས་བསྐྱེད་རྫོགས་ཀྱི་ཉེ་ལམ་ཟབ་མོས། བསྒྲུབས་པའི་འབྲས་བུ་ཤིན་ཏུ་རྣམ་པར་དག་པའི་སྐུ་ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད་འཇམ་དཔལ་རྡོ་རྗེའི་གོ་འཕང་དུས་དང་དཀའ་ཚེགས་ལ་མ་ལྟེས་པར་ཚེ་འདི་ཉིད་ལ་གྲུབ་པའོ། །དེ་ལས་བསྐྱེད་རིམ་གྱི་ཕྱོགས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་སྤྲོས་བཅས་དང་འབྲེལ་བའི་སྒྲུབ་ཅིང་མཆོད་པའི་ཆོ་ག་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་བྱ་བའོ། དང་པོ་ལ་ས་ཡི་ཆོ་ག་དང་། སྟན་གོན་གྱི་བྱ་བའོ། དང་པོ་ལ་ས་བརྟག་པ་ནི་གཙུག་ལག་གི་གཞུང་དང་མཐུན་པར་དཔྱད་ལ། ས་བསླང་བ་ལ། སྣང་བ་དང་། མི་སྣང་བ་ལ་ས་བསླང་བའོ། དང་པོ་ནི། ས་ཡི་བདག་པོ་ལ་གཞལ་ཏེ་རང་དབང་ཐོབ་པར་བྱ། གཉིས་པ་ནི། གང་དུ་བྱ་བའི་གནས་དེར་ཕྱག་དར་དང་བརྐྱང་ནུལ་ལེགས་པར་བྱ་ཞིང་སྐུ་གསུམ་ཐུགས་ཀྱི་རྟེན་བཀྲམ། བླ་རེ་དང་འཕན་གདུགས་སོགས་ཀྱིས་མཛེས་པར་བརྒྱན། རྒྱལ་ཆེན་ཐོ་བྱང་མཆོད་གཏོར། དམ་སྲི་མནན་ཆས། གསེར་སྐྱེམས། ཁྲོ་བཅུའི་ཕུར་གདབ་ཆས། དབང་མཆོག་གི་ཕུར་བུ་སོགས་ས་ཆོག་ལ་དགོས་པ་རྣམས་ཚོགས་པར་བྱས། ས་ཆོག་དངོས་ལ། སྟེགས་ཀྱི་ཁར་སྨན་རཀ་གཏོར་གསུམ་དང་། ཉེར་སྤྱོད་སྦྲེང་ཚར། དཀྱིལ་འཁོར་གྱི་གཞིར་དྲི་ཡི་ཏིག་ལེ་ཚོམ་བུ་གཅིག་བཀོད་པ་དང་། མདུན་ཕྱོགས་ས་ལྷའི་མཆོད་པ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དཀར་གཏོར་པད་འདབ་ཅན་བཤམས། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་བདག་བསྐྱེད་འཇམ་དཔལ་གྱི་སྒྲུབ་ཐབས་རྒྱས་བསྡུས་ཅི་རིགས་བཏང་ནས་བཟླས་པ་བསྡུ་ལྡང་དང་བཅས་པའི་རྗེས་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ་མཉྫུ་ཤྲཱི་ཡ་མནྟ་ཀ་ཧཱུྃ་ཕཊཿཀྱི་བསངས། སྭ་བྷཱ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྂ་ལས་རིན་ཆེན་སྣོད་ནང་དུ། །ༀ་ལས་ཕྱི་ནང་མཆོད་པའི་སྤྲིན། སོ་སོའི་ལྷ་མོའི་རོལ་པ་བཅས། རབ་འབྱམས་ནམ་མཁའ་གང་བར་གྱུར། །ༀ་བཛྲ་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ་གི་བར་བརྗོད། གཏོར་གཞོང་རཏྣའིགཞལ་ཡས་སུ། གཏོར་མ་འདོད་ཡོན་ཕུང་པོར་སྤུངས། །ༀ་ཨཱཿཧཱུྃ། ལན་གསུམ་རྒྱ་དང་བཅས་པས་བྱིན་བརླབས། ༀ་བྷྲཱུྃ་ག་ག་ན་ཁཾ་ཨཱཿཧཱུྃ། ཞེས། གཞི་ནམ་མཁའི་རང་བཞིན་དུ་གྱུར། དེར་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་ཤིང་རྡོ་རྗེའི་གཞིའི་གུར་མེ་དང་བཅས་པར་བསམ་ནས་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་བཅིངས་པར་བཞག་སྟེ། ༀ་མ་དེ་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། ཞེས་ལན་གསུམ་བརྗོད། རྡོ་རྗེ་དང་བཅས་པའི་ཐལ་མོ་ས་ལ་ལན་གསུམ་བཞག་ནས། རང་གི་མདུན་དུ་ས་ཡི་ལྷ་མོ་གསེར་གྱི་མདོག་ཅན་མཛེས་སྡུག་མཚུངས་པ་མེད་ལྟེ་བ་ཡན་ཆད་ས་འོག་ནས་ཐོན་པར་བསམ། ༀ་པྲི་ཐི་དེ་ཝི་ༀ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། སྤོས་དང་རྡོ་རྗེ་བཅས། ཧཱུྃ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་དང་ཁྱད་པར་ལས། ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ཤཱཀྱ་ཐུབ་པ་སྐྱོབ་པ་ཡིས། །བདུད་ཀྱི་སྡེ་རྣམས་བཅོམ་པ་ལྟར། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །བདག་ནི་བྱང་ཆུབ་ཏུ་ངེས་ཕྱིར། །མཆོད་འབུལ་དཔང་མཛོད་ས་འདི་ཞུ། །འབྱུང་པོ་ས་ཡི་བདག་པོ་རྣམས། །གནས་རྟེན་གཞན་དུ་སྤོ་བར་དང་། །ས་འདིར་བཀྲ་ཤིས་མཛད་དུ་གསོལ། ལན་གསུལ། ཞེས་གསོལ་བས་ལྷ་མོ་དགྱེས་པའི་མདངས་ཕྱུང་སྟེ། སློབ་དཔོན་ཆེན་པོ་དཀྱིལ་འཁོར་མཛོད། །དགའ་བ་ཆེན་པོས་ལས་སྒྲུབས་ཤིག །ཅེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་བསམ་ཞིང་། ཆོམ་བུ་མཆོད་གཏོར་བསྡུ། ས་སྦྱང་བ་ནི། བདག་ཉིད་འཇམ་དཔལ་དུ་གསལ་བའི་ཐུགས་ཀ་ནས་བྷྲཱུྃ་ཡིག་གཅིག་འཕྲོས་སངས་རྒྱས་ཐམས་ཅད་ལ་ཕོག་པས་སྲས་སུ་དགོངས། །ལྷ་ཚོགས་ཐམས་ཅད་ལ་ཕོག་པས་སྤུན་དང་གྲོགས་སུ་དགོངས། མ་མོ་མཁའ་འགྲོ་ལ་ཕོག་པས་རིགས་ཀྱི་གཙོ་བོར་དགོངས། སེམས་ཅན་རྣམས་ལ་ཕོག་པས་སྒྲིབ་པ་སྦྱངས། འོད་ཟེར་སླར་འདུས་ནས་སའི་ཉེས་སྐྱོན་ཐམས་ཅད་སྦྱངས། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་གྲུབ་པ་གཞི་མཉམ་ཞིང་རེག་ན་བདེ་བ། རིན་པོ་ཆེའི་གཞལ་ཡས་ཁང་དང་ལྡན་པར་བསམ་མོ། བསྲུང་བ་ནི། བདག་ཉིད་འཇམ་དཔལ་གྱི་ཏིང་ངེ་འཛིན་ལས་སྐད་ཅིག་གིས་ཁྲོ་བོར་གཤིན་རྗེ་གཤེད་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་བེ་ཅོན། གཡོན་བསྡིག་མཛུབ་མཛད་པ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་ཡུམ་བེ་ཏ་ལི་དང་མཉམ་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་འབར་བ་ཡི་དབུས་ན་བཞུགས་པའི་སྐུ་གྱུར་པའི་སྦྱོར་མཚམས་ནས་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས་གང་བར་བསམ་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛ་ལ་མ་ལ་ཀ་ར་ལ་པྲ་ཛ་ལ་སུ་ཏ་སུ་ཏ་སརྦ་ག་ཏ་ཡ་ནི་བྱི་བར་ཤོ་ཥ་ཡ་ཧཱུྃ་ཏ་ཊ་ཧྲཱི་ལས་ཕུར་པ་སྐད་ཅིག་གིས་དབང་མཛད་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་འཇིགས་ཤིང་རྔམས་པ་དབང་གི་རྟ་སྐད་འཚེར་བས་བགེགས་དང་འབྱུང་པོ་ཟིལ་གྱིས་མནན་པར་བསམ་ལ། ༀ་ཧ་ཡ་གྲཱི་བ་ཀཱི་ལ་ཡ་ཧཱུྃ་ཕཊཿ ས་གཞིར་བཏབ་པས་དབང་དུ་བྱས་པར་བསམ། ས་བཟུང་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་གཞིར་འཁོད་ནས། བདག་ཉིད་འཇམ་དཔལ་དུ་གསལ་བའི་མིག་གཡས་སུ་མ་ལས་ཉི་མ། གཡོན་དུ་ཨ་ལས་ཟླ་བ། སྣ་རྩེར་ཡྃ་ལས་བྱུང་བའི་རླུང་གིས་མཚན་པར་གྱུར། བགེགས་རྣམས་ཉི་མ་ལས་བྱུང་བའི་མེས་བསྲེགས། ཟླ་བ་ལས་བྱུང་བའི་ཆུས་བཀྲུས། སྣ་རྩེའི་རླུང་གིས་བཤིགས་ཤིང་འཐོར་བར་བསམ་ལ། མིག་གི་རྫི་མ་འདྲེན་པ་འབར་བའི་ལྟ་སྟངས་ཀྱིས་བལྟ་ཞིང་རྡོ་རྗེ་གསོར་བ་དང་། དྲིལ་བུ་འཁྲོལ་བཞིན། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། གཉིས་འཛིན་ལོག་པར་འདྲེན་པའི་བདུད། འཇམ་དཔལ་རྡོ་རྗེའི་བཀའ་བྱུང་བསཿ བརླག་པར་འགྱུར་གྱི་གཞན་དུ་སོང་། ལས་རྡོ་ནས་གུ་གུལ་གྱིས་བདུགས། སློབ་དཔོན་གྱིས་ཡུངས་ཀར་བྲབ་སྟེ། སུམྦྷ་ནི་བརྗོད་བཞིན་གཡས་སུ་བསྐོར། རྡོ་དྲིལ་དང་བཅས་པའི་ལག་གཉིས་དཀུར་བརྟེན་ཏེ། རྐང་མཐིལ་དུ་ཧཾ་ལས་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པར་བསམ་ལ། ཧཱུྃ་ཧཱུྃ་དྲག་ཏུ་བརྗོད་པ་དང་། འབར་བའི་རྡོ་རྗེའི་གོམས་སྟབས་ཀྱིས་ལན་གསུམ་དུ་བཅག་ནས་སླར་ཡང་སློབ་དཔོན་དཀྱིལ་དུ་འཁོད་དོ། ༀ་ཨིནྡྲ་ཡ་ཛཿ ཡ་མ་ཡ་ཛཿ བ་རུ་ཎ་ཡ་ཛཿ ཀུ་བེ་ར་ཡ་ཛཿ ཨགྣ་ཡ་ཛཿ ནི་རི་ཏ་ཡ་ཛཿ བྷེ་རཾ་པཱ་ཡ་ཛཿ ཨི་ཤྭ་ན་ཡ་ཛཿ ཚནྡ་ཡ་ཛཿ སུ་ཏི་ཏ་ཡ་ཛཿ ཧེ་ར་པ་ཏ་ཡ་ཛཿ ཕུར་པ་ངར་གྱི་ཅོད་པན་ཅན་བཅུ་མདུད་དུ་བཀོད་ལ། རང་གི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་སྤྲོས་ཕྱོགས་བཅུའི་བགེགས་རྣམས་བཀུག་པར་བསམ་ལ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས། སུམ་བྷ་ནི་དང་། བགེགས་རྣམས་བཀུགས་པའི་གཟུགས་ལ་གདུག་པའི་སེམས་ཕབ་སྟེ། སླར་ཡང་རང་གི་སྙིང་ག་ནས་ཁྲོ་བོ་བཅུ་སྤྲོས་ཏེ་ཕུར་བུ་རྣམས་ལ་ཐིམ་པས་ཐམས་ཅད་ཀྱང་སྐུ་མདོག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཐོ་བ། གཡོན་གསུམ་ཐོད་ཁྲག་ཞགས་པ་ལྕགས་ཀྱུ་འཛིན་པ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར། ཅེས་བརྗོད་ལ། ཕྱག་ཏུ་ཕུར་པ་དང་ཐོ་བ་ཐོགས་ཏེ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷ་ནཱཾ་ཀཱ་ཡ་ཀྐ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། དེ་བཞིན་དུ། ༀ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨཱ་རྱ་ཨཱ་ཙ་ལ་ཧཱུྃ་བྷནྡྷ་བནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྚ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་མཉམ་སྦྱོར་གྱི་དཀྱིལ་ཆོག་ལས་གོ་རིམ་འདི་བཞིན་འབྱུང་མཆན། ཧཱུྃ་ཀ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། སྔགས་རེ་རེའི་མཐར་སྡེར་མོའི་སྔགས་བཏགས་ལ་ཕྱོགས་དང་སྟེང་རྣམས་གཡས་སྐོར་མཚམས་དང་འོག་ཕུར་རྣམས་གཡོན་སྐོར་གྱིས་བཏབ། ཕྱོགས་བཅུའི་བགེགས་ལ་ཕུར་བུའི་ཚུལ་དུ་བཏབ་པས་དེ་རྣམས་ཀྱི་ལུས་ཕུག་སྟེ་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་མོ། སྐབས་འདིར་ཕྱི་བཤགས་ལ། སཱ་ཚྪདཀར་པོ། སྲོག་བསླུ། ཧེའུ་འདོན་པ། བཤགས་སྐོང་། སྦྱིན་སྲེག། པ་སངས། ཆབ་གཏོར། སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་གཏོགས་གཟུངས་རྣམས་འདོན་པར་གསུངས་སོ། །དེ་ནས་ཕྱི་མཚམས་རྒྱལ་ཆེན་བཞི་ལ་བཅོལ་བ་ནི། སྒྲུབ་ཁང་གི་ཕྱོགས་བཞིར། ཐོ་ལ་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུག་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་དང་། དཀར་གཏོར་རེ་རེ་བཤམས། ཐོག་མར་ཤར་དུ་མཆོད་གཏོར། གོང་སྨོས་ལྟར་བསངས་སྦྱང་བྱིན་རླབས། དེ་ནས་ཐོ་བསངས་སྦྱངས། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་པི་ཝཾ་འཛིན་པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿ་ཧཱུྃ་བྃ་ཧོཿས་བསྟིམ། ༀ་དྷྲིཥྚ་རཥྚ་སྭཱ་ཧཱ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་དང་རྡོར་ཐལ་ཕྱེ་རྒྱས་གཏོར་མ་འབུལ། ཧཱུྃ་རི་རབ་ཆེན་པོའི་ཤར་ཕྱོགས་ན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། ལག་ན་རྡོ་རྗེའི་བཀའ་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ཤར་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག། ཅེས་ཕྲིན་ལས་བཅོལ། རང་སྔགས་ལན་གསུམ་བཟླ། ཏིཥྛ་བཛྲ། ཞེས་མེ་ཏོག་འཐོར་ལ་ལན་གསུམ། དེ་བཞིན་དུ་གསུམ་པོ་ཡང་རིགས་འགྲེ་བས། ལྷོར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་རལ་གྲི་འཛིན་པ། རི་རབ་ལྷོ་ཕྱོགས་ནས༴ དྲངས་བསྟིམ། ༀ་བཻ་རུ་དྷ་ཀཱ་ཡ་སྭཱ་ཧཱ། ཧཱུྃ་རི་རབ་ཆེན་པོའི་ལྷོ་ཕྱོགས་ནས། ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ལག་ན་རྡོ་རྗེའི་བཀའ་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ལྷོ་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག །ནུབ་ཏུ། རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ། རི་རབ་ཀྱི་ནུ བ་ཕྱོགས་ནས༴ དྲངས་བསྟིམ། ༀ་བེ་རུ་པཀྵ་ཡ་སྭཱ་ཧཱ། ཧཱུྃ་རི་རབ་ཆེན་པོའི་ནུབ་ཕྱོགས་ནས། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །ལག་ན་རྡོ་རྗེའི་བཀའ་བཞིན་དུ། །མཆོད་སྦྱིན་གཏོར་མ༴ ནུབ་ཕྱོགས་བགེགས་ཀྱི༴ བྱང་དུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེ་ལེ་འཛིན་པ། རི་རབ་ཀྱི་བྱང་ཕྱོགས་ནས༴ དྲངས་བསྟིམ། ༀ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཧཱུྃ་རི་རབ་ཆེན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་ངལ་བསོས་པོ། །ལག་ན་རྡོ་རྗེའི་བཀའ་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཕྱོགས་བགེགས་ཀྱི་མཚམས་ཆོད་ཅིག ཅེས་བྱའོ། ནང་མཚམས་ནི། སྒྲུབ་ཁང་གི་སྒོར་དོང་གྲུ་གསུམ་བྲུ། དུག་ཤོག་ལ་དམ་སྲིའི་ལིངྒ་བྲིས་བའི་སྙིང་གར། ཏྲི་ཡ་མ་དམ་སྲི་སྟཱུམ་བྷ་ནི་ཛ་ཛཿ ཞེས་བྲིས་པ་བཀོད་དེ། གསེར་སྐྱེམས་ནི། རྃ་ཡྃ་ཁྃ། ༀ་ཨཱ་ཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གྱིས་བྱིན་རླབས། དབྱངས་རོལ་བཅས། ཧཱུྃ་རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུའི་ཡབ་ཡུམ་སྲས། བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག། །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། ཅེས་པའི་ཚིག་མཚམས་རྣམས་སུ་གསེར་སྐྱེམས་སྦྲིང་། གྲུབ་ཁུང་མདུན་དུ་བཀོད་པར། ཨེ་ཡཾ་ཛྭ་ལ་རྃ༑ བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་ནང་། སངས་རྒྱས༴ ཆོས་ཀྱི༴ དགེ་འདུན༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སྒྲུབ་པ་ཆེན་པོ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡྃ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ བདེན་བརྡར་འགུགས་བསྟིམ་ལན་གསུམ་རྗེས། དྲག་སྔགས་སོ་ལྔ་བཟླ་བཞིན་ཐུན་བྲབ། དམ་སྲིའི་སྙིང་གར་ཕུར་པས་གཟིར་ལ། ཧཱུྃཿ མི་གཡོ་ཁྲོ་རྒྱལ་ཆོས་ཀྱི་སྐུཿ ཧཱུྃ་མཛད་བཛྲ་ཀཱི་ལ་ཡཿ སྔོན་གྱི་ཐུགས་དམ་དུས་ལ་བབསཿ དམ་སྲིའི་སྦྱོར་བ་བརླག་པར་གྱིསཿ མནན་ཆས་བྱས་ཏེ། ཧཱུྃཿ གསང་བའི་དཀྱིལ་འཁོར་ཆེན་པོ་འདིརཿ དངོས་གྲུབ་བར་ཆད་བྱེད་པའི་བགེགསཿ བཀའ་ལས་འདའ་བྱེད་དམ་སྲི་རྣམསཿ མནན་ཅིང་གཟིར་རོ་སྟཱམ་བྷ་ཡཿ ཡ་མ་དམ་སྲི་སྟམ་བྷ་ཡ་ནནཿ ༀ་ལཾ་ཧཱུྃ་ལཾ་མཱ་ར་ཡ་ནནཿ ཞེས་མནན་ལ་དོང་གི་ཁ་མེ་ཆུ་ས་རྣམས་དང་རོ་གཡམ་ལ་རྒྱ་གྲམ་བྲིས་པས་བཀབ། དེ་སྟེང་སློབ་དཔོན་སོགས་ཉུང་ཤས་ཀྱི་ཕྱག་ལུ་གུ་རྒྱུད་དུ་སྤེལ་ལ། ཧཱུྃཿ སྣང་སྲིད་དབང་དྲག་འབར་བའི་ཞིངཿ དཔལ་གྱི་རྟ་བྲོ་ཆེམས་སེ་ཆེམསཿ རྟ་སྐད་རྔམས་པའི་ང་རོ་ཡིསཿ བགེགས་ཆེན་དམིགས་མེད་ཀློང་དུ་མནནཿ ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟམ་བྷ་ཡ་ནནཿ ཞེས་པས་བྲོ་བརྡུང་། དེ་ནས་བར་མཚམས་གཅོད་པ་ནི། སྒོའི་ཡ་ཐེམ་ལ་གཤིན་རྗེ་གཤེད་ཀྱི་སྐུ་དང་། དེའི་མདུན་ཉེར་སྤྱོད་གཏོར་ཟླུམ་བཤམས་ལ། མཆོད་གཏོར་བྱིན་རླབས་དང་། སྐུ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་གཤིན་རྗེ་གཤེད་ནག་པོ་དབྱུག་པ་དང་ཞགས་པ་འཛིན་པའི་སྐུར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། ༀ་ཡ་མ་ར་ཛ་ས་པ་རི་ཝ་ར་ཨརྒྷཾ་ནས། ཤབྡའི་བར་དང་། ༀ་ཡ་མ་ར་ཛ་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་སྔགས་ལན་གསུམ་དང་རྡོར་ཐལ་གྱི་རྒྱས་གཏོར་མ་འབུལ། ཧཱུྃཿ གསང་བ་མཆོག་གི་ཕོ་བྲང་དུཿ བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟརཿ འཁོར་ལ་རྣམ་སྨིན་ཆོས་ཤོད་ལཿ མུ་རན་སྐྱོངས་ཤིག་ཆོས་ཀྱི་རྒྱལཿ ༀ་བཛྲ་ཡ་མ་ར་ཛ་ས་མ་ཡ་སྟམཿ ཞེས་བཟླ། མེ་ཏོག་འཐོར། ཏིཥྛ་བཛྲས་བརྟན་བཞུགས་བྱས་ལ་ནང་དུ་ལོག །དེ་ནས་མ་ཊཾ་བསྒྲལ་ཞིང་ནང་མཚམས་བཅད་པ་ནི། དཀྱིལ་འཁོར་གྱི་མདུན་ཕྱོགས་སུ་རླུ་ཏྲའི་གཟུགས་གན་རྐྱལ་མགོ་བོ་ལྷོ་ནུབ་ཏུ་བསྟན་ནས་བཀོད་ལ། སློབ་དཔོན་ཁྲིའུ་ཁར་བཞུགས་ནས་གཡབ་དྲིལ་དང་བཅས། ༀ་ཨཱཿཧཱུྃ་མཉྫུ་ཤྲཱི་ཡ་མནྟ་ཀ་ཧཱུྃ་ཕཊ། བདག་ཉིད་འཇལ་དཔལ་གཤིན་རྗེ་གཤེད་ཁྲོ་གཏུམ་གཟོད་པར་དཀའ་བའི་གཟི་བྱིན་འབར་བར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་བདེན་སྟོབས་སྔར་བཞིན་ལ། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་ཊྃ་རཱུ་ཏྲ་གདུག་པ་ཅན་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག མ་ཊྃ་རཱུ་ཏྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་ལན་གསུམ་བརྗོད་པས། བདག་གིས་སྐུ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ལོག་པར་ལྟ་བའི་སྡིག་ཅན་གདུག་པ་ཅན་ཐམས་ཅད་འུབ་ཀྱིས་འདུས་ཏེ་མདུན་རྟེན་ལ་ཐིམ་པར་གྱུར། ཁ་ཊཱྃ་གའི་ཕྱག་རྒྱ་བཅས་ཏེ། ཧཱུྃཿ མ་ཊྃ་བྱ་བ་བདག་ལས་བྱུང་ཿ བདག་མེད་རྟོགས་པའི་ཐོ་བས་གཞོམཿ དུག་གསུམ་རུ་ཏྲ་སྡེ་གསུམ་འདིཿ སྐུ་གསུམ་མཚོན་གྱིས་དབྱིངས་སུ་བསྒྲལཿ ཧཱུྃ་ཧཱུྃ་ཧཱུྃ་ཛཿཧཱུྃ་བྃ་ཧོཿ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཊཾ་རུ་ཏྲ་ཧ་ཧ་པྲ་བེ་ཤ་ཕཊཿ ཅེས་བསྣུན་པས། གཟུགས་ཕུང་ཁྲོལ་གྱིས་ཞིག་པས་མ་རིག་པའི་སྦུབ་དྲལ་ནས་ཤེས་པ་སྐྱེ་མེད་ཀྱི་རང་བཞིན་ཨ་དཀར་པོ་འབར་བར་གྱུར་བདག་གི་ཐུགས་ཀའི་ཧཱུྃ་ལ་ཐིམ། ཁོག་པ་གཞལ་ཡས་ཁང་དང་གཉིས་མེད་དུ་གྱུར་པར་མོས་ལ། མགོ་བོར་ལྷོ་དང་ལག་གཡས་ཤར་ལྷོ་དང་། ལག་གཡོན་ལྷོ་ནུབ་རྐང་གཡས་བྱང་ཤར་དང་། རྐང་གཡོན་ནུབ་བྱང་སྙིང་ཤར་ནང་རོལ་ནུབ་ཕོ་མཆན་བྱང་བཀོད་དུར་ཁྲོད་གནས་བརྒྱད་བསམ། སློབ་དཔོན་སོགས་འདུས་པ་ཉུང་ཤས་ཀྱི་ཕྱག་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་བརྡུང་སྟེ། ཧཱུྃ། ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །མ་ལུས་ཟིལ་གནོན་བྲོ་ཞིག་བརྡུང་། །བྲོ་བརྡུང་གཟུགས་ཅན་དག་ལ་བརྡུང་། །བྲོ་བརྡུང་གཟུགས་མེད་བགེགས་ལ་བརྡུང་། །དགྲ་བགེགས་མགོ་ལ་ཆེམ་སེ་ཆེམ། །ལག་པ་ཐལ་སྦྱོར་གྱེན་ལ་སྦྱོར། །འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ། །རྐང་པས་བྲོ་བརྡུང་ཐུར་དུ་བརྡུང། །བདུད་བཞི་མ་ལུས་ཟིལ་གྱིས་གནོན། །བྲོ་འདི་དགྲ་བགེགས་འདུལ་བའི་བྲོ། །གླུ་ནི་ཚངས་པ་དབྱངས་ཀྱི་གླུ། །ཚིག་འདི་དོན་དམ་རྟོགས་པའི་ཚིག རྐང་པ་གཡས་ཀྱི་བྲོ་བརྡུང་པས། །ཕོ་སྲི་ཐམས་ཅད་གཡས་སུ་གནོན། །རྐང་པ་གཡས་ཀྱི་བྲོ་བརྡུང་པས། །མོ་སྲི་ཐམས་ཅན་གཡོན་དུ་གནོན། །གཡས་གཡོན་མེད་པས་བྲོ་བརྡུང་པས། །དགྲ་བགེགས་ཐམས་ཅན་ཐལ་བ་རློག རྣལ་འབྱོར་ལུས་ངག་ཡིད་གསུམ་ལ། །གནོད་པར་བྱེད་པའི་འབྱུང་པོ་ཀུན། །གཤིན་རྗེ་གཤེད་པོའི་ཏིང་འཛིན་གྱིས། །རི་རབ་ཆེན་པོའི་རྨངས་སུ་མནན། །བྱང་ཆུབ་སེམས་མཆོག་མ་སྐྱེས་བར། །མནན་པ་ཡིན་ནོ་མ་ལྡང་ཞིག །དགྲ་བགེགས་སྟམ་བྷ་རཀྴ་ན ན། སུམ་བྷ་ནི་བརྗོད། དེ་ནས་སྲུང་བའི་འཁོར་ལོས་བཅིངས་ཏེ། ཧཱུྃཿ ཀུན་ཀྱང་རྡོ་རྗེའི་རང་བཞིན་ལཿ ཡེ་ཤེས་མེ་དཔུང་ཀུན་ཏུ་འབརཿ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང་ཿ གཉིས་མེད་ཡེ་ཤེས་ལྷུན་གྱིས་གྲུབཿ བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྗོད། གསང་མཚམས་ནི་བར་དུ་གཅོད་བྱ་གཅོད་བྱེད་ཐམས་ཅད་སེམས་ཀྱི་རྟོག་པ་སྟེ་སེམས་ཉིད་རིག་སྟོང་གཉུག་མ་དོན་གྱི་རྡོ་རྗེ་གཞོམ་གཞིག་ཀུན་བྲལ་གྱི་ཡིན་ལུགས་ངང་དུ་འཇོག་པ་དེ་ཁོ་ན་ཉིད་ཀྱིས་མཚམས་བཅད་པའོ། །དེ་ནས་ཆག་ཆག་གདབ་པ་ནི་བ་བྱུང་ལྔ་དང་བདུད་རྩི་ལྔས་དཀྱིལ་འཁོར་གྱི་གཞི་ལ་བྱུག་སྟེ། ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས་ལ་སོགས། །བདེ་ཆེན་གསང་བའི་མན་ངག་སྒྲུབ་པར་བྱ། །གསང་བའི་དཀྱིལ་འཁོར་ཆེན་པོ་ཆག་ཆག་འདེབས། །མ་ཧཱ་ཨ་མྲྀ་ཏ་མཎྜལ་ཧཱུྃ། ཞེས་གཡས་བསྐོར་གྱིས་བྱུག་པར་བྱའོ། །རྡུལ་ཚོན་བྱེད་ན་ཐིག་གདབ་པ་ལ་ཡེ་ཤེས་ཀྱི་ཐིག་ནི་ཁ་དོག་ལྔའི་སྐུད་པ་འདུ་བྱསརིན་པོ་ཆེའི་སྣོད་དུ་བཞག་པ་ལས་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་ཧཱུྃ་ༀ་ཏྲྃ་ཧྲཱིཿཨཱཿལས་བྱུང་བའི་སྲད་བུ་དཀར་སྔོ་སེར་དམར་ལྗང་གུ་རྣམས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གྱུར། རང་གི་མིག་གཉིས་ཛཿཡིག་ལས་བྱུང་བའི་ཉི་ཟླ་འབར་བའི་རྣམ་པ་ཅན་དུ་གྱུར། ༀ་དཱེ་བྟེ་དྲིཥྚ་ཨངྐུ་ཤ་ཛ་ཛ༔ ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་འོད་ཉེར་ལྔའི་རང་བཞིན་དུ་བྱུང་བ་དམ་ཚིག་པ་ལ་གཉིས་སུ་མེད་པར་གྱུར། རྩ་སྔགས་ཚར་གཅིག་བརྗོད་པས་བསྒྲིལ་ཚུལ་བྱ་ནས། ཐིག་སྐུད་སློབ་དཔོན་གྱིས་འཛིན། ༀ་བཛྲ་ས་མ་ཡ་སཱུ་ཀྲ་མ་ཧཱུྃ་ༀ་ཨཱཿཧཱུྃ།གིས་བརྟན་པར་བྱས། སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས། ༀ་ཨཱཿཛཿཛཿཛ༔ ཞེས་ཐིག་སྣ་ལས་རྡོར་ལ་གཏད། ཡབ་ཀྱི་གསང་བ་ནས་ཡུམ་གྱི་མཁར་བྱང་ཆུབ་སེམས་ཀྱི་ཐིག་དྲང་བར་བསམ་ཞིང་། སྟོབས་མཆོག་མངའ་བ་དགོངས་སུ་གསོལ། །རྡོ་རྗེ་ཐིག་གི་སྒྲ་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང་། །འགྲོ་བའི་དོན་ལ་བསྐུལ་བར་མཛོད། །ༀ་བོ་དྷི་ཙིཏྟ་སརྦ་ས་ཏྭ་ཧཱུྃ། ཞེས་བརྗོད་ཅིང་ལྟེ་བའི་ཐབས་ཀྱི་བར་སྣང་ལ་རྡོ་རྗེ་བཅས་པའི་གཡས་པའི་མཐེབ་མཛུབ་ཀྱིས་སེ་གོལ་དང་བཅས་པས། ༀ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་ནུབ་ཤར་གདབ་གཡས་བསྐོར་གྱིས། སློབ་དཔོན་ལྷོ་དང་སློབ་མ་བྱང་། དེ་བཞིན་མེ་ནས་རླུང་དུ་ཕྱོགས། བདེན་བྲལ་ནས་ནི་དབང་ལྡན་བལྟ། །མེ་ནས་བྱང་ཤར་དེ་བཞིན་དུ། རླུང་ནས་ལྷོ་ནུབ་ཕྱོགས་པ་དང་། །རླུང་ནས་བྱང་ཤར་བལྟ་བ་དང་། མེ་ནས་ལྷོ་ནུབ་བལྟ་བྱས་ལ། །ཚངས་ཐིག་གཉིས་དང་རྩ་ཐིག་བཞིར། །རྒྱབ་འགྲོས་བྱ་ཞིང་ཟུར་ཐིག་ལ། །རྒྱབ་འགྲོས་སྤངས་ནས་མ་འཁྲུལ་གདབ། །དེ་ནས་སློབ་དཔོན་སྔར་བཞིན་འཁོད། །སློབ་དཔོན་གྱིས་ཐིག་སྐུད་བསྡུ་བར་བྱའོ། །ཡེ་ཤེས་རང་བཞིན་ཐིག་གདབ་པས༔ ཡེ་ཤེས་གཞལ་ཡས་ཁང་དུ་བསམ༔ ལས་ཐིག་ནི། གཞུང་དུ་གཞལ་ཡས་སྒོ་རྫོགས་ཅན་གྱི་གསལ་ཁ་མ་བྱུང་བ་ནི་སྨིན་གླིང་རྡོར་སེམས་ལ་ཡང་སྒོ་རྫོགས་གསལ་ཁ་མེད་ཀྱང་ཕྱག་བཞེས་སུ་གཞལ་ཡས་ཁང་མཛད་པ་དང་། འདིར་སྒོམ་དོན་ལ་གཞལ་ཡས་ཁང་དངོས་སུ་གསལ་བས་གསང་བ་སྤྱི་དང་མཐུན་པར་གཞལ་ཡས་ཁང་གྲུ་བཞི་རྟ་བབས་བརྒྱད་པ་པདྨ་རྡོ་ར་མེ་ཕྲེང་དང་། དབུས་སུ་པདྨ་འདབ་བརྒྱད་མུ་ཁྱུད་ལྔ་པ་ཅན་ལྟེ་བར་འཁོར་ལོ་རྩིབས་དྲུག་པ་ཅན་བྲི་བར་བྱའོ། དེ་རྣམས་ནི་ནུབ་དང་པོའི་ཆོ་གའོ། ༈ །གཉིས་པ་ལྟ་གོན་ལ། ལྷ་དང་སློབ་མ། བུམ་པ་སྟ་གོན་དང་གསུམ་ལས། དང་པོ་ནི། དཀྱིལ་འཁོར་གྱི་གཞི་རས་བྲིས་ལ་མཎྜལ་དང་། རྡུལ་ཚོན་གྱི་ཕྱོགས་སུ་སྐྱ་ཐིག་ཙམ་བཏབ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་བདུད་རྩི་ལྔའི་དྲིས་གཙོ་གནས་སུ་གྲུ་བཞི་དང་། དེའི་མདུན་དུ་ཡུམ་ས་ཟླུམ་སོ་བྱས་ལ་རྩ་སྔགས་ཀྱི་ཚོམ་བུ་ཆེ་ཆུང་གཉིས་བཀོད་པའི་མདུན་དུ་སྨན་གཏོར་རཀྟ་དང་། དེའི་མཐར་མཆོད་པ་རྣམས་གཡས་བསྐོར་གྱིས་བཤམས། ལྷ་ཚོམ་གྱི་སྟེང་མཉྫིའི་ཁར་བུམ་པ་རྫས་སོ་ལྔ་བླུགས་པ་བཅུད་ལྡན་དང་། གུ་གུལ་བདུག་ཅིང་། བགེགས་བསྐྲད། གཟུངས་ཐག་འདོགས་པ་དང་། ལས་བུམ་བྱང་ཤར་དུ་འཇོག མཚམས་འཛིན་གྱི་སྟེང་དུང་ཆོས་ཀྱི་མཆོད་ཡོན་བཅས་འཇོག ས་སྟ་ཞག་གིས་ཆོད་ན་བདག་བསྐྱེད་ས་ཆོག་ལྟར་ངེས་པར་འདོན། ཞག་གིས་མ་ཆོད་ཅིང་ཁོམ་ལྕོག་མེད་ན་སྐབས་འདིར་བདག་བསྐྱེད་མ་བཏོན་ཀྱང་རུང་། གང་ལྟར་ཡང་ཕྲིན་ལས་གཞུང་ལྟར་མཆོད་པ་བྱིན་རླབས། ཚོམ་བུ་བསངས། ཤུ་ནྱ་ཏས་སྟོང་པར་སྦྱངས། ཕྲིན་ལས་ལྟར་ལྷ་བསྐྱེད་ནས་བསྟོད་པའི་བར་བཏང་། དེ་ནས་པུས་བཙུག་རྡོ་དྲིལ་སྤོས་དང་བཅས། ཧཱུྃཿ བདེ་གཤེགས་རྒྱལ་བ་དགོངས་སུ་གསོལ༔ རིག་པ་འཛིན་པ་བདག་གིས་ནི༔ ཐུགས་རྗེའི་དཀྱིལ་འཁོར་བྲི་འཚལ་གྱི༔ འགྲོ་བའི་དོན་དུ་གནང་དུ་གསོལ༔ ཞེས་ལན་གསུམ་གྱིས་སྙན་གསན་དབབ་བས་གནང་བ་སྦྱིན་པར་བསམ། ༀ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཞེས་པས་མཆོད། འདུད་ཉི་ཤུས་བསྟོད། ཧཱུྃ་ཞེས་རྡོ་དྲིལ་དང་འདེགས་པའི་རྒྱ་ཡིས། དཀྱིལ་འཁོར་གྱི་བདག་པོ་སང་སྤྱན་མ་དྲངས་བར་དུ་ནམ་མཁར་འོད་ཀྱི་དྲྭ་བར་བཞུགས་པར་གྱུར། ཞེས་བརྗོད་དོ། ཚོམ་བུ་བསྡུ། གཉིས་པ་བུམ་པ་སྟ་གོན་ནི། བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་རྣམ་རྒྱལ་བུམ་པའི་ནང་དུ་སེང་ཁྲི་པད་ཉི་ཟླ་བའི་གདན་འོད་འབར་བར་གྱུར། སེང་ཧ་མ་ཧཱ་བ་ལ་རཏྣ་ཏ་ར་ཧྲཱིཿ སོགས་ནས དྷརྨ་དེ་བི་དྷ་ཏུ་ཤྭ་རི་སྟྭམ༔ བར་ལས་གཞུང་ལྟར་ལྷ་བསྐྱེད། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཱཀཱ་ཡ་བཛྲ༴ སོགས་ཀྱིས་གནས་གསུམ་བྱིན་རླབས། ༀ་མ་ཧཱ་ཤུ་ནྱ་ཏ་སོགས་ཀྱི་དབང་བསྐུར། ༀ་ཡོད་མེད་སྟོང་པ༴སོགས་ཀྱིས་སྤྱན་དྲངས། ༀ་མཁའ་དབྱིངས་ཀློང་ཡངས༴ སོགས་ཚིགས་བཅད་སྔགས་དང་བཅས་པ་དང་། སྨན་རཀ་གཏོར་གསུམ་སྔགས་རྐྱང་པས་མཆོད། འདུད་ཉི་ཤུས་བསྟོད། གཟུངས་ཐག་ལ་འཇུས་ཏེ། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིར་བབས་པས་བུམ་པ་གང་བར་བསམ་ཞིང་སྔགས་ཚང་བར་བཟླ། ལས་བུམ་དུ་ཁྲོ་བོ་གཤིན་རྗེ་གཤེད་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་བེ་ཅོན་གདེངས་ཤིང་གཡོན་བསྡིག་འཛུབ་མཛད་པ་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་པད་ཉི་རོའི་སྟེང་ན་དོར་ཐབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་སུ་བཞུགས་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ༀ་ཨཱཿ ཧཱུྃ་མཉྫུ་ཤྲཱི་ཡ་མནྟ་ཀ་ཧཱུྃ་ཕཊ། ཅི་ནུས་བཟླས་མཐར་སྔགས་ཙམ་གྱིས་མཆོད་པ་དང་། འདུད་ཉི་ཤུས་བསྟོད། དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་ཆགས་པ་ཆེན་པོས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ཞིང་། བུམ་པ་དབེན་སར་བཞག་ལ་མཆོད་གཏོར་རྣམས་བསྡུའོ། ཚོན་དབྱེ་བ་ནི། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འཁོད་པ་ལ། ཡུམ་བཞིའི་རྡོ་རྗེའི་གླུས་བསྐུལ་བ་ནི། ཧོཿ ལྷུན་གྲུབ་དཀྱིལ་འཁོར་རང་སྣང་བ༔ ཐུགས་རྗེས་ཉེར་བར་དགོངས་མཛོད་ལ༔ འཁྲུལ་པའི་སྣང་བ་ཀུན་བཟློག་ཕྱིར༔ དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཚོན་སྣ་སོ་སོར་བླུག་པ་ཕྱོགས་བཞིར་དབུས་ལྔར་བཞག་ལ། བསངས་སྦྱངས། སྟོང་པའི་ངང་ལས་ཚོན་རྣམས་རིགས་ལྔར་གསལ་བར་གྱུར། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོས་བསྟིམ། ༀ་བཛྲ་ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ༴ སོགས་ཀྱིས་བསྟོད། ༀ་ཨཱཿཧཱུྃ་སྭཱ་ཧཱ༔ མང་དུ་བཟླས། འོད་དུ་ཞུ་བ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར། ༀ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། ཞེས་མང་དུ་བཟླས་པས་བྱིན་བརླབས། ཡེ་ཤེས་ལྔ་ཡི་རང་བཞིན་གྱིས༔ ཚོན་གྱིས་དཀྱིལ་འཁོར་བྲི་བར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་དེ་སློབ་དཔོན་གྱི་ལག་གཡོན་གྱིས་དབང་ལྡན་ནས་རྩིགས་པ་ནང་ནས་སེར་མཐིང་དཀར་དམར་ལྗང་བའི་རེ་ཁཱ་ལྔ་སྒོ་ཚད་གཅིག་བྲིས་ཐོད་པས་བཀབ། འདི་ནི་ཆོས་དབྱིངས་རྣམ་པར་དག །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་འཇམ་པའི་དབྱངས། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བདེན་པ་བརྗོད་ཅིང་ཚོན་པྲ་བརྟག་པར་བྱས་ལ་ཚོན་བཀྱེ་བ་ནི། དབུས་མཐིང་ཀའི་ལྟེ་བར་དྷཱིཿ་དམར་སེར། རྩིབས་དྲུག་ལ་མདུན་ནས་བརྩམས་ༀ་ཨ་ར་པ་ཙ་ནའི་ཡིག་འབྲུ་རེ་རེ་བཀོད། པདྨའི་གེ་སར་གྱི་མུ་ཁྱུད་སེར་པོ། འདབས་མ་རྣམས་སྣ་ཚོགས་པ། མུ་ཁྱུད་ཁ་དོག་ལྔ། ཤར་གྱི་འདབ་མར་ཐིག་ལེ་དཀར་པོ། ལྷོར་སེར་པོ། ནུབ་དམར་པོ། བྱང་ལྗང་ཁུའི་ཐིག་ལེ་དེ་རེ་རེའི་མཐར་རང་མདོག་མིན་པའི་ཐིག་ཆུང་བཞིས་བསྐོར་བའི་ལྔ་ཚོམ་ཅན་མཚམས་ཀྱི་འདབ་མར་བུམ་པ་རྒྱན་ལྡན་རེ་རེ། སྒོ་ཁྱམས་ཕྱིན་ཆད་སྤྱི་དང་མཐུན་པར་བཀྱེ་བར་བྱའོ། །ཚོན་ལྷག་ལ་མཆོད་བསྟོད་བྱས་ནས་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །གསུམ་པ་སློབ་མ་སྟ་གོན་ནི། གཞུང་དུ་མི་འབྱུང་ཡང་སྤྲོ་ན་སྟ་གོན་སྤྱི་འགྲོས་ཞིག་ལ་ལྷ་སྔགས་བསྒྱུར་ནས་བསྐུར་བར་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ལས་འགལ་བ་མེད་ཅིང་། འདིར་མཆོག་གཏེར་རིགས་གསུམ་སྙིང་ཐིག་གི་སྒྲུབ་ཁོག་ནས་འབྱུང་བའི་མཆེད་གསར་གྱི་མིན་ན་ལོགས་ཤིག་ཏུ་བཞག གུལ་ཡུངས་དྲིའི་ཐིག་ལེ་བཀོད། སོ་ཤིང་རྣམས་འདུ་བྱས་ལ། བི་ཤྭ་བཛྲ། སོགས་དྲག་སྔགས་གུལ་ཡུངས་དང་བཅས་པས་བགེགས་བསྐྲད། སློབ་བུའི་སྤྱི་བོར་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་བཞུགས་པའི་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩི་དཀར་པོའི་རྒྱུན་བབས་པས་སྡིག་སྒྲིབ་སྦྱོང་བར་མོས་ལ་ཡིག་བརྒྱ་བདུན་ནམ་ཉེར་གཅིག་བཟླས། མགོན་པོ་བདག་ནི༴ སོགས་ཀྱིས་བཟོད་གསོལ་དང། རྡོ་རྗེ་སེམས་དཔའ་སོ་སོ་རང་རང་ལ་ཐིམ་པར་གྱུར། རྡོ་རྗེ་སློབ་དཔོན་སངས་རྒྱས༴ སོགས་ལན་གསུམ་གྱིས་རྒྱུད་སྦྱོང་ནས་། སློབ་དཔོན་གྱིས་ཡ་ཞེས་བརྗོད་པས་ཁྲོ་བོ་ཡཀྵ་མེ་དབལ་སྤྲོས་པས་སྡིག་སྒྲིབབསྲེགས་པར་གྱུར་པར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པ་དང་། ༀ་ཨཱཿཧཱུྃ་བརྗོད་པ་དང་དྲིའི་ཐིག་ལེ་གནས་གསུམ་བཀོད། སོ་ཤིང་དངོས་གྲུབ་ཀྱི་མཚན་ལྟས་བརྟགས་པའི་ནུས་པ་ལྡན་པར་མོས་ལ་རྩ་སྔགས་བཟླས་ནས་བྱིན་གྱིས་བརླབས་ཏེ་གཏད་པ། ཁྱེད་རྣམས་དཀྱིལ་འཁོར་ཞལ་ཕྱོགས་ཤིང་དངོས་གྲུབ་ཀྱི་ལྟས་བསྟན་དུ་གསོལ་སྙམས་པས་ལྟོས་མེད་དུ། ༀ་བཛྲ་ཧ་ས་ཧ། ཞེས་སོ་ཤིང་གི་ར་བར་དོར་དུ་བཅུག་རྩ་བ་རང་ལ་བསྟོན་པ་དང་ཕྱིར་ལྟུང་ན་ངན་པས་བསྐྱར་རོ། སློབ་དཔོན་རྣམས་ཀྱིས་དམ་ཚིག་སྦྱིན་པར་གསོལ་བ་ནི། ཧཱུྃ༔ བླ་མའི་སྐུ་གསུང་ཐུགས་རྡོ་རྗེ༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་བཏང་ན༔ རྡོ་རྗེ་རྒྱལ་པོས་གནང་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་ལ་སློབ་དཔོན་གྱིས་ནང་མཆོད་ནས་བདུད་རྩི་སྦྱིན་ཏེ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ༔ཁྱེད་ཀྱིས་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ་ཁྱེད་རྣམས་ཀྱིས་དམ་ཚིག་ལ་རྟག་ཏུ་མི་ཉམས་པར་བརྩོན་པར་གྱིས་ཤིག །ཅེས་གདམས་ནས་རྡོ་རྗེའི་གྲལ་དུ་བཞག་གོ། །མཆེད་རྙིང་པ་ལ་འདི་མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ། །གཉིས་པ་དངོས་གཞི་ལ་རྒྱན་བཀོད་པ་དང་། བསྙེན་སྒྲུབ་དངོས་བྱའོ། །དང་པོ་དཀྱིལ་འཁོར་བཞེངས་གྲུབ་ཟིན་པ་ན། སློབ་དཔོན་གྱིས་དྲིལ་སྤོས་ཀྱིས་སྣ་དྲངས། མཆེད་རྣམས་ཀྱི་གཏོར་མ། བུམ་པ། དབུ་རྒྱན། རྡོར་དྲིལ། སྐུ་གསུང་ཐུགས་རྟེན། ཤེལ་རྡོ་སོགས་དང་། རལ་གྲི་བཞི། མདའ་བཞི། ཕུར་བུ་བཞི། གདུགས། བ་དན་བཞི། རྒྱལ་མཚན་བཞི། སྨན་གཏོར་རཀྟ། ཉེར་སྤྱོད་རྣམས་ཐོགས་ནས་དཀྱིལ་འཁོར་ལ་གཡས་བསྐོར་ལན་གསུམ་བྱས་ནས་མདུན་ཕྱོགས་སུ་འཁོད་དེ། ཧཱུྃ༔ རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས༔ མི་ཕྱེད་ཕྱག་རྒྱས་བསྒྲུབ་པའི་ཕྱིར༔ ལྷ་དང་གཉིས་སུ་མེད་པར་བྱོན༔ ཡེ་ཤེས་དཀྱིལ་འཁོར་དབུས་སུ་བཞུགས༔ ས་མ་ཡ་སྟམ༔ ཞེས་འཇམ་རོལ་དང་བཅས། ལྡིང་ཁྲི་ཁར་སྒྲུབ་གཏོར་རིགས་ལྔའི་ཙཀླི་གཏོར་གདུགས་ཀྱིས་བརྒྱན་པ་དང་། དེའི་མདུན་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་། མཚན་བརྗོད་ཀྱི་གླེགས་བམ། ཤར་དུ་རྣམ་བུམ། ལྷོར་དབུ་རྒྱན་དར་དཔྱངས། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མཚམས་གང་བདེར་མན་ཤེལ་བཅས་བཞུགས་སུ་གསོལ། དེ་ནས་ཀྱིལ་འཁོར་གྱི་རྒྱན་རྣམས་མཛེས་པར་བཀྲམ་ལ། ཧཱུྃ༔ ཤེས་རབ་རལ་གྲིས་ཉོན་མོངས་དྲྭ་བ་གཅོད༔ ཡེ་ཤེས་མདའ་ཡིས་མ་རིག་དུག་གསུམ་འབིག༔ ཕྲིན་ལས་ཕུར་པས་བར་ཆད་བདུད་དཔུང་འདུལ༔ དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞེས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་བྱམས་པའི་གདུགས་མཆོག་འཁོར་བའི་ཚ་གདུང་སྐྱོབ༔ ཆོས་ཀྱི་རྒྱ་མཚན་བར་ཆད་བདུད་ལས་རྒྱལ༔ ཤེས་རབ་འཕེན་དར་བྱང་ཆུབ་ཆོས་རྣམས་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་འབུལ༔ བཛྲ་སྥ་ར་ཎ་ཕཊ༔ ཨརྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་ཕྱིར་འབུལ་བར་བགྱི༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་སོ་སོའི་འཇམ་རོལ་བྱ། སྟབས་བདེ་ཕྱིར་གདུགས་ཐོག་མ་ནས་དབུབ། བྱང་ཤར་མཚམས་འཛིན་ནས་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དང་། འདིའི་སྒྲུབ་གཏོར་ནི་ཆོས་སྨན་དམ་རྫས་སྨན་སྤོས་སོགས་བཏབ་པ་ཆང་གིས་སྤྲུས་པའི་དཔལ་གཏོར་ཟུར་བཞི་ལོགས་བརྒྱད། རང་བྱུང་གི་ཡེ་ཤེས་ཨ་ལྔས་མཚན་པ་པདྨ་འདབ་བཞི་དང་འཐེབ་ཀྱུས་བརྒྱན་པ་ལ། དམར་རྩི་དང་ཞི་བའི་རྒྱན་སྤྲོས་གང་རྒྱས་བྱས་པ་གཏོར་ཙཀ་སོགས་གོང་དུ་བཤད་པ་ལྟར་བྱ། དཀྱིལ་འཁོར་གྱི་མདུན་ཕྱོགས་མཆོད་གཏོར་ཞི་གཏོར་ཟླུམ་པོ་པད་སྦུབ་ཅན་དང་། ཁྲོ་གཏོར་པད་འདབ་ཅན། དེ་དག་གི་གཡས་ཀུ། དམ་ཅན་སྤྱི་གཏོར། ཆད་མདོ། གཡོན་དུ་གཏེར་སྲུང་གི་གཏོར་མ་གཙོ་འཁོར་ལྔ་དང་བརྟན་མ་རྣམས་རྒྱུན་བཞག་དང་། གཡས་གཡོན་དུ་སྨན་རཀ་རྣམས་བཀོད། དེ་རྣམས་ཀྱི་མཐའ་སྐོར་དུ་ཉེར་སྤྱོད་དང་སྨན་གཏོར། ཚོགས་རྣམས་བརྒྱ་རྩ་མན་འབྱོར་བསྟུན་དང་། བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་སོགས་མཆོད་རྫས་ཅི་འབྱོར་བཀྲམ། ཕུར་གདབ་བྱས་པའི་ཁྲོ་བཅུའི་ཕུར་བུ་རྣམས་ཕྱོགས་སོ་སོར་བཀོད། སྤོས་རོལ། གཡབ་དར། དཀར་བགེགས། ཚོགས་ཀྱི་ཡོ་བྱད། གཏེར་བཞི། ཆད་བརྟན། ཧོམ་ཁུང་། ཉུལ་ལའི་ལིང་ག་ཐུན་རྫས། གདབ་ཕུར། དཀྱིལ་འཁོར་མདུན་དུ་ཉེར་སྤྱོད་མཆོད་པ་སྦྲེང་ཚར་གཅིག་དང་། མེ་ཏོག སྤོས། ཞལ་ཟས་སོགསམཆོད་ཁ་གསོ་ཆས་རྣམས་དང་། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ་ནང་མཆོད། དྲིལ་བུ། རྡོ་རྗེ། ཌ་མ་རུ། ནས་བཟེད་ལས་བུམ། གདན་ཕུར་རྣམས་འཇོག་པར་བྱའོ། དེ་ནས་སྒྲུབ་པ་པོ་རྣམས་གནས་སུ་འགོད་ཅིང་མངའ་གསོལ་བྱ་བར་སྤྲོ་ན་རྒྱལ་ཚབ་པས་གྲལ་གཤམས་སྟོང་ཐུན་སྔོན་དུ་འགྲོ་བའི་དབྱངས་འབོར་ལན་གྱིས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེ་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང་། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ་གསོལ༴ རྡོ་རྗེ་ལ་ས་བར། ཕྲིན་ལས་གཞུང་སྲོང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨ་མངའ་གསོལ༴ གིང་ལ། བར་ཆད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབས༔ རྡོ་རྗེ་གིང་མཆོད༴ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང་༔ རྡོ་རྗེ་མཚམས་པར༴ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར༴ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས༴ ཕྱག་ཚང་པར། ཕུག་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང༴ བྱན་པོར། གཡོས་མཁན་ལྷག་ཆད་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ༴ མཆེད་ལྕམ་སྤྱི་ལ། གསལ་དག་ཛབ྄་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་རྣམས༴ རྡུལ་ཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུལ་ལེ་སྐྲོད༔ རྡུལ་ཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྗེས་ཟློས་བསྐུལ་ཞིང་། སོ་སོའི་ཚིག་མཐར། ལས་རྡོར་གྱིས་བདུད་རྩིའི་སྐྱེམས་སོ་སོར་དྲངས། ཆས་གོས་ཀྱི་མངའ་གསོལ་ལ། སྟོད་གཡོག་སྨད་གཡོག་ཐོར་ཅོག་དབུ་རྒྱན། དར་དཔྱངས། རྡོ་རྗེ་རྩེ་ལྔ། ཁ་ཊྭཱྃ། ཐོད་པ་བདུད་རྩི། རུས་པའི་རྒྱན་དྲུག་རྣམས། རང་རང་གི་མདའ་གཞུ། ཚེ་འཕྱང་རིམ་པས་ཐོགས་ཏེ། ཧོཿ ཆགས་མེད་སྐྱོན་བྲལ་ངོ་ཚ་ཁྲེལ་ཡོད་རྟགས། །ལྷ་རྫས་དར་གྱི་སྟོད་ཁེབ་སྨད་གཡོག་གསོལ། ༈ བཅུ་དྲུག་དགའ་བཞི་སོར་རྩེ་སོན་པ་ཡི། །ཡིད་བཞིན་ཏོག་མཛེས་མཐོན་མཐིང་ཐོར་ཅོག་གསོལ། ༈ འདོད་ཡོན་མ་སྤང་རྒྱན་དུ་རོལ་པ་ཡི༑ །རིན་ཆེན་སྣ་ཚོགས་མཛེས་པའི་རྒྱན་བརྒྱད་གསོལ། ༈ ཕ་རོལ་ཕྱིན་དྲུག་རང་ལ་རྫོགས་པའི་རྟགས། །རུས་པའི་རྒྱན་ཆ་རྣམ་དྲུག་སྐུ་ལ་ཁསོལ། ༈ ཡེ་ཤེས་ལྔ་ལྡན་རྡོ་རྗེ་རྩེ་ལྔ་དང་། དུག་གསུམ་འཇོམས་པའི་ཁ་ཊྭཱྃ་རྩེ་གསུམ་ཐོགས། ༈ བདེ་ཆེད་བདུད་རྩིས་བཀང་བའི་བྷཉྫ་དང་། མི་ཤེས་འཇམས་པའི་རལ་གྲི་ཕྱག་ཏུ་བཞེས། ༈ མི་འཇིགས་སེང་ཁྲི་པད་ཉི་ཟླ་བ་རྣམས། །ངག་གི་དབང་ཕྱུག་བཞུགས་པའི་གདན་དུ་འབུལ། ༈ གསུང་གི་ཆོས་སྒྲ་སྒྲོགས་ཕྱིར་དབྱངས་གསལ་དང་། །སྐྱེ་འཆི་སྤོང་ཕྱིར་ཚེ་བུམ་བཅུད་ལྡན་འབུལ། ༈ དཀྱིལ་འཁོར་ཁྱབ་བདག་འཇམ་དཔའི་རྡོ་རྗེ་ལ། །ཆེ་བའི་ཡོན་ཏན་རྟགས་ཀྱིས་མངའ་གསོལ་ལོ། །ཞེས་ཚིག་མཚམས་སུ་འཇམ་རོལ་རིང་བའི་ནང་རྒྱབ་ཚབ་སོགས་ཀྱིས་ཚོགས་པ་ཐམས་ཅད་ལ་འགྲིམ་པར་བྱ། མཆོད་པ་བྱིན་རླབས་ནི། བསངས་སྦྱངས། ཧཱུྃ༔ ཡེཤེས་ལྔ་ཡི་རང་རྩལ་ལས༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤྲིན༔ ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན༔ མཁའ་དབྱིངས་ཡོངས་སུ་གང་བར་གྱུར༔ ༀ་ཨཱཿཧཱུྃ་བཛྲ་སྥ་ར་ཎ་ཁཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས། རྡོར་དྲིལ་བྱིན་གྱིས་རླབས་ཕྱིར། ༀ་མ་ཧཱ་བཛྲ་ཧཱུྃ། ༀ་བཛྲ་གནྡྷེ་ཨཱཿ པད་སྐོར་ཁྱུད་རྒྱ་དང་བཅས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ་྅ཧཾ། ཞེས་སིལ་སྙན་རྒྱུད་གསུམ་འཁྲོལ་ནས་ཚོགས་གྲོལ་བའོ། ཡང་ན་དངོས་གཞི་ལས་རིམ་ལ་འཇུག་པ་གང་བདེར་བྱའོ། གཉིས་པ་དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ལས་རིམ་དངོས་ལ་འཇུག་པ་ལ། བརྒྱུད་འདེབས་དང་ཚོགས་ཀྱི་སྐབས་སོགས་ལ་མཁོ་བའི་བསངས་ཆུ་སྒྲུབ་པ་ནི། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་པོ་ཐམས་ཅད་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་བསངས་ཆུའི་སྟེང་དུ། མ་སུརྱ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ་སྥ་ར་ཎ་ཕཊ། སྃ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ༀ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་སརྦ་དྲ་བྱཾ་ཤྭ་དྷ་ཡ་ༀ་ཨཱ་ཧཱུྃ་ཧྲཱིཿཋ༔ ཞེས་རྒྱ་རྩ་བརྒྱད་བཟླ། ཁྲོ་མོ་འོད་དུ་ཞུ་ཆུ་ཡི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ། ཀྲོ་དྷི་ཤྭ་རིའི་སྔགས་ལན་གསུམ་བརྗོད་པས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱས་ནས་ལས་བུམ་དུ་བླུགས། སྔོན་གཏོར་ནས་བརྩམས་ཐོག་མར་འཇམ་མགོན་ཐམས་ཅད་གཟིགས་མི་ཕམ་འཇམ་དཔལ་དགྱེས་པའི་གསུངས་ཡེ་ཤེས་སྣང་བ་མཆོག་གྲུབ་ཡན་ལག་དང་བཅས་པ་ཚངས་ལ་མ་ནོར་བ་འདོན། བྱིན་འབེབས་སྐབས་སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་སྒྲུབ་པའི་དཁྱིལ་འཁོར་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་པ་འདི་མ་ཆད་པ་གལ་ཆེ། དེ་ཡང་བདག་མདུནངོ་བོ་ཐ་མི་དད་ཅིང་། རྣམ་པ་མེ་ལོང་གི་གཟུགས་བརྙན་ལྟར་མ་འདྲེས་པ་ཚིག་རིས་གཅིག་གིས་གསལ་ཞིག་སྒྲུབ་པ་དང་། གཏོར་མའི་ཡི་གེ་འབྲུ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོ་དང་དབྱེར་མེད་དུ་བསྒོམ་པ་དང་རྫས་རྣམས་སོ་སོའི་ངོ་བོབསྒོམས་པའི་སྟེང་མཁར་རིག་འཛིན་བརྒྱུད་པ། མཐའ་བསྐོར་དུ་ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ལྷ་ཚོགས་ཀྱིས་བསྐོར་བ་ཡང་དམིགས་པས་ཁྱབ་པར་བྱ། ཛབ་བསྐུལ་བྱ་བར་སྤྲོ་ན། བཟླས་དམིགས་གསལ་བཏབ་ནས། དྷཱིཿ ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །འཇམ་དཔའི་དཔལ་དང་ལྡན་པའི་མཆོག། །སྐུ་ནི་ཞི་བའི་ཚུལ་དགུ་ལྡན། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །དཀྱིལ་འཁོར་བདག་པོ་མཉྫུ་ཤྲཱི། །སྟོང་དཔྱལ་གཉིས་སུ་མེད་པ་ཡང་། ཛབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ཞིང་། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །མ་འགྲུབ་བར་དུ་མི་བཏང་ངོ་། །ཞེས་བསྐུལ། བསྙེན་སྔགས་སྟོང་ཕྲག་ལ་མཚོན་ན། ཉེ་བསྙེན་སུམ་བརྒྱ་སྒྲུབ་སྔགས་ལྔ་བརྒྱ། ཡང་སྙིང་སྟོང་གསུམ་རེའི་མང་ཉུང་ཆ་བསྐྱེད་དེ་བཟླ་བར་བྱ། བར་མཚམས་སུ་སྟོང་ཚིག་འབུལ། བུམ་བཟླས་ནི། གཟུངས་ཐག་བླངས་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་འཇམ་པའི་རྡོ་རྗེ་ཡབ་ཡུམ་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་གསལ་བར་གྱུར། །བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་བཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། སྔགས་རྣམས་ཅི་ནུས་བཟླས། ལས་བུམ་དུ་ཁྲོ་བོ་གཤིན་རྗེ་གཤེད་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩི་རྡུལ་ཕྲ་རབ་བབས་པས་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་མོས་ལ་ལས་སྔགས་བརྒྱ་རྩ་བཟླས་མཐར་སྟོང་ཚིག་གི་མཆོད་བསྟོད་འབུལ། དུང་ཞལ་གྱི་ཆུ་མཆོད་ཡོན་དུ་དྲངས་པས་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ་ལ། སྒྲུབ་ཆེན་གྱི་དབང་དུ་བྱས་ན་ཉུལ་ལེ་བསྐྲད་ཅིང་བྱིན་འབེབས་དགོས་ལ། ཉུལ་ལེའི་ལིངྒ་སློབ་དཔོན་གྱི་དྲུང་དུ་བཞག ༀ་ཨཱཿཧཱུྃ་མཉྫུ་ཤྲཱི་ཡ་མནྟ་ཀ་ཧཱུྃ་ཕཊཿ རང་ཉིད་གཤིན་རྗེ་གཤེད་ཀྱི་སྐུར་གྱུར། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པ་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཉམ་ཐག་པའི་གཟུགས་ཅན་དུ་གྱུར། གཡབ་དྲིལ་འགུགས་རྒྱ་བཅས། ན་མོ། རིག་འིཛན་རྩ་བརྒྱུད་ཀྱི༴ སོགས་ནས་བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོ། ཕུར་ཐུན་བསྐུལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །འཇམ་དཔལ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། ཧཱུྃ། ང་ནི་འཇམ་དཔལ་དཔའ་བོ་སྟེ། །ང་ནི་ཁྲོ་བོ་ཀུན་གྱི་རྗེ། །ང་ནི་གཤིན་རྗེ་གཤེད་པོ་ཡིན། །ང་ལས་ཆེ་བཙན་སུ་ཡང་མེད། སྲས་དང་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས། །ཡ་མནྟ་ཀའི་དུས་ལ་བབས། །གཡས་ཀྱི་ཕྱག་ན་ཕུར་པ་བསྣམས། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས། །ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས། གནོད་བྱེད་དགྲ་བགེགས་རྡུལ་དུ་རློག དྲག་སྔ་སོ་ལྔས་ཐུན་བྲབ། ༀ་ཨཱཿཧཱུྃ་མཉྫུ་ཤྲཱི་ཡ་མནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲུཾ་མཱ་ར་ཡ་རྦད། ཅེས་ཕུར་བུ་འདྲིལ་ཞིང་གདབ། །དེ་ནས་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་བའི་ལན་ཕྲན་ཅན༔ ༔སྤྱན་རྩ་དམར་པོ་ཉི་ཟླ་སྐར་ལྟར་འཕྲོ༔ སྨིན་མ་གློག་འགྱུ་མུན་པའི་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏགས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་བསྲེགས༔ བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས༔ ལག་པ་དམ ར་པོ་སྤུ་གྲི་འབུམ་གྱི་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར༔ བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས༔ སྨིན་མ་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པ་བསེ་ཁྲབ་ཁྲག་གི་དགུ་ཆར་འབེབས༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ༔ ཁྲོས་པའི་ཞལ་བདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡངགཞི་གྱོན༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་འཐུང་༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རླུ་བ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང་༔ དམ་ཚིག་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས༔ ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་སྲེག༔ བྲུ་ཕུ་བྲུ་ཨ་བ་ཙེ་རུ་པ་ཙེ་ནི་ཙ་ར་ཎ་ཐུན་དུ་ན་ཤ་སྟམ་བྷ་ཡ་ཡཀྴ་འབྱིན་ཡཀྴ་འབྱིན་ཡ་ཕྱེ་མ་ཕྱེ་མ༔ རྡུལ་ཕྲན༔ རྡུལ་ཕྲན༔ ཞེས་དྲག་སྔགས་སྤོས་རོལ་དང་ཁྱད་པར་གྱི་དབྱུག་པ་བསྡིག་ཅིང་ཐུན་གྱིས་བྲབ་པ་སོགས་དྲག་པོའི་ཚམ་རྔམས་དང་བཅས་གཟིར་བར་བྱ་ཞིང་སྲུང་འཁོར་གྱི་རྭ་བས་བཅིངས་ནས། སླར་ཡང་སྦྱར་སྤོས་དྲི་ཞིམ་པོ་བསྲེག ཞྭ་སོགས་གཟི་བྱིན་བསྐྱེད། འཕགས་མཆོག་ཐུགས་རྗེའི་དུས་ལ་བབས། །ཁྱད་པར་བསྟན་པའི་དུས་ལ་བབས། །མཐུ་རྩལ་ཕྱུང་བའི༴ བྱིན་གྱིས་རློབ་པའི༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་སྩོལ་བའི་དུས༴ མཐུ་ཆེན་བདུད་འདུལ༴ བྱིན་ཆེན་བྱིན་ཕོབ༴ དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་། དེ་ལས་ཀྱང་རྒྱས་པར་སྤྲོ་ན། ཧཱུྃ༔ ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང༔ ལོངས་སྐུ་འདུས་པ་འཇམ་དཔལ་རིགས་ལྔ་དང་༔ སྤྲུལ་སྐུ་འདུས་པ་ཤཱཀྱ་ཐུབ་པ་སོགས༔ སྐུ་གསུམ་བླ་མ་སྤྱན་འདྲེན་གཤེགས་སུ་གསོལ༔ རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་༔ པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་༔ དེ་བཞིན་མཁའ་འགྲོ་ཨོ་རྒྱན་མཁའ་འགྲོ་སོགས༔ མཁའ་འགྲོ་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ༔ འཇམ་དཔལ་བཤེས་གཉེན་ཤྲཱི་སེང་ཧ་དང་༔ རང་བྱུང་ཆེན་པོ་པདྨ་འབྱུང་གནས་སོགས༔ རིག་འཛིན་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་བརྒྱུད་པའི་བླ་མ་བྱིན་རླབས་ཅན༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཡི་དམ་ཞི་ཁྲོ་དངོས་གྲུབ་བདག༔ ཕྱོགས་བཅུའི་ཞིང་ན་གང་བཞུགས་པའི༔ སྔོན་གྱི༴ བྱིན་གྱིས་རློབ༴ ཧཱུྃ་ཧཱུྃ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབ༔ ཡི་དམ་ལྷ་ཚོགས་ཤིགས་སེ་ཤིག༔ མཁའ་འགྲོ་དམ་ཅན་ཐིབས་སེ་ཐིབ༔ བྱིན་རླབས་ན་བུན་ཡ་ལ་ལ༔ དངོས་གྲུབ་ཆརའབེབས་སི་ལི་སི༔ ཉམས་དང་རྟོགས་པ་འུ་རུ་རུ༔ སྣང་བ་ཤེས་པ་བན་མ་བུན༔ རིག་པ་ཡེ་ཤེས་ཤ་ར་ར༔ གནས་ལུགས་རྟོགས་པ་ཡ་ལ་ལ༔ ཀ་དག་ཆེན་པོའི་བྱིན་གྱིས་རློབས༔ ལྷུན་གྲུབ་ཆེན་པོར་དབང་མཆོག་བསྐུལ༔ དབྱེར་མེད་ཆེན་པོར་རྟོགས་པ་སྤོར༔ རྡོ་རྗེ་འབེབས་པ་འབེབས་པ་ཆེ༔ དུས་གསུམ་དུས་མེད་རྟོགས་པ་པོ༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ནམ་མཁའ་ལས་བྱུང་རང་བྱུང་བ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ འོད་ཆེན་རྣམ་པར་སྣང་བར་བྱེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ རིག་རྩལ་ཡེ་ཤེས་རྡོ་རྗེའི་དབང་༔ དུས་འདི་ཉིད་དུ་ཐོབ་པར་མཛོད༔ ཅེས་དང་སྒྲུབ་སྔགས་ཀྱི་མཐར། ༀ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཨཱཿ ར་ར་ར་ཙ་ལ་ཡ་ཧཱུྃ་ཨཱཿཧ་ཛྷེ་པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛཿཧཱུྃ་བྃ་ཧོ༔ རོལ་མོའི་སྒྲ་སྣ་ཚོགས་སྦྱར་ཞིང་དར་སྣ་ལྔའི་གཡབ་དོར་ཏེ། བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབས་པས་ཡེ་ཤེས་ཆེན་པོའི་གཟི་བྱིན་འབར་བར་མོས་ལ་ཡང་སྙིང་ཛབ྄་དབྱངས་བྱ་བས་ཐུན་དང་པོ་གྲུབ། ཉིན་ཐུན་གྱི་ཐུན་དང་པོ་གཉིས་པ་དང་མཚན་ཐུན་རྣམས་ལ་ཉུལ་ལེའིའགུགས་པའི་མཐར་དྲག་སྔགས་སོ་སོ་ལྔས་ཕུར་གདབ་དང་ཐུན་བྲབ་ནས། བྱིན་འབེབས་འཕགས་མཆོག་ཐུགས་རྗེ་རྐྱང་པའི་མཐར་འབེབས་སྔགས་བཏགས་པས་ཆོག ཡང་ཁོ་བོས་བླ་མ་ཀུན་མཁྱེན་ཀཿཐོག་པ་ཆེན་པོས་བདག་མདུན་སོ་སོར་ཕྲལ་བར་མཛད་པས་དེ་ལྟར་སྤྲོ་ན་ཐུན་དང་པོ་ལ་བདག་བསྐྱེད་ལ་ཛབ་བསྐུལ་དོར་བའི་བཟླས་པ་སྟོང་ཚིག་བཅས་གྲུབ་ནས། བསྡུ་ལྡང་བྱ། དེ་ནས་མདུན་བསྐྱེད་སྒྲུབ་ཏེ་ལས་བྱང་གི་ལྷ་བསྐྱེད་དབུ་ནས་བརྩམ། འོད་འཕྲོས་སྣང་སྲིད་ཀུན་སྦྱངས་གཉུག་མའི་ངང༔ ཞེས་པའི་མཚམས་སུ། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་ཕྱོགས་ཀུན་ཏུ་དཀྲིགས་པར་གྱུར། དེའི་དབུས་སུ་གནས་པའི་རྒྱུའི་དྷཱིཿཡིག་ལས་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ་ཡཾ་ལས་རླུངས་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ་རཾ་ལས་མེ་ཡི་དཀྱིལ་འཁོར་དམར་པོ་གྲུ་གསུམ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ་སུྃ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ནང་ནས་རིམ་པ་བཞིན་སེར་མཐིང་དཀར་དམར་ལྗང་བའི་རྩིགས་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲྭ་བ་དྲྭ་ཕྱེད་ཤར་བུ་མདབ་ཡབ་དང་བཅས་པ། རྩིགས་པའི་རྩ་བ་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་རྣམས་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ་ནང་ཀ་བ་བརྒྱད་ཀྱི་བཏེག་ཅིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུག་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པ་སྒོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣ་བུ་བརྒྱད་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་མདོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོས། ཕྱི་རོལ་ནས་པདྨ་ཕྲེང་བ་དང་རྡོ་རྗེའི་རྭ་བ་མེ་དཔུང་འབར་བའི་འཁོར་ཡུག་བསྐོར་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་དྷཱིཿཡིག་དམར་སེར་དུ་གནས་པ་བཞུགས་པར་གྱུར། ཧཱུྃ་རང་བཞིན་ལྷུན་གྲུབ༴ མན་ཆད་གཞུང་ལྟར་ལ། ཛབ་བསྐུལ་ཀྱང་བྱ་ཞིང་བུམ་སྒྲུབ་སོགས་གོང་ལྟར་རོ། ཐུན་གཞན་རྣམས་ལ་རྩ་བའི་ལས་གཞུང་ཁོ་ནས་འཇུག་པ་བདེའོ། ཐུན་རྗེས་མའི་འཇུག་ཀུན་མཁྱེན་ཀཿཐོག་པའི་ཕྱག་བཞེས་ལ། བརྗོད་མེད་དོན་བཤགས་དང་དམ་བཅའ་ཉེར་བརྒྱད་པ་རྣམས་མཛད་ནས་བསྐང་བ་ནོར་བུའི་ཕྲེང་བ་གསུངས་ཀྱང་འོག་ཏུ་ཚོགས་ཀྱི་སྐབས་སུ་ལེགས་པར་སེམས་སོ། ཐུན་གཉིས་པ་དང་གསུམ་པར་རྒྱུན་བཤགས་ནས་བྱིན་དབབ་ཡན་སྔ་མ་བཞིན་ལ་ཛབ྄་བསྐུལ་དང་བུམ་བཟླས་མི་དགོས། ཐུན་རྗེས་མར་ལས་བྱང་སོགས་བཟླས་པའི་མཐར་མཆོད་ཆོག་ནོར་བུའི་ཕྲེང་བ་དང་། སངས་རྒྱས་སྤྱི་བསྟོད་སོགས་སྦྱར་ཀྱང་སོགས། དེ་ནས་བདག་འཇུག་བླང་བར་སྤྲོ་ན་སློབ་དཔོན་གྱི་མདུན་དུ་མཎྜལ་འཇོག དབུ་རྒྱན་སོགས་ཡོད་ན་བཀྱེ། ལས་བུམ་གྱི་ཆུས་འཐོར་ཏེ། ཇི་ལྟར་བལྟམས་པ༴སོགས་ཁྲུས་སྔགས་དང་བཅས། ལས་བྱང་དང་བཞིས་བགེགས་བསྐྲད། ས་གཞི་སྤོས་ཆུའི༴སོགས་ཀྱི་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ཉིད་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། དེ་ཉིད་དམ་ཚིག་རིམ་པ་དང་། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་མདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། རྡོ་རྗེ་སློབ་དཔོན༴སོགས་ལན་གསུམ། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། ལན་གསུམ། རང་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་གྱུར། མཚན་བརྗོད་སྔགས་མཐར། ༀ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱ་ཧ་ཛྷེཾ། ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ། ༀ་ཏིཥྛ་བཛྲས་བརྟན་པར་བྱས། མཎྜལ་ཕུལ། ཇི་ལྟ་རྡོ་རྗེ་འཆང་སོགས་ཀྱིས། །ཡེ་ཤེས་སེམས་དཔར་བྱིན་བརླབས་ལྟར། །དེ་བཞིན་སློབ་དཔོན་ཁྱེད་ཀྱིས་ཀྱང་། །བདག་ལ་བྱིན་རླབས་རྗེས་གནང་སྩོལ། །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབང་ལྷ་ནམ་མཁའ་གང་བས་དབང་བསྐུར་བར་གྱུར། ཐོག་མར་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ། ང་རྒྱལ་རྣམ་པར་དག་པ་པདྨའི་རིགས། མཉམ་ཉིད་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །རིན་ཆེན་འབྱུང་གནས་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་སྩོལ་དུ་གསོལ། རྡོ་རྗེ་ཐོགས་ལ། འདོད་ཆགས་རྣམ་པར་དག་པ་པདྨའི་རིགས། །སོར་རྟོགས་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །སྣང་བ་མཐའ་ཡས་བྱིན་རླབས་གང་ཡིན་པ། དེང་འདིར་སྐལ་ལྡན་འདི་ལ་སྩལ་དུ་གསོལ། །དྲིལ་བུ་སྦྱིན་ལ། ཕྲག་དོག་རྣམ་པར་དག་པ་ལས་ཀྱི་རིགས། །བྱ་གྲུབ་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །དོན་ཡོད་གྲུབ་པའི་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན༴ རྡོ་རྗེ་དང་ལྡན་པའི་དྲིལ་བུ་སྤྱི་བོར་བཞག་ལ། གཏི་མུག་རྣམ་པར་དག་པ་དེ་བཞིན་རིགས། །ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །རྣམ་པར་སྣང་མཛད་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ༴་སྐུ་ཐོག་ལ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་སྐུ་ཡི་བྱིན་རླབས་པ། །འཇམ་དཔལ་དབྱངས་ཀྱི་སྐུ་ཐོབ་ཤོག །སྔགས་མཐར། ཛཿཧཱུྃ་བྃ་ཧོ༔ ཏིཥྛ་བཛྲ། གང་ཚེ་བལྟ་བར༴ སོགས་གདབ། སྔགས་ཕྲེང་འགྲིམ། བསྙེན་སྒྲུབ་ལན་གསུམ་མཐར། ཡི་གེ་དྲུག་པོ་རྡོ་རྗེའི་སྒྲ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །སངས་རྒྱས་ཀུན་གྱི་གསུང་ཆེན་པོ། །སྙིང་པོ་བླ་མེད་གསུང་ཐོབ་ཤོག །ༀ་ཨ་ར་པ་ཙ་ན་དྷཱི༔ ཝ་ཀྱེ་དཾ་ན་མ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨ་ཨཾ་ཨཿ སྠི་ཏོ་ཧྲཱི་དི། ཛྙ་ན་མུརྟི་ར་ཧཾ་བུདྡྷོ། བུདྡྷོ་ནཱཾ་རྟ་དྷ་བ་རྟི་ནཱི། ༀ་བཛྲ་ཏིཀྵྞདུ༔ཁ་ཙྪེད། པྲ་ཛྙ་ཛྙ་ན་མུརྟ་ཡེ། ཛྙ་ན་པཱ་ཡ་ཝཱ་གི་ཤྭ་ར། ཨ་ར་པ་ཙ་ན་ཡ་ཏི་ན་མཿ སོགས་སྨོན་ལམ་གདབ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། །མིང་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །དེ་ཤེས་དོན་སྤྱོད་་ཨེ་མ་ཧོ། །ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །ཡང་དག་དོན་གྲུབ་འབྲས་ཐོབ་ཤོག །གླེགས་བམ་ཐོགས་ལ། སྨྲ་བའི་སེངྒེ་མཚུངས་པ་མེད། །འགྲོ་ལ་བརྩེ་བའི་ཕན་སེམས་ཀྱིས། །ཆོས་ནི་ཀློག་དང་ཀུན་ཆུབ་དང་། །རྒྱ་ཆེན་དོན་རབ་སྤྱོད་པར་གྱིས། །གདུགས་ཐོགས་ལ། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སེམས་ཅན་སྡུག་བསྔལ་སྐྱོབ་པར་བྱེད། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བའི། །འགྲོ་བའི་དོན་ལ་བརྩོན་པར་གྱིས། གཡས་སུ་རལ་གྲི་དང་། གཡོན་དུ་མདའ་གཞུ་ཐོགས་ལ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་ཀྱི་དཔུང་རྣམས་ཕམ་པར་གྱིས། །དུང་འབུད། ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། ཀུན་ཏུ་རབ་སྒྲོགས་སྙན་པའི་དབྱངས། །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །དྲི་མེད་ཀུན་ཏུ་སྣང་བར་གྱིས། །འཁོར་ལོ་གཏད་ལ། འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ། །ཡང་དག་དོན་སྟོན་དེ་བཞིན་ཉིད། །འདྲེན་པ་རྣམས་ཀྱི་འཁོར་ལོ་མཆོག ཁྱེད་ཀྱིས་རྟག་ཏུ་བསྐོར་བར་གྱིས། སྒྲུབ་དཔེ་གཏད་ལ། བདག་མེད་སེངྒེ་སྒྲ་དང་ལྡན། །འདི་བསྒྲུབས་འབད་པས་དོན་ཡོད་ཀྱིས། །མུ་སྟེགས་རྒོལ་བ་བཟློག་ནས་ཀྱང་། །ནོར་བ་ཐམས་ཅད་རྣམ་པར་སྤོང་། རྡོ་རྗེ་སློབ་དཔོན་སྲིན་ལག་ནས་བཟུང་བས། འགྲོ་བའི་བླ་མ་སྟན་པ་པོ། །གོང་ནས་བརྒྱུད་མར་རིམ་བཞིན་དུ། །ཇི་ལྟར་མཐར་སོན་དོན་ཡོད་ལྟར། །རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་། །བུ་ཁྱོད་ལ་ཡང་བྱིན་བླུག་ལྟར། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །འཛད་མེད་ཡིད་བཞིན་གཏོར་ཆེན་པོ། །བུ་ཁྱོད་ཀྱིས་ནི་ལོངས་སྤྱོད་ཅིག །དེ་ལྟར་རིག་པའི་དབང་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་པས་སྐུ་ལྔ་དང་ཡེ་ཤེས་མངོན་དུ་གྱུར་ཏོ། བུམ་པ་དང་གཏོར་མ་སྤྱི་བོར་ཐོགས། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མཆོད་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར༴ སྟོང་ཉིད་ལས་བྱུང༴ སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །རྣམ་སྣང་སྐུ་ཡི་དབང་ཐོབ་ཤོག མཚན་བརྗོད་སྔགས། སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག བསྐྱེད་རིམ་སྒོམ་པ་ལ་དབང་། སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། གཏོར་མ་མགྲིན་པར་བཞག་ཅིང་བདུད་རྩི་བླུད། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ༴ སངས་རྒྱས་གསུང་ཉིད༴ སངས་རྒྱས་ཐུགས་ཉིད༴ སྣང་མཐའ་གསུང་གི་དབང་ཐོབ་ཤོག། མཚན་བརྗོད་སྔགས། གསུང་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག རྩ་རླུང་གཏུམ་པོ་སྒོམ་པ་ལ་དབང་། ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། གཏོར་མ་སྙིང་ག་དང་ལྟེ་བར་བཞག རིགས་མའི་གཟུགས་གཏད་ལ། སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ༴ སངས་རྒྱས་དགྱེས་པ༴ སངས་རྒྱས་རོལ་ལ༴ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ༴ ནམ་མཁའ་ལས་བྱུང༴ ཡེ་ཤེས་ལས་བྱུང༴ རིན་འབྱུང་ཡོན་ཏན་དབང་ཐོབ་ཤོག །མཚན་བརྗོད་སྔགས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག ལམ་ཕོ་ཉ་ཐིག་ལེ་སྒོམ་པ་ལ་དབང་། ཆོས་སྐུ་མངོན་དུ་བྱས་པའི་སྐལ་བ་ཅན་དུ་བྱས་པའོ། གཏོར་མ་གསང་བར་བཞག ཤེལ་རྡོ་མིག་ལམ་དུ་བསྟན་ལ། སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ༴ སངས་རྒྱས་རོལ་སྟོན༴ ཐམས་ཅད་ཐམས་ཅད༴ ཡེ་ཤེས་སྐུ་ཉིད་ཁྱོད་ལའདུད། །དོན་འགྲུབ་ཕྲིན་ལས་དབང་ཐོབ་ཤོག །མཚན་བརྗོད་སྔགས། ཚིག་དབང་རིན་པོ་ཆ་ེ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག རྫོགས་པ་ཆེན་པོ་སྒོམ་པ་དབང་། ངོ་བོ་ཉིད་སྐུ་སྒོམ་པའི་སྐལ་བ་ཅན་དུ་བྱ་པའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གི་བགྱི། ལན་གསུམ། མཎྜལ་འབུལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་བཞེས་སུ་གསོལ། །དེ་ནས་ཚོགས་མཆོད་ཀྱི་མཚམས་གཅོད་རྗེས། ལས་རྡོར་ནས་ཚོགས་ཞུས་བྱས། ཚོགས་བྱིན་རླབས་ནས་རིམ་པར་བསྒྲལ་སྟབས་ཀྱི་མཐར་བསྐང་བ་ནོར་ཕྲེང་སྦྱར། གོང་དུ་བདག་འཇུག་མི་བླང་བར་འདིར་བྱས་ཀྱང་ལེགས། ཚོགས་ལ་རོལ། ནང་དུ་རྡོ་རྗེའི་ཆོས་སྐྱོང་གི་སྲུང་མ་སྤྱི་དང་བྱེ་བྲག་ལ་གཏོར་མ་འབུལ། ཕྱི་རོལ་དུ་གཏོར་མ་ཆ་གསུམ་ཀྱང་བསྔོ། ནང་དུ་ལོགས་ལ་རྡོར་དྲིལ་དང་བཅས་རྡོ་རྗེའི་གླུ་གར་སྨོན་ལམ་ཅི་རིགས་དང་། ལས་རྡོར་ལྷག་ཞུས་དང་ལྷག་མ་བསྔོས་ལ་བཙོན་དུ་འཛིན། གཏོར་འབུལ། ཆད་ཐོ་དང་བརྟན་སྐྱོང་སྐྱེལ་ལ། རྟ་བྲོ་བྱ། མཆོད་པ་བྱིན་རླབས། ཧཱུྃ། མཁའ་དབྱིངས་ཀློང་ཡངས༴སོགས་སྔགས་རྒྱ་དང་བཅས་མཆོད། སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་འབུལ། འདུད་ཉི་ཤུས་བསྟོད། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི༴སོགས་ཀྱིས་རྡུལ་ཚོན་རས་བྲིས་སྐབས་ཕྱེད་པའི་བརྟན་བཞུགས་དང་། དེ་ཡང་རྡུལ་ཚོན་གྱི་སྐབས་སུ། ཁྱད་པར་དུའང་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཞེས་བསྒྱུར། བསྡུ་ལྡང་། དགེ་བསྔོ། ཤིས་བརྗོད་བཅས་བྱའོ། དེ་ནས་ཉུལ་ལེ་འདུལ་བ་སློབ་དཔོན་ནམ། རྒྱལ་ཐེབ་དཀྱིལ་འཁོར་གྱི་མདུན་དུ་ཕེབས། ཉུལ་ལེ་འདུལ་ཆོག བྱིན་འབེབས་བཅས་རྒྱས་པར་བྱ་ལ་ཛབ྄་དབྱངས་བྱས་ཏེ་ཛབ྄་རྒྱུན་འཛུག་ནས་ཚོགས་གྲོལ། སྒྲུབ་ཆེན་ཚད་ལྡན་བྱེད་ན་ཐུན་དྲུག་དུ་བྱེད་དགོས་པས་ཉིན་ཐུན་གསུམ། མཚན་ཐུན་གསུམ་སྟེ་དྲུག་གམ། ཡང་ན་ཉིན་ཐུན་གཉིས། མཚན་ཐུན་བཞིར་བྱ་སྟེ། འདོན་ཚུལ་ནི་ལས་བྱང་གཞུང་ལྟར། ཛབ྄་ཡང་སྙིང་ཁོ་ན་བཟླ་བར་བྱ་ཞིང་ཐུན་རེའི་མཐར་མཆོད་བསྟོད་བསྡུས་པ་བསྡུ་ལྡང། ཤིས་བརྗོད། ཉུལ་ལེ་བསྐྲད་པ། བྱིན་འབེབས་བསྡུས་པའང་བྱ་བར་གསུངས་སོ། ༈ གསུམ་པ་རྗེས་སྒྲུབ་བ་གྲུབ་པའི་ཉིན་ཐ་མའི་བྱ་བ་ནི། ནང་སྔ་ཕར་ཚོགས་ནས་ཚོགས་ཐ་མའི་བསྒྲལ་བའི་དུས་སུ་ཉུལ་ལེའི་ལིངྒི་མེར་བསྲེགས་པའི་ཐལ་བ་ཆོས་སྐྱོང་གཏོར་མར་བསྟབས། ལྷག་ཆད་ཁ་བསྐང་བའི་དོན་དུ་ཞི་བ་དང་ལས་རྒྱས་པའི་སྦྱིན་སྲེག་སྤྲོ་ན་སྨིན་གླིང་རྡོར་སེམས་ཀྱི་ཞི་སྦྱིན་ནམ་ཡང་ན་སྨིན་གཏེར་གསུངས་ལས་བཞིའི་སྦྱིན་སྲེག་ལ་ལྷ་སྔགས་བསྒྱུར་ཏེ་སྒྲུབ་མཆོད་ལུགས་ཀྱི་སྒོས་ཆོས་སྔར་ནུབ་ནས་སློབ་དཔོན་གྱིས་ཚོམ་བུ་བཀོད་པ་དང་། ས་བསླང་བྱ་ཞིང་ཆག་ཆག་བཏབ། དངོས་གཞིའི་སྐབས་ཚོམ་བུ་སྤྱན་དྲངས་ཀྱི་ཁྱད་པར་ཙམ་མོ། ལྷག་གཏོར་སྐབས་བཙོན་འཛིན་གྱི་ལྷག་མ་དང་བཅས་གོམ་པ་བདུན་ཅུའི་སར་སྤུངས། གཏོར་འབུལ་རྒྱུན་བཞག་རྣམས་ཐོག་ཁར་ཕུལ། རྟ་བྲོ་རྗེས་དངོས་གྲུབ་བླང་བ་ལ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་འབྲུ་དཀར་གྱི་སིལ་མ་བཀྲ་བའི་ཁར། དབུས་སུ་སྒྲུབ་གཏོར་ཆོན་པོ། གཡས་སུ་རིན་པོ་ཆེའི་སྣོད་དུ་རིན་ཆེན་ཕྱེ་མ་དང་དཀར་དམར་སྤྲུས་པའི་ལས་འབྲང་རྒྱས་རིལ་བུས་བསྐོར་བ། དངོས་གྲུབ་ཀྱི་རྫས་མཾ་ས། མར་ཐུད། འབྲས་ཆན། ཁུར་བ། ཞོ་དང་ལ་དུ། ཤིང་ཏོག་སྣ་ཚོགས་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་དང་། གཡོན་དུ་ཆང་བཟང་པོ་མངར་གསུམ་དང། ཨ་མྲྀ་ཏས་སྔགས་པའི་ཐོད་པ་བཤམས་ལ། རྒྱལ་ཐེབ་དཀྱིལ་འཁོར་གྱི་མདུན་དུ་བྱོན་ཏེ། ཧཱུྃ། ང་ནི་དཔལ་སྡན༴སོགས། དྲག་སྔགས་གུལ་ཡུངས་ཀྱིས་བགེགས་བསྐྲད། འཕགས་མཆོག་ཐུགས་རྗེའི་དུས་ལ༴སོགས་བྱིན་དབབ་ནས་རྒྱལ་ཐེབ་རང་སར་བྱོན། བརྗོད་མེད་དོན་བཤགས་ཀྱིས་རྒྱུད་སྦྱངས། ཧོ། རང་བཞིན་རྣམ་པར་དག་པ༴སོགས་ཀྱིས་བཤགས་གསོལ་བྱ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འོད་ཟེར་གྱི་རྣམ་པར་བདག་ལ་སྩལ་ཞིང་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་ཀྱི་བཅུད་དྭངས་མ་དངོས་གྲུབ་རྣམ་གཉིས་མ་ལུས་པ་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་གྱུར་པར་མོས་ལ། སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ ཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཏགས་པ་ཅི་རིགས་བཟླས་མཐར་ལས་གཞུང་གི་མཆོད་བསྟོད་རྒྱས་པར་བྱ། རྒྱལ་ཐེབ་སོགས་ཀྱི་སྒྲུབ་རྫས་རྣམས་ཐོགས་ནས་སློབ་དཔོན་ལ་འབུལ་ཏེ། ཧཱུྃ། སྐྱེ་འགག་མེད་པ་ཆོས་སྐུའི་གཞལ་ཡས་ནས། །གསལ་སྟོང་རང་བཞིན་མེད་པའི་སྐུ་མངའ་བ། འཇམ་དཔལ་དམར་པོའི་སྐུ་མཆོག་ལྷུན་གྱིས་གྲུབ། །རིགས་ཀྱི་དངོས་གྲུབ་དམ་པ་བསམ་མི་ཁྱབ། །སྐུ་མཆོག་འགྱུར་བ་མེད་པའི་ལྷུན་གྱིས་གྲུབ། །ཀཱ་ཡ་སིདྡྷི་ༀ། ཡེ་ཤེས་འཇམ་དབྱངས་དག་པའི་གཞལ་ཡས་ནས། འགྱུར་མེད་རྟོག་པ་མེད་པའི་ཐུགས་མངའ་བ། །འཇམ་དཔལ་དམར་པོའི་ཐུགས་མཆོག་ལྷུན་གྱིས་གྲུབ། ཡེ་ཤེས་དངོས་གྲུབ་མང་པོ་བསམ་མི་ཁྱབ། །ལྟ་བ་བརྗོད་མེད་དངོས་གྲུབ་སྩལ་དུ་གསོལ། །ཙིཏྟ་སིདྡྷིཧཱུྃ། དབང་མཆོག་མ་ཆགས་པདྨའི་གཞལ་ཡས་ནས། གྲགས་སྟོང་འགག་པ་མེད་པའི་གསུང་མངའ་བ། །འཇམ་དཔལ་དམར་པོའི་གསུང་མཆོག་ལྷུན་གྱིས་གྲུབ། །རང་བྱུང་ཐུགས་རྗེའི་དངོས་གྲུབ་བསམ་མི་ཁྱབ། །གསུངས་དབྱངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཝཱཀྐ་སིདྡྷི་ཨཱཿ རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །འཕེལ་འགྲིམ་མེད་པའི་ཡོན་ཏན་མཆོག་མངའ་བ། །འཇམ་དཔལ་དམར་པོའི་ཡོན་ཏན་ལྷུན་གྱིས་གྲུབ། །ལོངས་སྤྱོད་རྫོགས་པའི་དངོས་གྲུབ་བསམ་མི་ཁྱབ། ཡོན་ཏན་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །གུ་ཎ་སིདྡྷི་སྭཱ་ཧཱ། ཀརྨ་སིདྡྷི་ཨཱཿ ཧཱུྃ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་མངའ་བ། །རྡོ་རྗེ་མི་ཕྱེད་སྐུ་གསུང་ཐུགས་དང་ལྡན། །དེང་བདག་འཇམ་དཔལ་སྐུ་གསུང་ཐུགས་འཛིན་པ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཧཱུྃ། འཇམ་དཔལ་དཔའ་བོ་འཁོར་དང་བཅས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུས། །བདེ་བ་ཆེན་པོའི་དངོས་གྲུབ་རྣམས། །བདག་ལ་སྩལ་ཞིང་བརྟན་པར་མཛོད། །སིདྡྷི་ཕ་ལ་ཧཱུྃ། ཞེས་སྒྲུབ་རྫས་རྣམས་སྤྱི་བོར་སོགས་གནས་སོ་སོར་འཇོག ཚོགས་པ་གཞན་ལའང་གྲིམ། ཐབས་ཤེས་ཀྱི་རྫས་རྣམས་གཡས་སྐོར་གཡོན་སྐོར་དུ་སྟོབ་ལ་རོལ། ལྷག་མ་དངོས་གྲུབ་ཏུ་རོལ་པས་ལྷ་བདག་གཉིས་མེད་བདེ་བ་ཆེན་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་ཡིག་བརྒྱ་མང་ཙམ་དང་། བཟོད་གསོལ་བྱ། རྡུལ་ཚོན་ཡིན་ན། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། སོགས་ནས།་བཛྲ་མུཿ ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་གི་འཁོར་ལོ༴ རིམ་བཞིན་བསྡུ་ནས་ཐུན་མཚམས་ཀྱི་ལྷར་ལྡང་བ་གཞུང་ལྟར་བྱ། ཕྱི་རོལ་དུ་སོང་ནས་རྒྱལ་ཐོ་བཞི་ལ་མཆོད་གཏོར་བཤམས་ནས། བྱིན་རླབས་བསྐྱེད་བསྟིམ་མཆོད་གཏོར་འབུལ་བ་རྣམས་ཐོ་འཇོག་པའི་སྐབས་ལྟར་ལས། བསྟོད་པའི་རྐང་པ་ཐ་མ། ཤར་ཕྱོགས་བགེགས༴སོགས་ཀྱི་ཚབ་ཏུ། བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། ཅེས་སྦྱར་བའི་མཐར། བཛྲ་མུཿས་གཤེགས་སུ་གསོལ། སྒོ་བྱང་ལ། མཆོད་གཏོར་བཤམས་བཀོད་རློབ་པ་བསྐྱེད་དྲང་བསྟིམ་དབུལ་རྣམས་སྡོམ་པའི་སྐབས་ལྟར་ལ། བཛྲམུཿས་གཤེགས་སུ་གསོལ། །དེ་ནས་ནང་དུ་ལོགས་ཏེ་རྒྱལ་ཐེབ་ཀྱིས་རྡོར་དྲིལ་དང་བཅས། ཕུར་བུ་རྣམས། ༀ་བཛྲ་ཀཱི་ལ་ཡ་ཨུརྐི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལག་གཉིས་རྐམ་པའི་རྒྱས་ཁྲོ་བཅུའི་ཕུར་གདབ་རིམ་གྱི་ལྡོག་ཕྱོགས་མས་རིམ་ནས་བཏོན་ལ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷཱ་ནི་སྭཱ་ཧཱ། ཞེས་བཟླས་ལ་འོ་མས་ཕུར་རྩེ་བཀྲུ། ཕུར་ཁུང་རྣམས་ལའང་གཏོར། རྡུལ་ཚོན་གྱི་དཀྱིལ་འཁོར། དྲིལ་བུ་དཀྲོལ་བཞིན། ཨ་ཀཱ་རོ་བཟླ་ཞིང་། ཆོས་ཐམས་ཅད་སྐྱེ་མེད་ཀྱི་དོན་ལ་བཞག འཇམ་རོལ་དང་བཅས་རྡོ་རྗེས་བྱང་ཤར་ཀྱི་རྩེག་པ་ནས་ལྟེ་བའི་བར་བསྐོར་བའི་རེ་ཁ་གསུམ་འཕེན། ཚོན་བླང་ནས་མགོ་བོར་བཀོད། ལྷག་མ་རྣམས་མཐའ་ནས་དབུས་སུ་བསྡུས་ལ་བུམ་པ་བླུགས། ཐིག་ཤུལ་དྲི་བཟང་གིས་ཕྱི་རྡུལ་ཚོན་མུ་བོར་གཤེགས་པའི་ཆོ་ག་གཞན་ནས་འབྱུང་བ་ལྟར་རོ། དེ་ནས་མར་མེའི་སྨོན་ལམ་གྱིས་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་ཕྱིར་དཔོན་སློབ་ཐམས་ཅད་ཀྱིས་སྤོས་དང་མར་མེ་ཐོགས། རྒྱལ་ཐེབས་ཀྱིས་སྣམ་སྦྱར་དང་བཅས་སྟོང་ཐུན་སྔོན་འགྲོའི་དབྱངས་བོར་ལེན་གྱིས། ཧོཿ བརྡལ་ཁྱབ་ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ༔ རང་བཞིན་འོད་གསལ་རྡོ་རྗེ་སློབ་དཔོན་དང་༔ རིག་སྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམས༔ བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་ཤོག༔ ངེས་འབྱུང་ཆེན་པོས་འཁོར་བའི་འཁྲུལ་པ་མཐོང་༔ སྙིང་རྗེ་ཆེན་པོས་འགྲོ་ཀུན་ཕ་མར་རྟོགས༔ མོས་གུས་ཆེན་པོས་བླ་མའི་བྱིན་རླབས་ཞུགས༔ རྣལ་འབྱོར་ཆེན་པོས་དམ་ཚིག་མཐར་ཕྱིན་ཤོག༔ ལྟ་བ་བྱར་མེད་གནས་ལུགས་མངོན་དུ་གྱུར༔ སྒོམ་པ་བློ་འདས་འོད་གསལ་ལྷུམས་སུ་ཞུགས༔ སྤྱོད་པ་རང་གྲོལ་ཁྱབ་བདལ་གཉུག་མའི་ངང༔ སྤང་ཐོབ་བྲལ་བའི་འབྲས་བུ་རོ་གཅིག་ཤོག༔ རིག་གདངས་ཆོས་ཉིད་མངོན་སུམ་ལྷུག་པར་མཐོང་༔ རིག་སྩལ་ཉམས་ཀྱི་སྣང་བ་གོང་དུ་འཕེལ༔ རིག་པ་ཚད་ཕེབ་སྐུ་དང་ཡེ་ཤེས་རྫོགས༔ རིག་སྟོང་ཆོས་ཉིད་ཆེན་པོ་མངོན་གྱུར་ཤོག༔ གལ་ཏེ་ཚེ་འདིར་བརྟན་པ་མ་ཐོབ་ན༔ འཆི་འཕོའི་རྟོག་པ་ཆོས་སྐུའི་དབྱིངས་སུ་ཐིམ༔ ཆོས་ཉིད་རང་མདངས་ལོངས་སྤྱོད་རྫོགས་སྐུར་གྲོལ༔ སྲིིད་པའི་འཁྲུལ་སྣང་སྤྲུལ་སྐུར་ལྷུན་རྫོགས་ཤོག༔ གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་མངོན་གྱུར་ནས༔ གཞི་སྣང་གཟུགས་སྐུའི་རྣམ་རོལ་མཐའ་ཀླས་ཀྱི༔ ཁམས་གསུམ་འགྲོ་ཀུན་གཅིག་ཀྱང་མ་ལུས་པ༔ རང་བཞིན་གདོད་མའི་དབྱིངས་སུ་གྲོལ་བར་ཤོག༔ ཅེས་འདུན་པ་རྩེ་གཅིག་པས་སྨོན་ལམ་བྱ། སླར་ཡང་། འཇམ་དཔལ་གྱི་ལམ་རིམ་སྨོན་ལམ་དང་། གཞན་ཡང་དཀྱིལ་འཁོར་རས་བྲིས་ཀྱི་ཕྱོགས་ལ་ཐིག་ཚོན་གྱི་ཆོ་ག་སྔོན་རྗེས་རྣམས་བོར། སྒྲུབ་ཆེན་མིན་པའི་སྒྲུབ་མཆོད་རྐྱང་པ་ལ། རྒྱལ་ཐོ་སྡོམ་བཀྲོལ། དམ་སྲི་མནན་པ། མ་ཊྲྃ་བསྒྲལ་ཆོག མངའ་གསོལ། ཉུལ་ལེ་འདུལ་ཆོག བྱིན་འབེབས་ཉིན་མཚན་གྱིི་ཛབ྄་རྒྱུན་མར་མེའི་སྨོན་ལམ་སོགས་མི་དགོས་ཤིང་། གཞན་རྣམས་ཚང་བར་བྱས་པས་དོན་གྲུབ་བོ། སླར་ཡང་སྨྲ་པ། འཇམ་དཔལ་གྲུབ་པའི་རིགས་སྔགས་འཛིན་པ་ནི། །སྔོན་དང་ད་ལྟ་ཕྱིས་ཀྱང་འབྱོན་འགྱུར་ཞིང་། །རྒྱལ་བ་སྲས་དང་བཅས་པའི་ཡབ་གཅིག་པུ། །བློ་གཏེརརྡོ་རྗེ་རྣོན་པོ་ལས་གཞན་སུ། །དེ་ཕྱིར་རྒྱུད་སྡེ་བཞི་དང་རྗེས་འབྲེལ་བའི། །སྒྲུབ་པའི་ཐབས་ཚུལ་ཀུན་གྱི་མཐར་ཐུགས་པ། །གཉིས་མེད་ཨ་ཏིའི་སྒྲུབ་ལུགས་ཁྱད་པར་འཕགས། །འདི་འདྲ་གདམས་ཟབ་ཨུ་དུམ་ཝ་ར་འདྲ། །དེ་ཕྱིར་དད་བརྩོན་ལྡན་པས་བསྒྲུབ་གྱུར་ན། །དངོས་གྲུབ་རྣམ་གཉིས་ལག་པའི་མཐིལ་དུ་གནས། །དེ་ཡང་སྤྲོས་བཅས་ཚོམ་བུ་ཚོགས་བསྒྲུབ་འདི། །ཀུན་བཟང་རྡོ་རྗེ་འཆང་གིས་ལན་བརྒྱར་བསྔགས། །དེ་ཉིད་ལག་བླང་བའི་རིམ་པ་ནི། །གསལ་བར་ཕྱེས་པའི་རིན་ཆེན་ཕྲེང་མཛེས་འདི། །སྤེལ་བའི་དགེ་བས་བདག་གཞན་འགྲོ་བ་རྣམས། །མི་ཕམ་འཇམ་པའི་དབྱིངས་ཀྱིས་རྗེས་བཟུང་ཤོག ཅེས་གསར་བན་ཕྱོགས་མེད་ཀྱི་གཏེར་བྱོན་སོགས་འཇམ་དཔལ་རྫོགས་པ་ཆེད་པོའི་སྒྲུབ་ཐབས་ཀྱི་ཁོག་ཕུབ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ནི་འཇང་པ་དགེ་སློང་འགྱུར་མེད་རྡོ་རྗེ་ནས་ནན་ཏན་དུ་བསྐུལ་ཞིང་། རྒྱུད་སྡེ་མཁན་སློབ་འགས་ཀྱང་གསུང་གིས་བསྐུལ་བར་བརྟེན་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེས་བཀའ་གཏེར་གྱི་སྒྲུབ་གཞུང་རྣམས་ལ་བརྟེན་ཀཿཐོག་རྡོ་རྗེ་གདན་གྱི་རྒྱུད་སྡེ་ལྷ་ཁང་བཤད་སྒྲུབ་ནོར་བུའི་ལྷུན་པོའི་ཡང་རྩེར་སྐྱབས་མགོན་ཐམས་ཅད་མཁྱེན་པའི་གཟིམ་ཁང་མི་ཕམ་ཐམས་ཅད་མཁྱེན་པའི་གདུང་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་དྲུང་དུ་ཤིང་ཕག་ནག་ཟླ་བའི་ཚེས་ཉེར་དྲུག་ཉེར་བདུན་གཉིས་ལ་རྫོགས་པར་བྲིས་པ་འདིས་ཀྱང་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པས་ཕྱོགས་བརྒྱར་རྒྱས་ཤིང་གྲུབ་གཉིས་ཀྱི་རྒྱ་མཚོར་དུས་རྟག་ཏུ་རོལ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ།། །།


previousརྒྱུད་ལུགས་འཇམ་དཔལ་ཞི་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཁོག་ཕུབ་རིན་ཆེན་ཕྲེང་མཛེས། ཆོས་ཀྱི་བློ་གྲོས།next