Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་རྩ་བའི་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གཤིན་རྗེ་གཤེད་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་རྩ་བའི་འགྲེལ་པ།next

འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་རྩ་བའི་འགྲེལ་པ།

བ་སུ་དྷ་རའི་འགྲེལ་པའོ། །འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་གཏེར་ཆེན་གསན་ཡིག་ཏུ་འདིའི་རྩ་བ་ཟུར་དུ་ཡོད་པར་སྣང་། དཔེ་རྙེད་ན་གཞུག་དགོས། ཐབས་རྩ་བའི་འགྲེལ་པ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་མ་ཡ་ཀྲྀཥྞ་ཙཀྲ་ས་མ་ཛ་ནོ་པི་ཀ་མཱུ་ལ་ཊཱི་ཀ་ནཱ་མ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་ཀྱི་རྩ་བའི་འགྲེལ་པ་ཞེས་བྱ་བ། གཤིན་རྗེའི་གཤེད་པོ་ལ་ཕྱག་འཚལ་ལོ། །མྱ་ངན་འདས་པའི་རྟེན་གྱུར་པ། །ཆོས་སྐུ་དྲི་མ་མེད་པ་ལས། །ལོངས་སྤྱོད་རྫོགས་སྐུ་གཤིན་རྗེ་ཉིད། །རྣམ་སྣང་ཐུགས་ལས་འཇམ་དཔལ་སྐུ། །དེ་སྤྲུལ་གཤིན་རྗེ་གཤེད་དུ་བསྟན། །དེ་ཡི་འགྲེལ་པ་བཤད་པར་བྱ། །ཡ་མ་རཱ་ཙ་གསང་བ་ཐུགས་ཀྱི་ཁ་ཐུན་ལས་བསྡུས་པ་འདི་ལ་དོན་གསུམ་སྟེ། གཞི་ཆོས་ཀྱི་བསྒྲུབ་བྱ་དང་། ལམ་ཆོས་ཀྱི་སྒྲུབ་བྱེད་དང་། འབྲས་བུ་དོན་གྱི་བསྒྲུབ་པའོ། །གཞི་ཆོས་ཀྱི་བསྒྲུབ་བྱ་ལ་གཉིས་ཏེ། རང་བཞིན་དོན་གྱི་གནས་ལུགས་དང་། ལོག་རྟོག་འཁྲུལ་པའི་གནས་ལུགས་སོ། །རང་བཞིན་དོན་གྱི་གནས་ལུགས་ནི། ངོ་བོ་ཆོས་སྐུར་གནས། རྣམ་པ་ཡེ་ཤེས་ལྔར་གནས། ཕྲིན་ལས་གཟུགས་སྐུ་གཉིས་སོ། །དེ་ལ་རང་བཞིན་རྣམ་པར་དག་པའི་ལྟ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ། སེམས་ཉིད་གཉུགས་མ་རྣལ་མ་དེ་ཁོ་ན་ཞེས་བྱའོ། །དེ་ཡང་། ཆོས་ཉིད་རྣམ་དག་པདྨའི་ངང་། །སྤྲོས་མེད་སྤྲོས་བྲལ་བདེ་བ་ཆེ། །རྣམ་དག་རིན་ཆེན་ཆོས་ཀྱི་སྐུ། །མཉམ་ཉིད་རྟོག་མེད་ངང་དུ་གནས། །ཞེས་སོ། །ལོག་རྟོག་འཁྲུལ་པའི་གནས་ལུགས་ནི། ཡིན་དེ་ལྟར་ཡིན་ཡང་། དེ་ལྟར་མ་རྟོགས་ཏེ་ཁམས་གསུམ་དུ་འཁོར་ཞིང་། རྒྱུད་དྲུག་ཏུ་འགྲིམས་ཏེ། སོ་སོར་ཐ་དད་པའི་སྡུག་བསྔལ་ལ་སྤྱད་པར་སྣང་ངོ་། །དེ་ཡང་རྟག་ཆད་ཞེན་འཛིན་གཟུང་འཛིན་རང་ག་མ་ཞེས་སོ། །ལམ་ཆོས་ཀྱི་སྒྲུབ་བྱེད་ལ་གསུམ་སྟེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ་དང་། གསུངས་པའི་ཆོས་ལ་ཉམས་སུ་བླང་ཐབས་བསྟན་པའོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། ཡིན་གནས་ལུགས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཡིན་ཡང་། དེ་ལྟར་དུ་མ་རྟོགས་ནས་ཁམས་གསུམ་དུ་འཁོར་བའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་སྐྱེས་ཏེ། ཆོས་ཉིད་ཞི་བའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་འཕགས་པ་འཇམ་དཔལ་དུ་སྐུར་བཞེངས་ནས། འོག་མིན་གྱི་གནས་སུ་བྱང་ཆུབ་སེམས་དཔལ་ལ་ཆོས་བཤད་ནས་ཤེས་བྱའི་སྒྲིབ་པ་སྦྱངས། ཐུགས་ལས་སྤྲུལ་པའི་སྐུ་ཐུབ་པ་དྲུག་བྱུང་སྟེ། འགྲོ་བ་སེམས་ཅན་གྱི་དོན་མཛད་པའོ། །དེས་གསུངས་པའི་ཆོས་ལ་གསུམ་སྟེ། མཚན་ཉིད་སྡེ་གསུམ་དང་། ཀྲི་ཡོག་སྡེ་གསུམ་དང་། བསྐྱེད་རྫོགས་སྡེ་གསུམ་མོ། །མཚན་ཉིད་སྡེ་གསུམ་ནི། འདུལ་བ་དང་། མདོ་སྡེ་དང་། མངོན་པའོ། །ཀྲི་ཡོག་སྡེ་གསུམ་ནི། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་གའོ། །བསྐྱེད་རྫོགས་སྡེ་གསུམ་ནི། བསྐྱེད་པ་དང་། རྫོགས་པ་དང་། རྫོགས་པ་ཆེན་པོའི་ཆོས་རྣམས་སོ། །བསྐྱེད་པའི་ཆོས་ལ་ལྔ་སྟེ། འཇམ་དཔལ་སྐུས་གདུལ་བྱ་འདྲེན་པའི་ཆོས་དང་། པདྨ་གསུང་གི་ཆོས་དང་། ཡང་དག་ཐུགས་ཀྱི་ཆོས་དང་། བདུད་རྩི་ཡོན་ཏན་གྱི་ཆོས་དང་། ཕུར་པ་ཕྲིན་ལས་ཀྱིས་གདུལ་བྱ་འདྲེན་པའི་ཆོས་སོ། །དེ་ལ་འདི་འཇམ་དཔལ་སྐུས་གདུལ་བྱ་འདྲེན་པའི་ཆོས་སོ། །དེ་ལ་གཉིས་ཏེ། རྒྱུད་དང་། བསྟན་བཅོས་སོ། །དེ་ལ་རྒྱུད་ནི། སྤྱིར་འཇམ་དཔལ་ལ་རྒྱུད་སྡེ་འབུམ་བཞུགས་པ་ལས་འཇམ་དཔལ་ཁ་ཐུན་ལ་ནི། རྩ་བའི་རྒྱུད་ནི་འཇམ་དཔལ་གསང་རྒྱུད། མན་ངག་གི་རྒྱུད་མ་མོའི་ཙིཏྟ་གསང་བ། གཤིན་རྗེ་གའུ་ནག་པོ། འཇམ་དཔལ་ཁྲོས་པ་རྣམས་ནི། ཁ་ཐུན་རྩ་བའི་སྐོར་འདི་རྣམས་དང་མཐུན་པའོ། །བསྟན་བཅོས་ནི་གཉིས་ཏེ། རྒྱུད་ལ་བརྟེན་པ་དང་། མ་བརྟེན་པ་མན་ངག་གོ། །འདི་རྒྱུད་ལ་བརྟེན་པའོ། །དེ་ལ་གཉིས་ཏེ། རྒྱུད་སྤྱི་ལ་འཇུག་པ་དང་། བྱེ་བྲག་ལ་འཇུག་པའོ། །རྒྱུད་སྤྱི་ལ་འཇུག་པའི་བསྟན་བཅོས་ནི། རྒྱུད་ཀྱི་འགྲེལ་པ་དང་། ས་བཅད་དང་། ཁོག་དབུབ་བོ། །བྱེ་བྲག་ལ་འཇུག་པ་ལ་བདུན་ཏེ། ཐག་བཅད་པ་ལྟ་བའི་མན་ངག་དང་། ལ་དོར་བ་སྤྱོད་པའི་མན་ངག་དང་། བཀོད་པ་དཀྱིལ་འཁོར་གྱི་མན་ངག་དང་། རིམ་པ་བགྲོད་པ་དབང་དང་། མི་འདའ་བ་དམ་ཚིག་དང་། དོན་དུ་གཉེར་བ་སྒྲུབ་པ་དང་། རོལ་པ་ཕྲིན་ལས་སོ། །དེ་ལ་དེང་འདིར་སྒྲུབ་པ་སྟོན་པ་ལ་གཉིས་ཏེ། ཐུན་མོང་གི་སྒྲུབ་པ་དང་། མཆོག་གི་སྒྲུབ་པའོ། །ཐུན་མོང་གི་སྒྲུབ་པ་ལ་ཡང་སྒྲུབ་ཆེན་བརྒྱད་དུ་འདུ་སྟེ། རྐང་མཐིལ་ལ་བྱུགས་པས་བགེགས་ཀྱིས་མི་ཚུགས་པ་དང་། རལ་གྲིས་ནམ་མཁའ་ལ་འགྲོ་བ་དང་། མིག་སྨན་གྱིས་དཔག་ཚད་གསུམ་མཐོང་བ་དང་། ས་འོག་ཏུ་བྱི་བ་བཞིན་འཛུལ་བ་དང་། རང་ལུས་གཞན་གྱིས་མི་མཐོང་བ་དང་། རོ་ལངས་ནས་གྲོང་དུ་འཇུག་པ་དང་། གནོད་སྦྱིན་མོ་དབང་དུ་སྡུད་པ་དང་། བཅུད་ལེན་གྱིས་ཟས་ཀྱི་ཁམས་དང་བྲལ་བའོ། །མཆོག་གི་སྒྲུབ་པས་ཡང་དག་པ་སངས་རྒྱས་ཀྱི་སར་འགྲོ་བའོ། །ལས་འདིར་ནི་དེ་གཉིས་ཀ་སྟོན་ཏེ། བསྐྱེད་རིམ་དང་རྫོགས་རིམ་བསྒོམས་པས་ཆོས་ཀྱི་སྐུ་ཐོབ་པ་ནི་མཆོག་ཡིན་ལ། དྲག་པོ་ལས་ཀྱི་འཁོར་ལོ་བསྐོར་ནས་དགྲ་བགེགས་ཞི་བ་ནི་ཐུན་མོང་གི་སྒྲུབ་པའོ། །དེ་གཉིས་དང་ལྡན་པའི་སྒྲུབ་ཐབས་འདི་བཤད་ན་ལྔ་སྟེ། སློབ་དཔོན་གང་གིས་༡མཛད་ནས་ཇི་ལྟར་བརྒྱུད། རྒྱུད་གང་༢ནས་བཏུས་ཏེ་ཕྱོགས་གར་གཏོགས། གང་ཟག་གང་༣ གི་དོན་དུ་མཛད་པས་དགོས་འབྲེལ་གང་དང་ལྡན། མཚན་ཅི་༤ལས་གསོལ། དབུ་ཞབས་སུ་དོན་དུས་༥བསྟན་པའོ། །དེ་ལ་སློབ་དཔོན་གང་གིས་མཛད་པ་ལ་བཞི་སྟེ། མཛད་པ་པོ་དང་། སྐུ་ཆེ་བའི་ཡོན་ཏན་དང་། བརྒྱུད་ཚུལ་དང་། གཏད་རྒྱའོ། །མཛད་པ་པོ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་དོ། །སྐུ་ཆེ་བའི་ཡོན་ཏན་ནི་དྲུག་སྟེ། དང་པོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། དེ་ནས་རབ་ཏུ་བྱུང་། དེ་ནས་ཀྲི་ཡའི་དངོས་གྲུབ་བརྙེས། དེ་ནས་རྣལ་འབྱོར་གྱི་སྤྱོད་པ་མཛད། དེ་ནས་མུ་སྟེགས་ཀྱི་བསྟན་པ་བརླག་པར་མཛད། མཐའ་མར་སངས་རྒྱས་སོ། །དང་པོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པ་ནི། ཡུལ་སངྒི་ལའི་རྒྱལ་པོ་གཞོན་ནུ་དཔལ་གྱི་སྲས་པོར་སྐྱེ་བ་བཞེས་ཏེ། བཙུན་མོའི་ལྷུམས་སུ་ཞུགས་པ་དང་། བཙུན་མོའི་རྨི་ལམ་ན། འོད་ཀྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ནམ་མཁའ་ནས་བབས་ཏེ། ཐུགས་ཀར་ཐིམ་པར་རྨི་བ་ཡང་བྱུང་། དེ་ནས་རྒྱལ་བུ་དེ་ལུས་ལས་བལྟམས་པ་དང་། ས་ཕྱོགས་དེར་རྩི་ཤིང་དང་འབྲས་བུ་ཡང་སྔར་བས་སྨིན་པ་ལ་སོགས་པ་བྱུང་ངོ་། །དེ་ནས་རྒྱལ་བུ་དེས་རྒྱལ་སྲིད་ཐང་གཅིག་བཟུང་ནས་ཡོད་པ་ལ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བར་ཤེས་ཏེ། འཁོར་བ་ལ་སྐྱོ་བ་སྐྱེ་བའི་ཚུལ་བསྟན་ཏོ། །དེ་ནས་རབ་ཏུ་བྱུང་བ་ནི། ལྷོ་ཕྱོགས་བེ་ཏ་ལའི་ཡུལ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུ་བྱོན་ནས་རབ་ཏུ་བྱུང་སྟེ། མཚན་ཡང་བཙུན་པ་འཇམ་དཔལ་བཤེས་གཉེན་བྱ་བར་གྲགས་སོ། །དུས་དེར་ཐེག་པ་འོག་མ་པའི་ཆོས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གསང་སྔགས་ཀྲི་ཡའི་ཆོས་མང་དུ་གསན་ནོ། །དེ་ནས་ཀྲི་ཡའི་དངོས་གྲུབ་བརྙེས་པ་ནི། ཀྲི་ཡའི་ལུགས་སུ་བཞེངས་པའི་འཇམ་དཔལ་གྱི་ལུགས་མ་གཅིག་ལ་བརྟེན་ནས། སྔགས་ཝཱ་གི་ཤྭ་རི་མུྂ་ཞེས་ཡི་གེ་དྲུག་པ་བཟླས་ཤིང་། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་བསྒྲུབས་པས་འཇམ་དཔལ་གྱི་ཞལ་དངོས་སུ་གཟིགས་སོ། །དུས་དེར་དཔལ་ཕྱག་ན་རྡོ་རྗེས་ཀྱང་གསང་སྔགས་ཀྱི་བདག་པོར་དབང་བསྐུར་ཏེ། མཚན་ཡང་འཇམ་དཔལ་བཟང་བྱ་བར་གྲགས་སོ། །དེ་ནས་དུས་ཕྱིས་རྣལ་འབྱོར་གྱི་སྤྱོད་པ་ཆེན་པོ་མཛད། ཕྱག་ཏུ་སེང་ལྡེང་གི་འཁར་བ་ཐོགས། གོས་སུ་ཞིང་ལྤགས་གྱོན། དོམ་ལྤགས་རེ་གདན་དུ་བཏིང་ནས་གནས་དུར་ཁྲོད་རྣམས་འགྲིམས་ཤིང་། སྐབས་སུ་སྤྲིན་ནག་པོའི་གསེབ་ཏུ་མཁའ་འགྲོ་མ་རྣམས་སྡུད་ཅིང་ཆོས་འཆད་པ་ལ་སོགས་པ་མཛད་དོ། །མཚན་ཡང་རྣལ་འབྱོར་གྱི་དབང་ཕྱུག་བརྟུལ་ཞུགས་ཅན་ཞེས་བྱ་བར་གྲགས་སོ། །དེ་ཡང་སློབ་དཔོན་དེའི་དམ་ཚིག་ཏུ་ཕར་ལ་ཕྱག་མི་འཚལ། ཚུར་ལ་ལམ་མི་བཟུར་བར་བཞུད་པ་ཡིན་པ་ལ་ཟམ་པ་གཅིག་གི་ཁར། རྒྱལ་བུ་ཕྲུ་གུ་དྲེགས་པ་ང་རྒྱལ་གྱིས་ཟིན་པ་གཅིག་གླང་པོ་ཆེ་ཐལ་དཀར་ལ་གསེར་གྱིས་སྤྲས་པ་གཅིག་ཞོན། བློན་པོ་གཅིག་གིས་གླང་སྣ་ཁྲིད་ནས་བྱོན་པ་ལ་སློབ་དཔོན་གྱི་ཞལ་ནས་ཧཱུྃ་ཞེས་བརྗོད་ནས། དབྱུག་པ་དེངས་པ་གཅིག་བྱས་ནས། རགྴའི་ཕྲེང་བ་ཀླད་ལ་བསྐོར་ནས་སེ་གོལ་གཏོགས་པས་རྒྱལ་བུ་དང་གླང་པོ་ཆེ་ཕྱེད་མར་གས་ཏེ། དེའི་བར་ནས་ཕར་ལ་སློབ་དཔོན་གཤེགས་ནས་ཕར་ཀ་ནས་ཞལ་ཚུར་གཟིགས་ཏེ། སྤྱན་ནམ་མཁའ་ལ་གཟིགས་ཕྱག་རྒྱལ་བུ་ལ་གདེངས་ནས། མཉྫུ་ཤྲཱི་དྷརྨ་སེངྒེ་བྷ་ཡེ་ཞེས་བརྗོད་པས། རྒྱལ་བུ་དེ་སྔ་མ་བཞིན་དུ་གྱུར་ཏོ། །དེར་རྒྱལ་བུ་དེ་ངོ་མཚར་སྐྱེས་ནས་གྲུབ་ཐོབ་གཅིག་འདུག་སྙམ་ནས། ཕྱག་འཚལ་བསྐོར་བ་བྱས་ནས་སློབ་དཔོན་དུ་ཞུ་བ་ཕུལ་བས་མ་གནང་བར། རི་རབ་ཆེན་པོ་གཅིག་ལ་མ་རྡུགས་པར་གཤེགས་སོ། །དེ་ནས་མུ་སྟེགས་ཀྱི་བསྟན་པ་བརླག་པར་མཛད་པ་ནི། དེ་ཡང་དུས་དེར་མུ་སྟེགས་ཀྱི་བསྟན་པ་དར་ཏེ་སངས་རྒྱས་ཀྱི་བསྟན་པ་ཤིིན་ཏུ་ཉམས་དམས་པ་ལས། ནང་པ་པཎྜི་ཏ་རྣམས་འཚོགས་ཏེ་བཀའ་བགྲོས་ནས། འཇམ་དཔལ་བཤེས་གཉེན་པ་ལ་ཐུགས་གཅིག་པར་བགྲོས་སོ། །དེ་ནས་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེས་བསྟན་པ་ལ་དགོངས་ཏེ། ཨོ་རྒྱན་གྱི་མཁའ་འགྲོ་མའི་ཡུལ་ན་རང་བྱུང་མཆོད་རྟེན་གྱི་བུམ་པ་ན། འཇམ་དཔལ་གྱི་རྒྱུད་སྡེ་རྣམས་བཞུགས་པ་ལ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྱན་དྲངས་ནས་རྩ་བ་དང་ཡན་ལག་གི་རྒྱུད་དུ་ཕྱེ་ནས། བཀའ་ལས་ཉམས་ཀྱིས་བསྡེབས་ནས་བསྒྲུབས་པས་མུ་སྟེགས་པ་རྣམས་བརླག་པར་བྱས་སོ། །མིང་ཡང་འཕུང་བྱེད་ཤཱནྟིཾ་རཀྴ་བྱ་བར་བཏགས་སོ། །མཐའ་མར་སངས་རྒྱས་པ་ནི་སློབ་དཔོན་ཆེན་པོ་ལྷོ་ནུབ་ཀྱི་མཚམས་སིངྒ་ལའི་ནགས་ཚལ་དུ་སྒོམ་པའི་ཚུལ་མཛད་པ་ལས། གཤིན་རྗེ་གཤེད་ཇེ་གསལ་ཇེ་གསལ་གྱིས་སྐུ་མངོན་དུ་གྱུར་ནས། ལྷོ་ཕྱོགས་ནས་སྤྲིན་ཁ་དོག་ལྔ་དང་ལྡན་པའི་གསེབ་ནས། ལྷ་མོ་དབྱངས་སྙན་པ་སྒྲོགས་པ་ཁ་དོག་འོད་ཟེར་ལྔ་པ་མང་པོས་སྤྱན་དྲངས་ནས། ཕུང་པོ་ལྷག་མ་མེད་པར་མཁའ་སྤྱོད་དུ་གཤེགས་སོ། །བརྒྱུད་ཚུལ་ནི་བཞི་སྟེ། འོག་མིན་དང་། ལྷ་ཡུལ་དང་། མཁའ་འགྲོ་མ་དང་། མི་ལའོ། །དང་པོ་ནི་འོག་མིན་གནས་སུ། རྡོ་རྗེ་འཆང་ཆེན་པོས། ལས་ཀྱི་རུ་ཏྲ་ལ་ལམ་བསྟན་པའི་དོན་དུ། གཤིན་རྗེ་ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱུད་སྡེ་རྣམས་བཤད་དོ། །དེ་ནས་ལྷའི་ཡུལ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མངོན་པར་ཤེས་པ་དང་ལྡན་ཞིང་རྟག་པའི་ཟུག་རྔུ་དང་བྲལ་བས་གསང་སྔགས་ཀྱི་སྣོད་དུ་གཟིགས་ནས། འཇམ་དཔལ་གྱི་རྒྱུད་སྡེ་རྣམས་ལྷ་ལ་བསྟན་པའི་ཕྱིར་རྒྱུད་ཀྱི་སྟོན་པ་ཉིད་ཀྱིས་ལྷའི་བུ་བདེ་བ་མཆོག་ལྡན་དུ་སྐུ་སྤྲུལ་ནས། ལྷ་རྣམས་ལ་རྒྱུད་སྡེ་དེ་དག་དར་ཤིང་རྒྱས་པར་བཤད། ལྷ་རྣམས་ཀྱིས་ནི་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ། བཻ་ཌཱུརྻ་ཞུན་མས་རང་ནན་དུ་བྲིས་ཏེ། རྣམ་པར་རྒྱལ་བའི་ཁང་བཟང་དང་། ཤིང་ཡོངས་འདུ་ས་བརྟོལ་གྱི་རྩེ་མོ་ལ་བཏགས་ཏེ། མཆོད་པའི་གནས་སུ་བྱས་སོ། །དེ་ནས་མཁའ་འགྲོ་མ་རྣམས་གསང་སྔགས་ཀྱི་སྣོད་དུ་གཟིགས་ནས། མཁའ་འགྲོ་མ་རྣམས་ལ་བསྟན་པའི་ཕྱིར། ཨོ་རྒྱན་མཁའ་འགྲོའི་ཡུལ། རྒྱ་མཚོ་ཆེན་པོའི་མདོ། མེ་ཏོག་ཨུ་དུམ་ཝ་རའི་གླིང་། ནགས་ཚལ་དྲྭ་བ་ཅན་བཀོད་པའི་ཚལ། རང་བྱུང་མཆོད་རྟེན་དྷརྨ་ཙཀྲ་ཞེས་པའི་རྩར་བབ་སྟེ། སྐུ་སྟོན་ཟླའི་གདན་ལ་བཞུགས་པ་ལ། ཞིང་སྐྱེས་ལ་སོགས་པའི་མཁའ་འགྲོ་མ་རྣམས་རབ་ཏུ་དགྱེས་ནས། ཕྱག་དང་བསྐོར་བ་ལ་སོགས་པ་མཛད་དོ། །མཁའ་འགྲོ་མ་རྣམས་ཀྱིས་མཚན་ཟླ་བར་བཏགས་སོ། །དུས་དེར་མཁའ་འགྲོ་མ་རྣམས་ལ་འཇམ་དཔལ་གྱི་རྒྱུད་སྡེ་རྣམས་བཤད་དོ། །མཁའ་འགྲོ་མ་རྣམས་ཀྱིས་གསེར་གྱི་གླེགས་བམ་ལ། བཻ་ཌཱུརྻས་བརྡའ་སྐད་གསུམ་གྱི་ཡི་གེར་བཀོད་ནས། རང་བྱུང་གི་མཆོད་རྟེན་དེ་ཉིད་ཀྱི་བུམ་པར་བཞུགས་ནས། རྒྱས་བཏབ་སྟེ་མཆོད་པའི་གནས་སུ་བྱས་སོ། །མཐའ་མར་འགྲོ་བ་མི་ལ་བསྟན་པའི་ཕྱིར། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གདམས་པའོ། །དེས་རམྦུ་གུ་ཧྱ་དེ་བ་ཙནྡྲ་ལ་བཤད། དེས་རྒྱ་གར་དྷ་ན་ད་ལ་བཤད་པ་ནི། རྒྱ་གར་རྡོ་རྗེའི་གདན་གྱི་ལྷོ་ཕྱོགས་ཀྱི་དགོན་པ་པ་ཤ་ཞེས་བྱ་བ་ཞིག་ན། བྲམ་ཟེ་དགེ་བའི་ཡོན་ཏན་ཞེས་བྱ་བ་གཅིག་ལ་བུ་ཁྱེའུ་གཉིས་བུ་མོ་གཅིག་དང་གསུམ་ཡོད་པ་ལ། ཆེ་བའི་མིང་དྷ་ན་ད་ལ་ནི་སྔགས་ལ་བཅུག །ཆུང་བ་སྤྲ་ཀྲིན་ད་ལ་ཞེས་པ་དེ་སྔགས་ལ་སྦྱངས་པ་ལས། དེར་སྤྲ་ཀྲིན་ད་ལ་དུས་རེ་ཤིག་ནས་གྲོངས་ནས་ལོ་དུ་མ་ལོན་པའི་དུས་སུ་གཅེན་དྷ་ན་ད་ལས་གར་སྐྱེ་པྲ་བརྟགས་པས། པྲ་སེ་ན་ཆུ་ལ་ལྟ་བ། མེ་ལོང་ལ་ལྟ་བ། རལ་གྲི་ལ་ལྟ་བ་ལ་སོགས་པ་མང་པོའི་སྒོ་ནས་བརྟགས་པས། བོད་ཡུལ་རུ་ལག་ཏུ། ཁུ་ལུང་ཡོན་ཏན་རྒྱ་མཚོར་སྐྱེ་བ་བཞེས་པར་གཟིགས་ནས། བོད་ཀྱི་ཡུལ་རྒྱལ་ཁྲིམས་ནི་མེད། རིགས་རྗེའུ་རིགས་སུ་སྐྱེས། མཐུ་མིན་པ་གང་གིས་ཀྱང་ཕན་མི་ཐོགས་པར་གཟིགས་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་འཇམ་དཔལ་རྣོན་པོའི་སྤྲུལ་པར་ཡང་རྒྱུད་ནས་ལུང་བསྟན་དུ་གསུངས་པ། འཇམ་དཔལ་གྱི་སྒོ་ནས་གྲུབ་པ་ཐོབ་པ་གཅིག་ལ། དེའི་སློབ་མར་གྱུར་པ་ལ། རམྦུ་གུ་ཧྱ་དེ་བ་ཙནྡྲ་ཞེས་ཀྱང་བྱ། འཕུང་བྱེད་ཤཱིནྟཾ་གརྦྷ་ཞེས་ཀྱང་བྱ། ངན་སྔགས་ཀྱི་བདག་པོར་གྱུར་པ་གཅིག་ལ་དྷ་ན་ད་ལས་ནུ་བོ་ལ་ཕན་གདགས་པར་བྱ་བའི་ཆེད་ལ། གཤིན་རྗེ་ཁ་ཐུན། མ་མོ་སྙིང་ཐུན་ལ་སོགས་ཏེ། བསྟན་སྲུང་གི་ངན་སྔགས་རྣམས་ཞུས་ནས། བོད་ཡུལ་དུ་གཤེགས་པར་དགོངས་ནས། བཤུལ་ཐག་རིང་བས་བདུད་རོལ་པ་རྐྱ་བདུན་རྐང་མགྱོགས་སུ་བསྒྲུབས་པས། བདུད་ཀྱིས་པཎྜི་ཏ་དྷ་ན་ད་ལ་ཐུབ་གཡས་པར་བཅུག །ལོ་ཙཱ་བ་རྗེ་རྗེ་མོན་ལྕམ་ཐུ་བ་གཡོན་པར་བཅུག་ནས། རྒྱ་གར་ནས་ནམ་ལངས་ནས་བྱོན་པས། ཉི་མ་ཤར་བ་ལ་མཚོ་སྐྱེར་གྱི་ཐང་ལ་བསྐྱལ་བ་ལས། དེར་སློབ་དཔོན་གྱིས་ཉི་མའི་མཚམས་སུ་གཟིགས་པས། རི་སྤྱི་བོ་ཐོང་ལྕགས་གནམ་དུ་འགྲེང་བ་འདྲ་བ་ཕ་གི་ན། གནོད་སྦྱིན་རྒྱལ་པོ་རྩར་ལྷང་བ་བྱ་བ་ཡོད་དེ། ལོ་ཙཱ་བས་ཞག་གསུམ་གཉིད་ཐུབ་ན་ཡར་གྱི་སྐྱེལ་མ་འདི་ལ་བཅོལ་ལོ་གསུངས་པས། ལོ་ཙཱ་བས་ཐུབ་པར་ཞལ་གྱིས་བཞེས་པ་ལས། ཞག་གཉིས་ལོན་པའི་ནང་པར་གཉིད་མ་ཐུབ། དར་ཅིག་མནལ་བས་ལོ་ཙཱ་བ་བརྒྱལ་ཏེ་མིག་དཀར་ལོག་གི་སོང་བ་ལ། ལོ་ཙཱ་བའི་རྨི་ལམ་ན་བུད་མེད་ནག་མོ་གཅིག་གིས་མཐེབ་སྲིན་གཉིས་ཀྱིས་བར་དུ་སྒྲིལ་བ་རྨིས། སློབ་དཔོན་ཆེན་པོས་བྱ་མོ་ནག་མོ་གཅིག་ཐོགས་འདུག་པར་མཐོང་ནས། རྡོ་རྗེ་འཕངས་པས་རྐང་པ་བཅག་པས། ཞག་གསུམ་གྱི་ནང་པར་བུད་མེད་དར་དཀར་གྱི་ལེའུ་གྱོན་པ་ཅིག་རྐང་པ་ཐེང་ཞིང་བྱུང་ནས། སློབ་དཔོན་ཆེན་པོ་ལགས། རྒྱ་གར་ཡུལ་དུ་སྐྱེལ་མ་བགྱིད་སྙམ་པ་ལ། ཁོ་མོའི་རྐང་པ་བཅག་པས་མི་ནུས་པར་གདའ་ཟེར་ནས་མི་སྣང་ངོ་། །དེར་ཡར་ལ་ལྷོ་ནུབ་ཀྱི་མཚམས་སུ་གཟིགས་ཏེ། རི་དྭགས་དང་བྱ་རྒོད་འཐབས་པ་འདྲ་བ་ཡ་ཀི་ན། ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡོད་དོ་གསུངས་ནས། ཡར་བྱེ་ཐང་རབ་ཀྱི་གྲུ་ལ་གཤེགས་སོ། །གྲུ་མཁན་གྱིས་གྲུ་བཙས་ཅི་ཡོད་བལྟས་ནས་སྒྲོལ་དུ་མ་འདོད་པ་ལ། ཆོས་གོས་བཏིང་ནས་ཆུ་ལ་གཤེགས་ནས་ཁུ་ལུང་གི་འཕྲང་ལ་གཤེགས་པའི་དུས་སུ། སེ་བཙན་རོལ་པ་རྐྱ་བདུན་གྱིས་བཞེངས་བླ་ལུགས་སུ་ཕུལ། རྒྱ་མཚོ་སྒང་དུ་བྱོན་པས། ཁུ་ལུང་ཡོན་ཏན་རྒྱ་མཚོ་འབངས་གྲ་ཡེ་གཅིག་གི་ཆོ་ག་བྱེད་ཀྱིན་འདུག་པ་ལ། ཆོ་ག་གཞན་ནི་ཟིན་ཚེ་དབང་མ་བསྐུར་བར་འདུག་ནས། འདི་ཅི་ཡིན་བགྱིས་པས། ཚེ་ཡིན་ཟེར་བ་ལ། སློབ་དཔོན་གྱིས་རྡོག་པ་བརྒྱབས་པས་ཚེ་བུམ་འགྱེལ་བ་ལ། སྤྲང་བན་འདིས་ངེད་ཀྱི་ཚེ་འགྱེལ་ཟེར་བར། ཚེའི་རང་བཞིན་མི་འགྱུར་བརྟན་པ་ཡིན་པ་ལ། ཚེ་བྱ་བ་དེས་འགྲུབ་ཡོང་ངམ་གསུངས་ནས། ད་ཚེ་གཅིག་ཤོས་ཤིག་གསུངས་ནས་བྱིན་རླབས་ཞུ་བྱས་པ་ན། ད་ཕུལ་དང་བྱས་པས་འགུལ་བ་གཅིག་ཀྱང་མ་བྱུང་བས། དེར་ཡིད་ཆེས་ནས་ཚེ་དབང་ཞུ་བྱས་པས་མ་གནང་བར་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་ཚེ་དབང་བསྐུར། ཁྱིམ་དེར་བྱིན་རླབས་བྱས་པས་འབངས་གྲ་ཡེ་རྣམས་ལ་མི་རབས་བདུན་ཚུན་ཆད་དུ་གྲིར་ཤི་བ་མ་བྱུང་སྐད། དེར་ཐོད་པའི་སྒང་དུ་ཁུ་ལུང་ཡོན་ཏན་རྒྱ་མཚོས་སྤྱན་དྲངས་ནས་བྱིན་རླབས་ཅན་དུ་མཁྱེན་ནས་གདམས་ངག་ཞུ་བྱས་པས། འོ་སྐོལ་གཉིས་སྔོན་གྱི་དུས་སུ་སྤུན་ཡིན་པས། ད་ང་ཁྱོད་ལ་ཕན་འདོགས་སུ་ཡོང་བ་ཡིན་གསུངས་ནས། སྔོན་གྱི་ལོ་རྒྱུས་རྣམས་བཤད་ནས། གཤིན་རྗེ་ཁ་ཐུན་དང་མ་མོ་སྙིང་ཐུན་ལ་སོགས་ཏེ། དྲག་སྔགས་རྣམས་ཟངས་ཀྱིས་གནང་ངོ་། །ཡོན་ཏན་རྒྱ་མཚོས་བཞུགས་པར་ཞུས་པས་མ་གནང་ནས། ཞིང་ལུང་བུ་གསེར་དུ་བཙོངས་ནས་སློབ་དཔོན་ལ་དྲིན་ལན་ལན་གྱིས་བརླན་ནོ། །དེར་སློབ་དཔོན་གཤེགས་པ་ལ་རྐང་མགྱོགས་མེད་པར་ཞབས་ཀྱིས་གཤེགས་པ་ལ། ཡོན་ཏན་རྒྱ་མཚོ་ཐུགས་འཕྲེང་ནས་བལ་ཡུལ་གཏིང་དུ་བསྐྱལ་ལོ། །དེ་ནས་ཕྱིར་ལོག་ནས་བོད་ཡུལ་དུ་གདམས་ངག་དེ་ལས་ལྷག་པ་འདུག་གམ་མི་འདུག་དྲིས། རང་གིས་ཀྱང་བལྟས་པས། དེ་ལས་ལྷག་པའི་གདམས་ངག་གཞན་མི་འདུག་སྟེ། ཉི་མ་དང་ཟླ་བ་བཞིན་དུ་གྲགས་སོ། །དེས་སྲས་པདྨ་དབང་རྒྱལ་ལ་བཤད། དེས་ལྷ་རྗེ་ཡེ་ཤེས་གཟུངས་ལ་བཤད། དེས་སྐྱོ་ཆོས་དཔལ་ལ། དེས་ལྷ་རྗེ་སྐྱོ་བ་ལ། དེ་ལ་བླ་མ་སྦས་གསན། དེ་ལ་དབུ་གྲུ་བནྡེས་གསན། དེ་ནས་རིམ་པར་བརྒྱུད་པའོ། །གཏད་རྒྱ་ནི། འཇམ་དཔལ་བཤེས་གཉེན་གྱིས། ཁ་ཐུན་ཆེ་འབྲིང་ཆུང་གསུམ་མཛད་དེ། ཆེ་བ་མ་ཧཱ་ཡོ་ག་ལྟར་མཛད། འབྲིང་པོ་ཨ་ནུ་ཡོ་ག་ལྟར་མཛད། ཆུང་བ་ཨ་ཏི་ཡོ་ག་ལྟར་མཛད་དེ། རམྦུ་གུ་ཧྱ་ལ་གཏད་པས། རྡོ་རྗེ་འཆང་ཆེན་རུ་ཏྲ་ལེགས་སོང་བ། །སངས་རྒྱས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བདེ་བ་མཆོག་ལྡན་ལྷ་ཡི་དབང་ཕྱུག་སྲས། །པདྨ་རྒྱས་འདྲའི་མེ་ཏོག་འཇམ་དཔལ་སྐུ། །ཡིད་བཞིན་གཏེར་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་ལས་མངོན་སྤྲུལ་སྟོན་པའི་མཆོག །རྫུ་འཕྲུལ་ཟླ་འོད་ལྟ་བུའི་སྐུ། །དྲེགས་པ་འདུལ་བྱེད་ཁྱོད་ལ་འདུད། །ཅེས་ལོ་རྒྱུས་ཀྱི་ཚུལ་དུ་གཏད་དོ། །དྷ་ན་ད་ལས་གཏད་པ་ནི། ལྷོ་ཕྱོགས་དགེ་གནས་དགོན་པ་པ་ཤ་ན། །བྲམ་ཟེ་དགེ་བའི་ཡོན་ཏན་ཞེས་བྱ་བར། །ཁྱེའུ་གཉིས་དང་བུ་མོ་གཅིག་དང་གསུམ་ཡོད་པ་ལས། །མཚན་ཡང་དྷ་ན་ད་ལ་ཞེས་བྱ་བ་དང་། །ཆུང་བ་སྤྲ་ཀྲིན་ད་ལ་ཞེས་སུ་བཏགས། །སྔགས་དང་མཚན་ཉིད་ཐེག་པ་སོ་སོར་བསླབ། །མཚན་ཉིད་འཛིན་པའི་སྤྲ་ཀྲིན་ད་ལ་གྲོང་། །དྷ་ན་ད་ལ་མཁས་པ་ཆེན་པོ་དེས། །སེ་ན་པྲ་དང་ཡོ་གའི་བརྟགས་པ་ཡིས། །སྤྲ་ཀྲིན་ད་ལ་བོད་ཡུལ་རུ་ལག་ཏུ། །ཁུ་ལུང་ཡོན་ཏན་རྒྱ་མཚོར་སྐྱེ་བ་བཞེས། །དྷ་ན་ད་ལ་མཁས་པ་ཆེན་པོ་དེས། །རམྦུ་གུ་ཧྱ་དེ་བ་ཙནྡྲ་ལས། །དྲག་སྔགས་ཞུས་ནས་རོལ་པ་རྐྱ་བདུན་གྱིས། །ཐུ་བར་བཅུག་ནས་མཚོ་སྐྱེར་ཐང་ལ་བསྐྱལ། །བྱང་ཤར་གནོད་སྦྱིན་ཐམས་ཅད་དབང་དུ་བསྡུས། །བྱེ་ཐང་རབ་ལ་ཆོས་གོས་གྲུ་ལ་གཤེགས། །རྒྱ་མཚོ་སྒང་དུ་ཁུ་ལུང་ཚེ་བུམ་བསྒྱེལ། །ཐོད་པ་སྒང་དུ་སྔོན་གྱི་ལོ་རྒྱུས་བྱས། །ལུང་བུ་གསེར་དུ་བཙོངས་ནས་ངན་སྔགས་ཞུས། །ཡོན་ཏན་རྒྱ་མཚོས་བལ་ཡུལ་གཏིང་དུ་སྐྱེལ། །རྗེ་རྗེ་མོན་ལྕམ་ལོ་ཙཱས་འགྲེལ་པ་བྲིས། །རིམ་པར་གཏད་དེ་མན་ངག་རིམ་པར་གཏད། །ཅེས་གདམས་པའོ། །དེ་ནས་རིམ་པས་གདམས་པའོ། །གཉིས་པ་རྒྱུད་གང་ལས་བཏུས་ཤིང་ཕྱོགས་གར་གཏོགས་ངོས་བཟུང་བ་ནི། འཇམ་དཔལ་གྱི་རྒྱུད་དུ་མ་དང་མི་འགལ་བར་མཛད་ནས། བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་སོ། །གསུམ་པ་གང་གི་དོན་དུ་མཛད་པ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ་མཛད་པའོ། །དགོས་པ་ནི་བསྟན་པ་བསྲུང་བའི་དགོས་པ་ཡོད་ལ། དེས་མཆོག་དང་ཐུན་མོང་འགྲུབ་པ་ནི་དགོས་པའི་དགོས་པ་ཡིན་ལ། སྒྲུབ་པ་པོའི་སེམས་དང་ཡ་མཱནྟ་ཀའི་ཐུགས་ནི་བདག་ཉིད་གཅིག་པའི་འབྲེལ་བའོ། །བཞི་པ་མཚན་ནི། འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་ཀྱི་རྩ་བ་ཞེས་བྱ་བ། ཞེས་པ་ནི། དེ་ལ་འཇམ་དཔལ་ལ་གསུམ་སྟེ། རང་བཞིན་རྒྱུའི་འཇམ་དཔལ་དང་། སྒོམ་པ་ལམ་གྱི་འཇམ་དཔལ་དང་། མཐར་ཐུག་འབྲས་བུའི་འཇམ་དཔལ་ལོ། །དེ་ལ་རང་བཞིན་རྒྱུའི་འཇམ་དཔལ་ནི། རང་གི་སེམས་ཉིད་གཉུག་མ་དང་རྣལ་མ་དེ། ཆོས་སྐུའི་རང་བཞིན་གཟུགས་སྐུའི་རྒྱུར་གྱུར་པས་འཁོར་འདས་ཀྱི་གཞི་ཡིན་པས་ན། རང་བཞིན་རྒྱུ་ཞེས་བྱ། དེ་ཀ་ལྟར་ཤེས་པའི་དུས་ན་ཉོན་མོངས་པའི་དྲི་མ་དང་བྲལ་བས་འཇམ་ལ། བདག་དང་གཞན་གྱི་དཔལ་དུ་གྱུར་བས་ན་དཔལ་ཞེས་བྱའོ། །སྒོམ་པ་ལམ་གྱི་འཇམ་དཔལ་ནི། རྒྱུའི་འཇམ་དཔལ་ལྟ་བར་བྱས་ཏེ། ལྟ་བ་དེ་བསྒོམ་པའོ། །ལྟ་བ་དང་བསྒོམས་པས་འབྲས་བུའི་ལམ་དུ་འགྲོ་བས་ན་ལམ་མོ། །ལྟ་བ་ཤེས་པས་འཇམ་ལ། སྒོམ་པ་ཤེས་པས་དཔལ་ལོ། །ལྟ་བས་ཉོན་མོངས་པ་སྤང་བར་བྱ་བ་དང་ཤེས་བྱའི་དྲི་མ་དག །དྲི་མ་དག་པ་དེ་ཀ་ལ་འཇམ་ཞེས་བྱ། བསྒོམས་པས་ཐོབ་བྱའི་ཡེ་ཤེས་ཐོབ་པ་ནི་དཔལ་ལོ། །མཐར་ཐུག་འབྲས་བུའི་འཇམ་དཔལ་ནི། ལྟ་སྒོམ་གྱི་མཐའ་འབྲས་བུ་ལ་ཐུག་སྟེ། འབྲས་བུ་གང་ཞེ་ན། འཕགས་པ་འཇམ་དཔལ་གྱི་སྐུ་ཐོབ་པའོ། །དེ་ནི་འཇམ་སྟེ་ཉོན་མོངས་པའི་དྲི་མ་བྲལ། དཔལ་ཡིན་ཏེ་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །གཤིན་རྗེ་གཤེད་ནག་པོ་ཞེས་པ་ལའང་ལྔ་སྟེ། རང་བཞིན་གནས་ལུགས་དང་སྦྱར་བ་དང་། ལས་ཀྱི་གཤིན་རྗེ་དང་སྦྱར་བ་དང་། གདུལ་བྱ་ཞེན་ཆགས་དང་སྦྱར་བ་དང་། འཁྲུལ་པ་སེམས་དང་སྦྱར་བ་དང་། གདམས་ངག་རྩ་རླུང་དང་སྦྱར་བའོ། །དང་པོ་ལྟར་ན་གཤིན་ནི་ཀུན་རྫོབ་དངོས་པོའི་ཆོས་འཇིག་པ་དང་བཅས་པའོ། །རྗེ་ནི་དེ་ལ་དབང་བྱེད་པའི་ཕྱིར་ན། དོན་དམ་པ་སྤྲོས་པ་མཐའ་དག་དང་བྲལ་བ་དེའོ། །གཤེད་ནི་ཀུན་རྫོབ་རྟོགས་པར་བྱེད་པའི་གཤེད་དོན་དམ་པ་ཁོ་ན་ཡིན་ཏེ། དོན་ཀུན་རྫོབ་དབྱེར་མེད་ལས་མི་འགྱུར་བ་ནི་ནག་པོའོ། །གཉིས་པ་ལྟར་ན། གཤིན་རླུང་གི་དཀྱིལ་འཁོར་གྱི་སྟེང་། ཆུའི་ད་ལའི་འོག །སྒོ་མེད་ལྕགས་ཁང་བཅུ་བདུན་གྱི་བདག་པོ། ལས་ཀྱི་གཤིན་རྗེ་སྟེ། སྲིད་པ་བར་མ་དོ་ན་གནས་པའོ། །རྗེ་ནི་དེ་རྣམས་ཀྱི་དཔོན་བྱེ་བ་གུང་རིངས་སོ། །གཤེད་ནི་ཡ་མ་རཱ་ཛ་ཡ་མཱནྟ་ཀའི་ཐུགས་ལས་སྤྲུལ་ཏེ་གཤེད་དུ་བྱུང་བའོ། །ནག་པོ་དེ་དག་གི་ཐུགས་མི་འགྱུར་བའོ། །གསུམ་པ་ལྟར་ན། གཤིན་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ཏེ་ཚེ་ལ་ལོང་མེད་པར་འཆི་བའི་ཆོས་ཅན་ནོ། །རྗེ་ནི་ལས་དང་བག་ཆགས་སོ། །གཤེད་ནི་ལས་དང་བག་ཆགས་ཀྱིས་མཚམས་སྦྱར་ནས། ལས་ཀྱི་གཤིན་རྗེ་རྣམས་ཀྱིས་གཤེད་དུ་གྱུར་པའོ། །ནག་པོ་ནི་སེམས་ཉིད་མི་འགྱུར་བའོ། །བཞི་པ་ལྟར་ན། གཤིན་རང་གི་རྣམ་རྟོག་གོ། །རྗེ་ནི་དེ་ལ་དབང་བྱེད་པའི་བསྐྱེད་རིམ་མོ། །གཤེད་ནི་བསྐྱེད་རིམ་གྱི་འབྲས་བུ་ཆོས་ཉིད་དུ་སྦྱོར་བ་ནི་རྫོགས་རིིམ་མོ། །ནག་པོ་བསྐྱེད་རྫོགས་གཉིས་ལས་ལམ་ཐམས་ཅད་མི་འགྱུར་བའོ། །ལྔ་པ་ལྟར་ན། གཤིན་རང་གི་ལུས་ཀྱི་རྩ་རྣམས་སོ། །རྗེ་ནི་རྩ་ལ་དབང་བྱེད་པའི་ཁམས་བདུད་བཞི་སྟེ། སྤྱི་བོ་ན་ལྷའི་བུའི་བདུད་དང་། མགྲིན་པ་ན་ཉོན་མོངས་པའི་བདུད། སྙིང་ག་ན་འཆི་བདག་གི་བདུད། ལྟེ་བ་ན་ཕུང་པོའི་བདུད་དོ། །གཤེད་ནི་མན་ངག་གིས་བསྒོམས་ནས། བདུད་འོད་དུ་ཞུ་ནས་རླུང་གི་གནས་སུ་གཅུན་པའོ། །ནག་པོ་ནི་ཕྱིའི་རྩ་དང་། ནང་ཁམས་བདུད་རྩི་དང་། གསང་བ་སྔགས་དང་། སྙིང་པོ་རླུང་རྣམས་ལས་མི་འགྱུར་བར་གནས་པའོ། །དཔེར་ན་ཚོན་ནག་པོ་ནི་ཚོན་གཞན་གྱི་དབང་དུ་མི་འགྱུར་བའོ། །འཁོར་ལོ་འདུས་པ་ནི། གནས་པ་དོན་གྱི་འཁོར་ལོ་གཞི་འདུས། གདུལ་བྱ་གཅོད་པའི་འཁོར་ལོ་ལམ་འདུས། དེ་ལ་གསུམ་སྟེ། སྲིད་པའི་འཁོར་ལོ་འཁོར་བ་འདུས། གཅོད་པའི་འཁོར་ལོ་ལས་ཀྱི་གཤིན་རྗེ་འདུས། སྤྲུལ་པའི་འཁོར་ལོ་ཡེ་ཤེས་གཤིན་རྗེ་འདུས། དབྱེར་མེད་མཉམ་ཉིད་ཀྱི་འཁོར་ལོ་དུ་མ་རོ་གཅིག་ཏུ་ཐིམ་པས་ན་འབྲས་བུ་འདུས་པའོ། །སྒྲུབ་པ་ནི། སྟོད་ལྷ་སྒྲུབ་ནི་ཡེ་ཤེས་གཤིན་རྗེ་གཙོ་ཆེ་བའི་དབང་དུ་བསྒྲུབ་ལ། སྨད་འདྲེ་སྒྲུབ་ནི་ལས་ཀྱི་གཤིན་རྗེ་གཙོ་ཆེ་བའི་དབང་དུ་བསྒྲུབ་པའོ། །དེ་ལྟ་བུའི་རྩ་བ་ནི་ཚིག་དོན་ཉུང་བ་ལས་མང་བར་བསྐྱེད་པར་བྱེད་པའོ། །ལྔ་པ་དབུ་ཞབས་ཀྱི་བསྡུས་དོན་ནི་གསུམ་སྟེ། ཀླད་དང། གཞུང་དང་། མཇུག་གོ། །ཀླད་ལ་གསུམ་སྟེ། དང་པོ་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བདུད་བཞི་བཅོམ་པ་ནི། སྤྱི་བོ་ན་ལྷའི་བུའི་བདུད་བུང་བས་མེ་ཏོག་འཇིབ་པ་ལྟ་བུར་གནས་ཏེ་རླུང་གི་རླུང་ངོས་ཟིན་པས་བཅོམ། མགྲིན་པ་ན་ཉོན་མོངས་པའི་བདུད་སྡིག་པ་བྲག་ལ་འཛེགས་པ་ལྟ་བུར་གནས་ཏེ་མེའི་རླུང་ངོས་ཟིན་པས་བཅོམ། སྙིང་གར་འཆི་བདག་གི་བདུད་གྱད་སྟོབས་འགྲན་པ་ལྟ་བུར་གནས་ཏེ་ཆུ་རླུང་ངོས་ཟིན་པས་བཅོམ། ལྟེ་བ་ན་ཕུང་པོའི་བདུད་སྡོམ་ཁ་གདངས་ལྟ་བུར་གནས་ཏེ། སའི་རླུང་ངོས་ཟིན་པས་བཅོམ། ལྡན་པ་ནི་དྲུག་སྟེ། དབང་ཕྱུག་དང་ལྡན། ཡེ་ཤེས་དང་། དཔལ་དང་། གྲགས་དང་། གཟུགས་བཟང་དང་། བརྩོན་འགྲུས་དང་དྲུག་ལས། གཟུགས་ཀྱི་ཕུང་པོ་སའི་རླུང་དུ་རྟོགས་པས་ཁམས་གསུམ་དབང་ཕྱུག་དང་ལྡན། ཀུན་གཞི་སྲོག་འཛིན་པའི་རླུང་སེམས་ཉིད་རང་བྱུང་ཡེ་ཤེས་སུ་རྟོགས་པས་ཡེ་ཤེས་དང་ལྡན། ཆུའི་རླུང་ཚོར་བའི་ཕུང་པོར་གནས་པས་དཔལ་དང་ལྡན། འདུ་ཤེས་ཕུང་པོ་མེའི་རླུང་དུ་རྟོགས་པས་གྲགས་དང་ལྡན། རྣམ་ཤེས་ཕུང་པོ་ནམ་མཁའི་རླུང་དུ་རྟོགས་པས་གཟུགས་བཟང་ཆོས་སྐུར་ལྡན། འདུ་བྱེད་ཕུང་པོ་རླུང་གི་རླུང་དུ་རྟོགས་པས་བརྩོན་འགྲུས་དང་ལྡན། ཕུང་པོ་ལྔ་རིགས་ལྔ་ཡེ་ཤེས་ལྔའི་རླུང་དུ་རྟོགས་པས་རྟག་ཆ ད་མཐའ་ལས་འདས། དེས་འཁོར་བ་ལས་རིང་དུ་གྱུར་པས་ན་འཕགས་པ། དེ་ལ་རྩུབ་པའི་ཟུག་རྔུ་མེད་པས་འཇམ། བདག་གཞན་གྱི་དོན་མཛད་པས་ན་དཔལ། དེས་རང་བཞིན་རྒྱུ་དང་། བསྒོམ་པ་ལམ་དང་། མཐར་ཐུག་འབྲས་བུར་གྱུར་ཏེ། ཞི་བ་རང་གི་རྒྱུད་ལ་གནས་པའི་བདུད་བཅོམ་ནས་སངས་རྒྱས་སོ། །གཤིན་འཁོར་བའི་སེམས་ཅན་རྣམས་སོ། །རྗེ་ལས་ཀྱི་འཆི་བདག་རྣམས་སོ། །གཤེད་ཡ་མཱནྟ་ཀ་བླ་མའི་མན་ངག་གིས་རྟོགས་པས་ཁྲོ་བོས་གཞན་གྱི་རྒྱུད་ལ་གནས་པ་བཅོམ་སྟེ་ཡ་མཱནྟ་ཀས་ལས་ཀྱི་གཤིན་དགྲ་བགེགས་དང་བཅས་པའི་བདུད་བཅོམ་པའོ། །ཞི་ཁྲོ་གཉིས་ཀྱི་སྐུ་དང་བྲམ་ཟེ་འཇམ་དཔལ་བཤེས་གཉེན་གྱི་སེམས་དང་ཐུགས་ཐ་དད་མེད་པས་ཕྱག་འཚལ་བའོ། །གཉིས་པ་མཆོད་པར་བརྗོད་པ་ལ་གཉིས་ཏེ། ཞི་བའི་མཛད་པ་དང་། ཁྲོ་བོའི་མཛད་པའོ། །དང་པོ་ནི། ཕྲ་ཞིང་ཟག་མེད་ས་བོན་བྲལ། །ལ་སོགས་ཏེ། གཞིའི་གནས་ལུགས་ནི། ཕྲ་ཞིང་ཞེས་བྱ་སྟེ། གཞི་འཁོར་འདས་དབྱེར་མེད་རྟོགས་པར་དཀའ་བའི་ཕྱིར་རོ། །ཟག་མེད་ནི་ལམ་ཡིན་ཏེ་བསྐྱེད་པའི་རིམ་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ལ། རྫོགས་པའི་རིམ་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །ས་བོན་བྲལ་བ་ནི་འབྲས་བུ་སྟེ། འབྲས་བུ་སངས་རྒྱས་ཐོབ་ནས་འཁོར་བར་སྐྱེ་བའི་ས་བོན་དང་བྲལ་བའོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཅིང་། །ཞེས་པས། སྐུ་གསུམ་ནི། ཆོས་སྐུ་དྲི་མ་མེད་པ་ནི་ཤེས་བྱའི་དྲི་མ་དང་བྲལ་བའོ། །ལོངས་སྐུ་རྒྱལ་སྲིད་བཙུན་མོ་དང་བཅས་པ་ནི་ཉོན་མོངས་པའི་དྲི་མ་དང་བྲལ་བའོ། །སྤྲུལ་སྐུ་མཛད་པ་བཅུ་གཉིས་མཐར་ཕྱིན་པ་ནི་ལས་ཀྱི་སྒྲིབ་པ་དང་བྲལ་བའོ། །ཡེ་ཤེས་ནི། ཆོས་ཐམས་ཅད་དང་པོ་སྟོང་པར་རྟོགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འཁོར་འདས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་རྟོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྣང་བ་དང་སྟོང་པ་དབྱེར་མེད་དུ་རྟོགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས་པ་ནི་སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །འབྲས་བུའི་དོན་རྟོགས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྐུ་གསུམ་ཡེ་ཤེས་ལྔ་གཞི་ལམ་འབྲས་བུ་དབྱེར་མེད་དུ་ལྡན་ཞིང་གྲུབ་པའོ། །བདག་གཞན་འགྲོ་བའི་དཔལ་དུ་གྱུར། །ཞེས་པ་ནི་རྟོགས་པ་རང་གི་དཔལ་ནི་རང་སེམས་སངས་རྒྱས་སུ་རྟོགས་པའོ། །ཐུགས་རྗེ་གཞན་གྱི་དཔལ་ནི་འགྲོ་བ་མ་ལུས་པའི་དོན་མཛད་པའོ། །དབྱེར་མེད་ཡོངས་ཀྱི་དཔལ་ནི། བདག་གཞན་གཉིས་སུ་མེད་པར་རྟོགས་པའོ། །མཁྱེན་རབ་བདག་པོ་འཇམ་དཔལ་གྱི། །ཞེས་པ་ནི་རྒྱལ་བའི་ཐུགས་མཁྱེན་པ་ནི་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱི་དགོངས་པ་རྟོགས་པའོ། །རབ་ནི་སྐུ་གསུང་ཐུགས་ལ་རབ་སྐུའི་དགོངས་པ་མཁྱེན་པའོ། །ངོ་བོ་ནི་ཞི་བའི་དུས་ན་འཇམ་དཔལ་གྱིས་དོན་མཛད། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་འཇམ་དཔལ་དབྱངས་སོ། །ཆོས་ཀྱི་དབྱིངས་སུ་འཁོར་ལོ་བསྐོར། །ཞེས་པ་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་འཁོར་ལོ་བསྐོར་བའོ། །ཉོན་མོངས་ཤེས་བྱའི་དྲི་མ་བཀྲུས། །ཞེས་པ་ཉོན་མོངས་པ་རགས་པའི་དྲི་མ་ནི་ཟག་པ་དང་བཅས་པ་སྤོངས་ལ། ཤེས་བྱ་ཆ་ཕྲ་བའི་དུས་ཀྱི་དྲི་མ་ནི་དར་དཀར་པོའི་ལྭ་བས་ཆོད་པ་ལྟ་བུའི་རྩི་དང་བྲལ་བའོ། །དེ་ནས་འཁོར་སྣོད་དུ་རུང་བར་བྱས་ནས། འཁོར་བ་སེམས་ཅན་གྱི་དོན་མཛད་པ་ནི། ཐུགས་རྗེ་ཆོ་འཕྲུལ་ཆར་ཕབ་ནས། །ཞེས་པ་རྟེན་ཅན་དངོས་པོའི་ཐུགས་རྗེ་ནི་གཟུགས་སྐུ་གཉིས་སོ། །རྟེན་མེད་སྟོང་པའི་ཐུགས་རྗེ་ནི་ཆོས་སྐུའོ། །དབུ་མ་ངོ་བོ་ཉིད་ཀྱི་ཐུགས་རྗེ་ནི་སྐུ་གསུམ་དབྱེར་མེད། དེ་ཡང་ཆོས་སྐུ་ནམ་མཁའ་ལྟ་བུ་ལས། ལོངས་སྐུ་སྤྲིན་ལྟ་བུ། སྤྲུལ་སྐུ་ཆར་ལྟ་བུས་དོན་མཛད་པའོ། །ཁྲོ་བོའི་མཛད་པ་བསྟན་པ་ནི། འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད། །ཅེས་པ་ལ་སོགས་ཏེ། ཆོས་སྐུ་དྲི་མ་མེད་པ་ལས་ལོངས་སྐུ་རྣམ་པར་སྣང་མཛད་བྱུང་། དེ་ལས་འཕགས་པ་འཇམ་དཔལ་དུ་སྤྲུལ། དེ་ཁྲོས་པས་གཤིན་རྗེའི་གཤེད་ཡ་མཱནྟ་ཀའི་སྐུའོ། །ཆོས་ཉིད་ངང་གིས་ཁྲོ་བ་རྣམ་སྣང་བྱུང་། ཐུགས་རྗེ་ཤུགས་ཀྱིས་ཁྲོ་བ་འཇམ་དཔལ་དུ་ཤར། གདུལ་བྱ་དྲག་པོས་ཁྲོ་བ་གཤིན་རྗེའི་གཤེད་དུ་སྤྲུལ་ནས་སོ། །གཤིན་རྗེའི་ནི་ལས་ཀྱི་འཆི་བདག །གཤེད་ཡ་མཱནྟ་ཀའོ། །ཁྲོ་མཆོག་ཕྲིན་ལས་བདག་པོ་ཡིས། །ཞེས་པ་དུས་གསུམ་ཁྲོ་བོའི་མཆོག་ནི་གཤིན་རྗེའི་གཤེད་ཀྱི་སྐུ་སྟེ། སྙིགས་མའི་སེམས་ཅན་གདུལ་དཀའ་བའི་དོན་མཛད་པའོ། །ཞི་རྒྱས་དབང་དྲག་གི་ཕྲིན་ལས་ནི། སེམས་ཅན་གཏི་མུག་ཅན་ཞི་བས་འདུལ་བ་གཤིན་རྗེ་ཡ་མ་རཱ་ཙ། དེ་ནི་སའི་རླུང་ངོ་། །སེམས་ཅན་ང་རྒྱལ་ཅན་རྒྱས་པས་འདུལ་བ་ནི་བདུད་པོ་མྱོས་བྱེད་འབར་བ། དེ་ནི་མེའི་རླུང་ངོ། །སེམས་ཅན་འདོད་ཆགས་ཅན་དབང་གིས་འདུལ་བ་ནི་སྲིན་པོ་ཨཱརྻ་མ་རུ། དེ་ནི་ཆུའི་རླུང་ངོ་། །སེམས་ཅན་ཕྲག་དོག་ཅན་དྲག་པོས་འདུལ་བ་ནི་གནོད་སྦྱིན་རལ་པ་ཅན་ཚར་དགུ། དེ་ནི་རླུང་གི་རླུང་ངོ་། །དེ་རྣམས་ཀྱི་བདག་པོ་ཐུགས་ཀྱི་སྤྲུལ་པ་སྲས་མཆོག་ཡ་མ་རཱ་ཛའོ། །ལས་ཀྱི་འཆི་བདག་འཁོར་ཚོགས་རྣམས། །ཞེས་པ་ནི་འཆི་བདག་དང་། གཤེད་བཞི་དང་། ཕྱོགས་གནས་ཀྱི་གཤིན་རྗེ་བཅུ་གཉིས་དང་། ལས་ཀྱི་མི་བརྒྱད་དང་། གྲི་ཐོགས་ཀྱི་གིང་དང་། ཁྲམ་ཐོགས་ཀྱི་བདུད་དང་། མདངས་ལེན་གྱི་མ་མོ་དང་། སྲོག་གཅོད་ཀྱི་དྲི་ཟ་རྣམས་སོ། །དེ་ཡང་འཆི་བདག་ནི་ཡབ་བྱེ་བ་གུང་རིངས་དང་། ཡུམ་གཏུམ་མོ་རོ་གོས་ཀྱི་ན་བཟའ་ཅན་ནོ། །གཤེད་བཞི་ནི། ཤར་གཤིན་རྗེ། ལྷོར་བདུད། ནུབ་སྲིན་པོ། བྱང་གནོད་སྦྱིན་ལས་གྱུར་པའི་ཡ་མ་རྣམས་སོ། །ཕྱོགས་གནས་ཀྱི་གཤིན་རྗེ་བཅུ་གཉིས་ནི། སྟེང་གི་འཆི་བདག་ནག་འཇོམས། ཤར་གྱི་ཀོང་རྩེ་བྲག་འཇོམས། ཤར་ལྷོར་ཨ་བ་གླང་མགོ། ལྷོའི་ཡ་བ་ཏི། ལྷོ་ནུབ་མིག་དམར། ནུབ་ཀྱི་རྨིགས་པ། ནུབ་བྱང་ཏེལ་པ། བྱང་ལྷ་མཆོག་དུད་ཁ། བྱང་ཤར་ཆོས་ཀྱི་རྒྱལ་པོ། འོག་གི་དམར་པོ། སྟེང་གི་ཕྱྭ་སངས། འོག་གི་ཐོད་དབྱུག་རྣམས་སོ། །ལས་ཀྱི་མི་བརྒྱད་རྣམས་ནི། ཆོས་ཀྱི་རྒྱལ་པོ་དང་ཕྱྭ་སངས་གཉིས། ཡ་བ་ཏི་དང་ཏེལ་པ་གཉིས། རྨིགས་པ་དང་ཨ་བ་གླང་མགོ་གཉིས། རལ་པ་ཚར་དགུ་དང་མིག་དམར་གཉིས་ཏེ་བརྒྱད་དོ། །ཐུགས་རྗེས་དམ་བཏགས་སྲོག་ཕུལ་ཏེ། །ཞེས་པ་ནི་རི་རབ་འོག་ན་རླུང་གི་དལ་གྱི་སྟེང་། ཆུའི་དལ་གྱི་འོག །ཆུ་རླུང་གཉིས་ཀྱི་བར་ན། ལྕགས་ཀྱི་ཁང་པ་སྒོ་མེད་ནང་ན་གནས་པ། ཡིད་ཀྱིས་རྒྱུ་བའི་སྒོ་ཅན་ན། འཆི་བདག་རྣམས་ཀྱིས་སེམས་ཅན་གྱི་ཤ་ཁྲག་ལ་ལོངས་སྤྱོད། ཚེ་སྲོག་ལ་དབང་བྱེད་ཅིང་ལས་དགེ་སྡིག་གི་ཁ་ལོ་བསྒྱུར་བ་དེ། འཕགས་པ་འཇམ་དཔལ་དཔལ་གྱི་ཐུགས་རྗེས་གཟིགས་ནས། ལས་ཀྱི་གཤིན་རྗེ་རྣམས་དམ་ལ་བཏགས། ཡ་མ་མེ་ཏ་ཀྵེ་ལ་སོགས་པ་རང་གི་སྲོག་སྙིང་ཕུལ་བ་སྟེ། ཐ་སྙད་རྟོག་འདུལ་བྲན་དུ་བྱས། །ཞེས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ལས་ཀྱི་གཤིན་རྗེ་རྣམས་ཡེ་ཤེས་ཀྱི་གཤིན་རྗེའི་བྲན་དུ་བྱས་པའོ། །ཡང་དག་པར་ནི་ལས་ཀྱི་གཤིན་རྗེ་རུ་ཏྲ་ལམ་ལོག་པ་རྣམས་ཡེ་ཤེས་ཀྱི་གཤིན་རྗེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ལུང་བསྟན་ནོ། །ལུང་བསྟན་པས་རྟག་ཏུ་བསྟན་པ་བསྲུང་བ་ཁོ་ནའོ། །ཞི་ཁྲོ་འཁོར་བཅས་ལྷ་ཚོགས་ལ། །ཞེས་པ་ནི་དེ་བས་ན་ས་བཅུའི་བྱང་ཆུབ་སེམས་དཔའི་དོན་མཛད་པའི་དུས་ན་འཇམ་དཔལ་ལ། ལས་ཀྱི་གཤིན་རྗེ་འདུལ་བའི་དུས་ན་ཡ་མཱནྟ་ཀའོ། །དེ་ཡང་འཇམ་དཔལ་ནི་རང་དོན་དུ་སངས་རྒྱས་ཀྱང་། གཞན་དོན་དུ་འཕགས་པ་འཇམ་དཔལ་སྣང་བར་མཛད་དོ། །ལུས་བཏུད་དད་པས་ཕྱག་འཚལ་ཏེ། །ཞེས་པ་ནི་ཐེག་པ་འོག་མ་དང་གོ་བསྟུན་པའི་སྒོ་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ལུས་ཀྱི་ཡན་ལག་སྨད་ལྔ་ས་ལ་གཏུགས་ནས་ཕྱག་འཚལ་བ་དང་། གསང་སྔགས་ཕྱི་ནང་དང་གོ་བསྟུན་ནས་སེམས་དང་བས་ཕྱག་འཚལ་བའོ། །གསུམ་པ་དམ་བཅའ་བ་ནི། རྒྱ་ཆེ་རབ་ཟབ་དཔག་དཀའ་བའི། །ཞེས་པ་ལ་སོགས་ཏེ་གཤིན་རྗེའི་རྒྱུད་ནམ་མཁའ་ལྟར་རྒྱ་ཆེ། རྒྱ་མཚོ་ལྟར་རབ་ཏུ་ཟབ། སངས་རྒྱས་ཀྱི་དགོངས་པ་ལ་བློས་དོན་དཔག་པར་དཀའ་བའོ། །བཀའ་དགོངས་བཅུད་འདུས་གཤིན་རྗེའི་གཤེད། །ཅེས་པ་ནི་འཇམ་དཔལ་གསང་རྒྱུད། མ་མོ་ཙིཏྟ་གསང་བ། གཤིན་རྗེ་གའུ་ནག་པོ། འཇམ་དཔལ་ཁྲོས་པ་ལ་སོགས་པའི་རྒྱུད་རྣམས་སོ། །ཡ་མ་རཱ་ཛ་ཁ་ཐུན་ཞེས་པ་ནི། ཡ་མ་རཱ་ཛ་ནི་གཤིན་རྗེའི་རྒྱལ་པོ་སྟེ། དཔེར་ན་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླིང་བཞིའི་འགྲོ་བ་དབང་བྱེད་པ་ལྟར། ཐུགས་ཀྱི་སྤྲུལ་པ་ཡ་མ་རཱ་ཛས་ལས་ཀྱི་གཤིན་རྗེའི་ཚོགས་ལ་དབང་བྱེད་པའོ། །ཁ་ཐུན་འཁོར་ལོའི་ཁ་ཐུན་གྱིས་བསྐོར་བ་དེ། བདུད་ཀྱི་དུག་ཐུན། མ་མོའི་ཁྲག་ཐུན། གིང་གི་མདའ་ཐུན། གཤིན་རྗེའི་ཕུར་ཐུན། དེ་ཡང་བདུད་ཀྱིས་མགོ་འཁོར་ཞིང་དུག་གིས་སྦོས་པར་བྱེད། མ་མོས་ཁྲག་སྐྱུག་ཅིང་ཁྲག་གིས་མྱོས་པར་བྱེད། གིང་གིས་ཡིད་འཁྲུག་ཅིང་མདའ་ཡིས་གཟིར་བར་བྱེད། གཤིན་རྗེས་གསོད་ཅིང་ཕུར་པས་ལུས་སེམས་འབྱེད་པའོ། །དོན་རྒྱས་སྤྲོས་ཏེ་བཞག་པ་ཡང་། །ཞེས་པ་ཁ་ཐུན་ཆེན་མོའི་རྒྱུད་ནི་རྒྱུད་མ་ཧཱ་ཡོ་གར་དོན་རྒྱས་ཤིང་། རྩ་བ་ལས་ཡལ་ག་གྱེས་པ་ལྟར་དོན་རྒྱས་པར་སྤྲོས་ཏེ་གཞུང་དོན་ཡི་གེའི་རིས་སུ་ཕྱི་རབས་དོན་དུ་བཞག་པ་ཡང་། རྣམ་བཞི་དོན་གྱི་ལྡེ་མིག་གིས། །ཞེས་པ་ནི་བྲིས་སྐུ་ལ་བསྙེན་པ། རྡུལ་ཚོན་ལ་ཉེ་བསྙེན། མ་ཏྲཾ་ལ་སྒྲུབ་པ། འཁོར་ལོ་བསྐོར་བ་སྒྲུབ་པ་ཆེན་པོའོ། །དེ་ཡང་བྲིས་སྐུ་ལ་བརྟེན་ནས་བསྙེན་པ་མ་བྱས་ན། རང་ལུས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མི་འགྲུབ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཉེ་བསྙེན་མ་བྱས་ན་རང་དངོས་གྲུབ་མི་ཐོབ་ཅིང་། སློབ་མ་ལ་དབང་བསྐུར་མི་ནུས། མ་ཏྲཾ་ལ་སྒྲུབ་པ་མ་བྱས་ན་ཐོད་པ་ལ་འཆི་བདག་མི་ཁུག །རོ་རས་འཁོར་ལོ་ལ་ལས་ཀྱི་གཤིན་རྗེ་བསྟིམ་མི་ནུས། ལིང་ག་ལ་དགྲ་བོ་མི་ཁུག །སྒྲུབ་པ་ཆེན་པོའི་འཁོར་ལོ་མ་བསྐོར་ན་ཡུལ་དགྲ་བགེགས་གཉིས་མི་ཐུལ། དེ་མ་ཐུལ་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མི་ནུས་པས། དེའི་ཕྱིར་ན་བསྙེན་སྒྲུབ་བཞིའི་ལྡེ་མིག་གིས་གཤིན་རྗེའི་མན་ངག་རྣམས་མ་ནོར་བར་བྱ་བ་ཡིིན་ནོ། །མི་ཤིགས་རྡོ་རྗེ་གར་གྱི་བདག །ཅེས་པ་ནི་དགོངས་པ་རྡོ་རྗེ་ལྟ་བུའི་སྐུ་ནི་སྐྱེ་ཤི་མེད་པས་མི་ཤིགས་ལ། །དེ་དཔེ་ནི་རྡོ་རྗེ་ཕ་ལམ་ལྟ་བུ་ཡིན། གདུལ་བྱ་ལ་གང་ལ་གང་འདུལ་སྤྲུལ་ནུས་པ་ནི། གར་མཁན་དང་འདྲ་སྟེ། དཔེར་ན་གར་མཁན་ལུས་གཅིག་ལ་བཞིན་སྣ་ཚོགས་སུ་འགྱུར་བ་ཡིན་པ་ལྟར་རོ། །ཕྲིན་ལས་རྒྱལ་པོ་སྒྲུབ་པའི་ཐབས། །ཞེས་པ་ནི་འཇམ་དཔལ་སྐུ་དང་། དེའི་གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་ལྔ་ལས། སྐུའི་ཕྲིན་ལས་ཀྱི་རྒྱལ་པོས་ཏེ། དཔེར་ན་སེམས་ཅན་གྱི་ལུས་ངག་ཡིད་གསུམ་ཚང་བ་ལྟར་སྐུ་ལ་ཀུན་ཚང་བའོ། །དེ་སྒྲུབ་པའི་ཐབས་ནི་འདི་ཡིན་ནོ། །སྐུ་ཡི་ངེས་དོན་བཤད་པར་བྱ། །ཞེས་པ་མི་བསླུ་བ་ངེས་པའི་དོན་འདི་ཕྱི་རབས་འགྲོ་བ་སེམས་ཅན་གྱི་ནང་ནས་གཤིན་རྗེ་གཤེད་ཀྱི་དགེ་འདུན་ལ་མོས་པ་རྣམས་ཀྱི་དོན་དུ་བཤད་པར་བྱའོ། །གཞུང་ལ་གཉིས་ཏེ། སློབ་དཔོན་དང་སློབ་མའི་འབྲེལ་པ་བརྟག་ཅིང་གདམས་ངག་ཞུ་བ་དང་། ཞུས་པའི་དོན་བསྒྲུབ་པའོ། །དང་པོ་བསྟན་པའི་ཕྱིར་ན། གསུམ་ལྡན་བཞི་སྤྱོད་བརྟུལ་ཞུགས་ཅན། །ཞེས་སོགས་ཏེ་དང་པོ་སློབ་མའི་མཚན་ཉིད་སྟོན་པ་སྟེ། གསུམ་ལྡན་ནི་དད་པ་དང་སྙིང་རྗེ་དང་ཤེས་རབ་སྟེ་དད་པའི་ངོ་བོ་ནི་སེམས་དང་བའོ། །ངེས་ཚིག་ནི་རང་ཡིད་དུ་འོང་བ་ལ་བློ་གཞོལ་བས་ཏེ་དད་ཅིང་འདུན་པའོ། །དབྱེ་བ་ནི་དང་བའི་དད་པ་ཡི་དམ་ལྷ་དང་བླ་མ་ལ་བརྟེན་ནས་སྐྱེ་བ་སྟེ། དཔེར་ན་ལྷ་ཁང་ལེགས་པོ་མཇལ་བ་ལྟ་བུའོ། །འདོད་པའི་དད་པ་ཆོས་ལ་བརྟེན་ནས་སྐྱེ་བ་ནི། གཤིན་རྗེའི་རྒྱུད་ལུང་མན་ངག་ཤེས་པར་འདོད་པས་སོ། །ཡིད་ཆེས་པའི་དད་པ་མན་ངག་ཟབ་མོ་ལ་བརྟེན་ནས་སྐྱེ་བ་སྟེ། ཐེ་ཚོམ་དང་སོམ་ཉི་མེད་པའོ། །དད་པ་མེད་ན་དོན་མི་འགྲུབ་ལ། ཡོན་ཏན་དགེ་བའི་ཕྱོགས་ལ་བརྩོན་ཞིང་འགྲུས་པའོ། །དེ་བས་ན་དང་པོར་དད་པས་གཞི་བཟུང་བར་བྱའོ། །ཤེས་རབ་ཀྱི་ངོ་བོ་མ་རྨོངས་པའོ། །ངེས་ཚིག་ནི། ཤེས་པ་རྣམས་ཀྱི་ནང་ནས་རབ་ཏུ་གྱུར་པ་གང་ལ་ཡང་མ་རྨོངས་པར་ཤེས་པས་གང་ལ་ཡང་ཤེས་རབ་ཡིན་ནོ། །དབྱེ་བ་ནི། འཇིག་རྟེན་གྱི་བྱ་བ་ཤེས་པའི་ཤེས་རབ་དང་། འདས་པའི་དགོངས་པ་ཤེས་པའི་ཤེས་རབ་བོ། །མེད་ན་ཀུན་མཁྱེན་གྱི་གོ་འཕང་ཐོབ་པ་མ་ཡིན་ལ། ཤེས་རབ་ཡོད་ན་ཀུན་མཁྱེན་གྱི་གོ་འཕང་མཆོག་ནི་ཐོབ་པའོ། །དེའི་ཕྱིར་ན་རབ་ཏུ་ཤེས་རབ་ཀྱིས་སྒྲོག་བཀྲོལ་བ་ལ་མཁས་པར་བྱའོ། །སྙིང་རྗེའི་ངོ་བོ་ནི་ཞེ་སྡང་མེད་པའོ། །ངེས་ཚིག་ནི། རང་སེམས་བརྩེ་དང་ལྡན་པས་རྗེ་ལྟ་བུ་ལ། དེས་སྡུག་བསྔལ་ཅན་འཁོར་ལྟར་སྐྱོང་བས་ན་སྙིང་རྗེའོ། །དབྱེ་བ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཐུན་མོང་བ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་ཁྱད་པར་བྱ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་མཆོག་ཏུ་གྱུར་པའོ། །སྙིང་རྗེ་མེད་ན་སེམས་ཅན་གྱི་དོན་མི་འགྲུབ་ལ། ཡོད་ན་བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བ་བརྗེ་ཕོད་པའོ། །བཞི་སྤྱོད་ནི། སྣོད་ཁ་སྦུབ་ཏུ་བཅུད་མི་འགྲོ་བ་ལྟ་བུ་དང་། སྣོད་གཞོག་རལ་བས་བཅུད་འཛིན་མི་ནུས་པ་དང་། སྣོད་དུག་ཅན་གྱི་བཅུད་བཟར་མི་རུང་བ་དང་། སྣོད་ཞབས་རྡོལ་ན་བཅུད་ཟག་ནས་འགྲོ་བ་དང་བཞིའི་དཔེས་སློབ་མའི་སྣོད་བརྟགས་པས་ཏེ། ཐོས་པ་མི་བྱེད་ན་སྣོད་ཁ་སྦུབ་དང་འདྲ། བསམ་པ་མི་བྱེད་ན་སྣོད་གཞོག་རལ་དང་འདྲ། བསྒོམ་པ་མི་བྱེད་ན་སྣོད་དུག་ཅན་དང་འདྲ། གསང་མ་ཐུབ་ན་སྣོད་ཞབས་རྡོལ་བ་དང་འདྲའོ། །བརྟུལ་ཞུགས་ཅན་ནི། བདག་དོན་གྱི་བརྟུལ་ཞུགས་བསྙེན་པ་དང་ཉེ་བསྙེན་ལ་བྱ། གཞན་དོན་གྱི་བརྟུལ་ཞུགས་སྒྲུབ་པ་དང་སྒྲུབ་ཆེན་ལ་བྱ། སྤང་བྱར་གྱུར་པ་མཐའ་དག་བརྟུལ་ནས། བླང་བྱར་གྱུར་པ་མཐའ་དག་ལ་ཞུགས་པའོ། །ཐུན་མོང་ལམ་ཤེས་མཆོག་འདོད་ཅིང་། །ཞེས་པ་ཐེག་པ་ཐུན་མོང་གི་ལམ་ལྔ་ཤེས་པ་ནི། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། བསྒོམ་ལམ་དང་། མཐར་ཕྱིན་པའི་ལམ་ལྔ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ལེགས་པར་ཤེས་ཤིང་། མཆོག་ཐབས་ཤེས་རབ་ཀྱི་ལམ་འདོད་ཅིང་ཞེས་བྱ་སྟེ། ཐབས་ནི་སྙིང་རྗེ་ཡིན་ལ་ཤེས་རབ་ནི་སྟོང་པ་ཡིན་ཏེ། ཐབས་རྒྱ་ཆེ། ཤེས་རབ་ཟབ་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་འདི་ནི་ཟབ་ལ་རྒྱ་ཆེ་བའི་དོན་རྟོགས་པའོ། །དེ་ཡང་ཐབས་སྙིང་རྗེའི་སྒོ་ནས་འཆར་བ་ནི། བླ་མ་བསྟེན་ན་དད་པ་དང་མོས་གུས་ཆེ། མཆེད་གྲོགས་དང་འགྲོགས་ན་བརྩེ་གདུང་དང་ཐེག་པ་ཆེ། དམ་ཆོས་སྤྱོད་ན་ཐོས་བསམ་སྒོམ་པའི་དོན་ལ་མོས། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་དོན་རྟོགས་པས་རང་ལམ་ལ་མོས་ཤིང་གཞན་ལམ་ལ་མི་གཤེ་བའོ། །ཤེས་རབ་སྟོང་པའི་སྒོ་ནས་འཆར་བ་ནི། བསྐྱེད་རིམ་ཤེས་པས་རྟག་པའི་མཐའ་སེལ། རྫོགས་རིམ་ཤེས་པས་ཆད་པའི་མཐའ་སེལ། བསྐྱེད་རྫོགས་དབྱེར་མེད་ཟུང་དུ་འཇུག་པས་ཡོད་མེད་དུ་མ་གྲུབ་སྟེ། ཐབས་དང་ཤེས་རབ་འབྲེལ་བའི་བདག་ཉིད་ཅན་ནོ། །སློབ་མ་དེས་བླ་མ་ལ་ཡོན་འབུལ་བསྟན་པ་ནི། རབ་འབྲིང་ཐ་མས་མཉེས་བྱེད་པ། །ཞེས་པ་ནི་རབ་ཤེས་རབ་ཀྱིས་མཉེས་པ་སྟེ། བདག་གཞན་འཚང་རྒྱ་བར་བྱེད་པར་ནུས་པས་སོ། །འབྲིང་ལུས་ངག་གི་བྱ་བས་མཉེས་པ་སྟེ། བླ་མ་ལ་རང་གི་ལུས་ངག་ཡིད་གསུམ་ཕུལ་བས་སོ། །ཐ་མ་ཡོ་བྱད་ཟང་ཟིང་གིས་མཉེས་པས་ཏེ། བླ་མའི་དགོས་པ་ཕྲ་མོ་བག་ཙམ་འགྲུབ་པས། རྒྱུད་ལུང་མན་ངག་སྣོད་དུ་རུང་། །ཞེས་པས་སློབ་མ་དེ་ལྟ་བུ་ནི། རྒྱུད་འཇམ་དཔལ་གསང་རྒྱུད་དང་། ལུང་འཇམ་དཔལ་བཀོད་པ་དང་། མན་ངག་ཉི་མ་བཞི་པ་རྣམས་སྦྱིན་པའི་སྣོད་དུ་རུང་ཞེས་པའོ། །སློབ་དཔོན་གྱི་མཚན་ཉིད་བསྟན་པ་ནི། མཁས་གཙང་ཆུ་བོ་རྒྱུན་ཆད་མེད། །ཅེས་པ་སློབ་དཔོན་རྒྱུད་ལུང་མན་ངག་ལ་མཁས་པ། རྩ་བ་དང་ཡན་ལག་གི་དམ་ཚིག་གཙང་བས་སྒྲུབ་པའི་གཞི་འཛིན་ནུས། དབང་གི་ཆུ་བོ་རྒྱུན་མ་ཆད་པས་བྱིན་རླབས་ཀྱི་སྣ་ཀ་མ་ཉམས་པར་མཐར་ཕྱིན་པའོ། །རྣམ་བཞི་བསྡུ་བའི་གདིང་ལྡན་ཞིང་། །ཞེས་པ་གཞི་ལྟ་བ། རྐྱེན་སྒོམ་པ། གྲོགས་སྤྱོད་པ། དངོས་པོ་འབྲས་བུ་སྟེ། གཞི་ལྟ་བ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཡུམ་བེ་ཏ་ལི་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ཡ་མཱནྟ་ཀ །ཉོན་མོངས་པ་ཅན་གྱི་ཡིད་ཨེ་ཀ་ཛཱ་ཏི། སྒོ་ལྔའི་རྣམ་ཤེས་མ་མོ་ཁྲག་མིག་མ། སེམས་ཀྱི་ཆོ་འཕྲུལ་ཡ་མ་རཱ་ཛ་སྟེ། ཀུན་གཞི་ལ་ལས་དཀར་ནག་སོགས་པ་ནི་བེ་ཏ་ལིའི་ལྷ་གར་ཐམས་ཅད་འཆར་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་བྱ་བ་ཐམས་ཅད་བྱེད་པ་ནི་ཡ་མཱནྟ་ཀ་ལྷ་ཀླུ་ཀུན་ལ་མངའ་དབང་རྫོགས་པའོ། །ཉོན་མོངས་པ་ཅན་གྱི་ཡིད་དུག་ལྔའི་ལས་ལ་མཁས་པ་ནི་ཨེ་ཀ་ཛཱ་ཏི་སྦྱོར་སྒྲོལ་གྱི་ལས་ཐམས་ཅད་བྱེད་པའོ། །སེམས་ཀྱི་ཆོ་འཕྲུལ་བྱ་བ་མང་པོ་འགྲུབ་པ་ནི་ཡ་མ་རཱ་ཛས་འཁོར་ཐམས་ཅད་དམ་ལ་འདོགས་པའོ། །སྒོ་ལྔས་ཡུལ་ལྔ་ལ་འཛིན་པ་ནི་ཁྲག་མིག་མས་ཡ་མ་རཱ་ཛའི་ལས་རྣམས་བྱེད་པའོ། །དེས་ན་ཡེ་ཤེས་རྩ་བའི་ལྷ་ལྔ་རང་ལ་ཚང་བ་ནི་ལྟ་བའོ། །རྐྱེན་སྒོམ་པ་ནི། ཐབས་བསྐྱེད་པའི་རིམ་པ་བསྒོམ་པ་ནི། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པར་འདོད་པའོ། །ཤེས་རབ་རྫོགས་པའི་རིམ་པ་བསྒོམ་པ་ནི། སྟོང་པ་ཆེན་པོ་ཆོས་སྐུ་ཟག་བྲལ་གྱི་ངང་དུ་གནས་ཤིང་བགྲོད་པར་བྱེད་པའོ། །གྲོགས་སྤྱོད་པ་ནི། མཉམ་བཞག་གི་སྤྱོད་པ། དབང་ལམ་དུ་སྤྱོད་པ། རྗེས་ཤེས་ཀྱི་སྤྱོད་པ་དམ་ཚིག་གཙང་བ་དང་ཡན་ལག་མ་ཉམས་ཤིང་མཐར་ཕྱིན་པར་སྲུང་བར་བྱེད་པའོ། །དངོས་པོ་འབྲས་བུ་ནི། རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིི་འཁོར་ལོར་རྟོགས་པ་སྟེ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་སོ། །སྐུ་ལོངས་སྐུ་གསུང་སྤྲུལ་སྐུ་ཐུགས་ཆོས་སྐུར་གནས་སོ། །གདིང་ལྡན་པ་ནི། ལྟ་བ་མན་ངག་གི་གདིང་། སྤྱོད་པ་སྒྲོལ་སྦྱོར་གྱི་གདིང་། སྒྲུབ་པ་ཕྲིན་ལས་ཀྱི་གདིང་སྟེ། ལྟ་བ་རྟོགས་པར་བྱེད་པ་ལ་བླ་མའི་མན་ངག་གི་གདིང་གིས་གནད་ལ་འབེབས་དགོས་པ་དང་། གསང་སྔགས་ཀྱི་སྤྱོད་པ་བྱེད་ན་ཐབས་སྙིང་རྗེའི་སྒོ་ནས་ལོག་ལྟ་ཅན་སྒྲོལ་བ་དང་། ཤེས་རབ་སྟོང་པའི་སྒོ་ནས་ཡ་མ་ལ་སྦྱོར་བ་དང་། དེས་འཇིག་རྟེན་ཕོ་མོ་ལམ་ངན་པ་ལས་སྦྱང་ངོ་། །བསྙེན་སྒྲུབ་བཞིའི་སྒྲུབ་པ་བྱེད་ན་དེའི་ཕྲིན་ལས་བྱ་བ་བྱེད་ཤེས་ན་གདེངས་སོ། །དེ་རྣམས་མཁས་པར་ཤེས་པས་ན་ལྡན་ཞིང་ཞེས་བྱའོ། །ལས་བཞིས་འགྲོ་བའི་དོན་ལ་སྤྱོད། །ཅེས་པ་ནི་ཞི་བ་སྒྲིབ་སྦྱོང་གི་ལས་སྔོན་དུ་འགྲོ་བ་ལོ་ཀའི་དུས་སུ་བྱ། རྒྱས་པ་ཚེ་འཕེལ་གྱི་ལས་རང་དངོས་གྲུབ་ལེན་པའི་དུས་སུ་བྱ། དབང་ཀུན་སྡུད་ཀྱི་ལས་བསྒྲུབ་པའི་དུས་སུ་གཤིན་རྗེ་བྲན་དུ་བྱ། དྲག་པོ་མངོན་སྤྱོད་ཀྱི་ལས་འཁོར་ལོ་བསྐོར་དུས་སུ་བྱའོ། །བླ་མ་དེ་དང་སློབ་མ་དེ་ཇི་ལྟར་འབྲེལ་བ་ཡིན་ཞེ་ན། དབང་བསྐུར་ཞུ་ཞིང་དམ་ཚིག་ནོད་པར་སྟོན་པ་ནི། རྡོ་རྗེ་རྒྱལ་པོ་སྟོན་པ་ལ། །ཞེས་པ་དཔེར་ན་རྒྱལ་པོས་ཡུལ་ཁམས་ལ་དབང་བྱེད་པ་ལྟར། བླ་མ་དེས་རྡོ་རྗེ་ཐེག་པ་གསང་སྔགས་དབང་བྱེད་པའོ། །དེ་ཡང་རྒྱུད་ལུང་མན་ངག་གསུམ་ལ་དབང་བྱེད་པའི་སྟོན་པ་དེས། དཀྱིལ་འཁོར་ཕྱི་ནང་གསང་དབང་ནོད། ཅེས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ལ་ཕྱི་བུམ་པའི་དབང་ནོད། དེས་བསྐྱེད་རིམ་བསྒོམ་པར་ནུས་པའོ། །ནང་ལུས་ཀྱི་དཀྱིལ་འཁོར་དུ་ཞུགས་ལ་གསང་བའི་དབང་ནོད། དེས་རྫོགས་རིམ་བསྒོམ་ནུས་པའོ། །ཡང་གསང་བྷ་གའི་དཀྱིལ་འཁོར་དུ་ཞུགས་ལ་བདེ་བ་ཆེན་པོ་བྱང་སེམས་ཀྱི་དབང་ནོད་དོ། །དེས་མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་པའོ། །ཡང་ཕྱི་བུམ་པ་ལུས་ཀྱི་དབང་། ནང་བདུད་རྩི་ངག་གི་དབང་། གསང་བ་བྱང་སེམས་སེམས་ཀྱི་དབང་། དེས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱེད་པའི་དབང་ངོ་། །དེས་དབང་བསྐུར་ནས་དམ་ཚིག་བསྲུང་བ་བསྟན་པ་ནི། རྩ་བ་ཡན་ལག་དང་དུ་བཞེས། །ཞེས་པ་རྩ་བའི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཡིན་ཏེ། རྩ་བའི་དམ་ཚིག་ནི་ཡི་དམ་ལྷ་སྲོག་ལ་ཐུག་ཀྱང་མི་སྤོང་བ་དང་། བླ་མ་ལུས་ངག་ཡིད་གསུམ་གྱིས་སྤྱི་བོར་བཀུར་བ་དང་། མཆེད་དང་ལྕམ་དྲལ་ལ་བརྩེ་གདུང་ཆེ་བར་བྱ་བ་རྣམས་ནི་སྐུའི་དམ་ཚིག་གོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་ཆད་པར་བསྒྲུབ་པ་ནི་གསུང་གི་དམ་ཚིག་གོ། །གསང་བའི་མན་ངག་སྣོད་ངན་པ་ལ་མི་སྦྱིན་པ་ནི་ཐུགས་ཀྱི་དམ་ཚིག་གོ། །རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། །ཡན་ལག་གི་དམ་ཚིག་ནི། སྤྱད་པར་བྱ་བ་དང་། དང་དུ་བླང་བ་དང་། ཤེས་པར་བྱ་བ་དང་། མི་སྤང་བ་དང་། བསྒྲུབ་པར་བྱ་བའོ། །སྤྱད་པར་བྱ་བ་ལྔ་ནི། ཞིང་བཅུ་ཐུགས་རྗེས་བསྒྲལ་བ་དང་། ཡུམ་མཚན་ལྡན་ལ་སྦྱོར་བ་དང་། དམ་རྫས་མ་བྱིན་པར་བླང་བ་དང་། ལྟ་ངན་ལ་རྫུན་དུ་སྨྲ་བ་དང་། སྣོད་ངན་ལ་ཚིག་རྩུབ་མོས་སྣོད་བཅོས་པའོ། །དང་དུ་བླང་བ་ལ་ལྔ་ནི། དྲི་ཆེན། བྱང་སེམས། ཤ་ཆེན། པདྨ་རཀྟ། དྲི་ཆུ་ལྔ་ལུས་ཁམས་བདུད་རྩི་ཆེན་པོ་ཡིན་པས་དང་དུ་བླང་བར་བྱ་བའོ། །མི་སྤང་བ་ལྔ་ནི། དུག་ལྔ་ཡེ་ཤེས་ལྔར་ཤེས་ནས་མི་སྤོང་སྟེ་གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པས་མི་སྤང་ངོ་། །ཤེས་པར་བྱ་བ་ནི། རང་གི་ཕུང་པོ་ལྔ་རིགས་ལྔར་ཤེས་པར་བྱའོ། །བསྒྲུབ་པར་བྱ་བ་ནི་རིགས་ལྔར་བསྒྲུབ་པའོ། །འདིར་སྐུའི་རིགས་ཏེ་རྣམ་པར་སྣང་མཛད་ལས་འཇམ་དཔལ། དེ་ཁྲོས་པ་གཤིན་རྗེའི་གཤེད། དེའི་ཕྱིར་འཇམ་དཔལ་སྐུའི་སྒྲུབ་པའོ། །བཀའ་མཆོག་ཚུལ་བཞིན་ལུས་ངག་བསྒྲུབ། །ཅེས་པ་སློབ་དཔོན་གྱི་བཀའ་མཆོག་ཏུ་གྱུར་པས་ན་སློབ་མས་ཚུལ་བཞིན་ལུས་གུས་པ་དང་བཅས། ངག་འཇམ་ཞིང་དེས་པ་དང་ལྡན། སེམས་དང་བས་འདུད་པའི་སྒོ་ནས་བླ་མའི་ལུས་ངག་ཡིད་ཀྱི་དགོས་པ་ཐམས་ཅད་བསྒྲུབ་པའོ། །ཞུས་པའི་དོན་བསྒྲུབ་པ་ལ་གཉིས་ཏེ། རྩ་བའི་བསྒྲུབ་པ་དང་། ཡན་ལག་ཏུ་ལས་ཁ་ཚར་དང་བཅས་པ་བསྟན་པའོ། །རྩ་བའི་བསྒྲུབ་པ་ལ་བཞི་སྟེ། བྲིས་སྐུ་ལ་བརྟེན་ནས་ཞིང་ཁམས་སུ་བསྙེན་པ་དང་། རྡུལ་ཚོན་ལ་བརྟེན་ཏེ་དཀྱིལ་འཁོར་དུ་ཉེ་བར་བསྙེན་པ་དང་། མ་ཏྲཾ་ལ་བརྟེན་ནས་དྲག་པོར་བསྒྲུབ་པ་དང་། ཉི་མ་བཞི་པ་ལ་བརྟེན་ནས་འཁོར་ལོ་བསྐོར་བ་སྒྲུབ་པ་ཆེན་པོའོ། །དང་པོ་ལ་གསུམ་སྟེ། ཐང་སྐུ་བྲི་བ་དང་། བསྐྱེད་རིམ་དང་། རྫོགས་རིམ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རྟེན་བཞེངས་པ་དང་། རབ་ཏུ་གནས་པའོ། །རྟེན་བཞེངས་པའི་ཐང་སྐུ་བྲི་བའི་རས་བསྟན་པ་ནི། ཤེས་རབ་གསུམ་ལ་སྤྲོས་པ་བཅད། །ཅེས་པ་ཉན་པ་རྒྱུའི་ཤེས་རབ་རྣ་བའི་དབང་པོས་ཐོས་པར་བྱས། བསམ་པ་རྟེན་གྱི་ཤེས་རབ་ཡིད་ཀྱི་དབང་པོས་གོ་བར་བསམ། སྒོམ་པ་མངོན་གྱུར་གྱི་ཤེས་རབ་བླ་མེད་ཀྱིས་ནོར་འཁྲུལ་བསལ་ཏེ། སྐྱོན་མེད་མ་ནོར་བར་བྱས་ནས་བསྒྲུབ་པའོ། །རྟེན་གྱི་གང་ཟག་དེས། དང་པོར་ཐང་སྐུ་བྲི་བ་ནི། དར་རས་ཤིང་ཤུན་གཙང་མ་སྟེ། །ཁ་ཚར་མ་ཉམས་གཞི་མ་ལ། །ཞེས་པ། རབ་དར། འབྲིང་རས། ཐ་མ་ཤིང་ཤུན་གཙང་མ་ནི་བྲིས་སྐུ་བྲི་བའིི་གཞི་མ་སྟེ། དེ་ཡང་བུ་མོ་གཙང་མ་བེ་ཏ་ལིར་བསྒོམས་པས་རས་འཁལ་བ་དང་། ཐག་འཐག་པ་བྱས་ལ། རས་མིས་མ་སྤྱད་པ་ནི་ཁ་ཚར་མ་ཉམས་པའོ། །དེ་དུར་ཁྲོད་དུ་ཁྱེར་ལ་རོ་ལ་གཡོ གས་ནས་བྱ་བའོ། །ཡང་ན་གཙང་མ་ཞེས་བྱ་བ་རང་དུ་ཡང་བཞེད་པའོ། །དེ་ཡང་བྲིས་སྐུ་རས་གཙང་མ་ལ་འཁོར་ལོ་རས་ལ་བྱ་གསུངས་སོ། །ལྷ་བཟོ་བ་བསྟན་པ་ནི། དམ་ཚིག་དབང་རྫོགས་བི་ཤྭ་ཀས། །ཞེས་པ་དམ་ཚིག་ཡོད་པ་བི་ཤྭ་ཀརྨ་ལྟ་བུ་མཁས་པས་བྲིས་ཏེ། བི་ཤྭ་ཀརྨ་ནི་ལས་སྣ་ཚོགས་པ་དེ་ལ་མཁས་པས་མཚན་དེར་བཏགས་པ་ལྷའི་བཟོ་བོའོ། །དེས་ཐོད་པ་ལྔར་ཚོན་སྣ་ལྔ་བླུགས་ལ། ཨཱོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་རིགས་ལྔ་བསམ་ལ། པིར་ཡབ་ཀྱི་རྡོ་རྗེ་རྩེ་ལྔར་བསྒོམ། རྐོང་བུ་ཡུམ་གྱི་བྷ་གར་བསམ། ཚོན་རྩི་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་བའི་བྱང་སེམས་ལས། སྲས་གཤིན་རྗེ་ལྔར་བསམ། བྲི་ཐབས་བསྟན་པ་ནི། མཉེན་ཞིང་གཏུམ་ལ་གར་དགུའི་ཉམས། །ཞེེས་པ་མཉེན་པ་ཕྱག་སོར་རྣམས་སོ། །གཏུམ་པ་ལུས་ཀྱི་ཆ་ལུགས་རྣམས་སོ། །གར་དགུའི་ཉམས་ནི། ཉམས་ནང་དུ་སེམས་ལ་ཤར་བས། གར་ལུས་ཕྱིར་ཤར་བ་དགུ་ནི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་སྐུའི་གར། རྒོད་པ་གཤེ་བ་རྔམ་པ་གསུང་གི་གར། སྙིང་རྗེ་ངོ་མཚར་ཞི་བ་ཐུགས་ཀྱི་གར་རོ། །དེ་ཡང་སྒེག་པས་འགྲོ་བ་ཤེས་རབ་བསྐྱེད་པར་མཛད་པའོ། །དཔའ་བ་ནི་མཛད་སྤྱོད་ལ་ཉམ་ང་མེད་པའོ། །འཇིགས་སུ་རུང་བ་གདུག་པ་ཟིལ་གྱིས་གནོན་པའོ། །རྒོད་པས་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་སྒྲོགས་པའོ། །གཤེ་བ་ལྟ་བ་ངན་པའི་མཐའ་རྣམས་འགེགས་པར་བྱེད་པའོ། །རྔམ་པ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཕྱི་བཤོལ་མི་མཛད་པའོ། །སྙིང་རྗེ་བས་གདུལ་བྱ་ཡུལ་དུ་གཟིགས་པའོ། །ངོ་མཚར་བས་ཉོན་མོངས་པ་སྒྲུབ་པའི་རྒྱུར་མཛད་དོ། །ཞི་བས་ཐུགས་ཡང་དག་པའི་དབྱིབས་ནས་མི་གཡོ་བའོ། །བརྗིད་ལྡན་གེལ་ཆེན་ནག་པོའི་གཟུགས། །ཞེས་པ་སྐུ་རྔམ་བརྗིད་དང་ལྡན་པ་སྐུ་ལུས་ཤ་རྒྱས་པ་མདོག་ནག་པོ་དེ་ལྟ་བུའི་གཟུགས་ནི་ཁྲོ་བོ་ཤ་ཆེན་མཚོན་པའོ། །ལྷའི་གྲངས་བསྟན་པ་ནི། པཉྩ་བརྗིད་ལྡན་བྱ་བ་ཡང་། །ཞེས་པ་གཙོ་འཁོར་ལྔ་བྲིས་སྟེ། དབུས་སུ་ཡ་མཱནྟ་ཀ །གཡོན་དུ་བེ་ཏ་ལི། གཡས་སུ་ཨེ་ཀ་ཛཱ་ཏི། སྲས་ཡ་མ་རཱ་ཛ། དེའི་ཡུམ་ཁྲག་མིག་མ། ལྷ་ལྔ་བསྒོམ་ཐབས་ལྟར་བྲིས་པའོ། །རྟེན་གྱི་དབྱེ་བ་བསྟན་པ་ནི། སྐུ་གསུང་ཐུགས་ལས་མཆོག་ཏུ་སྐུ། །རྒྱུ་ལས་བྱུང་བ་མཁས་པས་སྤྱད། །ཅེས་པ་སྐུ་རྟེན་ལུགས་མ། རས་བྲིས། ལྡེར་བཟོ་ལ་སོགས་སྐུ་གཟུགས་དང་། གསུང་གི་རྟེན་ནི་གླེགས་བམ་དང་། ཐུགས་ཀྱི་རྟེན་ཕྱག་མཚན་དང་གསུམ་ལས། འདིར་འཇམ་དཔལ་སྐུའི་སྒྲུབ་པ་ཡིིན་པས་ན། མཆོག་ཏུ་སྐུ་གཟུགས་བཞེངས་པའོ། །རྒྱུ་ལུགས་མ་བྱེད་ན་གསེར་དངུལ་ཟངས་ལ་བྱ། ལྡེར་བཟོ་བྱེད་ན་སའམ་རྒྱུ་སྤུན་ལ། རྐོས་མ་བྱེད་ན་བ་སོའམ་ཤིང་སླག་ལ་སོགས་རྣམས་ལ་བྱ། བྲིས་སྐུ་བྱེད་ན་དར་རས་ཤིང་ཤུན་ལ་སོགས་པ་བྱས་ལ། བཟོ་བོ་མཁས་པས་ལེགས་པར་བྲིས། བླ་མ་མཁས་པས་གཞུང་དང་དཔྱད་ལ་མ་ནོར་བར་ལེགས་པར་བྲི་བར་བྱའོ། །རབ་ཏུ་གནས་པ་བསྟན་པ་ནི། དབྱེ་བ་བསྐྱེད་དྲངས་བསྟིམ་མཆོད་པ། །ཆོ་ག་ཚུལ་བཞིན་རབ་ཏུ་གནས། །ཞེས་བྱ་བ་ནི། སྤྱན་དབྱེ་བ་དང་། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་སྤྱན་དྲངས་ལ་བསྟིམ་པ་དང་། མཆོད་པ་བྱ་བ་དང་། དེ་དག་རབ་གནས་ཀྱི་ཆོ་ག་ལ་ཚུལ་བཞིན་མཁས་པས་བྱའོ། །དེའི་མན་ངག་ལག་ལེན་གྱི་རིམ་པ་ནི་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཆོ་གའི་རིམ་པའོ། །ངོ་བོ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོ། །ངེས་ཚིག་ནི་མཆོག་ཏུ་གྱུར་པས་ན་རབ་གནས་ཏེ། ཡེ་ཤེས་སེམས་དཔར་བསྒྲུབ་པས་སོ། །ཡུན་རིང་བས་རབ་གནས་ཏེ། འཁོར་བ་ཇི་སྲིད་བཞུགས་པའོ། །དབྱེ་བ་ནི་གཉིས་ཏེ། གཞི་རྣམ་པར་དབྱེ་བ་དང་། སྒྲུབ་ཐབས་ཀྱི་རྣམ་པར་དབྱེ་བའོ། །གཞི་རྣམ་པར་དབྱེ་བ་ནི། ཐང་སྐུ་ནི་སྐུའི་བདག་ཉིད་དོ། །ཕྲེང་བ་ནི་གསུང་ངོ་། །བེ་ཅོན་ནི་ཐུགས་ཀྱི་བདག་ཉིད་དོ། །སྒྲུབ་ཐབས་ཀྱི་དབྱེ་བ་ནི། ཐང་སྐུ་ཨཱོོྂཾ་ལས་སྐུར་བྱས། ཕྲེང་བ་ཨཱཿལས་གསུང་དུ་བྱ། བེ་ཅོན་ཧཱུྃ་ལས་ཐུགས་སུ་བྱའོ། །ཆོ་ག་ལ་གསུམ་སྟེ། སློབ་དཔོན་ཇི་ལྟ་བུ་དང་། སློབ་མ་ཇི་ལྟ་བུ། ཆོ་ག་དངོས་སོ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་མཁས་ཀྱི་རྒྱུད་ལུང་མན་ངག་ལ་མཁས་པའོ། །སློབ་མ་འཇམ་དཔལ་བསྒྲུབ་ཅིང་བསྙེན་པ་བྱེད་པའོ། །ཆོ་ག་དངོས་ལ་གསུམ་སྟེ། སྔོན་དུ་བསྙེན་པ་བྱ། བར་དུ་སྟ་གོན་བྱ། མཐའ་མར་རབ་ཏུ་གནས་པའོ། །དང་པོ་བསྙེན་པ་ནི། དུས་ནི་དགུན་ཟླ་གསུམ་སྐར་མ་རྒྱལ་ལ་བྱ། གནས་ཡིད་དུ་འོང་བའི་གཙུག་ལག་ཁང་དུ་བྱ། རྫས་ནི་མཎྜལ་སྟེང་དུ་མཆོད་གཏོར་བཤམ། བསྙེན་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ལ། མཆོད་བསྟོད་བྱས་ནས་ཨ་ཀྲོ་ཟླ་བ་གསུམ་བཟླས། ཞབས་སུ་རྟེན་འབྲེལ་སྙིང་པོའི་སྔགས་སོ། །ལྷག་པར་གནས་པ་ནི། རབ་གནས་ཀྱི་དབང་དུ་གཤིན་རྗེའི་དཀྱིལ་འཁོར་བཞེངས་ལ། དེའི་ལྷོར་ཁྲུས་ཀྱི་སྟེགས་བུ་བྱ། དེར་ཐང་སྐུ་དགྲམ། མདུན་དུ་མཆོད་པ་བཤམ། དཀྱིལ་འཁོར་དབུས་སུ་བུམ་པ། མཐའ་མར་རབ་གནས་ཀྱི་རྫས་དགྲམ་མོ། །དེ་ནས་མཚམས་བཅད། ཤིས་པའི་ཆོ་ག་ཡུངས་ཀར་ལ་ཧཱུྃ་བཟླས། ཆུ་ལ་ཨཱོྂ་བཟླས་ལ། མེ་ལ་དོར་རོ། །དེ་ནས་བདུད་རྩི་རྣམ་ལྔས་བཀྲུས་ཏེ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་ཨ་བྷོ་ཤོ་དྷ་ནི་སྭཱ་ཧཱ། ཞེས་དུརྦའི་པིར་གྱིས་བཀྲུའོ། །དེ་ལས་ཏིལ་མར་དྲི་ཞིམ་པོ་བགོས་ནས་དུརྦའི་པིར་གྱིས་བྱུག་གོ། །ཨཱོྂ་ཧཱུྃ་ཏྲཱྂ་ཧྲཱིཿཁཾ་ཞེས་བརྗོད། དེ་ནས་ཏིལ་མར་བསལ་བའི་ཕྱིར་ཤིང་ཤུན་དྲི་ཞིམ་པོ་དང་སྦྱར་བའི་ཆུས་བཀྲུས་བར་བྱའོ། །དེ་ནས་དཀར་གསུམ་མངར་གསུམ་གྱི་ཆུས་བཀྲུའོ། །དེ་ནས་སུག་ཆུས་བཀྲུའོ། །དེ་ནས་རས་དམར་པོས་སྐུ་ལ་ཆགས་པའི་ཆུ་ཕྱིའོ། །ཁྲུས་དེ་དག་ནི། ཐང་སྐུ་ལ་མེ་ལོང་ངོས་ལ་བྱ། ཕྲེང་བ་དང་བེ་ཅོན་ལ་དངོས་སུ་བྱའོ། །དེ་ནས་ཙནྡན་དང་གུར་གུམ་གྱི་དྲིས་བྱུག །སྤོས་དང་མར་མེ་མེ་ཏོག་འབུལ་ལོ། །དེ་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ། གཡས་པས་སྤོས་ཐོགས་གཡོན་པས་དྲིལ་བུ་གསིལ་ཞིང་སྙན་གསན་དབབ་བོ། །བཅོམ་ལྡན་རྡོ་རྗེ་གཤིན་རྗེའི་གཤེད། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱོད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཡིན། །རབ་གནས་གནང་བར་བགྱིད་པར་འཚལ། །གུས་པས་བདག་དང་འདི་ལ་ནི། །བཀའ་དྲིན་དག་ནི་མཛད་པར་རིགས། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །རྡོ་རྗེ་ཡི་ནི་སྤྱན་ལྡན་རྣམས། །རྡོ་རྗེ་འཆང་ཆེན་གཤིན་རྗེའི་གཤེད། །རིག་པའི་རྒྱལ་པོ་འདི་ཡིས་ནི། །རབ་གནས་བདག་གིས་བགྱིད་པར་འཚལ། །དེ་བས་བདག་དང་སློབ་མ་ལ། །ཐུགས་རྗེ་ལྡན་པ་བྱིན་རླབས་མཛོད། །ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་ལན་གསུམ་བརྗོད་པས། འཇམ་དཔལ་གྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁའ་ལ་བདག་ལ་དགོངས་པ་ལྟར་བསམ་མོ། །དེ་ནས་ཐང་སྐུ་ལྷར་བསྐྱེད། ཕྲེང་བ་གསུང་སྔགས་སུ་བསམ། བེ་ཅོན་ཕྱག་མཚན་ཡེ་ཤེས་སུ་བསྐྱེད་ལ། སྙིང་གའི་འོད་ཀྱིས་མདུན་ན་གནས་པ་སྤྱན་དྲངས་ནས་བསྟིམས་ལ་མཆོད་དེ། ཨཱོྂ་ཨརྒྷཾ་པྲ་ཏཱིཙྪ་ཞེས་པས་ཡོན་ཆབ་དབུལ་ལོ། །ཨཱོྂ་སརྦ་སཾ་ཤྭོ་དྷ་ཧཱུྃ་ཞེས་པས་ཞབས་བསིལ་འབུལ་ལོ། །དེ་ནས་མཆོད་པ་དང་བཟླས་པ་ཅི་ནུས་བྱའོ། །དེ་ནས་གཤེགས་སུ་གསོལ་ཏེ་ལྷག་པར་གནས་པའི་སྟ་གོན་ནོ། །རབ་ཏུ་གནས་པ་དངོས་ནི། དེ་ནས་ནང་པར་མཚམས་བཅད། མཆོད་པ་བྱིན་གྱིས་བརླབ། རབ་གནས་ཐང་སྐུ་ལྷར་བསྐྱེད་ལ། ཕྲེང་བ་སྔགས་སུ་བསྐྱེད། བེ་ཅོན་ཕྱག་མཚན་དུ་བསྐྱེད་དེ་སྤྱན་དྲངས་ལ་བསྟིམ། གསེར་གི་ཐུར་མ་བདུད་རྩི་བྱུག་པས་སྤྱན་དབྱེ། ཨཱོྂ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ན་སྭཱ་ཧཱ། དེ་ནས་བུམ་པའི་དབང་བསྐུར་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །དེ་བཞིན་རིགས་ལྔ་ལྷ་ཡི་ཆུས། །རིག་པའི་དབང་ལྔ་བསྐུར་བར་བྱ། །ཨཱོྂ་ཨཱཿཧཱུྃ་སྭཱཧཱ། དེ་ནས་མཆོད་པ་ལྔ་འབུལ། གཏུམ་ཆེན་གྱིས་བསྟོད་པ་བྱ་ཞིང་བརྟན་པར་བཞུགས་སུ་གསོལ། ཞལ་བསྲོ་བའི་ཚགས་མཆོད་བྱ། བཀྲ་ཤིས་བརྗོད་དོ། །བསྐྱེད་རིམ་ལ་གཉིས་ཏེ། དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྙེན་པ་དབུལ་བའོ། །དམ་ཚིག་པ་བསྐྱེད་པ་ལ་གཉིས་ཏེ། གཙོ་བོ་ཡབ་ཡུམ་དང་། སྲས་ཡབ་ཡུམ་མོ། །དང་པོ་བསྟན་པ་ནི། ཚད་མེད་ཚངས་པའི་གནས་བསྟེན་ནས། །ཞེས་པ་ཐེག་པ་ཆུང་ངུ་ལྟར་བསྒོམ་པ་བསྟན་པ་ནི། རྒྱུ་མཚན་ཉིད་ལ་ཡང་ཐེག་པ་ཆེ་ཆུང་ཡོད་དོ། །ཉན་ཐོས་དང་རང་རྒྱལ་ནི་ཐེག་པ་ཆུང་ལ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེ་ཡང་གསང་སྔགས་ནང་པ་ལ་ལྟོས་ན་ཐེག་པ་ཆུང་བའོ། །ཐེག་པ་ཆུང་ངུས་འཁོར་བའི་སེམས་ཅན་ལ་བལྟས་པས། སྡུག་བསྔལ་གྱི་འདམ་རྫབ་ཏུ་ཚུད་པ་མཐོང་བའམ། མྱ་ངན་འདས་པ་ལ་བལྟས་པས་བདེ་བའི་སྐམ་སར་གནས་པར་མཐོང་ནས། དེ་དག་གི་དོན་བྱ་བའི་ཕྱིར་ཚད་མེད་པ་བཞི་བསྒོམ་པ་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་བསམ་པ་ནི་བྱམས་པའོ། །དེ་རྣམས་འཁོར་བ་སྡུག་བསྔལ་ལས་གྲོལ་བར་འདོད་པའི་བརྩེ་བ་དང་ལྡན་པ་ནི་སྙིང་རྗེའོ། །མྱ་ངན་ལས་འདས་པའི་བདེ་བ་དང་འཕྲད་པར་འདོད་པ་ནི་དགའ་བའོ། །དགྲ་ཟུན་མེད་པར་བསྒོམ་པ་བཏང་སྙོམས་སོ། །ཚངས་པའི་གནས་བཞིན་ཐུགས་རྗེ་དེ་ལྟར་ཡོད་པས་ན་ཚངས་པའི་གནས་དེ་ལ་རྣལ་འབྱོར་པས་བློ་བརྟན་ཅེས་པ་ནི་སྔོན་དུ་འགྲོ་བའི་དུས་ན་དེ་ལྟར་བསྒོམས་ནས་སུ། ཐེག་མཆོག་མ་ཧཱའི་འབྱུང་ཚུལ་གྱིས། །ཞེས་པ་ཐེག་པ་ཆེན་པོ་ལྟར་བསྒོམ་པ་བསྟན་ཏེ། ཀུན་ཤོང་བས་ན་ཐེག་པ། ལྟ་བ་ཡངས་པས་ན་ཆེན་པོ། དེས་སེམས་ཅན་ཐུགས་རྗེ་བྱུང་ཚུལ་ལྟར་བསྒོམ་པ་ནི། དེ་བཞིིན་ཉིད་ཆོས་ཀྱི་སྐུ་ལས་ཀུན་ཏུ་སྣང་ལོངས་སྤྱོད་རྫོགས་པའི་སྐུར་ཤར་བ་དང་། དེ་ལས་རྒྱུའི་ཏིང་ངེ་འཛིན་སྤྲུལ་པའི་སྐུར་བྱུང་ནས་སེམས་ཅན་གྱི་དོན་མཛད་པའོ། །དེའི་ཕྱིར་སྐུ་གསུང་ཐུགས་རྗེའི་བྱུང་ཚུལ་བསྒོམ། །ཞེས་པའོ། །གནས་བསྟན་པ་ནི། དུར་ཁྲོད་ཆེན་པོའི་ཕོ་བྲང་དུ། །ཞེས་པ་དེ་བཞིིན་ཉིད་སྟོང་པ་ལ། ཀུན་ཏུ་སྣང་སྙིང་རྗེ་འབྱུང་། དེ་ལས་རྒྱུ་ཧཱུྃ་དུ་ཤར་ནས། ཨེ་ལས་ནམ་མཁའ་ཡཾ་ལས་རླུང་། ར་ལས་ཁྲག་མཚོ། སུྂ་ལས་ས་གཞི། ཀེཾ་ལས་རི་རབ། བྷྲཱུྂ་ལས་གཞལ་ཡས་ཁང་དུར་ཁྲོད་ཀྱི་ཁང་པ་གྲུ་བཞི་པའི་ནང་ན། གདན་གཤིན་རྗེ་ཡ་བ་ཏི་ཡབ་ཡུམ་བསྣོལ་བའི་སྟེང་ན་མ་ཧེ། དེའི་སྟེང་ན་པདྨ་དང་ཉི་ཟླའོ། །བསྐྱེད་ཐབས་བསྟན་པ་ནི། རྣམ་གསུམ་ཆོ་གའི་འཕྲོ་འདུ་ལས། །ཞེས་པ་གསུང་ཡིག་འབྲུའི་ཆོ་ག་ཧཱུྃ་གདན་སྟེང་དུ་བབ་པ་ནི། རང་རིག་པ་བདེ་བའི་སྒོ་ནས་བསྐྱེད་པ་དེ་བར་དོའི་རིག་པ་ལྟ་བུའོ། །ཐུགས་ཕྱག་མཚན་གྱི་ཆོ་ག་རྡོ་རྗེ་ནི། ཆ་ཤས་དང་། དུམ་བུ་ལས་བསྐྱེད་པ་སྟེ། ཕ་མའི་ཁུ་ཁྲག་ལས་མངལ་དུ་སེམས་ཞུགས་པ་ལྟ་བུའོ། །རྡོ་རྗེ་ལ་སྤྲོ་བསྡུ་དོན་གཉིས་བྱས་ནས་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ནི། འབྱུང་བ་ཆེན་པོ་ལྔ་ལས་རང་ལུས་གྲུབ་པ་ལྟ་བུའོ། །དེ་གང་ཞེ་ན། དུག་སྡོང་ཧ་ལ་ནག་པོའི་མདོག །ཅེས་པ་དཔེ་བཙན་དུག་ནག་པོ་དང་འདྲ་སྟེ་རེག་པས་འཆི་བ་ལྟར། དོན་མདོག་ནག་པོ་དྲག་པོས་ཀུན་འཇོམས་པའོ། །གསུམ་དྲུག་དྲུག་ལྡན་རབ་འབར་མཛེས། །ཞེས་པ་ཞལ་གསུམ་སྟེ། སྐུ་གསུམ་ཡང་ཆོས་ཀྱི་སྐུ་རུ་གཅིག་པས་ན་ཞལ་མཐིང་ནག་གོ། །ཕྱག་དྲུག་སྐུ་གསུམ་ལས་ཡེ་ཤེས་ཆེན་པོ་དྲུག་ཤར་བའོ། །ཆོས་སྐུ་ལས་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཤར། ལོངས་སྐུ་ལས་མཉམ་པ་ཉིད་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཤར་རོ། །སྤྲུལ་སྐུ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཤར་རོ། །རྟགས་ཕྱག་མཚན་དྲུག་དང་ལྡན། ཞབས་དྲུག་ནི་ཚད་མེད་པ་བཞི་ཐབས་ཤེས་རབ་གཉིས་དང་དྲུག་ཏུ་ལྡན་ནོ། །རབ་འབར་ནི། ཕྱག་ཞབས་དོན་རྟགས་ཀྱི་རྒྱན་དང་ལྡན་པས་འབར་རོ། །ཕྱག་མཚན་དྲུག་དང་། དགུ་གསུམ་གདངས་ནས་བགྲད་གཙིགས་ཏེ། །ཞེས་པ་སྤྱན་དགུ་ཡེ་ཤེས་ཆེན་པོ་དགུས་ཁམས་གསུམ་ས་དགུའི་སེམས་ཅན་ལ་གཟིགས་པའོ། །ཞལ་གསུམ་དུག་གསུམ་ཟད་པར་མཛད་པའོ། །ཤངས་ནས་སྤྲུལ་པ་འགྱེད་པ་དང་། མཆེ་བ་གཙིགས་པས་སྐྱེ་འགྲོ་རྩད་ནས་གཅོད་པའོ། །དབྱུག་པ་དགྲ་སྟྭ་གཅོད་བྱེད་གཡས། །ཞེས་པ་ཕྱག་དང་པོས་དུག་གསུམ་འཇོམས་པའི་ཞིང་གི་དབྱུག་ཏོ་བསྣམས་པ། གཡས་བར་མས་འཁོར་བ་དབྱིངས་སུ་དག་པར་གཅོད་པའི་དགྲ་སྟ་སྔོན་པོ་བསྣམས་པ། གཡས་ཐ་མས་ཉོན་མོངས་པ་ཡེ་ཤེས་སུ་འཇོམས་པའི་རལ་གྲི་བསྣམས་པ། གཡོན་དང་པོས་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་སྡིགས་མཛུབ་ཞགས་པ་ཅན་རྩེ་ལ་མེ་འབར་བ། གཡོན་བར་མས་ཉོན་མོངས་པ་འབིགས་པའི་མདུང་ཐུང་། ཐ་མས་འཁོར་བ་ཐམས་ཅད་ཆོས་ཀྱི་སྐུའི་ངང་དུ་ཟད་པར་བྱེད་པའི་ཐོད་རློན་དམར་གྱིས་བཀང་བ་བསྣམས་པའོ། །དེའི་ཕྱིར་ན། མཛུབ་ཞགས་མདུང་དང་ཐོད་པ་གཡོན། །ཞེས་སོ། །རྒྱན་བསྟན་པ་ནི། དུར་ཁྲོད་ཆས་དགུས་རབ་མཛེས་ཤིང་། །ཞེས་པ་གྱོན་པའི་གོས་གསུམ་ནི། གླང་ཆེན་ཀོ་རློན་གཏི་མུག་མ་སྤངས་གནས་སུ་དག་པའོ། །ཞིང་ལྤགས་གཡང་གཞི་འདོད་ཆགས་མ་སྤངས་གནས་སུ་དག་པའོ། །སྟག་ལྤགས་ཤམ་བུ་ཞེ་སྡང་མ་སྤངས་གནས་སུ་དག་པས་དུག་གསུམ་འཇོམས་པའོ། །གདགས་པའི་རྒྱན་གསུམ་ནི། སྐུ་གསུམ་མཚོན་པའི་ཐོད་པ། དུག་ལྔ་མཚོན་པའིི་ཀླུ་རིགས་ལྔ། ཐབས་ཤེས་རབ་ཟུང་འབྲེལ་མཚོན་པ་ཉི་ཟླ་དང་བ་སུ་ཏའོ། །གདབ་པའི་ཚོམ་བུ་གསུམ་ནི། འདུལ་བྱེད་ཕྲིན་ལས་ཀྱི་རྒྱན་ཐལ་ཆེན་ཚོམ་བུ། ཐུགས་རྗེ་ཆགས་པའི་རྟགས་རཀྟའི་ཐིག་ལེ། དོན་དམ་བཅུད་ཀྱི་རྒྱན་ཞག་གི་ཟོ་རིས། གདན་བསྟན་པ་ནི། ཡ་མ་བྱི་ཆིངས་མ་ཧེ་བརྫིས། །ཞེས་པ་གདན་གཤིིན་རྗེ་ཡ་བ་ཏི་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་རང་གནད་ཀྱི་གདན་ནོ། །མ་ཧེ་དང་གླང་རྒོད་ཀྱིས་བརྫིས་པ་ནི། ལས་ཀྱི་གཤིིན་རྗེ་རང་གི་ཞོན་པས་སྨ་ཕབ་པའོ། །ས་གསུམ་གདན་ལ་འགྱིང་ཐབས་དྲུག །ཅེས་པ་པདྨ་ཀུན་ཏུ་འོད་ཀྱི་ས། ཟླ་བ་མ་ཆགས་པདྨ་ཅན་གྱི་ས། ཉི་མ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །ཞབས་འགྱིང་ཐབས་དྲུག་གོ། །མེ་དཔུང་འཁྲུག་པའི་དབུས་ཕྱོགས་ན། །ཞེས་པ་ནི་བསྐལ་པ་འཇིག་པའི་དུས་ཀྱི་མེ་དཔུང་ལྟ་བུའི་ཀློང་ན། གྲུ་གསུམ་མཐིང་ནག་འབར་བའི་དབུས་ནའོ། །ཡུམ་བསྟན་པ་ནི། སྔོ་སྐྱ་གྲི་གུག་ཐོད་པ་ཅན། །མཛེས་ལྡན་ཆགས་མ་དབྱིངས་ལ་སྦྱོར། །ཞེས་པ་སྦྱོར་བའི་ཡུམ་བེ་ཏ་ལི། སྐུ་མདོག་སྔོ་སྐྱ། ཕྱག་གཡས་གྲི་གུག་གཡོན་ཐོད་པ། སྐུ་ཤིན་ཏུ་མཛེས་པ། རྒྱན་ཆ་ལུགས་དང་ལྡན་པ། བརྟགས་པས་དོན་བདེ་སྟོང་བསྐྱེད་པ། ཡབ་ཡེ་ཤེས་ཆེན་པོ་ཡུམ་ཆོས་ཀྱི་དབྱིངས་ལ་སྦྱོར་བའོ། །སྒྲོལ་ཡུམ་ཨེ་ཀ་ཛཱ་ཏི་བསྐྱེད་པ་ནི། མཐིང་ག་ཙིཏྟ་ཤྭ་ན་འགྱེད། །སྒྲོལ་བྱེད་ཆེན་མོ་གཡས་སུ་བྱོན། །ཞེས་པ་ཨེ་ཀ་ཛཱ་ཏི་སྐུ་མདོག་མཐིང་ག་གཡས་ན་ཙིཏྟ་གཡོན་ལྕགས་ཀྱི་སྤྱང་མོ་འགྱེད་པ། ཞིང་བཅུ་འཁོར་བ་ནས་སྒྲོལ་བར་བྱེད་པ། ཡབ་ཀྱི་གཡས་སུ་བསྐྱེད་པའོ། །ཡུམ་གཉིས་ཡོང་བ་ནི། དཔེར་ན་འཇིག་རྟེན་པའི་ཁྱོ་གཅིག་ལ་ཆེན་ཆུན་གཉིས་ཡོད་པ་ལྟར། ཆེན་མ་བེ་ཏ་ལི་སྐུ་ལ་འཁྲིལ་ནས། ཆུན་མ་ཨེ་ཀ་ཛཱ་ཏི་གསོད་པའི་ལས་བྱེད་པའོ། །སྲས་ཡབ་ཡུམ་བསྐྱེད་པ་ཡང་། ཐབས་དང་ཤེས་རབ་འདྲ་བ་ལས། །བསྐྱོད་བསྐུལ་བསྲུབ་པའི་སྦྱོར་བ་ལས། །ཞེས་པས་མཁའ་གསང་བྱིན་གྱིས་བརླབ་པར་བསྟན་པ་ནི། ཡབ་སྙིང་རྗེ་ཐབས་ཀྱི་སྐུ། ཡུམ་ཤེས་རབ་སྟོང་པའི་སྐུ་གཉིས། ཡབ་ཀྱི་རྡོ་རྗེ་དགོས་འདོད་འབྱུང་བ་དང་། ཡུམ་གྱི་མཁའ་པདྨ་སྐྱོན་གྱིས་མ་གོས་པ་གཉིས། རྡོ་རྗེ་པདྨ་དྲྭ་བ་ལྟར་འབྲེལ་བ་ནི། ཡབ་ཀྱི་རྡོ་རྗེ་མ་ཆགས་པའི་ཐབས་ཀྱིས་ཡུམ་གྱི་བྷ་གར་བསྐྱོད། ཡུམ་གྱི་པདྨས་མི་ལེན། རོལ་པའི་ཚུལ་དུ་བསྐུལ་ནས། མ་ཆགས་ཐབས་ཀྱིས་རོལ་པས་གཉིས་མེད་དུ་བསྲུབས་པའི་སྦྱོར་བ་ལས། ཡི་གེ་ཡ་ལས་སྲས་མཆོག་ཡ་མ་རཱ་ཛའི་སྐུར་ཤར་བ་ཡིན། སྨུག་ནག་རལ་གྲི་སྡིགས་མཛུབ་ཞགས། །ཞེས་པ་སྐུ་མདོག་སྨུག་ནག་ནི་དྲག་པོས་ཚར་བཅད་ནས་དབང་གིས་རྗེས་སུ་བཟུང་བས་དབང་དྲག་གི་ལས་མཛད་པའི་དོན་ནོ། །ཕྱག་གཡས་རལ་གྲིས་ཉོན་མོངས་པ་འཇོམས་པའི་བརྡའོ། །གཡོན་སྡིགས་མཛུབ་ཞགས་པས་འགུགས་ཤིང་འཆིང་བའོ། །ནག་མོ་ལྕགས་ཀྱུ་ཐོད་པ་ཅན། །ཞེས་པ་དེའི་ཡུམ་ནག་མོ་ཁྲག་མིག་མ་ནི། གཡས་འཛིན་པའི་ལྕགས་ཀྱུ། གཡོན་ཡབ་ལ་སྟོབ་པའི་ཐོད་པ་བསྣམས་པའོ། །ཡེ་ཤེས་སྤྱན་དྲངས་ཤིང་བསྙེན་པ་འབུལ་བ་ནི། རྫོགས་ནས་དགུག་གཞུག་མཉེས་པར་བྱ། །ཞེས་པ་དམ་ཚིག་སེམས་དཔའ་བསྐྱེད་པའི་ཆོ་ག་རྫོགས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་བའི་ཆོ་ག་ནི། ཆོས་ཀྱི་སྐུ་ལས་ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས་སུ་གསོལ་བ་ནི། ཐང་སྐུ་ལ་བསྟིམ་ནས་བཞུགས་སུ་གསོལ་བ་དང་། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བ་དང་། མཆོད་པའི་ཚོགས་ཀྱིས་སྲི་ཞུ་དང་གུས་པས་དབུལ་བ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་བ་དང་། དྲིན་ལས་གྱི་མཆོད་པ་འབུལ་བ་དང་། བསྟོད་པ་བྱ་བ་དང་། དེ་ནས་བསྙེན་པ་བྱ་བ་ནི། ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་པ་ཕྱི་ལྷ་གྲངས་དང་སྦྱར་ནས་བཤད་ན། ཨཱོྂ་ནི་ཡེ་ཤེས་ལྔའི་ངོ་བོའི་རང་བཞིིན་ཏེ་ཡ་མཱནྟ་ཀའི་སྙིང་པོ་ཡིག་འབྲུ་གཅིག་པའོ། །ཨ་ནི་སྐྱེ་བ་མེད་པའི་རང་བཞིན་ཏེ་ཡུམ་བེ་ཏ་ལིའི་སྙིང་པོའོ། །ཀྲོ་ནི་སྒྲོལ་བའི་རང་བཞིན་ཏེ་ཡུམ་ཨེ་ཀ་ཛཱ་ཏིའི་སྙིང་པོའོ། །ཏེ་ནི་ར་པ་ཚར་དགུའི་སྙིང་པོའོ། །ཀ་ནི་ཨཱརྻ་མ་རུའི་སྙིང་པོའོ། །ཡ་ནི་མྱོས་བྱེད་འབར་བའི་སྙིང་པོའོ། །མཱན་ནི་ཡ་མ་ར་ཛཱའི་སྙིང་པོའོ། །ཏ་ནི་བདུད་འཇོམས་ཀྱི་སྙིང་པོའོ། །ཀ་ནི་ཀོང་ཙེ་བྲག་འཇོམས་ཀྱི་སྙིང་པོའོ། །ཧ་ནི་ཨ་བ་གླང་མགོ་ཅན་གྱི་སྙིང་པོའོ། །ན་ནི་ཡ་བ་ཏིའི་སྙིང་པོའོ། །མ་ནི་ཕྱྭ་སངས་ཀྱི་སྙིང་པོའོ། །ཐ་ནི་རྨིགས་པའོ། །བྷཉ྄྄་ནི་ཏེལ་པའོ། །ཛ་ནི་ལྷ་མཆོག་དུད་ཁའོ། །ཧཱུྃ་ཆོས་ཀྱི་རྒྱལ་པོའི་སྙིང་པོའོ། །ཕཊ་མིག་དམར་གྱི་སྙིང་པོའོ། །ཡི་གེ་བཅུ་བདུན་ལྷ་བཅུ་བདུན་དང་སྦྱར་ནས་བཤད་པའོ། །ཡང་གསང་རྒྱུད་དང་སྦྱར་བ་ནི། ཨཱོྂ་ནི་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་སྐུའི་ངོ་བོ་ཡེ་ཤེས་ཀྱི་ལྷ་ཡ་མཱནྟ་ཀའི་སྙིང་པོའོ། །ཨ་ཀྲོ་ཏེ་ཀ་ནི་སྐུ་ཁྲོ་བོར་བསྟན་པའོ། །ཡ་མཱནྟ་ཀ་ནི་ཁྲོ་བོ་གཤིན་རྗེ་གཤེད་པོ་ཉིད་དོ། །ཧ་ན་གཏོགས་ཤིག་པའོ། །མ་ཐ་ནི་རྒྱོབ་ཅིག་པའོ། །བྷཉྫ་ནི་འོག་ནས་ལྕགས་ཀྱུས་དྲངས་ཤིག་པའོ། །ཧཱུྃ་ནི་དགྲ་བགེགས་དབང་དུ་བསྡུས་ཤིག་པའོ། །ཕཊ་ནི་སོད་ལ་སྲེགས་ཤིག་ཅེས་པའོ། །དེ་ནི་སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་དང་སྦྱར་ནས་བཤད་པའོ། །གསང་བ་ལྟར་ན། བདེ་གཤེགས་ཀུན་འདུས་སུ་བཤད་ན། ཨཱོྂ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རང་བཞིན་རིགས་ལྔའི་བདག་ཉིད། ཡེ་ཤེས་ལྔའི་ངོ་བོ་དེ་ནི་གསང་སྔགས་ཐམས་ཅད་ཀྱི་དབུའི་དང་པོའོ། །ཨ་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་ངོ་བོ། ཀྲོ་ནི་ཁྲོ་བོ་ཆེན་པོ་རྣམས་ཀྱི་སྐུ་འབྱུང་བའོ། །ཏེ་ཀ་ནི་ཁྲོ་བོ་ཁྲོ་མོ་བཅུ་བདུན་གྱིས་དགྲ་བགེགས་ཐམས་ཅད་འདུལ་བའོ། །ཡ་མཱནྟ་ཀ་ནི་ཁྲོ་བོ་དེ་དག་བསྐུལ་བ་སྟེ་ཡ་ལས་དྲངས་པ་ནི་གཤིན་རྗེ། མཱན྄་ལས་དྲངས་པ་མ་མོ། ཏ་ལས་དྲངས་པ་དེ་བཞིན་གཤེགས་པ། ཀ་ལས་དྲངས་པ་ཕྲིན་ལས་ཏེ། དེ་བཞིན་གཤེགས་པ་ཀུན་སྐུ་ཁྲོ་བོར་གྱུར་ནས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛད་པའོ། །ཧ་དབང་དུ་སྡུད་པའོ། །ན་ནན་གྱིས་སྒྲོལ་བའོ། །མ་དབྱིངས་སུ་བསྡུས་ཤིག་པའོ། །ཐ་སྲེགས་ཤིག་པའོ། །བྷཉ྄་བཅོམ་ལྡན་འདས་གནས་སྟོངས་པར་གྱིས་ཤིག་པའོ། །ཛ་ཐུགས་རྗེས་ཟུངས་ཤིག་པའོ། །ཧཱུྃ་ཡེ་ཤེས་ཀྱི་རང་བཞིན་དུ་སྡུད་པའོ། །ཕཊ་ལས་དང་ཉོན་མོངས་པ་ཐམས་ཅད་སྲེགས་ཤིག་པའོ། །དེ་ནི་སངས་རྒྱས་ཀུན་གྱི་ཕྲིན་ལས་སུ་སྦྱར་ནས་བཤད་པའོ། །སྐུ་ཡི་གསང་བ་བཅུ་བདུན་པ། །ཞེས་པ་ནི་བདག་ཡ་མཱནྟ་ཀར་གསལ་བའི་ཐུགས་ཀ་ན་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་མཐིང་ག་གཡས་རྡོ་རྗེ་གཡོན་དྲིལ་བུ། ཐུགས་ཀ་ན་ཉི་མའི་སྟེང་དུ་ཧཱུྃ་ལ་ཨ་ཀྲོས་བསྐོར་བའོ། །མགྲིན་པར་པདྨའི་སྟེང་ན་ཨཱཿལ་ཨ་ཀྲོས་བསྐོར་བའོ། །སྤྱི་བོར་ཟླ་བའི་སྟེང་ན་ཨཱོྂ་ལ་བཟླས་པས་བསྐོར་བའོ། །སྔགས་བཟླས་པས། སྔགས་རླུང་གི་རྟ་ལ་ཞོན་ནས་སེམས་ཀྱི་དམིགས་པས་བསྐྱལ་ཏེ། ཐུགས་ཀ་ནས་མགྲིན་པར་སོང་། །དེ་ནས་སྣ་བུག་གཡས་སུ་སོང་ནས་ཕྱིར་བྱུང་ནས་འོད་ཀྱིས་སེམས་ཅན་གྱི་སྒྲིབ་པ་སྦྱངས། སངས་རྒྱས་རྣམས་ཀྱི་དངོས་གྲུབ་བླངས་ནས་ཚུར་ལ་ཐང་སྐུའི་སྣ་བུག་གཡོན་དུ་ཐིམ། མགྲིན་པ་ནས་ཐུགས་ཀར་བབས། ཐུགས་ཀ་ནས་སྣ་བུག་གཡས་སུ་ཞུགས་ནས། བདག་གི་སྣ་བུག་གཡོན་དུ་ཐིམ། སྤྱི་བོར་བསྐུལ་ནས་མགྲིན་པར་བབས་ཤིང་ཐུགས་ཀར་ཐིམ་མོ། །དེ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བཟླས་པའོ། །དེས་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཆོས་སྐུ་དང་སྐུ་རྣམས་པ་ཐམས་ཅད་པ་གཟུགས་སྐུ་འགྲུབ། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་སྐྱེ་མེད་དོན་གྱི་གསུང་དང་གསུང་རྣམ་པ་ཐམས་ཅད་པ་གསུང་དབྱངས་ཡན་ལག་དྲུག་ཅུ་འགྲུབ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟོང་པ་ཉིད་དང་། ཐུགས་རྣམ་པ་ཐམས་ཅད་པ་ཡེ་ཤེས་ལྔར་འགྲུབ་པའོ། །གྲངས་དུས་མཚན་མ་རྫོགས་པ་ན། །ཞེས་པ་གྲངས་ཀྱི་བསྙེན་པ་བྱེ་བ་བཟླས། དུས་ཀྱིི་བསྙེན་པ་ཟླ་བ་དྲུག་ཡན་ཆད་བྱ། མཚན་མའི་བསྙེན་པ་ཉམས་སམ་སེམས་ལ་ཤར་བས་རང་ཉིད་ཡ་མཱནྟ་ཀ་ཡིན་པར་ཤེས། གར་ལུས་ལ་ཤར་བས་སྐུ་ཁྲོ་བོར་མངོན། སྔགས་ངག་ཏུ་ཤར་བས་ཨ་ཀྲོ་བཟླས་ཀྱང་སྐྱོ་བ་མེད། མཐོང་སྣང་ཡུལ་དུ་ཤར་བས་འགྲོ་བ་ཐམས་ཅད་གཤིན་རྗེ་གཤེད་པོར་མཐོང་། བག་ཆགས་རྨི་ལམ་དུ་ཤར་བས་མཆོད་རྟེན་ལ་བསྐོར་བ་བྱེད་པ་དང་། སློབ་དཔོན་ལ་ཆོས་ཉན་པ་དང་། ཉི་ཟླ་ཕྲག་ལ་ཤར་བ་རྨིའོ། །རྫོགས་རིམ་བསྒོམ་པ་ནི། རང་ལུས་སྲོག་གི་དྲྭ་བ་ན། །ཞེས་པ། རང་ལུས་རྩའི་དྲྭ་བའི་ནང་སྲོག་འཛིན་པའི་རླུང་ཉིད་རང་སེམས་ཡ་མཱནྟ་ཀའི་ངོ་བོར་གནས་པའོ། །འཕྱོན་མ་རྣམ་བཞིའི་ཟས་སུ་ཟ། །ཞེས་པ་ནི། སྣ་བུག་གཉིས་ཀ་ནས་ཐུར་དུ་རྔུབ་པ་ས་རླུང་སེར་པོ་གཤིན་རྗེ་ཡ་མ་རཱ་ཛའོ། །སྣ་བུག་གཉིས་ཀ་ནས་དལ་བར་རྒྱུ་བ་ཆུ་རླུང་བདུད་པོ་མྱོས་བྱེད་འབར་བའོ། །སྣ་བུག་གཡས་ནས་མེའི་རླུང་བྱུང་བས་དམར་ལ་འཚེར་བ་སྲིན་པོ་ཨཱརྻ་མ་རུའོ། །སྣ་བུག་གཡོན་པ་རླུང་གི་རླུང་ནག་ལ་སྡང་བ་གནོད་སྦྱིན་རལ་པ་ཚར་དགུའོ། །རླུང་འཕྱོན་མ་ནི་རླུང་གི་རླུང་། མེའི་རླུང་། ཆུའི་རླུང་། སའི་རླུང་། དེ་རྣམས་རྩོལ་བ་དེ་ཟས་སུ་ཟ་བ་ནི་སྲོག་རྩོལ་བཟུང་ཞིང་སྦྱང་བའོ། །བདུད་བཞི་དེ་ཉིད་ཀུན་ཏུ་སྤྱོད། །ཞེས་པ་ནི་བདུད་བཞི་པོ་གཞོམ་པ་ནི། ས་རླུང་རང་གི་གནས་ལྟེ་བ་ན་གནས། ཕུང་པོའི་བདུད་སྡོམ་ཁ་གདངས་པ་ལྟར་གནས་པའོ། །ཆུ་རླུང་རང་གི་གནས་སྙིང་གར་གནས། འཆི་བདག་གི་བདུད་གྱད་སྟོབས་འགྲན་པ་ལྟ་བུ། མེ་རླུང་རང་གི་གནས་མགྲིན་པ་ན་གནས། ཉོན་མོངས་པའི་བདུད་སྡིག་པ་བྲག་ལ་འཛེགས་པ་ལྟ་བུ། རླུང་གི་རླུང་རང་གི་སྤྱི་བོ་ན་གནས། ལྷའི་བུའི་བདུད་བུང་བ་མེ་ཏོག་འཇིབ་པ་ལྟ་བུ། དེ་ཉིད་ཕྱག་རྒྱ་བཞི་ལྡན་ནི། ཡབ་ཡུམ་སྐུ་ཕྱག་རྒྱ་ཆེན་པོ་ནི་སྲོག་འཛིན་པའི་རླུང་ངོ་། །གཤེད་བཞི་དམ་ཚིག་གི་ཕྱག་རྒྱ་རླུང་ལས་མི་འདའ་བའོ། །བདུད་བཞི་ལས་ཀྱི་ཕྱག་རྒྱ་རླུང་གིས་འཁོར་འདས་ཀྱི་ཤན་འབྱེད་པའོ། །དེ་དག་ཐམས་ཅད་སྲོག་དང་རྩོལ་བའི་རླུང་དུ་ངོས་ཟིན་པ་ཆོས་ཀྱི་ཕྱག་རྒྱའོ། །ཀུན་ཏུ་གཅོད་ནི་དགྲ་དུག་གསུམ་བསད་པ་སྟེ། ཞེ་སྡང་གཤེད་བཞིས་བསད། གཏི་མུག་གཙོ་བོས་བསད། འདོད་ཆགས་བདུད་བཞིས་བསད། ལྔ་གཉིས་བཅུ་ནི་ཡན་ལག་རྩ། །ཞེས་པ་རྩ་བ་ཕུང་པོ་ལྔའི་རླུང་ལྔ། ཡན་ལག་སྒོ་ལྔའི་རྣམ་ཤེས་ཀྱི་རླུང་ལྔ། ཡོ་ལོག་པས་བཅུ་སྟེ། རྩ་བ་ནི། གཟུགས་ཀྱི་ཕུང་པོ་གཏི་མུག་སའི་རླུང་གཤིན་རྗེའི་གཤེད། ཞེ་སྡང་རྣམ་ཤེས་ཕུང་པོ་སྲོག་གི་རླུང་གཤིིན་རྗེ་ཡ་མ་རཱ་ཛ། ཚོར་བའི་ཕུང་པོ་ང་རྒྱལ་ཆུའི་རླུང་ཨེ་ཀ་ཛཱ་ཏི། འདུ་ཤེས་ཕུང་པོ་འདོད་ཆགས་མེའི་རླུང་བེ་ཏ་ལི། འདུ་བྱེད་ཕུང་པོ་ཕྲག་དོག་རླུང་གི་རླུང་མ་མོ་ཁྲག་མིག་མའོ། །ཡན་ལག་ནི་མིག་ལ་མེའི་རླུང་གནས་པས་གཟུགས་མཐོང་བ་ཨཱརྻ་མ་རུ་རྩེ། རྣ་བ་ལ་རླུང་གི་རླུང་གནས་པས་སྒྲ་ཐོས་པ་རལ་པ་ཚར་དགུ། སྣ་ལ་སའི་རླུང་གནས་པས་དྲི་ཚོར་བ་ཡ་མ་རཱ་ཛ། ལྕེ་ལ་ཆུའི་རླུང་གནས་པས་རོ་ཚོར་བ་མྱོས་བྱེད་འབར་བ། ལུས་ལ་ནམ་མཁའི་རླུང་གནས་པས་ནང་དུ་སྲོག་འཛིན། རླུང་རེ་རེ་ལ་ལྔ་ལྔ་འདྲེས་པར་གནས་པས་དབྱེར་མེད་སེམས་ཉིད་རིག་པའི་ངང་དུ་ཐིམ་མོ། །འབྱོངས་པར་སྤྱོད་ལ་གནས་པར་གྱིས། །ཞེས་པ་རླུང་ཕྱིར་འགྲོ་བ་སྔགས་ཀྱིས་ཕྱིར་སྤྲོས་དོན་གཉིས་བྱས། ནང་དུ་འཇུག་པས་དངོས་གྲུབ་ཏུ་བླང་། ཁོང་དུ་གནས་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཤེས་པ་ནི་འབྱོངས་པར་སྤྱོད་པའོ། །ཏིང་ངེ་འཛིན་ལ་སྤྱོད་ཅིང་དེའི་འབྲས་བུ་ལ་གནས་པར་བྱའོ། །དེ་ཡན་ཆད་བསྙེན་པ་ཡེ་ཤེས་ཀྱི་ལྷའི་འཁོར་ལོས་གཤིན་རྗེ་གཤེད་ཀྱི་དགེ་འདུན་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བྱ་བ་མཆོག་གི་བསྙེན་པ་དེ་རྫོགས་པས་སངས་རྒྱས་སུ་བསྒྲུབ་པའོ། །ཉེ་བའི་བསྙེན་པ་ལ་ལྔ་སྟེ། གནས་བསྟན་པ་དང་། ས་བསླང་ཞིང་དཀྱིལ་འཁོར་བྱས་ཏེ་རྫས་དགྲམ་པ་དང་། སྔོན་དུ་བསྲུང་བའི་འཁོར་ལོ་བསྒོམ་པ་དང་། ལྷ་བསྒོམ་ཞིང་མཆོད་པ་འབུལ་བ་དང་། བསྙེན་པ་འབུལ་ཞིང་རྟགས་བྱུང་ནས་དངོས་གྲུབ་བླང་བའོ། །དང་པོར་གནས་བསྟན་པ་གང་སྙམ་པ་ལ། ལས་དེ་མྱུར་བར་འདོད་པ་ན། །ཞེས་པ་བསྙེན་པའི་ལས་དེ་ལས་མྱུར་བར་འདོད་ཉེ་བར་འདོད་ན་བསྙེན་པའོ། །མ་ཀ་དང་ནི་མ་ལ་ཡ། །ཞེས་པ་བཀྲ་ཤིས་པའི་གནས་མ་ཀ་དང་། གྲུབ་པ་ཐོབ་པའི་གནས་མ་ལ་ཡའོ། །རི་བོའི་རྩེའམ་སྐྱེད་མོས་ཚལ། །ཞེས་པ་ཉམས་དགའ་བའི་གནས་བཟའ་ཞིང་གི་ར་བ། རང་གི་སྐྱེ་གནས་བཙུན་མོའི་ཚལ་ལོ། །དགོན་པ་ཆེན་པོའི་ས་ཕྱོགས་དང་། །ཞེས་པ་ཡིད་འཐད་པའི་གནས་གྲོང་ཡུལ་ལས་ཐག་རིང་བའོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟར་བསྒྲུབ། །ཞེས་པ་སྤྱོད་པའི་གནས་བགེགས་དྲག་པོར་ཡོད་པའི་སར་ཕྱིན་པའོ། །ས་བསླང་ཞིང་དཀྱིལ་འཁོར་བྱས་ཏེ་རྫས་དགྲམ་པ་ནི། བརྟགས་བསླང་སྦྱང་སྟེ་བསྲུང་བཟུང་ཞིང་། །ཞེས་པས་ས་ཆོག་བསྟན་ཏེ། ས་བཟང་ངན་བརྟགས་པ་དང་། སྣང་མི་སྣང་གི་བདག་པོ་ལ་བསླང་བ་དང་། སའི་དྲི་མ་སྦྱང་བ་དང་། བགེགས་བསྲུང་བ་དང་། ས་གཞི་བཟུང་བའོ། །བཟང་ངན་བརྟག་པ་ནི། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། བར་སྣང་འོལ་ཀ་ཆུས་བཀང་བ་ལྟ་བུ། ས་སྣག་ལ་སྣུམ་པ་བཟང་བའོ། །ས་རྩི་ཟད་པ་དང་། བྲག་དང་རད་རོད་མང་བ་དང་། ས་ཐང་ཤལ་དུ་སོང་བས་ངན་པའོ། །བསླང་བ་ནི། སྣང་བ་མི་ལ་རིན་འཇལ། མི་སྣང་བའི་ས་བདག་ལ་གཏོར་མ་བྱིན་ལ་བགེགས་ལ་བདེན་པ་བརྡར་ལ་བསླང་ངོ་། །སའི་དྲི་མ་སྦྱང་བ་ནི། སའི་རོ་གྱོ་མོ། རྡོའི་རོ་གསེག་མ། ཤིང་གི་རོ་མ གལ་དུམ། ཤའི་རོ་རུས་པ། ཆུའི་རོ་རྩྭ། འབྲུའི་རོ་སྦུན་མ་བསལ། ལས་དང་བྱ་བས་སྦྱང་བ་ལ་སྦྱིན་བསྲེག་བྱ། ཏིང་འཛིན་གྱིས་སྦྱང་བ་བྷཱུྂ་ལས་གཞལ་ཡས་སུ་བསྐྱེད་དོ། །བགེགས་བསྲུང་བ་ནི། དྲྭ་བ་དང་ར་བའི་མཚམས་བཅད་པའོ། །ས་གཞི་བཟུང་བ་ནི། ཕུར་པ་ཡ་མ་རཱ་ཛར་བསྒོམས་ལ་གདབ་བོ། །དཀྱིལ་འཁོར་བྲི་བར་བསྟན་པ་ནི། །འཁོར་ལོ་རྩིབས་བརྒྱད་དཀྱིལ་འཁོར་ལ། །ཡེ་ཤེས་བཞི་ཡིས་རབ་བརྒྱན་ཅིང་། །ཞེས་པ་ནི་དཀྱིལ་འཁོར་བྱ་བ་དང་། ཆག་ཆག་གདབ་པ་དང་། ཐིག་གདབ་པ་དང་། ཚོན་འགྱེད་པ་དང་། རྫས་དགོད་པའོ། །དཀྱིལ་འཁོར་བྱ་བ་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞིར་རབ་བརྩིག་གོ། །ཨཱོྂ་དུ་མན་ཏ་ཀ་མ་ཊ་ལ་ཧཱུྃ་ཞེས་བཟླས་ཤིང་ལེགས་པར་བྱའོ། །ཆ ག་ཆག་གདབ་པ་ནི། མ་ཧཱ་རཀྟ་ཨ་མྲྀ་ཏ་མཎྜལ་ཧཱུྃ་ཞེས་བདུད་རྩི་ལྔས་ཆག་ཆག་གདབ་བོ། །ཐིག་གདབ་པ་ནི། ཨེ་བྂ་མ་ཡ་དྷ་ལ་ཧཱུྃ་ཞེས་གནམ་ཐིག་གདབ་པར་བྱའོ། །ས་ཐིག་གདབ་ཚུལ་ཆད་སྣང་། ཚོན་འགྱེད་པ་ནི། ཨཱོྂ་ཨཱཿཧཱུྃ་སྭཱ་ཧཱ་འབྲུ་ལྔས་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ་འགྱེད་པ་ནི། དབུས་གྲུ་གསུམ་མཐིང་ནག་དུར་ཁྲོད་ཀྱི་སོལ་བས་བྲི། ཟླ་གམ་དམར་པོ་དུར་ཁྲོད་ཀྱི་སོ་ཕག་གིས་བྲི། མུ་ཁྱུད་དཀར་པོ་ཐལ་ཆེན་གྱིས་བྲི། དབུས་འཁོར་ལོ་རྩིབས་བཞི་ཕྱོགས་ཚོན། དེའི་ཕྱི་རིམ་རྩིབས་བརྒྱད་ནག་པོ། རྩིབས་མཆན་ལྗང་གུ། གྲུ་ཆད་ལྗང་གུ། དུར་ཁྲོད་རམ་པས་བྲི། སེར་པོ་དུར་ཁྲོད་ཀྱི་རི་ཤོ་ལོ་མས་བྲི། སྒོ་བཞི་རྟ་བབས་དང་བཅས་པ་བྱའོ། །ས་ཚོན་དང་བསྲེས་ནས་འབྲིའོ། །རྫས་དགོད་པ་ནི། མཆོད་རྫས་དགོད་པ་དང་། དཀྱིལ་འཁོར་གྱི་རྒྱན་དགོད་པའོ། །འདི་མཚམས་རྩ་བ་དང་། ས་བཅད་དུ་ཅུང་ཟད་ཆད་འདུག །སྒྲུབ་རྫས་དགོད་པ་ནི། དབུས་སུ་བྲིས་སྐུ་དགོད། མདུན་དུ་བུམ་པ་དགོད། ལྷ་གྲངས་དང་མཉམ་པའི་ཙཀ་ལི་དགོད། ཕྱག་མཚན་བེ་ཅོན་དགོད་དོ། །རྟེན་རྫས་བཀོད་པ་ནི། བསྭེ་གཞོང་མཚན་ལྡན་བཤམ་ནས་ནི། །ཞེས་པ་གཏོར་མ་བཀོད་པ་དེ་དཔལ་གྱི་སྣོད་བསྭེའི་གཞོང་པ་ལ་བྱ། ལས་ཀྱི་གཤིིན་རྗེའི་ནི་གཏེར་སྣོད་ཐོད་པ་མཚན་ལྡན་ལ་བྱ། སྨུག་ཆེན་སྨུག་ཆུང་རྟེན་དུ་བཟུང་། །ཞེས་པ་རྟེན་རྫས་སུ་ཡ་མནྟ་ཀའི་རྟེན་མི་སྙིང་གཏོར་མ་བཞག །ལས་ཀྱི་གཤིིན་རྗེའི་རྟེན་རྟ་སྙིང་གཏོར་མ་བཞག་ལ་འཛིན་གཏོར་དུ་བྱའོ། །མཆོད་རྫས་ནི། མཛེས་དང་དྲི་གསུང་སྣང་གསལ་དང་། །རོ་ལྡན་ལ་སོགས་ཕྱི་ནང་གི། །ཞེས་པ་མཛེས་པ་དང་དབང་པོའི་མེ་ཏོག །དྲི་གསུང་ཚིལ་ཆེན་དུད་པ། སྣང་གསལ་ཞུན་ཆེན་གྱི་མར་མེ། རོ་ལྡན་ཤ་ཆེན་གྱི་ལྷ་བཤོས་སྙིང་དང་། ཕྱི་གཏོར་མ། ནང་རཀྟ། གསང་བ་བདུད་རྩི་དགོད་དོ། །དཀྱིལ་འཁོར་གྱི་རྒྱན་ནི། བཅིང་བའི་རྫས་ཀྱི་མཐའ་བསྐོར་ནས། །ཞེས་པ་བར་ཆད་བཅིང་བའི་རྫས་ཚོན་སྐུད་དང་། འཇམ་དཔལ་གྱི་ཕྱག་མཚན་མདའ་བརྒྱད་དང་། རལ་གྲི་བརྒྱད་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར་བར་བྱའོ། །སྔོན་འགྲོ་བསྲུང་བའི་འཁོར་ལོ་བསྒོམ་པ་ནི། བསོད་ནམས་བདུད་ཀྱི་དཔུང་བཅོམ་ནས། །ཞེས་པ་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཀྱིས་བདུད་ཀྱི་དཔུང་བར་ཆད་བཅོམ་པར་བྱའོ། །རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། རང་དོན་དུ་ཚོགས་བསགས་པ་སྐུའི་ཚྭ་ཚྭ་གདབ། གསུང་གི་མདོ་འདོན། ཐུགས་ཀྱི་སྲོག་ཆགས་ཀྱི་ཚེ་སྐྱོབ་པའོ། །གཞན་དོན་དུ་ཚོགས་བསགས་པ་ནི། ལོང་སྤྲང་ལ་སྦྱིན་པ་བཏང་བའོ། །འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་མཆོད། མགོན་པོ་རྣམས་ལ་གཏོར་མ་བཏང་། སྙིང་རྗེའི་མགྲོན་ལ་གཏོར་མ་བཏང་བའོ། །མཚམས་བཅད་པ་ནི། ཕྱི་ནང་གསང་བའི་བསྲུང་བ་ཡིས། །གནས་དང་ས་གཞི་རྣམ་པར་བསྲུང་། །ཞེས་པ་ཕྱི་མཚམས་རྒྱལ་ཆེན་བཞི་ལ་ཐོ་འཛུག་པ་ནི། གླིང་བཞིའི་མི་རྣམས་རྒྱལ་པོ་ཆེན་པོ་བཞིའི་ཆབ་འོག་གནས་པས་ཕུར་པའི་ཚུལ། ལྕགས་རི་གཅིག་གི་ནང་ན་གནས་པས་ཁྱིམ་མཚེས་ཀྱི་ཚུལ། རི་རབ་གཅིག་གི་ལོགས་ན་གནས་པས་བློན་པོའི་ཚུལ། དེས་ན་རྒྱལ་པོས་ཕྱི་མཚམས་བསྲུང་བས་རྒྱལ་པོ་བཞི་ལ་ཐོ་བཙུགས་ལ་བསྲུང་བར་བཅོལ། ནང་མཚམས་ཁྲོ་བོའི་རྔམ་བརྗིད་ལ་དྲྭ་བ་དང་ར་བ་གུར་ལ་སོགས་ཀྱིས་བཅད། གསང་བའི་མཚམས་བགེགས་རྣམ་རྟོག་ཡིན། རྣམ་པར་རྟོག་པའི་གཉེན་པོར་མི་རྟོག་པ་བསྒོམ་སྟེ། སྣང་བ་སེམས་སུ་ཤེས། སེམས་སྟོང་པར་ཤེས། སྟོང་པ་ཆོས་ཉིད་དུ་ཤེས། ཆོས་ཉིད་ཅིར་ཡང་མ་གྲུབ་པར་ཤེས། དེ་ལ་བགེགས་ཞེས་བྱ་བ་གདོད་མ་ནས་མེད་དོ། །དེ་ལྟ་བུས་རང་ལུས་བསྲུང་བར་བྱ། དེ་ནས་བྷྲཱུྂ་ལས་རང་གི་གནས་ཁང་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། དེས་ས་གཞིའི་བགེགས་རྣམས་ཞི་བར་བྱེད། གནས་ཁང་དེའི་སྒོ་པྲ་བེ་ཤས་ཕྱེས་ལ། བདག་དེར་འདུག་ནས་ལས་རྣམས་བྱའོ། །ལྷ་བསྒོམ་ཞིང་མཆོད་པ་འབུལ་བ་ནི། ཡ་མནྟ་ཀ་འཁོར་བཅས་ལ། །ཞེས་པ་ནི་མཆོད་རྫས་བྱིན་གྱིས་བརླབ། བཤགས་པ་བྱ། ཏིང་ངེ་འཛིན་གསུམ་བསྒོམ། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ། ལྷ་ལྔ་བསྒོམ་པ་རྣམས་བསྙེན་པ་བཞིན་བཤད་ཟིན་ཏོ། །གཤེད་བཞི་མི་བརྒྱད་འཁོར་དུ་བསྒོམ། །ཞེས་པ་ནི་ཉེ་བསྙེན་ལ་ཁྱད་པར་དུ་ལྷ་གཤེད་ཆེན་པོ་བཞི་དང་ལས་ཀྱི་མི་བརྒྱད་དོ། །དེ་ལ་གཤེད་བཞི་གང་སྙམ་པ་ལ། གཤིན་རྗེ་ཡ་མ་རཱ་ཛ་དང་། །ཞེས་པ་ལ་སོགས་ཏེ། རྒྱུ་ཉོན་མོངས་པ་བཞི། ལམ་གཤེད་བཞི། འབྲས་བུ་ཡེ་ཤེས་བཞིའོ། །རྒྱུ་ཉོན་མོངས་པ་བཞི་ནི། ཞེ་སྡང་ཡ་མ་རཱ་ཛ་ཡིན། ང་རྒྱལ་མྱོས་བྱེད་འབར་བ། འདོད་ཆགས་མ་རུ་རྩེ། ཕྲག་དོག་རལ་པ་ཚར་དགུའོ། །ལམ་གཤེད་བཞི་ནི། མཚན་ནི་རྩིབས་བཞི་ལ་བསྒོམ་པ། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་གཞིིན་རྗེའི་རྗེའོ། །ལྷོར་བདུད་པོ་མྱོས་བྱེད་འབར་བ་ནི་བདུད་ཀྱི་རྗེའོ། །ནུབ་ཏུ་སྲིན་པོ་ཨཱརྻ་མ་རུ་ནི་སྲིན་པོའི་རྗེའོ། །བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ནི་གནོད་སྦྱིན་གྱི་རྗེའོ། །སྐུ་མདོག་ནི། དམར་ནག་སྨུག་ནག་སེར་ནག་དང་། །ལྗང་ནག་འཇིགས་པ་ཁྲོ་བོས་ཏེ། །ཞེས་པ་ཡ་མ་རཱ་ཛ་སྐུ་མདོག་སྨུག་ནག །མྱོས་བྱེད་འབར་བ་སྐུ་མདོག་སེར་ནག །ཨཱརྻ་མ་རུ་སྐུ་མདོག་དམར་ནག །རལ་པ་ཚར་དགུ་སྐུ་མདོག་ལྗང་ནག །ཐམས་ཅད་ཁྲོ་བོ་ཤ་ཆེན་གྱི་གཟུགས་སོ། །ཕྱག་མཚན་ནི། རྡོ་རྗེ་རིན་ཆེན་པདྨ་རྒྱ། །བེ་ཅོན་འཁོར་ལོ་རབ་ཏུ་འཁོར། །ཞེས་པ། ཡ་མ་རཱ་ཛ་གཡས་རྡོ་རྗེ་བེ་ཅོན། མྱོས་བྱེད་འབར་བ་གཡས་རིིན་ཆེན་བེ་ཅོན། ཨཱརྻ་མ་རུ་གཡས་པདྨ་བེ་ཅོན། རལ་པ་ཚར་དགུ་གཡས་རྒྱ་གྲམ་བེ་ཅོན། །དེ་བཞི་ཀའི་གཡོན་ཐམས་ཅད་འཁོར་ལོ་བསྐོར་བའོ། །འབྲས་བུ་ཡེ་ཤེས་བཞི་ནི། ཡ་མ་རཱ་ཛ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་གྲུབ། མྱོས་བྱེད་འབར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་གྲུབ། ཨཱརྻ་མ་རུ་སོ་སོར་རྟོག་པའི་ཡེ་ཤེས་ལས་གྲུབ། རལ་པ་ཚར་དགུ་བྱ་བ་གྲུབ་པའི་ཡེ་ཤེས་ལས་གྲུབ་པའོ། །ལས་ཀྱི་མི་བརྒྱད་བསྟན་པ་ནི། ཆོས་ཀྱི་རྒྱལ་པོ་ཕྱྭ་སངས་དང་། །ཞེས་པ་ལ་སོགས་ཏེ། འདི་བརྒྱད་ལ་སྤྱི་དོན་བརྒྱད་དེ། དང་པོ་ནམ་མཁའ་ལ་འགྱུ་བའི་དུས་ན། གཟའ་ཆེན་པོ་བརྒྱད་དང་བཅས་པ་ཡིན། ཆོས་ཀྱི་རྒྱལ་པོ་ནི། ཤར་ན་ཕུར་བུ་ཤིང་གི་ཁམས་བནྡེ་སྔགས་པའི་གཟའ་བླ་དང་བཅས། ཕྱྭ་སངས་ནི་ཤར་ལྷོ་མཚམས་ན་ཉི་མ་མེའི་ཁམས་བོན་པོ་མུ་སྟེགས་ཀྱི་གཟའ་བླ་དང་བཅས། ཡ་བ་ཏི་ནི་ལྷོ་ན་མིག་དམར་མེའི་ཁམས་དམག་དཔོན་གྱི་གཟའ་བླ་དང་བཅས། ཏེལ་པ་ལྷོ་ནུབ་རཱ་ཧུ་ལ་འབྱུང་བ་ལྔ་ལྡན་གྱི་ཁམས་དང་དྲང་སྲོང་གི་གཟའ་བླ་དང་བཅས། ཨ་བ་གླང་མགོ་ནི་ནུབ་ན་པ་ཝ་སངས་ལྕགས་ཀྱི་ཁམས་ཚོང་དཔོན་གྱི་གཟའ་བླ་དང་བཅས། རྨིགས་པ་ནི། ནུབ་བྱང་དུ་ཟླ་བ་ཆུའི་ཁབས་བུད་མེད་ཀྱི་གཟའ་བླ་དང་བཅས། རལ་པ་ཚར་དགུ་ནི་བྱང་ན་ལྷག་པ་ཆུའི་ཁམས་སྐྱེས་པ་རབས་ཆད་དང་བུ་མིང་སྲིང་གི་གཟའ་བླ་དང་བཅས། མིག་དམར་ནི་བྱང་ཤར་ན་སྤེན་པ་སའི་ཁམས་རྗེ་ས་བདག་རྒྱལ་པོའི་གཟའ་བླ་དང་བཅས་ནས་རང་བཞིན་སེམས་ཅན་ཐམས་ཅད་ལ་གཟའ་ཕོག་པར་བྱེད། སྔགས་པས་རྩིས་ནས་གྱིམ་ཤང་དགྲ་གཤེད་ལ་མཁས་པར་བྱ་བ་ཡིན་ནོ། །གཉིས་པ་ས་ལ་དབང་བའི་དུས་ན། ཀླུ་ཆེན་པོ་བརྒྱད་དང་བཅས་པ་ནི། ཆོས་རྒྱལ་ནི་ཤར་བ་སུ་ཀིི་དང་བཅས། ཕྱྭ་སངས་ནི་ཤར་ལྷོ་ན་ཧུ་ལུ་ཀ་དང་བཅས། ཡ་བ་ནི་ལྷོ་ན་པདྨ་དང་བཅས། ཏེལ་པ་ནི་ལྷོ་ནུབ་ན་རིགས་ལྡན་དང་བཅས། ཨ་བ་གླང་མགོ་ནི་ནུབ་ན་ཀར་ཀོ་ཏ་དང་བཅས། རྨིགས་པ་ནི་ནུབ་བྱང་ན་དུང་སྐྱོང་དང་བཅས། རལ་པ་ཚར་དགུ་ནི་བྱང་ན་འཇོག་པོ་དང་བཅས། མིག་དམར་ནི་བྱང་ཤར་ན་པདྨ་ཆེན་པོ་དང་བཅས་སོ། །ཀླུ་ཆེན་བརྒྱད་དང་བཅས་ནས་མཛེ་ནད་གཏོང་བས། སྔགས་པས་མནན་པ་དང་གཏད་ཀྱི་ལས་རྣམས་བཅོལ་ལོ། །གསུམ་པ་དུར་ཁྲོད་བརྒྱད་ན་གནས་ནས་མ་མོ་བརྒྱད་དང་བཅས་པ་ནི། ཆོས་རྒྱལ་སྲིན་མོ་ཀམ་དང་བཅས། ཕྱྭ་སངས་སྲིན་མོར་རོ་ཆང་འཐུང་མ་དང་བཅས། ཡ་བ་ཏི་སྲིན་མོ་ཁྲག་འཕྲོག་མ་དང་བཅས། ཏེལ་པ་ནི་སྲིན་མོ་ཁྲག་འཐོར་མ་དང་བཅས། ཨ་བ་གླང་མགོ་སྲིན་མོ་ཁྲག་འཐུང་མ་དང་བཅས། རྨིགས་པ་ནི་སྲིན་མོ་དྲི་མ་འཐོར་དང་བཅས། རལ་པ་ཚར་དགུ་ནི་སྲིན་མོ་འཕྱངས་མ་དང་བཅས། མིག་དམར་ནི་སྲིན་མོ་ཐོད་ཕྲེང་མ་དང་བཅས་སོ། །མ་མོ་སྟོང་རྩ་གཉིས་དང་བཅས་ནས་རིམས་ནད་ལ་སོགས་གཏོང་བར་བྱེད་པས། སྔགས་པས་དགྲ་ལ་ཁྲག་ཐུན་དབབ་པའི་ལས་བྱའོ། །བཞི་པ་བདུད་དང་བཅས་ནས་ལས་བྱེད་པ་ནི། ཆོས་རྒྱལ་ནི་བདུད་ཀྱི་རྒྱལ་པོ་གནོད་བདག་རྗེའིི་བྲན་དང་བཅས། ཕྱྭ་སངས་ནི་བདུད་ཀྱི་རྒྱལ་པོ་ཏི་ལ་ཐིག་ནག་རྗེའི་བྲན་དང་བཅས། ཡ་བ་ཏི་ནི་བདུད་ཀྱི་རྒྱལ་པོ་ཐོད་བདག་ཐོད་པ་རྗེའི་བྲན་དང་བཅས། ཏེལ་པ་ནི་བདུད་ཀྱི་རྒྱལ་པོ་རྨུ་བདུད་བྲན་དཀར་རྗེའི་བྲན་དང་བཅས། ཨ་བ་གླང་མགོ་ནི་བདུད་ཀྱི་རྒྱལ་པོ་མཚམས་བདུད་རྗེའི་བྲན་དང་བཅས། རྨིགས་པ་ནི་བདུད་ཀྱི་རྒྱལ་པོ་རུ་གང་སྔོན་རྗེའི་བྲན་དང་བཅས། རལ་པ་ཚར་དགུ་ནི་བདུད་ཀྱི་རྒྱལ་པོ་ཡ་བ་ཐོད་ནག་རྗེའི་བྲན་དང་བཅས། མིག་དམར་ནི་བདུད་ཀྱི་རྒྱལ་པོ་ཙ་ཏྲ་རུ་ཏྲ་རྗེ་བོ་བྲན་དང་བཅས་ནས་སེམས་ཅན་རྣམས་ལ་བདུད་ན་ནད་གཏོང་བར་བྱེད་པས། སྔགས་པས་དུག་ཐུན་དབབ་པའི་ལས་བྱའོ། །ལྔ་པ་གིང་ཆེན་པོ་བཅོ་བརྒྱད་དང་བཅས་ནས་ལས་མཁན་བྲན་དུ་འཁོལ་བ་ནི། ཆོས་ཀྱི་རྒྱལ་པོ་ཆེན་པོ་ནི་བཛྲ་གིང་ཀ་ར་དང་། ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་སྡུད་མ་དང་། རྡོ་རྗེ་གནོད་སྦྱིན་མོ་དང་། མ་ལུས་སྙིང་ནས་འདྲེན་པ་ཆེན་མོ་དང་བཅས། ཕྱྭ་སངས་ནི་རྡོ་རྗེ་སྲིན་པོ་དང་། ཁམས་གསུམ་གཡབ་ཀྱིས་དབང་སྡུད་པ་ཆེན་མོ་དང་བཅས། ཡ་བ་ཏི་ནི་རྡོ་རྗེ་འབྱུང་པོ་དང་། གཟུགས་མེད་རླུང་ལྟར་འཕྱོ་བ་ཆེན་མོ་དང་བཅས། ཏེལ་པ་ནི་རྡོ་རྗེ་སྤྱང་ཀུ་དང་། གར་གྱི་གློག་སྟོང་འགྱུར་བ་ཆེན་མོ་དང་བཅས། ཨ་བ་གླང་མགོ་ནི་རྡོ་རྗེ་གཤིན་རྗེ་དང་། རྦོད་གཏོང་ལེན་པར་བྱེད་པ་ཆེན་མོ་དང་བཅས། རྨིགས་པ་ནི་རྡོ་རྗེ་རོ་ལངས་དང་། ཁམས་གསུམ་སྙིང་རྗེས་སྒྲོལ་བ་ཆེན་མོ་དང་བཅས། རལ་པ་ཚར་དགུ་ནི་རྡོ་རྗེ་འཆི་བདག་དང་རྣ་ཉན་ཕྲ་མ་སྐྱེལ་བ་ཆེན་མོ་དང་བཅས། མིག་དམར་ནི་རྡོ་རྗེ་དུས་མཚན་དང་ཚོགས་ཀྱི་བྱན་མོ་མཛད་པ་ཆེན་མོ་དང་བཅས་ནས་ཚེ་སྲོག་ལ་དབང་བྱེད་ཅིང་ལྷག་ཕུད་ཐམས་ཅད་ལ་མངའ་མཛད་པས། སྔགས་པས་མདའ་ཐུན་རྡེག་པའི་ལས་བྱའོ། །དྲུག་པ་དུར་ཁྲོད་བརྒྱད་ན་གནས་ནས་འབྱུང་པོ་བརྒྱད་ལ་མངའ་མཛད་ཅིང་དབང་བྱེད་པ་ནི། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། འབྱུང་པོ་རགྴ་སེང་མགོ་ནི་ཆོས་རྒྱལ་གྱི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་མ་ལ་ཡ་མ་བྱང་བ་ཏྲི་ན། འབྱུང་པོ་གུ་གུ་ཏ་ནག་པོ་ནི་ཕྱྭ་སངས་ཀྱི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་པ་ན། འབྱུང་པོ་སེར་སྐྱ་རལ་པ་ཅན་ནི་ཡ་བ་ཏིའི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པ་ན་འབྱུང་པོ་དབང་ལྡན་ནི་ཏེལ་པའི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་ཁུ་བྱུག་ཀློང་དགུ་ན་འབྱུང་པོ་རྡོ་རྗེ་སྣ་ཡོན་ནི་ཨ་བ་གླང་མགོའི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ་པ་ན་འབྱུང་པོ་གཅེར་བུ་རལ་པ་ཅན་ནི་རྨིགས་པའི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་པདྨ་བརྩེགས་པ་ན་འབྱུང་པོ་ཆེན་པོ་ཙ་ནོའུ་ར་ནག་པོ་ནི་རལ་པ་ཚང་དགུའི་ལས་མཁན་ནོ། །དུར་ཁྲོད་ཆེན་པོ་འཇིག་རྟེན་མངོན་རྫོགས་ན། འབྱུང་པོ་དགེའི་ཁ་ཏ་ནི་མིག་དམར་གྱི་ལས་མཁན་ནོ། །འབྱུང་པོའི་ཚོགས་དང་བཅས་ནས་རྒྱུ་བས་རྣལ་འབྱོར་པས་གཏོར་མ་བྱིན་ནས་ལས་ལ་བསྐུལ་ལོ། །བདུན་པ་ཕྱོགས་སྐྱོང་དང་བཅས་ནས་ཕྱོགས་བཅུར་ལས་བྱེད་པ་ནི། ཆོས་ཀྱི་རྒྱལ་པོ་ནི་ཉི་ཟླ་དང་དབང་པོའི་འཁོར་དང་བཅས་པའོ། །ཕྱྭ་སངས་ནི་མེ་ལྷའི་འཁོར་དང་བཅས་པའོ། །ཡ་བ་ཏི་ནི་གྲུལ་བུམ་གྱི་འཁོར་དང་བཅས་པའོ། །ཏེལ་པ་ནི་སྲིན་པོའི་འཁོར་དང་བཅས་པའོ། །ཨ་བ་གླང་མགོ་ནི་ཀླུའི་འཁོར་དང་བཅས་པའོ། །རྨིགས་པ་ནི་རླུང་ལྷའི་འཁོར་དང་བཅས་པའོ། །རལ་པ་ཚར་དགུ་ནི་གནོད་སྦྱིིན་གྱི་འཁོར་དང་བཅས་པའོ། །མིག་དམར་ནི་བགེགས་ཀྱི་རྒྱལ་པོ་འཁོར་དང་བཅས་པའོ། །ལས་བྱེད་ཚུལ་ཆད་སྣང་། བརྒྱད་པ་དཀྱིལ་འཁོར་དུ་ཡ་མཱནྟ་ཀའི་འཁོར་དུ་གནས་པ་ནི། འཁོར་ལོ་རྩིབས་བརྒྱད་པ་ལ་གནས་ཏེ་ཤར་ན་ཆོས་ཀྱི་རྒྱལ་པོ་གནས་པ་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་དུ་བསྐོར་ནས་མགོ་འཁོར་བའི་ལས་བྱེད་དེ་ཆོས་ཀྱི་རྒྱལ་པོ་དམྱལ་བ་མཐར་བྱེད་གཤིན་རྗེའི་གཤེད་ཅེས་བྱའོ། །ཤར་ལྷོར་ཕྱྭ་སངས་ནི་རྒྱལ་པོའི་གཤིན་རྗེ་སྟེ། གཤིན་རྗེ་ཕྱྭ་སངས་འཁོར་དུ་བསྐོར་ནས་སྲིད་པ་བསྐོས་ལ་འདེབས་པའི་ལས་བྱེད་དེ་ཕྱྭ་སངས་ལོག་འདྲེན་མཐར་བྱེད་གཤིིན་རྗེའི་གཤེད་དོ། །ལྷོ་ན་ཡ་བ་ཏི་གནས་པ་ནི་གཤིན་རྗེ་ཡ་བ་ཏི་གདན་དུ་བཏིང་ནས་ཁྲག་སྐྱུག་པའི་ལས་བྱེད་དེ་ཡ་བ་ཏི་ནི་ཡི་དྭགས་མཐར་བྱེད་གཤིན་རྗེའི་གཤེད་དོ། །ལྷོ་ནུབ་མཚམས་ན་ཏེལ་པ་གནས་པ་ནི། གཤིན་རྗེ་ཏེལ་པ་བཀའ་ཉན་དུ་བྱས་ནས་སྲིད་པའི་དབུགས་ལེན་པའི་ལས་བྱེད་དེ་སྲིན་པོ་མཐར་བྱེད་གཤིན་རྗེའི་གཤེད་དོ། །ནུབ་ན་ཨ་བ་གླང་མགོ་གནས་ཏེ། གཤིན་རྗེ་ཨ་བ་གླང་མགོ་བྲན་དུ་བྱས་ནས་ཡིད་འཁྲུག་པའི་ལས་བྱེད་དེ་ཨ་བ་གླང་མགོ་ནི་བྱོལ་སོང་མཐར་བྱེད་གཤིིན་རྗེའི་གཤེད་དོ། །ནུབ་བྱང་མཚམས་ན་རྨིགས་པ་གནས་པ་ནི། །གཤིན་རྗེ་རྨིགས་པ་ཕོ་ཉར་འགྱེད་ནས་སྲིད་པའི་བླ་བརྐུ་བའི་ལས་བྱེད་པ་སྟེ་རྨིགས་པ་ནི་དམ་སྲི་མཐར་བྱེད་གཤིན་རྗེའི་གཤེད་དོ། །བྱང་ན་རལ་པ་ཚར་དགུ་ནི་གཤིན་རྗེ་རལ་པ་ཚར་དགུ་ཕོ་ཉར་བྱས་ནས་གསོད་པའི་ལས་བྱེད་དེ་རལ་པ་ཚར་དགུ་ནི་གནོད་སྦྱིན་མཐར་བྱེད་གཤིན་རྗེའི་གཤེད་དོ། །བྱང་ཤར་ན་མིག་དམར་ནི་གཤིན་རྗེ་མིག་དམངས་མངགས་ནས་སྲིད་པའི་སྲོག་གཅོད་པའི་ལས་བྱེད་དེ་གཤིིན་རྗེ་མིག་དམར་ནི་བགེགས་མཐར་བྱེད་གཤིན་རྗེའི་གཤེད་དོ། །དེ་བས་ན། ཆོས་ཀྱི་རྒྱལ་པོ་ཕྱྭ་སངས་དང་། །ཡ་བ་ཏི་དང་ཏེལ་པ་དང་། །ཨ་བ་གླང་མགོ་རྨིགས་པ་དང་། རལ་པ་ཚར་དགུ་མིག་དམར་དང་། །བརྒྱད་ལ་བསམ་སྟེ་ཞེས་པ། འཁོར་ལོ་རྩིབས་བརྒྱད་ལ་བསམ་པ་ནི། མཐར་བྱེད་ཆེན་པོ་བརྒྱད་ཅེས་བྱ། ལས་ཀྱི་མི་བརྒྱད་ཅེས་བྱའོ། །མཆོད་པ་རོལ། །ཞེས་པ་དེ་ལ་མཆོད་པ་འབུལ་བ་གང་ཞེ་ན། འདོད་པ་བཞིན་དུ་དབུལ་བར་བྱ། །ཞེས་པ་ནི་སྤྱིར་འབུལ་བ་ནི་སྐུ་གཏོར་མས་མཆོད། གསུང་རཀྟས་མཆོད། ཐུགས་བདུད་རྩིས་མཆོད། ཡོན་ཏན་རྣམ་ལྔས་མཆོད། ཕྲིན་ལས་ཚོགས་ལྷག་གིས་མཆོད་པའོ། །སྐུ་གཏོར་མས་མཆོད་པ་ནི། ཀྂ་ལས་ཐོད་པའི་སྒྱེད་པུ་གསུམ་བསྒོམ། རྂ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རྂ་དང་བཅས་པའོ། །ཡྂ་ལས་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་ཡྂ་དང་བཅས་པའོ། །བྷྲཱུྂ་ལས་སྣོད་ཐོད་པའི་ནང་དུ་པདྨ་འདབ་བཞི་ལས། དབུས་སུ་མི་ཤ །ཤར་གླང་ཤ །ལྷོར་རྟ་ཤ ། ནུབ་ཁྱི་ཤ །བྱང་དུ་བྱའི་ཤ་དང་ལྔ་བསམ་ལ། ངག་ཏུ་ཨཱོྂ་ཨཱཿཧཱུྃ་ཞེས་བརྗོད་པས། ཧཱུྃ་གིས་རླུང་གཡོས་མེ་སྦར་ནས་ཐོད་པའི་ཤ་རྣམས་ཞུ་བར་བསམ། ཨཱཿས་ངོ་བོ་ཤ་ལྔ་རྣམ་པ་སྦྲང་རྩི་ལྟ་བུར་རོ་མཆོག་དང་ལྡན་པར་བསམ། ཨཱོྂ་ལས་འདོད་ཡོན་དྲུག་བྱུང་བར་བསམ་ལ། ཨཱོྂ་བ་ལིངྟ་ཏེ་ཛོ་བ་ལིངྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་དྲུག་བརྗོད་པས། དང་པོ་གཟུགས་ཀྱི་ལྷ་མོ་མེ་ལོང་ཐོགས་པ་ལ་སོགས་པ་ལྷ་མོ་དྲུག་གཞན་དང་འདྲ། ཡམཱནྟ་ཀ་འཁོར་དང་བཅས་པ་མཆོད་པར་བསམ། གསུང་རཀྟའི་མཆོད་པ་ཡང་གཞན་དང་འདྲའོ། །ཐུགས་བདུད་རྩིའི་མཆོད་པ་ཡང་བདུད་རྩིར་བྱིན་གྱིས་བརླབས་པ་དང་བཅས་གཞན་དང་འདྲ་བ་ཡིན། ཡོན་ཏན་མཆོད་པ་རྣམ་ལྔས་མཆོད་པ་ནི། དྷཱུ་ལས་ལྷ་མོ་དཀར་མོ་ཚིལ་ཆེན་གྱི་སྤོས་ཐོགས་པ་དང་། པུ་ལས་ལྷ་མོ་མཐིང་ག་ཕྱག་ན་དབང་པོ་ལྔའི་མེ་ཏོག་ཐོགས་པ་དང་། ཨཱ་ལས་ལྷ་མོ་དམར་མོ་ཕྱག་ན་ཞུན་ཆེན་གྱི་མར་མེ་ཐོགས་པ་དང་། ནཻ་ལས་ལྷ་མོ་མཐིང་ག་ཕྱག་ན་ཤ་ཆེན་གྱི་བཤོས་སྙིང་ཐོགས་པ་དང་། ག་ལས་ལྷ་མོ་ལྗང་གུ་ཕྱག་ན་ཆུ་ངན་གྱི་དྲི་ཆབ་ཐོགས་པས་མཆོད་པའོ། །ཕྲིན་ལས་ཚོགས་ལྷག་གི་མཆོད་པ་ནི། ཚོགས་འདོད་ཡོན་དྲུག་ཏུ་བྱིན་གྱིས་བརླབས། ལྷག་མ་བདུད་རྩིར་བྱིན་གྱིས་བརླབས་པའོ། །བསྙེན་པ་འབུལ་ཞིང་རྟགས་བྱུང་ནས་དངོས་གྲུབ་བླང་བ་ནི། བྱ་བའི་རིམ་པ་རྫོགས་པ་དང་། ཞེས་པ་ལ་སོགས་པ་སྟེ་བསྐྱེད་པའི་རིམ་པའི་ལས་བྱ་བ་བསྒོམ་ཁོག་དང་། སྤྱན་དྲངས་པ་ལ་སོགས་པའི་ལས་བྱ་བ་མཆོད་པའི་རིམ་པ་རྣམས་རྫོགས་པ་དང་ཞེས་པའོ། །ཡིད་ནི་ནང་དུ་བརྟན་པར་བཟུང་། །ཞེས་པ་རང་གི་ཡིད་ནི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་བརྟན་པར་བཟུང་བ་ནི། བདག་ཡ་མཱནྟ་ཀར་གསལ་བའི་ཐུགས་ཀ་ན། ཟླ་བའི་སྟེང་ན་ཡེ་ཤེས་སེམས་དཔའ་ནི་སྐུ་མདོག་མཐིང་ག་གཡས་རལ་གྲི་གཡོན་སྡིགས་མཛུབ་ཀྱིས་ཞགས་པ་བསྣམས་པ། དེའི་ཐུགས་ཀ་ན་ཉི་མའི་སྟེང་ན་རྡོ་རྗེའི་ལྟེ་བའི་བུམ་པའི་ནང་ན་ཧཱུྃ། དེ་ལ་སྔགས་ཐུང་གིས་ནང་དུ་བཀླག་ཐབས་སུ་བསྐོར། སྔགས་རིང་གི་ཉིས་རིམ་དུ་བསྐོར་བར་བསམ་ལ་སྔགས་བཟླས་པས་སྔགས་ཀྱི་འོད་ཟེར་འཕྲོས་པས་འགྲོ་དྲུག་གི་སེམས་ཅན་ལ་ཕོག་པས་དམྱལ་བ་སྦྱང་ནས་དུ་ནག་པོར་གྱུར། ཡི་དྭགས་སྦྱངས་ནས་པྲེ་དམར་པོར་གྱུར། དུད་འགྲོ་སྦྱངས་ནས་ཏྲིི་དུད་ཁར་གྱུར། མི་སྦྱངས་ནས་ནྲྀ་ལྗང་གུར་གྱུར། ལྷ་མ་ཡིན་སྦྱངས་ནས་སུ་སེར་པོར་གྱུར། ལྷ་སྦྱངས་ནས་ཨ་དཀར་པོར་གྱུར། གཟུགས་ཁམས་སྦྱངས་ནས་ཨཱོྂ་དུ་གྱུར། གཟུགས་མེད་སྦྱངས་ནས་ཨཱཿརུ་གྱུར། འདོད་ཁམས་སྦྱངས་ནས་ཧཱུྃ་དུ་གྱུར། ཁམས་གསུམ་ནས་ཡིག་འབྲུ་རྣམས་ཆར་བཞིན་དུ་བབས་པས། རྣལ་འབྱོར་པ་བདག་ལ་ཐིམ་པས་ཚེ་དང་དཔལ་རྒྱས་པར་བསམ་མོ། །སྔགས་ཀྱི་འོད་ཟེར་རི་རབ་ཀྱི་འོག་ཏུ་འཕྲོས་པས་ལས་ཀྱི་གཤིིན་རྗེ་རྣམས་སྤྱན་དྲངས་བསྐྱེད་པའི་སྐུ་རང་རང་ལ་ཐིམ་པར་བསམ་མོ། །ཡང་སྔགས་ཀྱི་འོད་ཟེར་འཕྲོས་པས་འོག་མིན་ནས་ཡེ་ཤེས་ཀྱི་གཤིན་རྗེ་དང། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ནས་ཡེ་ཤེས་ཀྱི་གཤིན་རྗེ་རྣམས་ཐང་སྐུ་ལ་ཐིམ། དུས་གསུམ་སངས་རྒྱས་རྣམས་བུམ་པའི་ནང་དུ་ཐིམ། བྱང་ཆུབ་སེམས་དཔའ་རྣམས་བེ་ཅོན་ལ་ཐིམ་པར་བསམ་མོ། །དེའི་བཟླས་པའི་སྔགས་ནི། ཨཱོྂ་ཡེ་ཤེས་ལྔ། ས་མ་ཡ་དམ་ཚིག །མཉྫུ་ཤྲཱི་ནི་འཇམ་དཔལ། མུ་དྲ་ནི་ཕྱག་རྒྱ། ཡ་མཱནྟ་ཀ་ནི་གཤིན་རྗེ་གཤེད། པཉྩ་ནི་ལྔ། ཏེ་རོ་ནི་སྲོག་སྙིང་། ཧཱུྃ་ཐུགས་ནས་བསྐུལ་བ། ཛཿའབོད་པའོ། །ཡོན་ཏན་ཉེ་བའི་སྙིང་པོ་ཞེས་པ། སྔགས་དེ་ནི་ཡོན་ཏན་གྱི་སྙིང་པོ་སྟེ་ཡེ་ཤེས་ལྷ་ལྔ་ཉེ་བར་བསྙེན་པའོ། །མི་ཡེངས་མི་སྤུར་མི་འཁྱམས་ཞེས་པ། སེམས་གཞན་དུ་མི་ཡེངས་པ་ནི་འཕྲོ་བཅད་པའོ། །གཉིད་དབང་དུ་མི་སྤུར་བ་ནི་བྱིང་བ་གསེང་བའོ། །མི་འཁྱམས་པ་ནི་བྱ་བ་གཞན་དབང་དུ་མ་སོང་བ་སྟེ། མདོར་ན་བྱིང་རྒོད་དང་ཤེས་པ་མྱག་མྱོག་སྤང་བའོ། །ཏིང་འཛིན་བརྟན་པར་འགྱུར་བ་དེས། །ཞེས་པ་ནི་ཏིང་ངེ་འཛིན་སེམས་རྩེ་གཅིག་པའོ། ། བརྟན་པས་འདྲིས་པ་སྟེ་འགྱུར་བ་ནི་གོང་དུ་གནས་པས་སྒྲུབ་པའོ། །འབུམ་ཕྲག་གཅིག་ཏུ་བགྲང་བར་བྱ། །ཞེས་པ་ནི་གྲངས་ཀྱི་བསྙེན་པ་འབུམ་ཚོ་གཅིག་བཟླས་སོ། །ཤིན་ཏུ་ཉེ་བ་བྱས་པ་ནི། །ཞེས་པས་སྔགས་གོང་མ་ནི་ཡེ་ཤེས་ལྷ་ལྔ་ཉེ་བར་བསྙེན་པ་ཡིན་ལ། སྔགས་རིང་ནི་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་ཉེ་བར་བསྙེན་པའོ། །ཨཱོྂ་ས་མ་ཡ་མཉྫུ་ཤྲཱི་ནི་འཇམ་དཔལ་གྱི་སྔགས་སོ། །ཡ་མཱནྟ་ཀ་ནི་ཡབ་ཀྱི་སྔགས་སོ། །ཡ་མ་རཱ་ཛ་ནི་སྲས་ཀྱི་སྔགས་སོ། །མ་མ་ཨེ་ཀ་ཛཱ་ཏི་ཧཱུྃ་ཛཿཛཿནི་སྒྲོལ་བ་ཡུམ་གྱི་སྔགས་སོ། །ཏྲག་རཀྴ་ཁ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུན་ཛཿཛཿནི་ཁྲག་མིག་མའི་སྔགས་སོ། །ཁ་ལ་མ་ཧི་བྷྱོ་བྷྱོ་ནི་འཁོར་མ་མོའི་སྔགས་སོ། །ཡ་ཡ་ལོན་ཙིཏྟ་མ་མ་བྷྱོ་ཛཿནི་གཤིན་རྗེའི་སྔགས་སོ། །སྙིང་ཁ་རག་མོ་སྲོག་ལ་བྷྱོ་བྷྱོ་ནི་བསྐུལ་བའོ། །སྔགས་དེ་ནི་ནམ་མཁའ་ལ་སྤྲིན་འདུ་བའི་ཚུལ་དུ་བཟླས་ཏེ། ཁམས་གསུམ་གྱི་གནས་སྦྱངས་པས། རང་ལ་ཚེ་དང་དབང་ཐང་འདུ་བ་དང་། ལས་ཀྱི་གཤིིན་རྗེ་འཁོར་མ་མོ་དང་བཅས་པས་རང་ལ་ཐུན་མོང་གི་དངོས་གྲུབ་འདུ་བ་དང་། དུས་གསུམ་སངས་རྒྱས་ཀྱི་བཅུད་བསྡུས་པས། རང་ལ་མཆོག་གི་དངོས་གྲུབ་འདུ་བའོ། །སྟོང་ཚིག་གི་མཆོད་པ་བྱ་བ་ནི། སྟོང་སྟོང་ཐོན་ནས་མཆོད་བསྟོད་བྱ། །ཞེས་པ་སྔགས་དེ་བརྒྱ་ཚོ་བཅུ་བཅུ་ཐོན་ནས་སྨན་མཆོད་རེ་འབུལ། བསྟོད་པ་རེ་བྱ། གྲུབ་རྟགས་རྣམ་གསུམ་བྱུང་བ་དང་། །ཞེས་པ་ནི་རབ་ཡི་དམ་ལྷ་དང་གཤིན་རྗེའི་ཞལ་མཐོང་བ་ནི་ལོ་དུ་མར་བསྙེན་པའི་དབང་དུ་བྱས་པའོ། །འབྲིང་སྐུ་འགུལ་བ་ནི་གྲངས་ཀྱི་དབང་དུ་བྱས་པའོ། །ཐ་མ་སྒྲ་ཐོས་པ་ནི་ཟླ་བའི་དབང་དུ་བྱས་པའོ། །ཁོལ་དང་རླངས་དང་དུ་བ་འཐུལ། །བཞད་དང་འཛུམ་ན་དངོས་གྲུབ་བླང་། །ཞེས་པ། དངོས་གྲུབ་རང་ཉིད་བླང་བའི་དུས་སྨྲོས་པ་དེ་བུམ་པའི་ཁ་ལ་ཐོད་པ་མཚན་ལྡན་ནང་དུ་དཀར་གསུམ་མངར་གསུམ་ཆང་དང་བདུད་རྩིར་སྦྱར་ལ། རྟགས་རབ་ཁོལ། འབྲིང་རླངས་པ་ཐོན། ཐ་མ་དུད་པ་འཐུལ་བ་ནི་ལྷ་འགྲུབ་པའི་རྟགས་སོ། །མདུན་ཀྱི་ཐང་སྐུ་ལ་སྐུ་གཟུགས་རབ་བཞད་ཅིང་རྒོད། འབྲིང་འཛུམ། ཐ་མ་འོད་འབྱུང་བའོ། །དེ་ལ་སྒྲུབ་པ་པོ་རང་དངོས་གྲུབ་བླང་བ་ནི། མཐའ་མའི་ཛཿལ་འདི་བཏགས་བཟླས། །ཞེས་པ་ས་མ་ཡ་སྔགས་ཐུང་གི་ཛཿལ་ཚེའི་བསྙེན་སྔགས་འདི་བཏགས་ཏེ་བཟླས་པ་ནི། ཨ་ཡུཿཛྙཱ་ན་ཚེ་ཨ་པ་ན་ཡ་བྷྲཱུྂ་སྭཱཧཱ། ཞེས་པ་དེ་དགོང་དམར་ཐག་ཆད་པ་ནས་ནངས་པར་ཐོ་རེངས་བར་དུ་བཟླ་བར་བྱ་སྟེ། ཡ་མནྟ་ཀའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས། འདོད་ཁམས་ཀྱི་ཚེ་དགུག་པ་ནི། རྡོ་རྗེ་གདན་འོག་ནས་དམྱལ་བ་རྣམས་ཀྱི་ཚེ་དུ་ནག་པོ་དང་། གྲོང་ཁྱེར་སེར་སྐྱ་ནས་ཡི་དྭགས་རྣམས་ཀྱི་ཚེ་པྲེ་དམར་པོ་དང་། ཕྱིའི་མཚོ་ནས་དུད་འགྲོ་རྣམས་ཀྱི་ཚེ་ཏྲི་དུད་ཁ་རྣམས་འདུས་པ་ལས་ངན་སོང་གནས་བཅུ་སྦྱངས་སོ། །གླིང་བཞི་ན་གནས་པའི་མ་རྣམས་ཀྱི་ཚེ་ནྲྀ་ལྗང་གུ་དང་། རི་རབ་ཁོང་སེང་ན་གནས་པའི་ལྷ་མ་ཡིན་རྣམས་ཀྱི་ཚེ་སུ་སེར་པོ་དང་། རི་རབ་སྟེང་ན་གནས་བའི་ལྷ་རྣམས་ཀྱི་ཚེ་ཨ་དཀར་པོ་རྣམས་འདུས་པས་མཐོ་རིས་ཀྱི་གནས་བཅུ་སྦྱངས་སོ། །གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ཚེ་ཨཱོྂ་དུ་འདུས། གཟུགས་མེད་སྐྱེ་མཆེད་མུ་བཞིིའི་ཚེ་ཨཱཿར་འདུས། འདོད་ཁམས་གནས་རིགས་ཉི་ཤུའི་ཚེ་ཧཱུྃ་དུ་འདུས་ནས་རང་གི་དངོས་གྲུབ་ཀྱི་རྫས་ལ་ཐིམ་པ་ནི། ཁམས་གསུམ་གྱི་གནས་ནས་ཚེ་བཀུག་པའོ། །སྟེང་ལྷའི་སྲིད་པ་ལྷ་ཆེན་བརྒྱད་ཀྱི་ཚེ་ཡི་གེ་དྷེ་དང་། བར་ལྷ་སྲིན་སྡེ་བརྒྱད་ཀྱི་ཚེ་ཀྵེ་དང་། འོག་ཀླུའི་སྲིད་པ་ཀླུ་ཆེན་བརྒྱད་ཀྱི་ཡི་གེ་ནཱ་དང་། དེ་དག་འདུས་པ་ནི་སྲིད་གསུམ་གནས་ནས་ཚེ་བཀུག་པའོ། །འདས་མ་འོངས་ད་ལྟ་དུས་གསུམ་གྱི་ལྷ་སྲིན་རྣམས་ནི་ལག་ནས་ནྲྀ་ལྗང་གུ་འཕྲོག་པ་ནི་མཆོག་གསུམ་གནས་ནས་ཚེ་བཀུག་ནས་དངོས་གྲུབ་ཀྱི་རྫས་ལ་བསྟིམ་པའོ། །དེ་རྣམས་ཞུ་ནས་ཨཱོྂ་ཨཱཿཧཱུྃ་གིས་དངོས་གྲུབ་བླང་བ་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟར་སྐྱེ་འཇིག་མེད་པའི་དངོས་གྲུབ་ཐོབ་པ་ནི། བདག་ཚེ་ལ་དབང་བའི་རིག་འཛིན་གྲུབ་པའོ། །སློབ་མ་སྣོད་དུ་རུང་བར་བྱ་བ་བསྟན་པ་ནི། ཕྱི་ནང་གསང་བའི་དབང་མཆོག་ཡང་། །བུ་ལ་ལེགས་པར་འབོགས་པར་བྱ། །ཞེས་པ་ནི་སློབ་མ་ལ་དབང་རྒྱས་པར་བསྐུར་བ་དང་། འབྲིང་དུ་བསྐུར་བ་དང་། བསྡུས་པས་བསྐུར་བ་ལས། རྒྱས་པ་ནི་སློབ་མ་ཚོགས་པ་མང་པོ་ལ་བསྐུར་བ་སྟེ་དབང་ཆོག་རྒྱས་པ་ལྟར་ཤེས་པར་བྱའོ། །འབྲིང་དུ་བསྐུར་བ་ནི། དབང་སློབ་མ་འགའ་ལ་བསྐུར་བའོ། །བསྡུས་པ་ནི། སྒྲུབ་དབང་འདི་ལ་དོན་གསུམ་སྟེ། ཕྱི་བུམ་པའི་དབང་དང་། ནང་བདུད་རྩིའི་དབང་དང་། གསང་བ་བྱང་ཆུབ་སེམས་ཀྱི་དབང་ངོ་། །ཕྱི་བུམ་པའི་དབང་ནི་ལྔ་སྟེ། བུམ་པ་ཆུའི་དབང་མི་བསྐྱོད་པ་ནི། ཧཱུྃ། ཡེ་ཤེས་གཞལ་ཡས་བུམ་པ་ན། །འཇམ་དཔལ་གཤིན་རྗེའི་ལྷ་རྣམས་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །སྤྱི་ནས་བསྟིམ་ཞིང་དབང་བསྐུར་རོ། །ཨཱོྂ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་ཨཱཿ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ ཞེས་པས་མེ་ལོང་ཡེ་ཤེས་སོ། །དེ་ནས་ཅོད་པན་རིན་འབྱུང་དུ་བསྐྱེད་ལ་དབང་བསྐུར་བ། སྭཱ། ཐབས་དང་ཤེས་རབ་འབྲེལ་བ་ཡི། །སངས་རྒྱས་ཅོད་པན་མཛེས་པ་འདིས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །སྟོང་ཉིད་སྙིང་རྗེ་འབྲེལ་བར་ཤོག །ཨཱོྂ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཞེས་པས་མཉམ་ཉིད་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་སྣང་བ་མཐའ་ཡས་སུ་བསྐྱེད་ལ། ཨཱཿ སེམས་ཅན་ཀུན་གྱི་རྟག་པ་ན། །འཆི་བདག་གཤིན་རྗེ་བཅོམ་པའི་རྟགས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །མཚོན་ཕྱིར་ཁྱོད་ལ་དབང་བསྐུར་རོ། །ཨ་མ་རི་ཨ་ཡུ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་སོ་སོར་རྟོག་པའོ། །དྲིལ་བུ་དོན་གྲུབ་ཏུ་བསམ་ལ། ཧཱ། ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །ཐབས་དང་ཤེས་རབ་ལྡན་པ་ནི། །སྲིན་ལག་བགེགས་འཇུག་བསྲུང་བ་ཡི། །དྲིལ་བུ་བཟང་པོའི་དབང་བསྐུར་རོ། །བཛྲ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཞེས་པས་བྱ་གྲུབ་ཡེ་ཤེས་སོ། །མིང་བཏགས་ནས་རྣམ་སྣང་དུ་བསྒོམ། ཨཱོྂ། ཡ་མཱནྟ་ཀ་གང་ཡིན་པ། །དེ་ནི་འཕགས་པ་འཇམ་དཔལ་ཡིན། །དེ་ཉིད་བཅོམ་ལྡན་རྣམ་སྣང་མཛད། །སྐུ་ཡི་མཚན་གྱི་དབང་བསྐུར་རོ། །ཨཱོྂ་ན་མཿཆྒཻ་མོ་ཨ་བྷི་ཥིིཉྩ་མཾ། ཞེས་པས་ཆོས་དབྱིངས་ཡེ་ཤེས་སོ། །དེ་ཡང་བུམ་ཆུས་བག་ཆགས་བཀྲུས། ཅོད་པན་གྱིས་བདུད་བཏུལ། དྲིལ་བུས་ཆོས་སྟོན། རྡོ་རྗེས་འཆི་བདག་བཅོམ། མིང་གིས་བར་དོར་ལྷ་སྐུ་མཐོང་བར་རིག་གོ། །ནང་བདུད་རྩིའི་དབང་ནི། ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་སྦྱར་ལ། ཡི་གེ་ཙ་ལས། ཙཀྲ་མཎྜལ་ཞེས་པས་རོ་རས་ལ་བྲིས་པའི་འཁོར་ལོ་ལྷར་གྱུར་ནས་ཞུ་བར་བསམ་སྟེ། ལག་པ་གཡས་སུ་བེ་ཅོན་སྦྱིན། གཡོན་དུ་ཐོད་པ་སྦྱིན་ལ། ཧཱུྃ། རླུང་དང་ཆུ་ཡི་བར་དག་ན། །ལས་ཀྱི་འཆི་བདག་གནས་པ་ཀུན། །དམ་རྫས་བདུད་རྩིས་དམ་ལ་ཐོགས། །ཡེ་ཤེས་བེ་ཅོན་སྙིང་གར་གཟིར། །བྲན་དུ་བྱས་ནས་བསྟན་པ་སྲུངས། དེང་འདིར་ཁྱོད་ལ་དབང་བསྐུར་བས། །སངས་རྒྱས་ཀུན་གྱི་བྱིན་གྱིས་རློབས། །ལས་ཀྱི་བདག་པོར་དབང་བསྐུར་རོ། །ཡ་མ་ཨ་མྲྀ་ཏ་ཧཱུྃ་ཞེས་བདུད་རྩི་བཏུང་བ་ནི། བརྟུལ་ཞུགས་ཀྱིས་ལྷ་སྲིན་བྲན་དུ་བྱས་པའོ། །གསང་བ་བྱང་ཆུབ་སེམས་ཀྱི་དབང་ནི། དང་པོ་བླ་མ་དང་ཡུམ་སྦྱོར་ལ་སློབ་མའི་ལྕེའི་སྟེང་དུ་ཁུ་བ་བཞག་པ་ནི། ཧཱུྃ། ཐུགས་ཀྱི་ཁུ་བ་བྱང་ཆུབ་སེམས། །ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིན། །ཁྱོད་ཉིད་སྲས་མཆོག་དམ་པ་སྟེ། །མན་ངག་ཀུན་ལ་དབང་ཐོབ་ཤོག །ཨཱོྂ་བོ་དྷི་ཙིཏྟ་ཧཱུྃ་ཞེས་པས་གསང་བའི་དབང་ངོ་། །དེ་ནས་ཡུམ་སློབ་མ་ལ་གཏད། འདི་ནི་ཡུམ་ཆེན་བེ་ཏ་ལི། །ཁྱོད་ནི་ཡ་མཱནྟ་ཀ་སྟེ། །བདེ་བ་བཞི་པོ་ཉམས་སུ་ལོངས། །དེང་འདིར་ལྷན་སྐྱེས་ཐོབ་པར་ཤོག །མ་ཧཱ་སུ་ཁ་ཧཱུྃ་ཞེས་བདེ་བ་བཞི་ངོས་བཟུང་ངོ་། །དེ་ནས་ཡུམ་དང་བླ་མ་སློབ་མ་རྣམས་གདམས་ངག་བསྒོམ་སྟེ། ཨཱོྂ། རླུང་ནི་བཞོན་པའི་རྟ་ཡིན་ཏེ། །བདེ་བ་ཁུ་བའི་ཐིག་ལེ་ཉིད། །སྤྲོས་བྲལ་ཡ་མཱནྟ་ཀ་ཉིད། །ཆོས་སྐུ་ཐིག་ལེ་ཆེན་པོར་བསྒོམ། །ཞེས་བདེ་བ་ཆེན་པོའོ། །དེ་ལྟར་ན་བུམ་དབང་གིས་ཡེ་ཤེས་ལྔར་དབང་བསྐུར་རོ། །བདུད་རྩིས་ལས་ཀྱི་གཤིན་རྗེ་ཁོལ་ལོ། །བྱང་སེམས་ཀྱིས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པའོ། །འདིར་རྒྱུའི་དུས་ན་བླ་མ་ལས་ཐོབ། འདི་ཉམས་སུ་བླངས་ན་འབྲས་བུ་སྐུ་གསུང་ཐུགས་ཐོབ་པར་བྱེད་པ་ཡིན་ནོ། །བུ་ལ་ལེགས་པར་འབོགས་པར་བྱའོ། །ཞེས་པ་ནི། སློབ་མ་ལ་གདམས་ངག་གདབ་པས་ཏེ། བུམ་དབང་གིས་ལུས་ཀྱི་དྲི་མ་དག །གསང་དབང་གིས་ངག་གི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཀྱི་དྲི་མ་དག །བདེ་བ་ཆེན་པོས་དྲི་མ་ཀུན་དག་པ་ནི། དངོས་སུ་མ་དག་ཀྱང་ད་ལྟ་ས་བོན་ཀྱི་ཚུལ་དུ་བཞག་ནས། བསྐྱེད་རིམ་དུ་དབང་ལམ་བསྒོམ་པ་ནི། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པས། འབྲས་བུའི་དྲི་མ་དག་པར་གྱུར་ནས་གཤིན་རྗེ་ཉིད་འགྲུབ་བོ། །བདག་ཉིད་དངོས་གྲུབ་ཐོབ་པ་དང་། །བདག་གཞན་ཕྲིན་ལས་ལྷུན་གྱིས་གྲུབ། །ཞེས་པ་ནི། ཉེ་བསྙེན་གྱི་དགོངས་པ་སྟེ་རྣལ་འབྱོར་བ་བདག་དངོས་གྲུབ་བླང་། སློབ་མ་ལ་དབང་བསྐུར་ནས། དེ་ལྟར་བདག་ཉིད་ཡ་མཱནྟ་ཀའི་དངོས་གྲུབ་ཐོབ་པ་དང་། བདག་དོན་སངས་རྒྱས་པ་དང་། གཞན་དོན་ཕྲིན་ལས་འགྲུབ་པའོ། །དེ་ཡང་དགྲ་བགེགས་འདུལ་བའི་དོན་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པའོ། །དེ་ཡན་ཆད་རྣལ་འབྱོར་པ་ཀུན་གྱིས་བསྒྲུབ་སྟེ། བསྙེན་པ་དུས་འདི་ནས་སངས་རྒྱས་ཀྱི་བར་དུ་བསྙེན་པས་ན། མཚམས་མ་བཅད་པར་རྒྱུན་བསྙེན་དུ་བྱའོ། །ཉེ་བའི་བསྙེན་པ་དངོས་གྲུབ་བླང་བ་དང་། དབང་བསྐུར་བའི་ཕྱིར་ལོ་རེ་ལ་སྒྲུབ་པ་ཞག་གྲངས་སུ་དམ་བཅས་ལ་བྱའོ། །དེ་ནས་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དགྲ་ལངས་ན་དགོས་ལ། མ་ལངས་ན་མི་དགོས་སོ། །སྒྲུབ་པ་ལ་གཉིས་ཏེ། མཚམས་སྦྱར་ཞིང་ཤན་དབྱེ་བ་མདོར་བསྟན་པ་དང་། དངོས་སོ། །དང་པོ་བསྟན་པའི་ཕྱིར་ན་དེ་ལ་གསུམ་སྟེ། འོད་དངོས་དང་། སྟོད་ཡེ་ཤེས་ལྷ་བསྒྲུབ་པ་གནས་པ་དོན་གྱི་འཁོར་ལོ་དང་། སྨད་དྲག་པོ་མཐུ་བསྒྲུབ་པ་གཅོད་པ་དྲག་པོའི་འཁོར་ལོ་བསྟན་པའོ། །འོད་དངོས་བསྟན་པ་ནི། ཏིང་འཛིན་ཉམས་སྟོབས་རྙེད་པ་ཡིས། །ཞེས་པ་ལ་སོགས་ཏེ་འདི་ལ་འཇུག་པའི་ཚད་བསྟན་ཏེ། དེ་ལྟར་བསྙེན་པས་རང་ཉིད་ཏིང་ངེ་འཛིན་ཉམས་སུ་མྱོང་བས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས། ཉེ་བར་བསྙེན་པས་རང་དངོས་གྲུབ་ཉམས་སུ་མྱོང་། །སློབ་མར་དབང་བསྐུར་བའི་སྣོད་དུ་རུང་བས། དཔོན་སློབ་གཉིས་ཀ་སྟོབས་རྙེད་པས་ལས་བྱའོ། །དོན་རྣམས་བདག་གཞན་ཕྲིན་ལས་བརྩམ། །ཞེས་པ་ཡ་མཱནྟ་ཀའི་དོན་རྣམས་བསྒྲུབ་ན། བདག་དོན་དུ་གནས་པའི་འཁོར་ལོ་རང་ཉིད་གཤིན་རྗེའི་གཤེད་དུ་ཤེས་པར་བྱས། །གཞན་དོན་དུ་ཕྲིན་ལས་གཅོད་པའི་འཁོར་ལོ་བསྐོར་བར་བྱའོ། །འཇམ་དཔལ་གཤིན་རྗེ་གཤེད་པོ་ལ། །དོན་རྟགས་གཉིས་སུ་བསྟན་པ་ལ། །ཞེས་པ་མདོར་བསྟན་པའི་དངོས་པོ་ཞི་བའི་དུས་ན་འཕགས་པ་འཇམ་དཔལ་ལ། ཁྲོ་བོའི་དུས་ན་གདུག་པ་འདུལ་བའི་དོན་དུ་གཤིིན་རྗེའི་གཤེད་པོར་གནས་པར་གྱུར་པ་དེ་ལ། སྤྱིར་མཚོན་བྱ་དོན་གྱི་འཁོར་ལོ་དང་། མཚོན་བྱེད་རྟགས་ཀྱི་འཁོར་ལོ་གཉིས་སུ་བསྟན་ཏེ། དོན་གྱི་འཁོར་ལོ་གནས་པའི་འཁོར་ལོ་སྟེ། །ཞེས་པ་གནས་པའི་འཁོར་ལོ་སེམས་ཉིད་དེ། དེ་ལ་འཁོར་འདས་ཀུན་གནས་པའོ། །དེ་ནི་འཇམ་དཔལ་གྱི་ཐུགས་ཡང་དག་པའི་ཡེ་ཤེས་སོ། །རྟགས་ནི་འཁོར་ལོ་གསུམ་དུ་བསྟན། །ཞེས་པ་སྲིད་པའི་འཁོར་ལོ་ཁམས་གསུམ་སེམས་ཅན་རྣམས་དང་། །གཅོད་པའི་འཁོར་ལོ་མཚན་མ་རྫས་ལ་བརྟེན་པ་སྟེ་ལས་ཀྱི་གཤིན་རྗེའི་ཕྱག་མཚན་དང་། སྤྲུལ་པའི་འཁོར་ལོ་སྔགས་རྫས་ཏིང་ངེ་འཛིན་ལས་བསྐྱེད་པ་རྣམས་སོ། །བསྟོད་ཡེ་ཤེས་ལྷ་བསྒྲུབ་པ་གནས་པ་དོན་གྱི་འཁོར་ལོ་ནི། ང་ཉིད་འཇམ་དཔལ་གཤིན་རྗེ་ལ། །ཐམས་ཅད་གནས་པའི་བདག་ཉིད་དེ། །ཞེས་པ་བདག་ཉིད་སྐུ་གསུང་ཐུགས་འཇམ་དཔལ་འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་གྱུར་པའི་གཤིན་རྗེ་དེ་ལ་འཇམ་དཔལ་གྱི་ཐུགས་ལ་འཁོར་འདས་ཐམས་ཅད་གནས་པའི་བདག་ཉིད་ནི། སངས་རྒྱས་ཀྱི་ཐུགས་སྐུ་གསུམ་ཡེ་ཤེས་ལྔ་དང་སེམས་ཅན་གྱི་སེམས་དུག་གསུམ་དང་ཉོན་མོངས་པ་ལྔ་ཡང་དོན་གཉིས་སུ་མེད་པར་གནས་སོ། །དེ་ལ་འཁོར་བ་ལ་གནས་པ་ནི། འཁྲུལ་གཞི་འཁོར་བ་མ་ལུས་པ། །ཞེས་པ། འཁྲུལ་གཞི་ནི་མ་རིག་པ་ཡིན་ཏེ། སེམས་ཉིད་བདེ་གཤེགས་སྙིང་པོར་ངོ་མ་ཤེས་པའོ། །འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཏེ། འདོད་ཁམས་གནས་རིགས་ཉི་ཤུ་ངག་གི་ལས་གཙོ་ཆེ་བ་སྟེ་ངག་འདོད་ཁམས་ལ་ལྟོས། གཟུགས་ཁམས་གནས་རིགས་བཅུ་བདུན་ལུས་བོང་ཆེ་བ། གཟུགས་མེད་སྐྱེ་མཆེད་མུ་བཞི་སེམས་ལ་ལྟ་བའོ། །གནས་པ་ཉིད་དེ་དེ་ཡིས་སྦྱངས། །ཞེས་པ། ཁམས་གསུམ་འཁོར་བ་སྲིད་པའི་འཁོར་ལོ་ཡང་རང་སེམས་ལ་གནས་པས་ཡ་མཱནྟ་ཀར་བསྒོམས་ལ་གནས་པའི་འཁོར་ལོའི་བག་ཆགས་སྦྱང་ངོ་། །སྐུ་གསུམ་དོན་ལྡན་དབྱེར་མེད་གནས། །ཞེས་པ། འཁོར་ཡང་སྐུ་གསུམ་གྱི་དོན་དང་ལྡན་ཏེ། སེམས་ཆོས་སྐུ། ངག་ལོངས་སྐུ། ལུས་སྤྲུལ་སྐུའི་དོན་དང་ལྡན་པས་ན་འཁོར་འདས་ཡེ་ནས་དབྱེར་མེད་དུ་གནས་པའོ། །དེ་ཡང་གཞི་ཐམས་ཅད་གནས་པའི་བདག་ཉིད། ལམ་དུ་གནས་པ་དེ་དེས་སྦྱང་། འབྲས་བུ་སྐུ་གསུམ་གྱི་དོན་ལྡན་པ་ཡིན་པས་གཞི་ལམ་འབྲས་བུར་དབྱེར་མེད་དོ། །མ་རྟོགས་པ་ལ་འཁོར་འདས་སུ་ཕྱེ་ན། འདས་པ་ཉིད་འཇམ་དཔལ་གཤིན་རྗེའི་གཤེད། འཁོར་བ་ནི་འཁྲུལ་གཞི་འཁོར་བ་མ་ལུས་ཀུན་ནོ། །འདིར་བླ་མའི་མན་ངག་གིས་འཁོར་ལོའི་གདམས་པ་ལ་ལྔ་སྟེ། འཁོར་ལོའི་ངོ་བོ་དང་། འཁོར་ལོའི་ངེས་ཚིག་དང་། འཁོར་ལོའི་དབྱེ་བ་དང་། འཁོར་ལུགས་དང་། འཁོར་ལོའི་མཐུན་དཔེའོ། །འཁོར་ལོའི་ངོ་བོ་ནི་བཞི་སྟེ། གནས་པའི་འཁོར་ལོ་ན་གཟུང་འཛིན་མེད་པའི་དོན་ཐུགས་ཀ་ན་གནས་ཏེ་ལྟེ་བར་བྱུང་བའོ། །སྲིད་པའི་འཁོར་ལོ་ནི་སྲིད་པ་གསུམ་ལྟོ་བ་ན་གནས་པ་སྟེ་ལོངས་སྤྱོད་དུ་བྱུང་བའོ། །སྤྲུལ་པའི་འཁོར་ལོ་ནི་ཐུབ་དྲུག་ཞེས་པ་རིགས་དྲུག་ན་གནས་པ་དེ་སྤྲུལ་པ་སྟེ་ཆོ་འཕྲུལ་དུ་བྱུང་བའོ། །གཅོད་པའི་འཁོར་ལོ་ནི་ལས་བཅུ་ཕྱག་མཚན་དུ་གནས་པ་སྟེ་ཕྲིན་ལས་སུ་བྱུང་བའོ། །འཁོར་ལོའི་ངེས་ཚིག་ནི། ཅིའི་ཕྱིར་ན་འཁོར་ལོ་ནི་འཁོར་བས་ན་འཁོར་ལོ་སྟེ། གནས་པ་ཞེས་པ་ན་དབྱེ་སྔགས་སོ། །ལིང་ག་ལྷ་དང་ཕྲལ་ནས་གནས་སུ་དགོད་པ་བསྟན་པ་ནི། ཕྱི་ནས་སྐུད་པ་སྔོ་དམར་གདགས། །ཞེས་པ། དགྲ་བོ་ལྷ་དང་དབྱེ་ནས། ལྷོ་ནུབ་ཏུ་བྲུབ་ཁུང་དུ་ཉ་བོ་དང་འཁོར་ལོ་སྐུད་པ་སྔོ་དམར་གྱིས་སྦྲེལ་ལོ། །གདབ་ཕུར་ལྷོ་རུ་བཞག་སྟེ་བཏགས། །ཞེས་པ་གདབ་ཕུར་ཡ་མ་རཱ་ཛའི་ཕུར་པ་ལྷོར་བཞག་ལ། དེ་ལ་འཁོར་ལོའི་སྐུད་པ་སྔོ་དམར་སྣེ་གཅིག་བཏག་གོ། །གཏོར་མ་བདག་དང་གསུམ་དུ་བཟུང་། །ཞེས་པ་སྐུད་པ་གཅིག་གཏོར་མར་བཏག །གཅིག་བདག་ཉིད་ཀྱིས་གཟུངས་ཐག་བྱས་ནས་བཟུང་ངོ་། །གནོན་ཕུར་བྱང་དུ་བཞུགས་ནས་ནི། །ཞེས་པ། བྱང་དུ་ཕུར་པ་གཅིག་མི་གཡོ་མགོན་པོར་བསྒོམ་ལ། མཇུག་མནན་ཕུར་བྱའོ། །དཀྱིལ་འཁོར་དུ་རྫས་དགོད་པ་བསྟན་པ་ནི། སྤྱན་རྟེན་རྒྱན་རྫས་ལེགས་པར་དགྲམ། །ཞེས་པ། དམིགས་རྟེན་ཐང་སྐུ་འཁོར་ལོའི་སྟེང་དུ་དགྲམ་མོ། །མཆོད་རྫས་ལྷ་བཤོས་དང་གཏོར་མ་བརྒྱད་བཀོད་དོ། །ལྷ་བཤོས་དང་གཏོར་མ་རེ་རེ་ཕྱོགས་གཉིས་གཉིས་སུ་ལས་ཀྱི་མི་བརྒྱད་ལ་བསྔོའོ། །མཆོད་རྫས་ཤ་ཆེན་དང་། ཚིལ་ཆེན་དང་། གསུར་ཆེན་གྱི་དུད་པ་དང་། རྫ་རྔ་ཡང་བཀོད་དོ། །དེ་ལྟར་སྒྲུབ་པ་རྫོགས་ནས་ལས་ལ་སྦྱོར་བའོ། །སྒྲུབ་པ་ཆེན་པོ་ལ་གསུམ་སྟེ། ཕྱི་ལྟར་རོ་རས་ལ་བསྐོར་བ་དང་། ནང་ལྟར་ཐོད་པ་ལ་བསྐོར་བ་དང་། གསང་བ་ལྟར་སྔགས་བཀླག་དཀྲུག་ཀྱང་སྣང་། པའོ། །དང་པོ་ལ་དྲུག་སྟེ། དགོས་པ་དཔེ་དང་བཅས་པ་དང་༡། བསྐོར་ཐབས་མདོར་བསྟན་པ་དང་༢། བསྐོར་བ་དངོས་དང་༣། ལས་ཀྱི་མཐའ་སྡུད་དང་༤། དཀྱིལ་འཁོར་བསྡུ་བ་དང་༥། ལོག་འཁྱམས་ཀྱི་གདམས་ངག་བསྟན་པའོ་༦། །དགོས་པ་དཔེ་དང་བཅས་པ་ནི། དྲག་པོའི་འཁོར་ལོ་བསྐོར་འདོན་ན། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །དབང་བསྐུར་རྟག་ཏུ་མཆོད་ཅིང་བསྙེན། །ཞེས་པ་ནི། རང་ནུས་པ་དང་ལྡན་པར་བྱ་བ་བསྟན་ཏེ། ལས་སྦྱོར་དུ་མ་ཡོད་ཀྱང་འདིར་དྲག་ལས་ཀྱི་འཁོར་ལོ་བསྐོར་འདོད་ན། ནུས་ཅན་དྲག་པོའི་སྔགས་དང་། བསམ་བྱེད་ཏིང་འཛིན་དང་། འགུགས་པའི་ཕྱག་རྒྱས་ཏེ། དེ་ཡང་སྔགས་ཀྱིས་ངག་ལས་སུ་རུང་བར་བྱེད། ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བར་བྱེད། ཕྱག་རྒྱས་ལུས་ལས་སུ་རུང་བར་བྱེད་པས་ན། དེ་གསུམ་གྱིས་བདག་ལ་དབང་བསྐུར་བས། རྟག་ཏུ་མཆོད་བསྟོད་བསྙེན་པ་བྱ་བའོ། །ཐུགས་རྗེས་ཅེས་དགྲ་བོའི་རྣམ་ཤེས་ནྲྀ་ལྗང་གུ་འགུགས་པའོ། །ཡང་ན་དགུག་པ་ནི། ལས་ཀྱི་གཤིན་རྗེ་འཁོར་ལོ་ལ་ཐིམ། ཕྱི་སྒྲ་དང་བཅས་པ་ནི། ལས་ཀྱི་གཤིན་རྗེ་རྣམས་ཀྱིས་སྔགས་སྒྲ་དང་བཅས་པས་དགྲ་བོའི་རྣམ་ཤེས་དགུག་པའོ། །དགྲ་འཛབ་དེ་ཡིས་དགུགས་པར་བྱ། །ཞེས་པ་དེ་ལ་དགྲ་འཛབ་ཞེས་བྱ་སྟེ། ལྷ་འཛབ་སྒྲུབ་སྔགས་ལ་གདགས་སོ། །ཆྒཻ་མོ་དཪྴ་ཡ་ཧཱུྃ་ཕཊ། དགུགས་པའི་སྔགས་སོ། །ཨ་ཀཪྴ་ཡ་ཛ་ཛཿ གཟུགས་ལ་དབབ་སྟེ་ཐིམ་པའོ། །སྟྭམྦྷ་ཡ་ཧཱུྃ་ཕཊ། རེངས་པར་བྱེད་དེ་འབྲོས་མི་ནུས་པའོ། །དགུགས་པ་དང་། གཟུགས་ལ་དབབ་པ་དང་། རེངས་པར་བྱེད་པ་རྣམས་ཐུན་བར་དུ་བྱའོ། །ངེས་པར་ཁུག་ནས་དུད་པས་བདུག །ཞེས་པ་ནི་ལྷ་དང་དབྱེ་བ་སྟེ་གུ་གུལ་དང་། ཡུག་ས་མོའི་དོར་རྟ་དང་རམ་གྱི་ཕྱི་མོ་རྣམས་སོ། །སྒྲུབ་ཁང་གི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པའི་ནང་དུ་ཁའི་དུད་པའི་མེ་ལ་ལིང་ག་བདུག་པའོ། །ཨཱོྂ་བཛྲ་དུན་བྷྱོ་ཡཀ་ཤ་ཏིག་སྣ་ཛཿཛཿས་མ་ཡ་སྟྭཾ། ཞེས་བརྗོད་ལ་དུད་པས་བདུག་གོ། །ཉེ་འབྱེད་སྒྲོ་ཡིས་བཅད་ནས་ནི། །ཞེས་པ་ལྷ་དང་ཕྲལ་ནས་མི་འཕྲད་པར་བྱ་བའི་རྫས་ནི། བྱ་རོག་གི་དང་རུ་གཡས་པ་དང་། འུག་པའི་གུང་སྒྲོ་གཡོན་པ་ལ། མིང་རུས་བཅིང་ལ་དབྱེ་བའི་རྫས་བསྲེག་ཅིང་བདུག་ལ་སྒྲོ་གཉིས་ཀྱིས་བྱབ་བོ། །བྱ་རོག་དང་འུག་པ་མི་མཐུན་པ་ནི། ལྷ་དང་ལྷ་མ་ཡིན་གྱི་ཕོ་ཉར་མངགས་པ་ཡིན་ཏེ། ལྷའི་རྒྱལ་པོ་ཚངས་པ་དང་དབང་པོ་བརྒྱ་བྱིན་གྱིས་ཆ་གསུམ་དྲན་པར་བྱེད་པ་ཚངས་པའི་བྱ་མཁའ་ལྡིང་བྱ་རོག་མངགས། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་ཀྱིས་སྣ་ཚོགས་བུས་མཐོང་འུག་པ་མངགས་པས། རི་རབ་རྩེ་ལ་དཔག་བསམ་གྱི་ཤིང་ཡོད་པའི་ཡལ་ག་ལ་འཚོགས་ནས་འཐབ་སྟེ་བྱ་རོག་ཞན་ན་ལྷ་མ་ཡིན་རྒྱལ། འུག་པ་ཞན་ན་ལྷ་རྒྱལ་ཏེ་མངགས་པ་ལས་ཀྱི་ཕོ་ཉའི་སྒྲོ་ཡིན་པས། སྒྲོ་དེ་གཉིས་ལ་བྱ་རོག་སྒྲོ་ལ་ལྷ་ལྔའི་སྙིང་པོ་ཨ་བྲི། འུག་པའི་སྒྲོ་ལ་མིང་དང་ནྲྀ་བྲི། དེ་ཡང་ཤོག་བུ་ལ་བྲིས་ལ་བཏག་གོ། །ལྷ་མི་གཉིས་འབྱེད་པར་བྱེད་དོ། །ཤགས་དང་མ་ཉེས་བརྗོད་བྱ་ཞིང་། །ཞེས་པ་དཔང་འཛུག་པར་རྟེན་རྡེའུ་ནག་པོ་ལ་དགྲ་ཉེས་པའི་ཤགས་རྣམས་བརྗོད་ལ། ལྷ་འདྲེ་ལ་དཔང་འཛུག །རྡེའུ་དཀར་པོ་ལ་རང་མ་ཉེས་པའི་སྟངས་བརྗོད་ལ་ཡི་དམ་དང་སྲུང་མ་ལ་བདེན་པ་བདར་རོ། །རབ་ཏུ་གནག་ཅིང་དབྱེ་བར་བྱ། །ཞེས་པ་ནི། རང་སེམས་གནག་པ་ནན་ཏུར་དང་བཅས་ནས་དགྲ་བོ་ལྷ་དང་དབྱེའོ། །ཨ་ཏྲི་ཏྲག་མཱ་ར་ཡ་ཕྱེ་ཡ། སྤྲུལ་པའི་འཁོར་ལོའི་དཔེ་ནི་སྒྱུ་མ་མཁན་དང་འདྲའོ། །གཅོད་པའི་འཁོར་ལོའི་དཔེ་ནི་ཤིང་མཁན་གྱི་ལས་ཐམས་ཅད་པའི་འཁོར་ལོ་དང་འདྲའོ། །སྨད་དྲག་པོས་མཐུ་སྒྲུབ་གཅོད་པ་དྲག་པོའི་འཁོར་ལོའི་བཅའ་ཐབས་གཞན་ནས་གསལ། དགྲ་བོའི་སྙིང་པོ་ནས་དྲངས་ཤིང་ལྷ་དང་དབྱེ་བ་ནི། སྲོག་གཤེད་སྙིང་པོ་དྲངས་ནས་ནི། །ཞེས་པ་རས་ཀྱི་འཁོར་ལོ་ལ་གཤིན་རྗེ་ཁུགས། ཐོད་པ་ལ་འཆི་བདག་ཁུགས་ནས། དགྲ་བོའི་སྲོག་གཤེད་འཆི་བདག་སྔགས་དང་དགྲ་འཛབ་བགྲངས་ནས་སོ། །ལྷ་གང་གིས་སྐྱོབ་ངོས་བཟུང་བ་བསྟན་པ་ནི། རྒྱབ་བརྟེན་ལྷ་ལྔ་གང་ཡིན་པ། །ཞེས་པ་མ་ལྷ་དང་། ཡུལ་ལྷ་དང་། ཞང་ལྷ་དང་། སྲོག་ལྷ་དང་། ལེའུའི་ལྷ་དང་ལྔའོ། །ཉམས་དང་རྨི་ལམ་དངོས་སུའམ། །ཏིང་འཛིན་དགོངས་པས་དབྱེ་བར་བྱ། །ཞེས་པ་རང་གི་ཉམས་ལ་རྟགས་མཚན་ནི། གཡག་དཀར་པོ་ལྟ་བུས་ཡོང་དུ་མི་སྟེར་ན་ཡུལ་ལྷས་བསྲུང་བ་ཡིན་ནོ། །ཞང་བློན་ལྟ་བུས་གྲོགས་བྱེད་ན་ཕོ་ལྷས་བསྲུང་བའོ། །བུད་མེད་ལྟ་བུས་གྲོགས་བྱེད་ན་མོ་ལྷས་བསྲུང་བ་ཡིན་ནོ། །ཤ་བ་ལྟ་བུས་བསྲུང་ན་ཞང་ལྷས་བསྲུང་བ་ཡིན། ཁྲ་སྤྱང་གིས་བསྲུང་ན་སྲོག་ལྷ་ཡིན། བནྡྷེས་བསྲུང་ན་ལེའུའི་ལྷ་ཡིན། ཡུལ་ལྷ་བུད་མེད་དོར་རྟས་དབྱེ། ཞང་ལྷ་ར་གཞོབ། ཕོ་ལྷ་གུ་གུལ། མོ་ལྷ་རམ་གྱི་ཕྱི་མོས་དབྱེ། སྲོག་ལྷ་གསུར་ཆེན་དུད་པས་དབྱེ། ལེའུ་ལ་ཨ་མྲྀ་ཏས་དབྱེའོ། །ནང་འགུགས་པ་དང་བཅས་ཏེ་དྲངས་པ་ནི། ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀ་ལ་རཱུ་པ་ནི། ཨ་ཀཪྴ་ཡན་ཧཱུྃ་ཧཱུྃ་ཕཊ། ཅེས་འགུགས་སྔགས་སོ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བསྙེན། །ཞེས་པ་ནི་དམིགས་པ་ཏིང་ངེ་འཛིན་ནི། བདག་ཡ་མཱནྟ་ཀར་གསལ་བའི་ཐུགས་ཀ་ན་ཡེ་ཤེས་སེམས་དཔའ་མཐིང་ག །གཡས་བེ་ཅོན་གཡོན་ཞགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་ན་རྡོ་རྗེ། དེའི་བུམ་པའི་ཧཱུྃ་ལས་འོད་འཕྲོས། ལས་ཀྱི་གཤིན་རྗེ་བཀུག །དེས་དགྲ་བོ་རླུང་གི་དཀྱིལ་འཁོར་སྟེང་དུ་བཞག་ནས་མདོག་ཧམ་སྐྱ་ལ་སྐྲ་གྲོལ་བ། ཁ་ན་ཁྲག་སྐྱུག་པ་གཅིག་བཀུག་ལ་བསྟིམ་མོ། །བརྗོད་པའི་སྔགས་སྒྲུབ་སྔགས་ལ་གདགས་སོ། །བཅའ་བའི་ཕྱག་རྒྱ་ལྕགས་ཀྱུའི་ཕྱག་རྒྱའོ། །ཕྱི་སྒྲ་དང་བཅས་ཏེ་དྲངས་པའི་སྔགས་ནི་དགྲ་བོའི་སྙིང་པོ་ནས་དྲངས་པ་སྟེ། ནྲྀ་མཱ་ར་ཡ། མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་བམ་རིལ། དུམ་བུ་དུམ་བུ་ཧཱུྃ་ཕཊ། དོན་གྱི་འཁོར་ལོ་ཆོས་ཉིད་མ་བཅོས་པ་མ་རྟོགས་སྲིད་པར་འཁོར་བ་གདུལ་བྱ་ལ་འདུལ་བྱེད་སྤྲུལ་པར་འཁོར་བས་འཁོར་ལོ། །འདུལ་ཐབས་གཅོད་པས་འཁོར་བས་འཁོར་ལོ་ཞེས་བྱའོ། །འཁོར་ལོའི་དབྱེ་བ་ནི་བཞི་སྟེ། གནས་པ་དོན་གྱི་འཁོར་ལོ་དང་། སྲིད་པའི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་དང་། གཅོད་པའི་འཁོར་ལོའོ། །གནས་པའི་འཁོར་ལོ་གཞི་ཡིན་ཏེ། གཞི་འཁོར་འདས་དབྱེར་མེད་ནི། ཡ་མཱནྟ་ཀའི་ཐུགས་སུ་གནས། སྲིད་པའི་འཁོར་ལོ་མ་རྟོགས་ཏེ་ཁམས་གསུམ་སྲིད་གསུམ་དུ་འཁོར། སྤྲུལ་པའི་འཁོར་ལོ་འདུལ་བྱེད་ཡིན་ཏེ། ཐུབ་དྲུག་སྤྲུལ་པ་ལ་སོགས་པ་ཐུགས་རྗེའི་བྱེ་བྲག་ཐ་དད་པའོ། །གཅོད་པའི་འཁོར་ལོ་འདུལ་ཐབས་ཡིན་ཏེ། ཕྲིན་ལས་འགྲོ་བ་དང་མཐུན་པར་འདུལ་བའོ། །འཁོར་ལུགས་ནི་དབྱེ་བའི་ཚིག་དྲུག་དང་སྦྱར་ཏེ། དཔེ་དང་། དོན་དང་། གནས་དང་། རྒྱུ་དང་། རྐྱེན་དང་། འབྲས་བུའོ། །དཔེ་གང་དང་འདྲ་བར་འཁོར་ན། ནམ་མཁའ་དང་འདྲ་བར་ཅིར་ཡང་སྣང་ཞིང་ཅིར་ཡང་སྲིད་པར་འཁོར། དོན་གང་འཁོར་ན་སེམས་ཉིད་རྟོགས་མ་རྟོགས་ཀྱི་བྱེ་བྲག་ཏུ་འཁོར། གནས་གང་དུ་འཁོར་ན། གནས་པ་སྤྲུལ་པ་གཅོད་པར་འཁོར། རྒྱུ་རྐྱེན་གང་གིས་འཁོར་བ་ནི་གཞི་གནས་པའི་རྒྱུ་རྐྱེན་དང་། སྲིད་པའི་རྒྱུ་རྐྱེན་དང་། སྤྲུལ་པའི་རྒྱུ་རྐྱེན་དང་། གཅོད་པའི་རྒྱུ་རྐྱེན་ནོ། །གནས་པའི་འཁོར་ལོའི་རྒྱུ་ནི། རང་བྱུང་ཡེ་ཤེས་སོ། །མ་བཅོས་དོན་གྱི་རྣལ་མའི་དོན་རྟོགས་པའོ། །རྐྱེན་དེ་ཉིད་ཀྱི་ཏིང་ངེ་འཛིན་གོམས་པར་བྱེད་པའོ། །སྲིད་པའི་འཁོར་ལོའི་རྒྱུ་མ་རིག་པའོ། །རྐྱེན་ལས་དང་ཉོན་མོངས་པའོ། །སྤྲུལ་པའི་འཁོར་ལོའི་རྒྱུ་སེམས་ཉིད་ཅིར་ཡང་སྤྲུལ་པའི་ཆོ་འཕྲུལ་རྟོགས་པའོ། །རྐྱེན་རྒྱུའི་ཏིང་ངེ་འཛིན་གོམས་པར་བྱེད་པའོ། །གཅོད་པའི་འཁོར་ལོའི་རྒྱུ་སེམས་ཉིད་ལོངས་སྤྱོད་རྫོགས་པའི་དོན་རྟོགས་པའོ། །རྐྱེན་ཀུན་སྣང་གི་ཏིང་ངེ་འཛིན་ལ་གོམས་པར་བྱེད་པའོ། །འབྲས་བུ་བཞི་ནི། གནས་པའི་འཁོར་ལོ་འབྲས་བུ་ཆོས་སྐུ་ཐོབ། སྲིད་པའི་འཁོར་ལོ་འབྲས་བུ་ཁམས་གསུམ་དུ་འཁོར། སྤྲུལ་པའི་འཁོར་ལོ་འབྲས་བུ་སྤྲུལ་སྐུ་ཐོབ། གཅོད་པའི་འཁོར་ལོ་འབྲས་བུ་ལོངས་སྐུ་རིགས་ལྔའི་ལྷ་ཚོགས་སོ། །འཁོར་ལོའི་མཐུན་དཔེ་ནི། གནས་པའི་འཁོར་ལོའི་དཔེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ། །སྲིད་པའི་འཁོར་ལོའི་དཔེ་ནི་ཟ་འོག་བེའུ་ཁྱིམ་དང་འདྲའོ། །གཞན་བསྒྲལ་བར་བསྟན་པ་ནི། མ་རིག་འཁྲུལ་འཁོར་སེམས་ཅན་ལ། །རིག་པ་ཡེ་ཤེས་བསྐོར་བྱས་ཏེ། །ཞེས་པ། རང་སེམས་གཤིན་རྗེ་གཤེད་ཡིན་པར་མ་རིག་པ་ནི་བསྒྲལ་བའི་ཞིང་བཅུ་སྟེ། དཀོན་མཆོག་གི་སྤྱི་དགྲ་དང་། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་དང་། དམ་ཚིག་མེད་པ་དང་། དམ་ཚིག་ལས་ལོག་པ་དང་། མཆེད་ལྕམ་འདུས་པའི་སར་བཙན་ཐབས་སུ་ཡོངས་ནས་གཤེ་བ་དང་། སེམས་ཅན་ཡོངས་ལ་གནོད་པ་དང་། དམ་ཚིག་གི་དགྲ་བྱེད་པ་དང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་བཅུའོ། །དེ་དག་ནི་འཁོར་བ་ལས་ཐར་བའི་དུས་མེད་པའི་སེམས་ཅན་ཡིན་ལ། །དེ་ལ་རྣལ་འབྱོར་པ་རང་གི་དོན་ཤེས་པ་ནི། རང་རིག་པའི་གཤིན་རྗེར་ཤེས་པའི་ཡེ་ཤེས་ཀྱི་འཁོར་ལོ་བསྐོར་བར་བྱ་སྟེ། འཁོར་ལོའི་དཔེ་བསྟན་པ་ནི། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་པ་ལས། ཤིང་རྟའི་འཁོར་ལོ་བསྐོར་བ་བཞིན། །ཞེས་པ། དཔེར་ན་ཤིང་རྟའི་འཁོར་ལོ་རྒྱུ་ཤིང་ལས་བྱས། རྐྱེན་བཟོ་བོ་མཁས་པས་བྱས། འཁོར་ལོ་དང་སྲོག་ཤིང་དང་འདྲེན་མཁན་འཛོམ་པའི་རྟེན་འབྲེལ་གྱི་མཐུས་བྱེད་པའི་དོན་གྲུབ་པ་ལྟར་དོན་བསྟན་པ་ནི། ཏིང་ངེ་འཛིན་ལ་སྔགས་འཛོམ་པའི། །ཞེས་པ། རྒྱུའི་ཏིང་ངེ་འཛིན་དང་། རྐྱེན་ལས་སྔགས། སྤྱི་བོའི་ནང་ཀླད་པའི་ནང་དུ་འཁོར་ལོ་བསྐོར་བས། ལྷའི་བུའི་བདུད་བུང་བ་མེ་ཏོག་འཇིབ་པ་ལྟ་བུ་དེ་འཁྲུགས་ཏེ། བདུད་དེས་ཚངས་པའི་གཙུག་ཐག་བཅད་ནས་དགྲ་བགེགས་མགོ་འཁོར་བར་བསམ་མོ། །འདི་མཚམས་ནས་ཆད་སྣང་། ལོག་འཁྱམས་ཀྱི་གདམས་ངག་བསྟན་པ་ནི། དེ་ནས་དོན་ལྡན་འཁོར་ལོས་གཅོད། །ཞེས་པ། འཁོར་ལོའི་འབྲས་བུ་བསྟན་པ་ཡིན་ཏེ། མན་ངག་གི་དོན་དང་ལྡན་པའི་འཁོར་ལོས་དགྲ་ལ་གཅོད་དེ། དགྲ་ལ་རྟགས་འབྱུང་ངོ་། །འཁོར་ལོའི་གོལ་ས་བསྟན་པ་ནི། འཁོར་ལོས་ཆོད་པར་མ་གྱུར་ན། །ལྡོག་དང་འཁྱམས་གཅོད་ལྟོ་བྲལ་འགྱུར། །ཇི་སྲིད་རྟག་ཏུ་འཁོར་བར་བྱེད། །ཅེས་པ་ནི་ལྔ་སྟེ། འཁོར་ལོ་ལྡོག་པ་དང་། འཁོར་ལོ་འཁྱམས་པ་དང་། འཁོར་ལོས་གཅོད་པ་དང་། འཁོར་ལོ་རྟག་ཏུ་འཁོར་བ་དང་། འཁོར་ལོ་ལྟོ་བྲལ་བའོ། །དེ་ལ་འཁོར་ལོ་ལྡོག་པ་ནི། ཡི་གེ་ལྷག་ཆད་བྱུང་བའམ། ནོར་བའམ། ཡི་གེ་ཤད་འདྲེས་པ་དང་། སྣ་འབྱོར་བ་དང་། རེག་ལ་རྟེན་ཐིག་མཚམས་འབྱོར་བ་དང་། ལུས་ཀྱི་དྲི་མ་འཁོར་ལོ་ལ་གོས་པ་རྣམས་ནི་ལྡོག་པའི་རྒྱུའོ། །དེ་ལ་འཁོར་ལོ་འཁྱམས་པ་ནི། འཁོར་ལོའི་སྔགས་ལ་ནན་ཏན་ཆུང་། འཛབ་དགོངས་ཚད་དུ་མ་ཕྱིན་པ་དང་། གཉེན་པོའི་བཀའ་བསྒོ་བ་མ་བྱས་པ་དང་། ཆོ་གའི་ཡན་ལག་ཆགས་པ་དང་། མནན་གཏད་ལ་ནན་ཏན་ཆུང་བ་དང་། རི་རབ་ཀྱི་སྒོམ་ཐབས་མ་བྱས་པས་ལས་མི་བྱེད་དེ་འཁོར་ལོ་འཁྱམས་སོ། །དེ་ལ་འཁོར་ལོས་གཅོད་པ་ནི། ཡིག་འབྲུ་ཚང་ཞིང་བསྙེན་པ་རྫོགས་པ་དང་། སྒྲུབ་པའི་དཀྱིལ་འཁོར་ལ་བརྟེན་ནས་བསད་པའི་འཁོར་ལོས་བསད་ལས་བྱ་བ་དང་། མནན་པའི་ལས་ལ་ནན་ཏན་བསྐྱེད་པས་འཁོར་ལོས་ཆོད་པར་འགྱུར་རོ། །དེས་ཀྱང་བསད་ལས་མ་ཆོད་ན། ཕྲིན་ལས་སྤོགས། འཁོར་ལོ་ནི་སྤོགས་ལ་བྱ། མནན་པ་ལ་ནན་ཏན་བསྐྱེད། མནན་པའི་ས་གཉན་སར་བྱ། དེས་འཁོར་ལོས་མཆོད་པར་འགྱུར་རོ། །དེས་ཀྱང་མ་ཆོད་ན་ལན་གསུམ་བསྐྱར་རོ། །འཁོར་ལོ་རྟག་ཏུ་འཁོར་བ་ནི། རྟགས་རྣམས་བྱུང་ཡང་འཁོར་ལོ་སྒྲུབ་པ་མ་བཏོན་ན། དེ་ནི་འཁོར་ལོ་རྟག་ཏུ་འཁོར། དགྲ་རྣམས་ཟད་ཀྱང་འཁོར་ལོ་རྟག་ཏུ་འཁོར་ཏེ། ཐ་མ་རྣལ་འབྱོར་པ་ཉིད་ལ་ཡང་འཁོར་ཏེ། རང་གི་རྒྱུད་ལ་ཡང་འཁོར་བར་བྱེད་དོ། །འཁོར་ལོ་ལྟོ་བྲལ་བ་ནི། ཡི་གེ་སོ་སོ་ཉམས་པ་དང་། ཡི་གེ་ལོག་པ་དང་། རེའུ་མིག་ལོག་པ་དང་། དེས་ནི་སྒྲུབ་ཀྱང་འགྲུབ་པ་མི་འགྱུར་ཏེ། རང་ཡིད་ཆད་ནས་ཆོས་ལ་དད་པ་མི་སྐྱེ་བ་ཡིན་ནོ། །ནང་ལྟར་ཐོད་པ་ལ་བསྐོར་བ་ནི། གལ་ཏེ་གྲུབ་པར་མ་གྱུར་ན། །ལན་གསུམ་བསྐྱར་ཏེ་སྤོགས་ལ་བསྐོར། །ཞེས་པ། སྤོགས་པ་བསྟན་པ་ནི། དེ་ལྟར་བྱས་པས་མ་བྱུང་ན། གོང་ལྟར་སྒྲུབ་པ་ལན་གསུམ་བསྐྱར་རོ། །དེས་ཀྱང་མ་གྲུབ་ན་ཐུན་གྱི་འཁོར་ལོ་བསྐོར་ཏེ། རབས་ཆད་མོན་ནམ་མུ་སུ་རར། །ཞེས་པ་ནི། ལས་མ་གྲུབ་ན། ནང་ལྟར་བསྐོར་བ་བསྟན་པ་ལ། སྣོད་ཀྱི་ཁྱད་པར་བསྟན་པ་ནི། རབས་ཆད་ཐོད་པ་རབ། མོན་གྱི་ཐོད་པ་འབྲིང་། མུ་སུ་ར་དག་གི་ཐོད་པ་ཐ་མའོ། །རིམ་པ་ལྔ་པའི་འཁོར་ལོ་བྲི། །ཞེས་པ་བྲི་ཐབས་ཀྱི་ཁྱད་པར་ནི། དབུས་སུ་ཐིག་བཞི་བཏབ་པས་ལིང་རྩེ་དགུ། དེའི་ཕྱི་རིམ་གླིང་བཅུ་གཉིས། དེའི་ཕྱི་རིམ་གླིང་བཅུ་དྲུག་ལ་ཧྲཱིཿཥྚི་བྲི། དེའི་ཕྱི་རིམ་ཨ་ལི། དེའི་ཕྱི་རིམ་ཀ་ལི་བྲི། དེ་རང་ཁ་ལྷོར་བལྟས་པའི་སྔས་སུ་གྲུ་གསུམ་བྲིས་ལ་དེར་གཞུག །ཁ་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཅད་དོ། །ཐང་སྐུ་ལྷོར་བཞུགས། མདུན་དུ་གཏོར་མ་དང་མཆོད་པ་བཤམས། ལྷ་བཤོས་ནག་པོ་དང་གཏོར་མ་ལས་ཀྱི་གཤིན་རྗེ་ལ་བསྔོ། དུག་ཐུན་དང་། ཁྲག་ཐུན་དང་། ཕུར་ཐུན་དང་། མདའ་ཐུན་ཡང་བཅའ་འོ། །ཐུན་གྱིས་བསད་པའང་དེ་ཡིས་བྱ། །ཞེས་པ་དེ་ནས་བསྙེན་པ་ཟླ་བ་གཅིག་བཟླས་སོ། །དེ་ནས་ལིང་ག་བཅས་ལ་དགྲ་བོ་འགུགས་པར་བྱའོ། །དེ་ནས་ཟླ་བ་གཅིག་ཏུ་འཁོར་ལོ་བསྐོར་བར་བྱའོ། །ཡ་མེ་ཏོ་ས་ཙ་རཱ་མ་ཡ། ཨ་མུ་ཀཾ་པྲ་མ་ཡ་ཧཱུྃ་ཕཊ། ནྲྀ་མཱ་ར་ཡ་གདགས་སོ། །ཞག་བདུན་བཟླས་སོ། །ཆོས་རྒྱལ་དང་ཕྱྭ་སངས་ཀྱིས་མགོ་འཁོར་བར་བྱེད་དེ་དུག་ཐུན་གྱིས་བྲབ། ལྷ་བཤོས་ནག་པོ་དང་གཏོར་མ་བཏང་། སྔགས་དེ་ནི་གོང་མའི་བསྙེན་པ་དང་སྦྲེལ་ལོ། །མཚན་མོ་ན། ས་མ་ཡ་རིང་པོ་ལ་བྷྱོ་རུ་རུ་བཏགས་ལ་བཟླས་སོ། །གཉིས་པ་ནི། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུྃ་ཕཊ། མགོ་ལ་བསྙེན་སྔགས་གདགས་སོ། །མཇུག་ལ་ནྲྀ་མཱ་ར་ཡ་གདགས་སོ། །ཞག་བདུན་ནོ། །ཡ་བ་ཏི་དང་ཏེལ་པ་ལ་ལས་བཅོལ་ལོ། །གཏོར་མ་བཏང་། ཁྲག་ཐུན་བྲབ་བོ། །ནུབ་མོ་སྔགས་རིང་ལ་དུབ་ནུར་བཏགས་ལ་བཟླས་སོ། །ཐོ་རང་ཡང་གཏོར་མ་རེ་བཏང་། གསུམ་པ་ནི། ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ། ཆྒཻ་མོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུྃ་ཕཊ། མགོ་ལ་བསྙེན་སྔགས་མཇུག་ལ་ནྲྀ་མཱ་ར་ཡ་གདགས་སོ། །ཨ་བ་གླང་མགོ་དང་རྨིགས་པ་ལ་ལས་བཅོལ་ལོ། །ཞག་བདུན་ནོ། །ལྷ་བཤོས་དང་གཏོར་མ་བཏང་། མདའ་ཐུན་བརྡེག་གོ། །ནུབ་མོར་སྙིང་ཤོག་བཟླས། ཐོ་རང་གཏོར་མ་བཏང་ངོ་། །བཞི་པ་ནི། ཡ་མ་ར་ནི་ཙ་ཡ་ཀྵེ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཧཱུྃ་ཕཊ། མགོར་བསྙེན་སྔགས་གདགས། མཇུག་ནྲྀ་མཱ་ར་ཡ་གདགས་སོ། །ཚར་དགུ་དང་རྨིགས་པ་ལ་ལས་བཅོལ་ལོ། །ལྷ་བཤོས་དང་གཏོར་མ་བཏང་། ཕུར་ཐུན་བརྡེག །ཞག་བདུན་ནོ། །མཚན་ནི་སྭ་ཏིའོ། །སྔགས་རིང་ལ་གདགས་སོ། །ཐོ་རེངས་དམར་གཏོར་ཡང་བཏང་ངོ་། །དེ་ལྟར་ཉིན་བསྙེན་པ་དང་། ཉི་མ་བཞི་པའི་སྔགས་བཟློས་པ་དང་། ནྲྀ་མཱ་ར་ཡ་རྣམས་དྲིལ། མཚན་ས་མ་ཡའི་སྔགས་རིང་ལ་ཐུན་སྔགས་མ་ཟློག་པར་གདགས་སོ། །དེ་ལྟར་ཞག་ཉི་ཤུ་རྩ་བརྒྱད་དུ་འཁོར་ལོ་བསྐོར་རོ། །དེ་ནས་ཞག་གཉིས་ལས་ཀྱི་མཐའ་སྡུད་བྱས་ལ་མནན་པར་བྱའོ། །གསང་བ་ལྟར་སྔགས་བཀླག་པ་ནི། དེས་ཀྱང་གྲུབ་པར་མ་གྱུར་ན། །ཞེས་པ། ནང་ལྟར་བསྐོར་བ་དེས་ཀྱང་མ་གྲུབ་ན་གསང་བ་ལྟར་བསྐོར་བ་བསྟན་ཏེ། འབྲུ་འདེད་ཕྱེ་བོ་མི་རེངས་ལ་སོགས་ཏེ། །ཞེས་པ། འབྲུ་འདེད་ལ་གསུམ་སྟེ། ཕྱི་རྩ་བ་མི་འགྱུར་བའི་བསྙེན་པ་དང་། ནང་ཉེ་བར་བསྒྲུབ་པ་ལས་ལ་སྦྱོར་ཁའི་བསྙེན་པ་དང་། གསང་བ་ཕྲིན་ལས་ཀྱིས་བསད་པའོ། །ཕྱི་རྩ་བ་མི་འགྱུར་བའི་བསྙེན་པ་ནི། ཨ་ཀྲོ་ཡི་གེ་བཅུ་བདུན་པའོ། །བྱེ་བར་བཟླས་སོ། །ནང་ཉེ་བར་བསྒྲུབ་པ་ལས་ལ་སྦྱོར་ཁའི་བསྙེན་པ་ནི། ཡ་མ་མེ་ཏ་ཀྵེ་ལ་ཁྲི་བཟླས་སོ། །གསང་བ་ཕྲིན་ལས་ཀྱིས་གསད་པ་ནི་གཉིས་ཏེ། གཡོན་བསྐོར་འོག་གཅོད་དང་། གཡས་བསྐོར་སྟེང་གཅོད་དོ། །གཡོན་བསྐོར་སྟེང་གཅོད་དོ། །གཡོན་བསྐོར་འོག་ནས་གཅོད་པ་དྲག་སྔགས་བདུན་པ་ནི། ཡ་མ་རཱ་ཛ་ས་ཏོ་མེ། མ་རཱ་ཛ་ས་ཏོ་མེ་ཡ། རཱ་ཛ་ས་ཏོ་མེ་ཡ་མ། ཛ་ས་ཏོ་མེ་ཡ་མ་རཱ། ས་ཏོ་མེ་ཡ་མ་རཱ་ཛ། ཏོ་མེ་ཡ་མ་རཱ་ཛ་ས། མེ་ཡ་མ་རཱ་ཛ་ས་ཏོ། །ཞེས་ཉི་མ་དང་པོ་ཞག་བདུན་དུ་བཟླས་སོ། །ཡ་མེ་ཏོ་དུ་ན་ཡོ་ཏ། མེ་ཏོ་རུ་ན་ཡོ་ཏ་ཡ། ཏོ་རུ་ན་ཡོ་ཏ་ཡ་མེ། རུ་ན་ཡོ་ཏ་ཡ་མེ་ཏོ། །ན་ཡོ་ཏ་ཡ་མེ་ཏོ་རུ། ཡོ་ཏ་ཡ་མེ་ཏོ་རུ་ན། ཏ་ཡ་མེ་ཏོ་རུ་ན་ཡོ། ཉི་མ་གཉིས་པའོ། །ཡ་ཏ་ཡོ་ནི་ར་ཡཀྵེ། ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡོ་ནི་ར་ཡ་ཀྵེ་ཡ་ཏ། ནི་ར་ཡ་ཀྵེ་ཡ་ཏ་ཡོ། ར་ཡ་ཀྵེ་ཡ་ཏ་ཡོ་ནི། ཡ་ཀྵེ་ཡ་ཏ་ཡོ་ནི་ར། ཀྵེ་ཡ་ཏ་ཡོ་ནི་ར་ཡ། གསུམ་པའོ། །ཡ་ཀྵེ་ཡ་ཙ་ནི་ར་མ། ཀྵེ་ཡ་ཙ་ནི་ར་མ་ཡ། ཡ་ཙ་ནི་ར་མ་ཡ་ཀྵེ། ཙ་ནི་ར་མ་ཡ་ཀྵེ་ཡ། ནི་ར་མ་ཡ་ཀྵེ་ཡ་ཙ། ར་མ་ཡ་ཀྵེ་ཡ་ཙ་ནི། མ་ཡ་ཀྵེ་ཡ་ཙ་ནི་ར། ཉི་མ་བཞི་པའོ། །ཞག་བདུན་བདུན་བཟླས་སོ། །ཐུན་དང་ལྷ་ཐུན་ནོ། །གཡས་བསྐོར་སྟེང་གཅོད་ནི། ཡ་མ་ར་ནི་ཛ་ཡ་ཀྵེ། མ་ར་ནི་ཛ་ཡ་ཀྵེ་ཡ། ར་ནི་ཛ་ཡ་ཀྵེ་ཡ་མ། ནི་ཛ་ཡ་ཀྵེ་ཡ་མ་ར། ཛ་ཡ་ཀྵེ་ཡ་མ་ར་ནི། ཡ་ཀྵེ་ཡ་མ་ར་ནི་ཛ། ཀྵེ་ཡ་མ་ར་ནི་ཛ་ཡ། ཉི་མ་དང་པོའོ། །ཡ་ཀྵེ་ཡ་ར་ནི་ཡོ་ཏ། ཀྵེ་ཡ་ར་ནི་ཡོ་ཏ་ཡ། ཡ་ར་ནི་ཡོ་ཏ་ཡ་ཀྵེ། ར་ནི་ཡོ་ཏ་ཡ་ཀྵེ་ཡ། ནི་ཡོ་ཏ་ཡ་ཀྵེ་ཡ་ར། ཡོ་ཏ་ཡ་ཀྵེ་ཡ་ར་ནི། ཏ་ཡ་ཀྵེ་ཡ་ར་ནི་ཡོ། གཉིས་པའོ། །ཡ་ཏ་ཡོ་ན་རུ་ཏོ་མེ། ཏ་ཡོ་ན་དུ་ཏོ་མེ་ཡ། ཡོ་ན་རུ་ཏོ་མེ་ཡ་ཏ། ན་རུ་ཏོ་མེ་ཡ་ཏ་ཡོ། རུ་ཏོ་མེ་ཡ་ཏ་ཡོ་ན། ཏོ་མེ་ཡ་ཏ་ཡོ་ན་རུ། མེ་ཡ་ཏ་ཡོ་ན་རུ་ཏོ། གསུམ་པའོ། །ཡ་མེ་ཏོ་ས་ཙ་རཱ་མ། མེ་ཏོ་ས་ཙ་རཱ་མ་ཡ། ཏོ་ས་ཙ་རཱ་མ་ཡ་མེ། ས་ཙ་རཱ་མ་ཡ་མེ་ཏོ། ཙ་རཱ་མ་ཡ་མེ་ཏོ་ས། རཱ་མ་ཡ་མེ་ཏོ་ས་ཙ། མ་ཡ་མེ་ཏོ་ས་ཙ་རཱ། ཉི་མ་བཞི་པའོ། །དེ་ལ་ནི་གནམ་གཏོར་འབྲུ་ཐུས་ཞེས་ཀྱང་བྱ། རུ་ཁུགས་ཆེན་མོ་ཞེས་ཀྱང་བྱ། ཡི་གེ་འབྲུ་ཐུས་ཞེས་ཀྱང་བྱ། སྟག་གི་མཆོང་པ་ཞེས་ཀྱང་བྱ། བྱ་རོག་ཁུ་ཞེས་ཀྱང་བྱ། དུས་ཟད་ཚེ་ཟད་ལས་ཟད་བསོད་ནམས་སྐལ་བ་ཟད་ཅེས་ཀྱང་བྱ། འཁོར་ལོ་ནི་ཐོད་པ་འཆི་བདག་ཞལ་ཕྱེ་ལ་ཀླད་ཕོར་དུ་ཡུམ་བྲི། ཐོད་པ་ལ་ཡབ་བྲི། ཡུམ་གྱི་ལྟོ་བར་འཁོར་ལོ་བསྐོར། ཐུན་བརྡེག །ཞག་ཉི་ཤུ་རྩ་བརྒྱད་དུ་གཡོན་ནས་བསྐོར་ལ་ཞག་གཉིས་ལས་ཀྱི་མཐའ་བསྡུས་བྱ། ཞག་བདུན་བདུན་ལ་ཉི་མ་རེ་རེ་བྱའོ། །ཡ་མ་ར་ཏ་ཡོ་ནི་ར། ཉི་མ་དང་པོའོ། །ཡ་ཏ་ཡོ་མ་ར་ནི་ཛ། ཉི་མ་གཉིས་པའོ། །ཡ་མེ་ཏོ་ཀྵེ་ཡ་ཙ་ས། ཉི་མ་གསུམ་པའོ། །ཡ་ཀྵེ་ཡ་མེ་ཏོ་རུ་ན། ཉི་མ་བཞི་པའོ། །དྲག་སྔགས་བདུན་པའི་འགྲོས་སོ། །བྱ་ཐབས་སྤྱི་ལྟར་མཐུན་པའོ། །ཏོ་མེ་ཡ་ར་མ་ས་ཙ། དང་པོའོ། །ཡོ་ཏ་ཡ་ཏོ་མེ་ན་རུ། གཉིས་པའོ། །ཡོ་ཏ་ཡ་མ་ཀྵེ་ར་ནི། གསུམ་པའོ། །ཡ་ཀྵེ་ཡ་ར་མ་ཛ་ནི། བཞི་པའོ། །བསྐོར་བ་འཆི་བདག་ལྟོ་བར་བྲི། ཐོད་པ་ཀླད་ཕོར་དུ་ཡུམ་གྱི་ལྟེ་བར་གསད་དོ། །གཞན་བྱ་ཐབས་མཐུན་ནོ། །བསོག་ནི་གནམ་སྦྲེང་དང་སྤྱི་གཙུག་གོ། །ར་མ་ཡ་མ་ཏོ་ས་ཙ། དང་པོའོ། །ཏོ་མེ་ཡ་ཏ་ཡོ་ན་རུ། གཉིས་པའོ། །ཡོ་ཏ་ཡ་ཀྵེ་ཡ་ར་ནི། གསུམ་པའོ། །ཡ་ཀྵེ་ཡ་མ་ར་ནི་ཛ། བཞི་པའོ། །གནམ་སྦྲེང་འཆི་བདག་ཡབ་ཡུམ་ལྟོ་བར་བསྐོར་རོ། །ཏོ་མེ་ཡ་མ་རཱ་ཙ་ས། དང་པོའོ། །ཡོ་ཏ་ཡ་མེ་ཏོ་རུ་ན། གཉིས་པའོ། །ཡ་ཀྵེ་ཡ་ཏ་ཡོ་ནི་ར། གསུམ་པའོ། །ར་མ་ཡ་ཀྵེ་ཡ་ཙ་ནི། བཞི་པའོ། །འཆི་བདག་ཐོད་པ་ནང་དུ་ཡབ་ཡུམ་གྱི་ལྟོ་བར་བསྐོར་རོ། །དེ་དག་ཉིན་བཞིའི་ཡི་གེ་ཆྒཻ་མོ་ཨ་མུ་ཀཾ་པྲ་མ་ཧཱུྃ་ཕཊ། ཅེས་ཀུན་ལ་གདགས་སོ། །བྱ་བ་རྣམས་མཐུན་ནོ། །ཕྱི་བསྐོར་དྲག་པོས་གནད་ལ་དབབ་པ་ནི་གསུམ་སྟེ། ཕྱི་ལ་གསུམ། ནང་ལ་གསུམ། གསང་བ་ལ་གསུམ་སྟེ་དགུ་བསྐོར་རོ། །ཕྱིའི་ཕྱི་ལྟར་བསྐོར་བ་ནི། ཡ་མ་མེ་ཏ་ཀྵེ། ཉི་མ་དང་པོའོ། །རཱ་ཙ་ས་ཏོ། གཉིས་པའོ། །རུ་ན་ཡོ་ནི། གསུམ་པའོ། །ར་ཡ་ཙ་ནི། ཉི་མ་བཞི་པའོ། །ཕྱིའི་ནང་ལྟར་ནི། ཡ་ཀྵེ་ཏ་མེ་མ། དང་པོའོ། །ཏོ་ས་རཱ་ཙ། གཉིས་པའོ། །ནི་ཡོ་རུ་ན། གསུམ་པའོ། །ནི་ར་ཙ་མ། བཞི་པའོ། །ཕྱིའི་གསང་བ་ལྟར་བསྐོར་བ་ནི། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཞེས་ཉི་མ་བཞིའི་སྔགས་སོ། །ནང་གི་ཕྱི་ལྟར་བསྐོར་བ་ནི། ཡ་ར་ས་མེ་མ་ཙ་ཏོ། །ཉི་མ་དང་པོའོ། །ཡ་ཏོ་ན་ཏ་མེ་རུ་ཡོ། གཉིས་པའོ། །ཡ་ཡོ་ར་ཀྵེ་ཏ་ནི་ཡ། གསུམ་པའོ། །ཡ་ཡ་ནི་མ་ཀྵེ་ཙ་ར། ཉི་མ་བཞི་པའོ། །ནང་གི་ནང་ནི། ཏོ་ཙ་ཡ་མེ་ས་ར་ཡ། ཉི་མ་དང་པོའོ། །ཡོ་རུ་མེ་ཏ་ན་ཏོ་ཡ། གཉིས་པའོ། །ཡ་ནི་ཏ་ཀྵེ་ར་ཡོ་ཡ། གསུམ་པའོ། །རཱ་ཙ་ཀྵེ་མ་ནི་ཡ་ཡ། བཞི་པའོ། །ནང་གི་གསང་བ་ནི། ཡ་མེ་ཏོ་ས་ཙ་ར་མ་ཡ། དང་པོའོ། །ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། གཉིས་པའོ། །ཡ་ཀྵེ་ར་ན་ནི་ཡོ་ཏ་ཡ། གསུམ་པའོ། །ཡ་མ་ར་ནི་ཙ་ཡ་ཀྵེ་ཡ། བཞི་པའོ། །ཡང་གསང་བའི་ཕྱི་ནི། མ་ཙ་ཏོ་ཡ་ར་ས་མེ། ཉི་མ་དང་པོའོ། །མེ་རུ་ཡོ་ཡ་ཏོ་ན་ཏ། གཉིས་པའོ། །ཏ་ནི་ཡ་ཡ་ཡོ་ར་ཀྵེ། གསུམ་པའོ། །ཀྵེ་ཙ་ར་ཡ་ཡ་ནི་མ། བཞི་པའོ། །གསང་བའི་ནང་ནི། མེ་ས་ར་ཡ་ཏོ་ཙ་མ། དང་པོའོ། །ཏ་ན་ཏོ་ཡ་ཡོ་རུ་མེ། གཉིས་པའོ། །ཀྵེ་ར་མོ་ཡ་ཡ་ནི་ཏ། གསུམ་པའོ། །མ་ནི་ཡ་ཡ་ར་ཙ་ཀྵེ། བཞི་པའོ། །གསང་བའི་གསང་བ་ནི་འབྲུ་འདེད་ཡིན་ནོ། །དེ་ཡང་འབྲུ་འདེད་གཡོན་བསྐོར་འོག་ནས་གཅོད་པའི་དྲག་སྔགས་བདུན་པ་མས་བཟློག་བྱའོ། །གཡས་བསྐོར་སྟེང་ནས་གཅོད་པའི་དྲག་སྔགས་བདུན་པ་ཡས་བཟློག་བྱའོ། །དགུ་བསྐོར་བའི་དུས་ན། ཕྱི་ལྟར་བསྐོར་བའི་ཕྱིའི་གསང་བ་ལ་ཉི་མ་དང་པོ་བྱང་ནས་བསྐོར་རོ། །ནང་ལྟར་བསྐོར་བའི་གསང་བ་ལ་ཡང་བྱང་ནས་སོ། །གསང་བ་ལྟར་གྱི་གསང་བ་ལ་ཡང་མས་ཟློག་གོ། །དྲག་སྔགས་བདུན་པ་མན་ཆད་ཀྱིས། །ཞེས་པ། ཡ་མ་མེ་ཏ་ཀྵེ་ནི་ཛཿ དང་པོའོ། །རཱ་ཙ་ས་ཏོ་རུ་ནི་ཛཿ གཉིས་པའོ། །ཡོ་ནི་ར་ཡ་ཀྵེ་ཡ་ཙ། གསུམ་པའོ། །ཙ་ནི་ར་མ་ཡ་ཙ་ཙ། བཞི་པའོ། །ད་གོང་མ་དེ་རྣམས་འཆི་བདག་ཡབ་ཨག་རྩེ་ལ་ཞལ་དབྱུང་། ཡུམ་ཀླད་ཕོར་དུ་བྲིས་ལ། དེར་འཁོར་ལོ་བསྐོར་རོ། །ཕྲིན་ལས་ཡང་དང་ཡང་དུ་བསྣན། །ཞེས་པ་མ་གྲུབ་པར་དུ་བསྐོར་བའོ། །འདིའི་མཇུག་ཀྱང་མི་ཚང་ངོ་། །མཆན། རྫོགས་སོ། །སརྦ་མངྒ་ལཾ། རྩ་བའི་གཞུང་གི་ས་བཅད་ལྟར་ན། ཡན་ལག་ཏུ་ལས་ཁ་ཚར་དང་བཅས་པ་བསྟན་པའི་རྩ་འགྲེལ་སོགས་མཇུག་མ་ཚང་བར་སྣང་ངོ་། །དཔེ་རྒྱུན་རྙེད་ན་འདིར་འཇུག་པ་ལ་གལ་ཆེ། མཆན།


previousའཇམ་དཔལ་གཤིན་རྗེ་གཤེད་ནག་པོ་འཁོར་ལོ་འདུས་པའི་སྒྲུབ་ཐབས་རྩ་བའི་འགྲེལ་པ།next