Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤིན་རྗེ་ཁ་ཐུན་དོན་བརྒྱད་མ།
   
   
   
   
   
   
   
   
   
   
   
   


 
previousཤིན་རྗེ་ཁ་ཐུན་དོན་བརྒྱད་མ།next

ཤིན་རྗེ་ཁ་ཐུན་དོན་བརྒྱད་མ།

གཉིས་པ་སྒྲུབ་ཐབས་ཕྲིན་ལས་ཀྱི་སྐོར་ལ་ཚན་པ་དགུ་ཡོད་དེ། གཤིན་རྗེ་ཁ་ཐུན་དོན་བརྒྱད་མ་བཞུགས་སོ། །ཡ་མ་རཱ་ཛ་གསང་བ་ཐུགས་ཀྱི་ཁ་ཐུན། གནག་པའི་ལས་བྱང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད། རྒྱུད་འཇམ་དཔལ་གསང་བའི་རྒྱུད་ལས་བཏུས། ཕྱོགས་མ་ཧཱ་ཡོ་གར་གཏོགས། དོན་ཆེད་ཕྱི་རབས་ཀྱི་རྣལ་འབྱོར་པ་ཤེས་རབ་ཀྱི་རྩལ་དང་ལྡན་པ་དད་པ་ཆེ་བ་བུ་སྨད་དང་འཁོར་ལ་སོགས་པ་འབུལ་བའི་དད་པ་ཅན་རྣམས་ཀྱི་དགྲ་བགེགས་ལ་སོགས་པ་འདུལ་བའི་དོན་དུ་མཛད། དབུ་ནས་ཞབས་ཀྱི་དོན་དུ་གཤིན་རྗེ་ནག་པོའི་ལས་བྱང་འདི་ལ་དོན་རྣམ་པ་བརྒྱད་ཀྱིས་བསྟན་ཏེ། དང་པོ་རྫས་དང་ཡོ་བྱད་བཤམས་པ་དང་གཅིག །ལྷ་འདྲིས་པར་བསྒོམ་པ་དང་གཉིས། སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་བསྐྱེད་པ་དང་གསུམ། སྤྱན་དྲངས་ཤིང་ཕྱག་འཚལ་བ་དང་སྨན་མཆོད་འབུལ་ཞིང་བཤགས་པ་བྱ་བ་དང་བཞི། ཉི་མ་བཞི་བ་དང་ལྔ་པའི་འཛབ་བགྲང་བ་དང་ལྔ། དགྲ་བོའི་སྙིང་པོ་ནས་དྲང་ཞིང་ཕུར་པ་གདབ་པ་དང་དྲུག །གཤེད་བསྒོམ་ཞིང་ཐུན་དབབ་པ་དང་བདུན། མཇུག་གཟིར་ཞིང་མནན་པ་དང་བརྒྱད་ཀྱིས་བསྟན་ཏོ། །དེ་ལ་དང་པོ་རྫས་དང་ཡོ་བྱད་བཤམས་པ་ནི། གནས་ནི་དུར་ཁྲོད་དུ་བྱ། གཟའ་སྐར་ངན་པ་ལ་བསྡིགས་ལ་བྱའོ། །རོ་ཚས་ཀྱི་རས་ལ་ས་དཀར་གྱིས་བྱུགས། ཕུར་བཞི་ལ་བརྒྱངས་ལ། སྦྱར་རྩི་ལུམ་བུ། དུག །མི་ཁྲག་ཁྱི་ཁྲག །རྟ་ཁྲག་ར་ཁྲག་བསྲེས་ལ་སྣག་ཚ་བྱ། བྱ་རོག་གི་སྒྲོ་རྩ་ལ་སྨྱུ་གུ་བྱས། དཀྱིལ་འཁོར་འཁོར་ལོ་རྩིབས་བཅུ་གཉིས་པ་དཔེའུ་ཆུང་ལྟར་བྲིས་ལ། སྟེགས་བུའི་སྟེང་དུ་བཞག །ཐལ་ཆེན་གྱི་རེ་ཁཱ་བྱ། དེའི་ཕྱི་རིམ་ཕུར་བུས་བསྐོར། དེའི་ཕྱི་རིམ་ཀེང་རུས་ཀྱིས་བསྐོར། དུས་ནི་འབྲུག་སྒྲ་འཚུབས་མས་གདབ། འཚུབས་མའི་སྐབས་དེ་ཙམ་ན་ཕུར་པས་གདབ་བོ། །ཡི་དྭགས་ཀྱི་གོས་ལ་དགྲ་བོའི་གཟུགས་དང་མིང་རུས་བྲིས་ལ། སྔོན་དམར་གྱི་ཐག་པས་སྐེ་ནས་བཏགས་ཏེ། འཁོར་ལོའི་སྟེང་དུ་བཞག་ལ་ལྷོ་ཕྱོགས་སུ་ཕུར་པ་གཅིག་ལ་བརྟོད་ལ་བཞག་གོ། །སྐུ་ཡང་ལྷོ་ཕྱོགས་སུ་བཞུགས་སུ་གསོལ་ལོ། །འཁོར་ལོ་དང་གཟུགས་གུ་གུལ་གྱི་དུད་པས་བདུག །གཟུགས་ཀྱི་སྟེང་དུ་བུད་མེད་ཀྱི་ཞབས་མས་དགབ་བོ། །ཁྲག་ཆེན་གྱི་གཏོར་མ་ཤ་ཆེན་ཡོད་པ་གཉིས་བཤམས་ལ། དཔལ་ཆེན་པོ་འཁོར་དང་བཅས་པ་ལ་ཆ་གཅིག །གཤིན་རྗེ་ཉིད་ཀྱི་མདུན་དུ་ཆ་གཅིག་དྲང་ངོ་། །དང་པོའི་ནུབ་མོ་ཞི་ཁྲོའི་ཆོ་ག་གཞུང་བཞིན་དུ་བྱ། དེ་ནས་ནུབ་རེ་ལ་ཡང་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་ཅིང་དཔལ་ཆེན་པོ་འཁོར་དང་བཅས་པ་ལ་འཛབ་བརྒྱ་རྩ་བརྒྱད་དབུལ། རྫས་ལ་སྨུག་ཆེན་མིའི་སྙིང་། སྨུག་ཆུང་། རྟའི་སྙིང་། ཕྱི་ལའི་གཅིན། མིའི་ཁྲག །བྱི་ལའི་གཅིན། རྟའི་ཁྲག །ཚིལ་ཆེན་གྱི་དུད་པ་རྒྱུན་མི་བཅད། སྔགས་པ་བདག་ཉིད་གོས་ནག་པོ་གྱོན་ལ། ལྷ་ཡ་མཱནྟ་ཀ་ཁུག་པར་གསལ་བར་བསྒོམ་མོ། །དོན་གཉིས་པ་ལྷ་ཡ་མཱནྟ་ཀ་ཁུག་པར་བསྒོམ་པ་ནི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། ཅི་ལ་ཡང་མི་རྟོག །ཅི་ལ་ཡང་མི་དམིགས། ཅི་ལ་ཡང་མི་ཡེངས། སེམས་ཀྱི་ཆོས་ཉིད་རང་བཞིན་མེད་པར་བསྒོམ་མོ། །དེ་ནས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། ཆུ་ཟླའི་དཀྱིལ་འཁོར་ལྟར་སྣང་ལ་རང་བཞིན་མེད་པར་ནམ་མཁའ་ལྟར་གོ་འབྱེད་པ། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་བསྒོམ། དེ་ནས་རྒྱུའི་ཏིང་ངེ་འཛིན་ནི། བདག་ཉིད་ཀྱི་ཐུགས་ཀར་ཡི་གེ་ཧཱུྃ་མཐིང་ནག་གཅིག་གསལ་བར་བསྒོམ། ཧཱུྃ་དེ་ལས་ཙཀྲ་བྷྲཱུྂ་ཞེས་པས། འཁོར་ལོའི་གཞལ་ཡས་ཁང་བསྐྱེད། ཡ་མ་ཡེ་ཏི་ར་བམ་ཞེས་པས་གཤིན་རྗེ་ཕོ་མོ་བསྣོལ་བའི་གདན། དེའི་སྟེང་དུ་མ་ཧེ་མཎྜལ་ཞེས་པས་མ་ཧེ་བསྐྱེད། དེའི་སྟེང་དུ་པྂ་པདྨ་མཎྜལ་ཞེས་པས་པདྨའི་གདན། དེའི་སྟེང་དུ་ཨ་ཙནྡྲ་མཎྜལ་ཞེས་པས་ཟླ་བ། དེའི་སྟེང་དུ་མ་སཱུརྻ་མཎྜ་ལ་ཞེས་པས་ཉི་མ་བསྐྱེད། ཧཱུྃ་ཕྲ་མོ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། བདེ་བར་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་བག་ཆགས་སྦྱངས་ནས། སཾ་ཧ་ར་ན་ཧཱུྃ་ཞེས་བསྡུས་པས། དང་པོའི་ཧཱུྃ་ལ་ཐིམ་མོ། །ཧཱུྃ་དེ་ལས་ཏིཥྛ་བཛྲ་ཞེས་བརྗོད་པས། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་ཏེ། དེ་ལས་འཕྲོ་འདུ་བྱས་ཏེ། སླར་སྂ་ཧ་ར་ན་ཧཱུྃ་ཞེས་པས་ཆོས་ཉིད་དུ་ཞུ་ནས་ལྟེམ་མེ་གནས་པ་ལས། ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་བརྗོད་པ་ལས་ཡ་མཱནྟ་ཀ་སྐུ་ཆེ་ལ་ཡན་ལག་རགས་པ། དུག་ཧ་ལའི་མདོག་འདྲ་བ་ནག་ལ་འཚེར་བ། ཞལ་གསུམ་མཐིང་ལ་རྔམས་པ། ཕྱག་དྲུག་གཡས་ཀྱི་དང་པོ་ན་དབྱུག་ཐོ། བར་མ་ན་དགྲ་སྟྭ། ཐ་མ་ན་ཡེ་ཤེས་ཀྱི་རལ་གྲི། གཡོན་གྱི་དང་པོ་ན་སྡིགས་མཛུབ་དང་ཞགས་པ། བར་མ་ན་མདུང་ཐུང་། ཐ་མ་ན་བྷནྡྷ་རློན་པ་དམར་གྱིས་བཀང་བ། སྐུ་སྟོད་གླང་ཆེན་གྱི་ཀོ་རློན་དང་། ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྐུ་སྨད་པ་ཏི་ཏ་སྟག་གི་ལྤགས་པ་རློན་པའི་ཤམ་ཐབས་ཅན། སྦྲུལ་རིགས་བཞི་ལ། དཀར་ཁྲ་དང་། དམར་ཁྲ་དང་། སེར་ཁྲ་དང་། ལྗང་ཁྲ་རྣམས་ཀྱིས་སྐུ་རེག་དང་། མགུར་ཆུ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། གདེངས་ཀ་ཆེན་པོར་བྱས་པ། ཐོད་སྐམ་གྱིས་དབུ་བརྒྱན་པ། ཉི་ཟླས་མཚན་པ། ཐོད་རློན་གྱི་ཕྲེང་བ་སེ་རལ་ཁར་བརྒྱན་པ། ཐལ་ཆེན་གྱི་ཚོམ་བུ་དང་། རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས་དང་། བ་སུ་ཏའི་རྒྱུ་ཞགས་ཀྱི་བརྒྱན་པ། དུར་ཁྲོད་ཀྱི་མེ་རི་དམར་སྨུག་འཁྱིལ་བའི་ཀློང་ནས། དུར་ཁྲོད་ཀྱི་བྱ་ཀངྐ་དང་། ལྕེ་སྤྱང་ཐམས་ཅད་ཤ་ལ་འཐོག་པའི་ཚུལ་དུ་སྣང་བའི་དབུས་ན། མ་ཧེ་གླང་རྒོད་ཀྱིས་གཤིན་རྗེ་བྱི་ཆིངས་སུ་བསྣོལ་མར་བརྫིས་པའི་ཁྲི་ལ། ཞབས་བཞི་ཐབས་དང་ཤེས་རབ་ཀྱི་ཚུལ་གྱིས་བསྒྲེངས་ནས་བཞུགས་པ་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། ཧཱུྃ་ཧཱུྃ་ཕཊ་ཕཊ་དང་ཧ་ལ་ཧ་ལའི་སྒྲ་ཆེན་པོ་སྒྲོགས་པ། སྨིན་མ་གློག་སྟོང་འོད་དུ་འབར་བ། སྤྱན་མིག་སྐར་ལྟར་འཁྲུགས་པ། བདུད་དང་གཤིན་རྗེ་དང་ཤ་ཟ་སྲིན་མོ་དང་མ་མོ་ཁྲག་འཐུང་བྲན་བཞིན་འཁོལ་བ་གཅིག་ལ་བདག་ས་ལེར་གསལ་བར་བསྒོམ་མོ། །དེ་ནས་གཏུམ་ཆེན་གྱིས་བསྟོད་ཅིང་། འཁོར་ཟིལ་གྱིས་མནན། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བཞུགས་སུ་གསོལ། ཕྱག་འཚལ་ཞིང་མཆོད་པ་འབུལ། བཤགས་པ་ཕུལ་ལ་འཛབ་ལ་འཇུག་སྟེ། བདག་ཡ་མཱནྟ་ཀར་གསལ་བའི་ཐུགས་ཀར་ཉི་མའི་དལ་མཐེ་བོང་ཙམ་པའི་དབུས་ན་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀ་ན་རྡོ་རྗེ་ནས་ཙམ་པའི་ལྟེ་བ་ལ། ཉི་མའི་དལ་སྲན་ཆུང་ཙམ་པ་གཅིག་གི་དབུས་ན། ཧཱུྃ་སྤུས་བྲིས་པ་འདྲ་བ་གཅིག་གི་མཐའ་མ་ལ་སྔགས་ཀྱིས་བསྐོར་བ། བདག་གི་མགྲིན་པ་པདྨ་འདབ་བརྒྱད་ཀྱི་དབུས་ན་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཨཱྂཿདམར་པོ་པདྨ་འདབ་བརྒྱད་ལ་ཨཱོྂ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་ཀྱིས་བསྐོར་བ། བདག་ཡ་མཱནྟ་ཀར་གསལ་བའི་སྤྱི་བོར་ཉི་མའི་དལ་མཐེ་བོང་ཙམ་པའི་དབུས་ན་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀ་ན་རྡོ་རྗེ་ནས་ཙམ་པའི་ལྟེ་བ་ལ་ཉི་མའི་དལ་སྲན་ཆུང་ཙམ་གཅིག་གི་དབུས་ན། ཨཱོྂ་གྱི་མཐའ་མ་ལ་སྔགས་ཀྱིས་བསྐོར་བ་ནི། ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་སྙིང་པོ་ཡི་གེ་བཅུ་བདུན་པའོ། །དེ་ཡང་བཟླས་པའི་དུས་སུ་དང་པོ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་རྣམས་གསལ་བར་བསྒོམ། བར་དུ་ཡི་གེ་དང་འཁོར་ལོ་གསུམ་རྡོ་རྗེ་རྩེ་གསུམ་ནས་ཕྱུང་ཞིང་གནས་གསུམ་དུ་འཁོར་ཞིང་ཐིམ། དེ་ནས་འཕྲོ་འདུ་ཇི་ལྟར་འདོད་པ་བཞིན་བྱའོ། །ཐུན་མཚམས་སུ་སྟོང་བར་ལ་སྨན་མཆོད་དང་བསྟོད་པ་བྱ། ཁྲི་བར་དུ་ཚོགས་དྲངས། ཕྲིན་ལས་ཀྱི་གཞུང་བསྲང་། འབུམ་བར་དུ་འཛིན་གཏོར་དང་ལྷག་མ་སྐྱོང་། དེ་ལྟར་གྲངས་ཀྱི་བསྙེན་པ་འབུམ་རྫོགས་པ་དང་། དངོས་གྲུབ་བླང་བ་དང་། དགེ་རྩ་བསྔོ། མཇུག་རྣམ་པར་མི་རྟོག་པ་བསྒོམ། དེ་ནས་ཡང་ཡིག་འབྲུ་ལས་བསྐྱེད་ལ་འཕྲོ་འདུས་འགྲོ་དོན་བྱས་ལ་ལུས་བསྲུང་བར་བྱའོ། །དེ་ནས། ཨཱོྂ་བེ་ཏ་ལི་རཀྴ་ཡཀྴ་ཛཿཛཿཞེས་པས། ཤངས་བུག་གཉིས་ནས་ཛཿགཉིས་གཡས་གཡོན་དུ་ཆད་པ་ལས་གཡོན་གྱི་ཛཿདེ་ལས། གཡོན་དུ་བེ་ཏ་ལི་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཙོ་བོ་ལ་འཁྱུད་པ། གཡོན་བྷནྡྷ་རཀྟས་བཀང་བ་གཙོ་བོ་ལ་སྟོབ་པ་གཅིག་བསྐྱེད། གཡས་ཀྱི་ཛཿདེ་ལས་ཨུ་ཙུཥྨ་ཀྲོ་དྷ་བེ་ཏ་ལི་རཀྴ་ཡཀྴ་ཧཱུྃ་ཞེས་པས། གཡས་སུ་ཨེ་ཀ་ཛཱ་ཏི་མ་གཡས་ལྕགས་ཀྱུ། གཡོན་དགྲ་སྙིང་གཙོ་བོ་ལ་སྟོབ་པའོ། །ཡུམ་ཟ་བྱེད་བེ་ཏ་ལི་ཞེས་ཀྱང་བྱ། རོ་ལངས་ཐལ་མདོག་ཅེས་ཀྱང་བྱ། སྲིན་མོ་དུག་སྦྲུལ་གོས་གྱོན་མ་ཞེས་ཀྱང་བྱ། ཨེ་ཀ་ཛཱ་ཏི་སྒྲོལ་བྱེད་རལ་གཅིག་མ་ཞེས་ཀྱང་བྱ། འཁྱུག་བྱེད་ནག་མོ་དུས་མཐའ་བཏུལ་བྱེད་མ་ཞེས་ཀྱང་བྱ། སྲིན་མོ་མགོ་འཕྱང་མ་ཞེས་ཀྱང་བྱ། སྐུ་མདོག་དང་ཕྱག་མཚན་རྒྱན་ཆ་ལུགས་གཙོ་བོ་དང་མི་མཐུན་པ་གཅིག་སྐུ་ལ་འཁྲིལ་བར་བསྒོམ་མོ། །གཉིས་སུ་མེད་པའི་འཕྲོ་འདུ་ལས། ཡ་མ་རཱ་ཛ་ནི་ཛཿཛཿ མ་མ་རུ་ལུ་རུ་ལུ་མ་ཧེ་བྷྱོ་ཧཱུྃ་ཕཊ་ཅེས་བརྗོད་པས། འཇིགས་བྱེད་ཡ་མ་རཱ་ཛ་སྐུ་ཆེ་ལ་ཡན་ལག་རགས་པ། སྐུ་མདོག་སྨུག་ནག་སྤྱན་རྩ་དམར་བ། སྐྲ་རལ་པ་གྱེན་དུ་འཁྱིལ་བ་གཡས་ན་རལ་གྲི། གཡོན་སྡིགས་མཛུབ་བསྒྲེངས་ནས་ཞགས་པ་ཐོགས་པ། གཟས་པ་པོ་རྡུལ་དུ་རློག་པ་གཅིག་བསྒོམ་མོ། །མདུན་དུ་མ་མོ་ཁྲག་མིག་ཅན་མ་རལ་པ་གྱེན་དུ་འཁྱིལ་བ། ཁྲོ་གཉེར་རྣ་ཆས་མཛེས་པ། ཕྱག་གཡས་ལྕགས་ཀྱུ་གཡོན་སྙིང་ཁྲག་ཞལ་དུ་སྟོབ་པ་བསམ་གྱིས་མི་ཁྱབ་པ་གཅིག་འཕྲོས་པས། གཟས་པ་པོ་མདུན་དུ་བཀུག་ནས། མཚོན་ཆའི་ཆར་ཕབ་ནས། སྙིང་ཁྲག་དང་ཀླད་ཁྲག་དང་། ཙིཏྟ་ཕྱུང་སྟེ་གཙོ་བོ་ཉིད་ཞལ་དུ་སྟོབ་པ། དུར་ཁྲོད་ཀྱི་བྱ་ཀང་ཀ་དང་ལྕེ་སྤྱང་དང་། དུར་ཁྲོད་ཀྱིས་བསྡུས་པའི་ཚོགས་ཐམས་ཅད་དགྲ་བོའི་རྒྱུ་མ་འདྲེན་ཅིང་ཤ་ལ་ཟ་བར་བསྒོམ་མོ། །དེ་ལྟར་ཡབ་ཡུམ་སྲས་དང་བཅས་པ་ལྔ་ནི་རྩ་བ་དོན་གྱི་ལྷ་ལྔ་ཞེས་བྱའོ། །དགྲ་བོ་མེ་དཔུང་འབར་བས་ཀྱང་བསྲེག་པར་བསམ་མོ། །དེ་ལྟར་གསལ་བར་བསྒོམ་ནས་གཉིས་སུ་མེད་པའི་ཡང་སྙིང་། རེ་མ་ཏཱིའི་སྲོག་གི་སྙིང་པོ། མ་མོ་སྟོང་རྩ་བརྒྱད་ཀྱི་སྙིང་པོ་ཡང་སྙིང་རྒྱུན་གྱི་འཛབ་ཏུ་བགྲང་བ། ཨཱོྂ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱནྟ་ཀ་པཉྩ་ཏེ་རོ་ནི་ཧཱུྃ་ཛཿ ཨཱོྂ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛཿ མ་མ་ཨེ་ཀ་ཛཱ་ཏི་ཧཱུྃ་ཛཿཛཿ ཏྲག་རག་ཤ་ཁ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུ་མ་ཛ་ཛཿཁ་ལ་མ་ཧི་བྷྱོ་བྷྱོ། ཡ་ཡ་ལོན་ཙིཏྟ་མ་མ་བྷྱོ་ཛ་ཧཱུྃ། སྙིང་ཁ་རག་མ་སྲོག་ལ་བྷྱོ་བྷྱོ། ནུབ་རེ་ལ་སྟོང་སྟོང་བཟླས་སོ། །དོན་གསུམ་པ་སྐུ་རྒྱན་གཅིག་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ། ཡབ་གཅིག་འཇམ་དཔལ་ལྷ་ཡི་རྒྱལ་པོ་གཤིན་རྗེའི་གཤེད་ཀྱི་ལྷ། །ཡབ་གཅིག་འཇམ་དཔལ་སྐུ་ཡི་ཆ་ལུགས་འཇིགས་པར་སྟོན། །གཤིན་རྗེའི་སྐུ་ནི་འབར་བའི་རྒྱལ་པོ་སྟེ། །ཤིན་ཏུ་བརྗིད་ཅིང་གཏུམ་རྔམས་དྲག་ཤུལ་ཆེ། །ཁྱོད་ལ་བདག་གིས་དད་པས་བསྟོད་ཅིང་མཆོད་འབུལ་ན། །བདག་ལ་ཁྱོད་ཀྱིས་ཡུན་དུ་གྲོགས་མཛོད་ཅིག །བདག་ནི་ཁྱོད་ལ་རྟག་ཏུ་མཆོད་འབུལ་ན། །བདག་གི་དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཁྱོད་ཀྱི་ཐུགས་རྗེ་བྲེང་བྲེང་རྩེ་གཅིག་རྒྱུན་མ་ཐུང་། །ཁྱོད་ཀྱི་ཐུགས་རྗེ་དམ་པས་དད་པས་འདིར་གཤེགས་ཤིག །བཅོམ་ལྡན་འདས་ཡ་མཱནྟ་ཀ་འཕགས་པ་སྐུ་ཡི་ཆ་ལུགས་ནི། ཤིན་ཏུ་ངོ་མཚར་གཤིན་རྗེ་དཔལ་ལ་བརྗིད། །ཁྲོ་རྒྱལ་དཔལ་བརྗིད་འབར་བས་དགྲ་བགེགས་འདུལ། །ཡབ་གཅིག་ལྷ་ཡི་རྒྱལ་པོ་གཤིན་རྗེའི་གཤེད་མཛད་ལྷ། །གཤིན་རྗེའི་དྲེགས་པའི་དཔའ་བརྗིད་ཚུལ་གྱིས་མ་མོ་འདུལ། །གཤིན་རྗེ་ཁྱོད་ཀྱིས་ཡུན་གྱི་ལྷ་མཛོད་ཅིག །འཇམ་དཔལ་གཤིན་རྗེའི་གཤེད་ནི་དྲེགས་པའི་བརྗིད་དང་ལྡན། །མ་མོ་ཀུན་ལ་འཇམ་དཔལ་དབང་བསྒྱུར་ཞིང་། །རྟག་ཏུ་ལྷ་མཆོག་བདག་ལ་གྲོགས་མཛོད་ཅིག །སྲིན་མོ་ཤ་ཟ་སྟོང་ནི་བྲན་དུ་འཁོལ། །གིང་ཆེན་གིང་ལྕམ་རྣམས་ནི་བྲན་དང་གཡོག་ཏུ་འཁོལ། །ཀླུ་རྒྱལ་ཕོ་མོ་རྣམས་ནི་སྐུ་ཡི་རྒྱན་དུ་བྱས། །ཤ་ཟ་གདུག་བྱེད་ཚོགས་ཀྱི་ཆས་རྣམས་དག་པར་སྟོན། །འཇམ་དཔལ་གཤིན་རྗེའི་གཤེད་ནི་གདུག་པའི་ང་རོ་ཅན། །ཁྲོ་མོ་ཡུམ་ཆེན་རྣམས་དང་བཅས་ཏེ་སྐུར་སྟོན་ཅིག །འཇམ་དཔལ་སྐུ་ཡི་ཐུགས་རྗེ་བདག་ལ་དགོངས། །བཅོམ་ལྡན་གཤིན་རྗེའི་རྒྱལ་པོ་སྐུ་བསྐྱོད་ཅིག །འཇམ་དཔལ་སྐུ་བསྐྱོད་བདག་ལ་གྲོགས་མཛོད་ཅིག །གཡས་ནས་ཡུམ་བསྐྱེད་ཨེ་ཀ་ཛཱ་ཏི་མ། །གཡོན་ནས་ཡུམ་བསྐྱེད་བཛྲ་བེ་ཏ་ལི། །གཉིས་ཀྱི་སྐུ་བསྐྱེད་དབུས་ཀྱི་གཙོ་དང་མཐུན། །ཧཱུྃ། ཡབ་གཅིག་འཇམ་དཔལ་དབུ་སྐྲའི་ཆ་ལུགས་ནི། །དབུ་སྐྲ་རལ་པ་ཁམ་ནག་སྲིད་རྩེར་འབར། །ཡབ་གཅིག་འཇམ་དཔལ་སྤྱན་གྱི་ཆ་ལུགས་ནི། །སྤྱན་གསུམ་གཟིགས་པས་བསྐལ་པའི་མེ་དཔུང་འབར། །ཡབ་གཅིག་འཇམ་དཔལ་སྨིན་མའི་ཆ་ལུགས་ནི། །ལས་ཀྱི་ཁྲོ་གཉེར་རྟག་པར་ཤིན་ཏུ་འབར། །ཡབ་གཅིག་འཇམ་དཔལ་སྙན་གྱི་ཆ་ལུགས་ནི། །སྙན་ནས་བསྐལ་པའི་འབྲུག་སྟོང་ལྡི་རི་རི། །ཡབ་གཅིག་འཇམ་དཔལ་ཤངས་ཀྱི་ཆ་ལུགས་ནི། །བསྐལ་པའི་བག་ཆགས་འཐོར་བྱེད་རླུང་ནག་འཚུབས། །ཡབ་གཅིག་འཇམ་དཔལ་ཞལ་གྱི་ཆ་ལུགས་ནི། །ཉོན་མོངས་བག་ཆགས་ཁྲག་གི་རྦ་རླབས་འཁྱིལ། །ཡབ་གཅིག་འཇམ་དཔལ་ཚེམས་ཀྱི་ཆ་ལུགས་ནི། །ཉོན་མོངས་དུག་གསུམ་བག་ཆགས་རྩད་ནས་གཅོད། །ཧཱུྃ། ཡབ་གཅིག་འཇམ་དཔལ་ཕྱག་མཚན་ཆ་ལུགས་ནི། །གཡས་ཀྱི་དང་པོས་གདུག་པ་འདུལ་བ་གཤིན་རྗེའི་དབྱུག་ཏོ་བསྣམས། །གཡས་ཀྱི་བར་མས་གཅོད་ཅིང་གཏུབ་པའི་དགྲ་སྟྭ་བསྣམས། །གཡས་ཀྱི་ཐ་མས་ཉོན་མོངས་སྒྲོལ་བྱེད་ཤེས་རབ་རལ་གྲི་བསྣམས། །གཡོན་གྱི་དང་པོས་གདུག་པ་འདུལ་བྱེད་ཁྲོ་མཛུབ་ཞགས་པ་བསྣམས། །གཡོན་གྱི་བར་མས་ཞེ་སྡང་འབིགས་བྱེད་མདུང་ཐུང་བསྣམས། །གཡོན་གྱི་ཐ་མས་ཐུགས་རྗེ་ཆགས་པའི་ཐོད་ཁྲག་བསྣམས། །ཧཱུྃ། ཡབ་གཅིག་འཇམ་དཔལ་ཁྱོད་ཀྱི་གདུག་པའི་འགྱིང་སྟབས་ཞབས་དྲུག་འབར་བ་ནི། །ཞབས་གཉིས་གྱད་ཀྱི་དོར་སྟབས་ཚུལ་གྱིས་ཤ་ཟ་སྲིན་མོ་འདུལ། །ཞབས་གཉིས་གྱད་ཀྱི་དོར་སྟབས་ཚུལ་གྱིས་མ་མོ་ཁྲག་འཐུང་འདུལ། །ཞབས་གཉིས་གྱད་ཀྱི་དོར་སྟབས་ཚུལ་གྱིས་ཆོས་ཀྱི་དབྱིངས་དང་སྦྱོར། །ཧཱུྃ། ཡབ་གཅིག་འཇམ་དཔལ་སྐུ་ཡི་ཆ་ལུགས་ནི། །སྐུ་སྟོད་ཞེ་སྡང་གནག་ཕྱིར་གླང་ཆེན་ཀོ་རློན་དང་། །ཞིང་ལྤགས་སྟོང་གི་གཡང་གཞི་སྐུ་ལ་གསོལ། །སྐུ་སྨད་གདུག་པ་འདུལ་ཕྱིར་སྟག་གི་ཤམ་ཐབས་ཅན། །ཐོད་སྐམ་འབར་བས་དབུ་རྒྱན་ཅན། །ཉི་ཟླས་མཚན་པའི་དབུ་རྒྱན་ཅན། །སྦྲུལ་ནག་སྟོང་གི་སྐེད་བཅིངས་ཅན། །རིགས་བཞི་སྦྲུལ་གྱི་གདེངས་ཀ་ཅན། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མ་ཧེའི་གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཧཱུྃ་དང་ཕཊ་ཀྱི་སྒྲ་ནི་འཇིགས་པར་སྒྲོག །འཇིགས་བྱེད་རྔམ་པས་གདུག་པ་འདུལ་བྱེད་པ། །ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཨཱོྂ་ཤྲཱི་མཉྫུ་ཡ་མཱནྟ་ཀ་ཡ་མ་རཱ་ཛ། མ་མ་ཨེ་ཀ་ཛཱ་ཏི་ཛཿཛཿ ཏྲག་རག་ཤ་མུ་ཏྲ་ཁ་མུན་ཏྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རག་མོ་ཙ་ཙ་ཁ་ལ་མ་ཧི་བྷྱོ་ཞེས་བགྲང་ངོ་། །དེས་མི་འདུལ་བ་གཅིག་ཀྱང་མེད་དོ། །གཤིན་རྗེ་བསྐུལ་མ་ཤེས་ན་མ་མོ་ལས་བྱེད་དུ་མི་འདོད་དོ། །ཧཱུྃ། གཏུམ་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་མཛད་ལྷ། །དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་རྔམ་གདུག་པས་སྲིད་གསུམ་ཐལ་བར་རློག །སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ་འཁོལ། །གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །འཇིགས་བྱེད་ཡ་མཱནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད། །ཉི་མ་འབུམ་བས་ལྷག་པའི་འོད་སྟོང་ཕྱོགས་བཅུར་འགྱེད། །གདུག་བྱེད་མཚོན་ཆ་མང་པོ་བསྐལ་པའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་ལྤགས་རློན་ན་བཟའ་གསོལ། །ཤ་ཟ་གདུག་པའི་ཚོམ་བུ་དབུ་ཡི་ཐོད་དུ་བཅིངས། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཕྱག་དྲུག་ཞབས་དྲུག་ཧཱུྃ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྟོང་མཛད་ཞབས་དྲུག་གཤིན་རྗེ་གནོན། །བརྐྱང་བསྐུམ་བརྗིད་པའི་ཚུལ་གྱིས་གཤིན་རྗེ་ཡ་བ་ཏི་ཡི་སྙིང་གར་མནན། །ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེའི་ཐོག་འབེབས་ཤིང་། །འཁོར་གྱི་མ་མོ་རྣམས་ཀྱང་བྲན་དུ་འཁོལ། །ཚམ་རྔམས་ཁྲོ་བོའི་རྐན་སྒྲ་བརྡབས་པ་ཡིས། །འཁོར་གྱི་མ་མོ་རྣམས་ཀྱང་འདར་ཅུག་ཅུག །ཚངས་པ་འཁོར་བཅས་རྡུལ་གྱི་ཐིག་འཛག་ཅིང་། །ལྷ་ཆེན་ཁྱབ་འཇུག་མ་ཧཱ་དེ་ཝ་གནོན། །ཕྱག་ན་བནྡྷ་རློན་པ་རབ་བསྣམས་ཤིང་། །དངོས་གྲུབ་འཕྲོག་ཅིང་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་རྣམས་ནི། །དམ་ལས་ལོག་པ་རྣམས་ལ་གཏོང་བར་མཛོད། །རྣལ་འབྱོར་བདག་ལ་གདུག་ཅིང་འགལ་བྱེད་རྣམས། །རབ་ཏུ་བཅིངས་ཤིང་ཕུང་བར་མཛད་དུ་གསོལ། །གཤིན་རྗེ་ནག་པོ་ཡ་མ་རཱ་ཛ་ཁྲོ་བོ་ཀུན་གྱི་རྗེ། །གཏན་གྱི་ལྷར་ཡང་ཁྱེད་ལ་གསོལ་འདེབས་ན། །བདག་གི་དགྲ་བགེགས་མགོ་ནས་ཆེམ་ཆེམ་བསྣམས་སུ་གསོལ། །ནད་གཏོང་སྲིན་མོའི་ཚོགས་རྣམས་དབང་སྡུད་ཅིང་། །ཁྱུང་ཆེན་སྔོན་པོ་མཁའ་ལ་ལྡིང་བ་བཞིན། །རྣལ་འབྱོར་བདག་ལ་གནོད་པའི་དགྲ་དང་བགེགས། །ཡུད་ཙམ་གྱིས་ནི་ཐལ་བའི་རྡུལ་དུ་རློག །འཇིགས་བྱེད་ཡ་མ་རཱ་ཛའི་ཐུགས་དམ་དགྱེས་བསྐུལ་མ། །ཨེ་ཀ་ཛཱ་ཏི་གུ་ཧྱ་རལ་གཅིག་མ། །མི་ཕམ་ཁྲོ་གཉེར་གཡུ་ཡི་རལ་གཅིག་མ། །རལ་པ་སྤྲུག་པའི་སྐྲ་གསེབ་རེ་རེ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྟོང་ཁམས་ཁྱབ་པར་འགེངས། །ཀུན་ཀྱང་མི་བཟད་འཇིགས་བྱེད་ལྕགས་ཀྱུ་ཅན། །ལྕགས་ཀྱུ་བཏབ་པས་སྙིང་དང་སྲོག་རྩ་གཅོད། །དམ་ཉམས་དགྲ་བོ་དབང་དུ་བསྡུས་ཤིང་ཐལ་བའི་རྡུལ་དུ་རློགས། །ཨཱོྂ་ཡ་མཱནྟ་ཀ་ཛཿ ཡ་མ་རཱ་ཛ་ཧཱུྃ། ཨཱོྂ་གུ་ཧྱ་ཛྙཱ་ན་མུཾ་ཧཱུྃ། ཧཱུྃ་བྱིན་དུ་ཡ་མ་རཱ་ཛཿ ཡ་ཙ་ནན། ཨཱོྂ་མུ་ཁ་ལེ་ཁ་ཐུན་མུགས་ནན། ཨཱོྂ་ཡ་མ་ཁ་ཐུན་རཱ་ཛ་ཐུན་ཧཱུྃ། ཨཱོྂ་ཤྲཱི་ཨ་ཀྲོ་བྱིད་ཙར་ཙ་ཧཱུྃ། ཧཾ་ཧེ་རོ་ཏི་བག་ཛཿ ཛཿཧཱུཾ་བཾ་ཧོཿ ཧཱུྃ་ཛཿ ད་ནི་བར་འདིར་དབྱིངས་ནས་བཞེངས་སུ་གསོལ་ཏེ། བཅོམ་ལྡན་ཁྲག་འཐུང་ཁྲོ་རྒྱལ་གཤིན་རྗེའི་གཤེད། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཡུམ་ཆེན་ཨེ་ཀ་ཛཱ་ཏི་དབྱིངས་ནས་བཞེངས། །ཡུམ་ཆེན་སྲིན་མོ་མགོ་འཕྱང་དབྱིངས་ནས་བཞེངས། །ཐུགས་ཀྱི་སྲས་མཆོག་ཡབ་ཡུམ་དབྱིངས་ནས་བཞེངས། །ཤ་ཟ་སྲིན་མོ་མ་མོ་གིང་གི་ཚོགས་རྣམས་དབྱིངས་ནས་བཞེངས། །མ་མོ་ཁྲག་འཐུང་བདུད་ཀྱི་ཚོགས་རྣམས་དབྱིངས་ནས་བཞེངས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་བཅོལ་བའི་ཕྲིན་ལས་མཛོད། །ཛཿཧཱུྃ་བཾ་ཧོཿ ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། འཁོར་གྱི་གིང་ཆེན་བཅོ་བརྒྱད་ས་མ་ཡ་སྟྭཾ། ཨཱོྂ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ད་ནི་དོན་བཞི་པ་སྤྱན་དྲངས་ཏེ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཁྲོ་རྒྱལ་གཤིན་རྗེའི་གཤེད། །དབུས་ཀྱི་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །གཤིན་རྗེ་བསྒྱེལ་བའི་གདན་སྟེངས་སུ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །ཤ་ཟ་སྲིན་པོ་གིང་གི་ཚོགས་རྣམས་གཤེགས་སུ་གསོལ། །མ་མོ་ཁྲག་འཐུང་བདུད་ཀྱི་ཚོགས་རྣམས་གཤེགས་སུ་གསོལ། མཐིང་ནག་རལ་པ་གྱེན་དུ་འཁྱིལ་བའི་ལྷ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ་བ་ཡིས། །སུམ་ཅུ་རྩ་གསུམ་ལྷ་རྣམས་ཀུན་ཀྱང་འདར་ཅུག་ཅུག །སྤྱན་མིག་སྡང་དགུ་གྱེན་དུ་ལྡོག་པ་ཡིས། །ཕྱོགས་བཅུའི་ཁྲོ་བོ་ཀུན་ཀྱང་གན་བུབ་འགྲེ། །སྨིན་མ་གློག་སྟོང་འོད་དུ་འབར་བ་ཡིས། །སྤྲུལ་པའི་ཕོ་ཉ་མང་པོས་སྲིད་གསུམ་འགེངས། །མཆེ་བ་ཟླ་ཚེས་དཀར་པོ་གཙིགས་པ་ཡིས། །སྡང་བའི་དགྲ་བོའི་སྲོག་རྩ་གཅོད་པར་མཛད། །ཞལ་ནས་ཁྲོ་བོའི་གད་རྒྱངས་བསྒྲགས་པ་ཡིས། །ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འགུལ་ཞིང་ལྡེག །ཕྱག་དྲུག་མཚོན་ཆ་མང་པོ་བསྣམས་པས་དགྲ་བགེགས་ཐལ་བར་རློག །ཐམས་ཅད་བསྐུལ་གྱིས་གནས་འདིར་གཤེགས་སུ་གསོལ། །འཇིགས་བྱེད་ཡ་མ་རཱ་ཛའི་ཐུགས་དམ་དགྱེས་བསྐུལ་མ། །ཨེ་ཀ་ཛཱ་ཏི་འཇིགས་བྱེད་དཔལ་གྱི་ཡུམ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ལྷ་མོ་རྡོ་རྗེ་དམ་ཚིག་ཅན། །སྐུ་སྟོད་གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་འབུམ་གྱི་ཆ་ག་ཅན། །གཡུ་ཡི་རལ་པས་དུར་ཁྲོད་ཁམས་ཀུན་ཁྱབ། །འཇིགས་བྱེད་ཡ་མ་རཱ་ཛའི་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །དགྲ་བགེགས་རྩ་བ་དྲུང་ནས་དབྱུང་ཕྱིར་གཤེགས་སུ་གསོལ། །སྦྱོར་བའི་ཡུམ་མཆོག་བཛྲ་བེ་ཏ་ལི། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་བཅོལ་བའི་ཕྲིན་ལས་མཛོད། །ཁམ་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་རཱ་ཛ་གཤེགས་སུ་གསོལ། །འཇིགས་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ། །ཡུམ་གཅིག་སྲིན་མོ་མགོ་འཕྱང་གཤེགས་སུ་གསོལ། །ཡབ་ཡུམ་སྲས་བཅས་གནས་འདིར་གཤེགས་སུ་གསོལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་བཅོལ་བའི་ཕྲིན་ལས་མཛོད། །ས་མ་ཡ་ཛཿཧཱུྃ་བྂ་ཧོ། ཨཱོྂ་ས་མ་ཡ་ཨཱརྻ་མཉྫུ་ཤྲཱི་མུ་དྲ་ཡ་མཱནྟ་ཀ་པཉྩ་ཏེ་རོ་ནི་ཧཱུྃ་ཛཿ ཡ་མཱ་ན་ཤ་ཡ་ཧཱུྃ་ཛཿཛཿ གུ་ཧྱ་ཨུ་ཏྲྂ་ཛཿཛཿ ཤ་ཁྲག་དམར་གྱི་མཆོད་པ་བསྣམས་སུ་གསོལ། །དགྲ་བོ་བཅོལ་གྱིས་ཡུད་ཙམ་ཕྲིན་ལས་མཛོད། །དམར་སྦྲེང་། ཕྱག་འཚལ་བ་ནི། མི་གནས་དམིགས་མེད་ཆོས་སྐུ་དག་པ་ལས། །བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ། །ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་མཛད་གཤིན་རྗེ་གཤེད་ཀྱི་ལྷ། །སྦྲུལ་གདུག་ཐོད་རློན་མང་པོ་སྐུ་ཡི་རྒྱན་དུ་མཛད། །ཐུགས་རྗེས་བདུད་འདུལ་སྲིད་པ་གསུམ་གྱི་ལྷ། །འཇིགས་བྱེད་ཡ་མ་རཱ་ཛའི་སྐུ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཡ་མ་རཱ་ཛའི་ཐུགས་དམ་དགྱེས་བསྐུལ་མ། །སྒེག་མོ་རལ་གཅིག་གཤིན་རྗེའི་གཤེད་ཀྱི་ཡུམ། །མ་གཅིག་ཨེ་ཀ་ཙ་ཏིའི་སྐུ་ལ་ཕྱག་འཚལ་ལོ། །མགོན་པོ་གཤིན་རྗེ་འཁོར་བཅས་ལ། །ལྷ་རྫས་དམ་པའི་ཨརྒྷཾ་འབུལ། །དེས་འགྲེའོ། །བདུག་སྤོས༴ མེ་ཏོག༴ མར་མེ༴ དྲི་ཆབ༴ ཨརྒྷཾ་པྲ་ཏཱིཙྪ་ཁཱ་ཧི། དྷཱུ་པེ་ཁཱ་ཧི། པུཥྤེ་ཁཱ་ཧི། ཨཱ་ལོ་ཀེ་ཁཱ་ཧི། གནྡྷེ་ཁཱ་ཧི། ཞེས་པས་མཆོད་པ་འབུལ། བླ་མེད་དམ་རྫས་མཆོག་ཏུ་སྦྱར་བའི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ལོངས་སྤྱོད་ཚོགས་ཀྱིས་རབ་བརྒྱན་ཏེ། །མགོན་པོ་འཁོར་དང་བཅས་པས་བཞེས་སུ་གསོལ། །ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཙ་ཏི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་གཏོར་མ་འབུལ། ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་འདི། །ཡ་མཱནྟ་ཀའི་ཞལ་དུ་ཁ་རཾ་ཁཱ་ཧི། །དགྲ་བགེགས་བཅོལ་གྱིས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་འདི། །ཡུམ་ཆེན་ཨེ་ཀ་ཙ་ཏིའི་ཞལ་དུ་ཁ་རཾ་ཁཱ་ཧི། །དགྲ་བགེགས་བཅོལ་གྱིས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་འདི། །ཡ་མ་རཱ་ཛའི་ཞལ་དུ་ཁ་རཾ་ཁཱ་ཧི། །དགྲ་བགེགས་བཅོལ་གྱིས་ཡུད་ཙམ་ཕྲིན་ལས་མཛོད། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་འདི། །འཁོར་གྱི་གིང་ཆེན་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དགྲ་བགེགས་བཅོལ་གྱིས་ཡུད་ཙམ་ཕྲིན་ལས་མཛོད། །ད་ནི་དོན་ལྔ་པ་སྨན་མཆོད་དང་མཆོད་པ་འབུལ་བ་བསྟན་ཏེ། རྩ་བརྒྱད་སྟོང་ལ་སྦྱར་བའི་དགྱེས་མཆོད་དམ་པ་འདི། །འཇིགས་བྱེད་ཡ་མཱནྟ་ཀའི་ཞལ་དུ་ཁ་རཾ་ཁཱ་ཧི། །རྩ་བརྒྱད་སྟོང་ལ་སྦྱར་བའི་དགྱེས་མཆོད་དམ་པ་འདི། །ཡུམ་ཆེན་ཨེ་ཀ་ཙ་ཏིའི་ཞལ་དུ་ཁ་རཾ་ཁཱ་ཧི། །རྩ་བརྒྱད་སྟོང་ལ་སྦྱར་བའི་དགྱེས་མཆོད་དམ་པ་འདི། །ཡ་མ་རཱ་ཛའི་ཞལ་དུ་ཁ་རཾ་ཁཱ་ཧི། །རྩ་བརྒྱད་སྟོང་ལ་སྦྱར་བའི་དགྱེས་མཆོད་དམ་པ་འདི། །འཁོར་གྱི་གིང་ཆེན་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། །དེས་འགྲེའོ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ད་ནི་བཤགས་པ་བྱ་སྟེ། བདག་ཅག་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་ཏེ། །ཡ་མཱནྟ་ཀའི་ཐུགས་དང་ཅི་འགལ་བ། །ལྷ་མཆོག་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །བདག་ཅག་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་ཏེ། །ཡུམ་གཅིག་ཨེ་ཀ་ཙ་ཏིའི་ཐུགས་དང་ཅི་འགལ་བ། །དབྱིངས་ལྡན་ཆགས་པའི་ཡུམ་ལ་བཟོད་པར་གསོལ། །བདག་ཅག་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་ཏེ། །ཡུམ་ཆེན་རོ་ལངས་ནག་མོའི་ཐུགས་དང་ཅི་འགལ་བ། །འདོད་ཆགས་དགྱེས་པའི་སྐུ་ལ་བཟོད་པར་གསོལ། །བདག་ཅག་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་ཏེ། །སྲས་མཆོག་ཡ་མ་རཱ་ཛའི་ཐུགས་དང་ཅི་འགལ་བ། །སྐུ་ཆེ་ཡན་ལག་རགས་ལ་བཟོད་པར་གསོལ། །བདག་ཅག་རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་ཏེ། །ལྷ་མོ་ནག་མོའི་ཐུགས་དང་ཅི་འགལ་བ། །ཁྲོས་མ་སྲིད་གསུམ་སྒྲོལ་ལ་བཟོད་པར་གསོལ། །བཞེས་ནས་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ད་ནི་དོན་དྲུག་པ་བསྙེན་པ་དབུལ་བ་དང་། འཛབ་དབུལ་བ་བསྟན་ཏེ། ཉི་མ་རེ་རེ་ལ་སྔགས་ཁྲི་ཁྲི་བཟླས། ཉི་མ་དང་པོ་ལ། །ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཆྒཻ་མོ་ཨ་མུ་ཀཾ་བྷྲ་མ་ཡ་ཧཱུྃ་ཕཊ། ཅེས་བཟླས་སོ། །ཉི་མ་གཉིས་པ་ལ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཆྒཻ་མོ་ཞིག་ཨ་མུ་ཀཾ་རཀྟ་ཙ་ར་ཡ་ཧཱུྃ་ཕཊ། ཉི་མ་གསུམ་པ་ལ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཆྒཻ་མོ་ཞིག་ཨ་མུ་ཀཾ་མུར་ཙ་ཡ་ཧཱུྃ་ཕཊ། ཉི་མ་བཞི་པ་ལ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཆྒཻ་མོ་ཞིག་ཨ་མུ་ཀཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས་སོ། །དང་པོས་མགོ་འཁོར་བར་བྱེད། གཉིས་པས་ཡིད་དཀྲུག་པར་བྱེད། གསུམ་པས་ཁྲག་ཏུ་སྐྱུག་པར་བྱེད། བཞི་པས་མཱ་ར་ཡ་གདོན་མི་ཟའོ། །དེ་ནས་དགྲ་བོའི་རཱུ་པ་དུད་པས་བདུག་ལ་ཕུར་བུས་གདབ་བོ། །ཉི་མ་བཞི་པའི་གྲིབ་སོ་དང་པོ་བྱུང་ཙམ་ན་དཀྱིལ་འཁོར་གྱི་སྟེང་དུ་ལིང་ག་རྡོག་པས་མནན་ལ། །བདག་རང་ཡ་མཱནྟ་ཀའི་ཏིང་ངེ་འཛིན་དུ་ཞུགས་ཏེ། ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་མནན་པར་བསྒོམ་མོ། །དེ་ནས་གཟས་པ་པོ་མནན་པས་འབྲོང་མི་ཁྱིས་དེད་པ་བཞིན་དུ་ཙེར་ལྷང་འདོན་ཅིང་། རྐྱལ་པ་ཁྲག་གིས་བཀང་བ་ལ་སྙུག་བུས་གཙག་པ་བཞིན་དུ། བུ་ག་དགུ་ནས་ཁྲག་ཏུ་སྐྱུག་ཅིང་མནན་པར་བསྒོམ་མོ། །དེ་ཡང་གཤིན་རྗེའི་རྒྱལ་པོ་བདུད་བྱེ་བ་གུང་རིངས་ལ་གཏད་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་བསྒོམ་མོ། །དེ་ནས་ཡང་དགྲ་བོའི་སྙིང་པོ་ནས་བགྲང་ལ། ཡུངས་ཀར་དང་སྐེ་མཚེ་ལ་སྔགས་ལ། ཁམས་སའི་ཀོང་བུའི་ནང་དུ་བླུགས་ཏེ། སྔགས་ནི། མ་རུ་དུ། མ་མ་ཁྲག །ཚལ་པ་བཾ་རིལ། དུམ་བུ་དུམ་བུ་ཧཱུྃ་ཕཊ། ཅེས་བཟླས་པ་བགྲང་ལ། ཡ་མ་རཱ་ཛའི་སྙིང་པོ་དང་། ཁ་ཐུན་གྱི་སྔགས་འདི་ཡུངས་ཀར་ལ་བསྔགས་ལ་བརྡེག་གོ། །ཨཱོྂ་ཡ་མ་རཱ་ཛ་ས་ཏོ་མེ་ཡ། བྷྱོ་རུ་ལུ་རུ་ལུ་ཆྒཻ་མོ་ཧཱུྃ་ཕཊ། བྂ་རིལ་ལི་རྦད་ནན། ཞེས་ཉི་མ་དང་པོ་ལ་བཟླས་སོ། ། ཨཱོྂ་དུ་ནུར་དུ་ནུར་ཆྒཻ་མོ་ཚལ་པ་ནན། ཞེས་ཉི་མ་གཉིས་པའོ། །ཨཱོྂ་སྙིང་གཤོགས་ཁ་ལ་མུ་ལོ་རྩ་ཐུན་ནན། ཞེས་ཉི་མ་གསུམ་པའོ། །ཨཱོྂ་སྭ་སྟི། པྲ་ཏི་ཡང་སྣང་། རུ་རུ་ཀང་ཏྲ་རཱ་ཛ་ནན་ཆྒཻ་མོ་མཱ་ར་ཡ་སྐྱ་པ་ཞེས་ཉི་མ་བཞི་པ་བཟླས་པས། ཨཱོྂ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཀཱ་ལ་རཱུ་པ་ཤ་ཡ་ནན། བྂ་རྦད་རུ་ལུ་ཧཱུྃ་ཧཱུྃ་ཛ་ཛ་རུ་ལུ་ཚལ་པ་ཡ་ནི་ཏོ་ཤ་རུ་ནི་ནན། ཆྒཻ་མོ་མཱ་ར་ཡ་ནན། ཞེས་ཉི་མ་ལྔ་ཚུན་ཆད་དུ་དེ་ལྟར་བགྲངས་ལ། ཡུངས་ཀར་དང་སྐེ་མཚེ་ལ་སྔགས་ལ་ཁམས་སའི་ཀོང་བུའི་ནང་དུ་བླུགས་ཏེ་གཟུགས་ལ་བརྡེག་གོ། །གཏོར་མའི་ནང་དུ་ཡང་ཆྒཻ་མོ་ཞེས་བརྡེག་གོ། །སྐྱེར་པའི་མདས་ཀྱང་བརྡེག་གོ། །ད་ནི་དོན་བདུན་པ་གཤེད་སྒོམ་པ་དང་། དགྲ་བོ་སྟོབས་པ་བྱ་སྟེ། ཨེ་གྲུ་གསུམ་གྱི་སྟེང་དུ་རི་བོང་གི་མགོ་ཡང་རུང་། ཡང་ན་ཁམས་སའམ། དཀར་གོང་སྲིན་ཅན་བཏགས་ལ། རྐང་རྗེས་གསུམ་ལ་གཟུགས་བྱས་ཨེའི་སྟེང་དུ་བཞག་ལ། གོང་མའི་དམར་གྱི་གཏོར་མ་དང་། དགྲ་བོའི་གཟུགས་ཀྱི་སྐེ་ནས་སྐུད་པ་སྔོན་དམར་གྱིས་བཏགས་ལ་གཏོར་མའི་ནང་དུ་གདགས་སོ། །གཅིག་ཡ་མ་རཱ་ཛའི་ཞལ་བཅས་པའི་ཕྱག་ཏུ་དབུལ་ལོ། །གཅིག་སྔགས་པའི་མདའ་ཐོགས་པ་བསྐུར། དེ་ལྟར་སྔོན་དམར་གསུམ་གྱིས་ཕར་འཐེན་ཚུར་འཐེན་བྱས་ལ། རལ་གྲི་དང་མདའ་དང་མཚོན་ཆས་ཀྱང་གདབ། དགྲ་བོའི་མཚན་བྱང་བཞི་བྱས་ལ། གཅིག་སྣང་སྲིད་ཀྱི་ལྷ་འདྲེ་ལ་དབུལ་ལོ། །གཅིག་ཡ་མ་རཱ་ཛའི་ཐུགས་ཀར་གདགས་སོ། །གཅིག་དམར་གྱི་གཏོར་མའི་ནང་དུ་གཞུག་གོ། །གཅིག་ཁམས་སའི་གཟུགས་བྱས་ལ་སྐེ་ལ་གདགས། སྙིང་གའི་མཚན་བྱང་ལ་ཁྲག་དང་དུག་བསྲེས་པའི་ཐུན་དབབ་ཅིང་སྦྲེང་། སྐྱེར་པའི་མདས་ཀྱང་བརྡེག །ཡ་མ་རཱ་ཛའི་སྙིང་པོ་དང་། ཁ་ཐུན་གྱི་སྙིང་པོའི་སྔགས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བརྡེག་གོ། །ཡ་མ་རཱ་ཛའི་ཞལ་དུ་དམར་གྱི་གཏོར་མ་ཉིན་ལན་གསུམ་མཚན་ལན་གསུམ་དུ་འབུལ་ལོ། །བསྙེན་པ་དབུལ། འཛབ་བགྲང་། ཕྲིན་ལས་བཅོལ། ཕུར་བུས་གདབ། དགྲ་བོའི་གཟུགས་ཀྱི་སྙིང་གར་བརྡེག་གོ། །ཁྲག་བསྲེས་ལ་སྦྲེང་ཞིང་མ་མོའི་ཐུན་དབབ་བོ། །ཕུར་ཐུན་ལ། ཧཱུྃ། ཁམ་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །འཇིགས་བྱེད་ཡ་མ་རཱ་ཛ་གཤེགས་སུ་གསོལ། །དབང་ཆེན་དྲེགས་པ་ཆེན་པོའི་འཕྲིན་ལས་སྐུ་ལ་རྫོགས། །སྨུག་ནག་འཁྱིལ་བས་བདུད་དཔུང་ཐལ་བར་རློག །འཇིགས་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ། །ཡུམ་ཆེན་སྲིན་མོ་མགོ་འཕྱང་དབྱིངས་ནས་བཞེངས། །ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དབྱིངས་ནས། །ཐུགས་ཀྱི་སྤྲུལ་པ་ཁྲོ་རྒྱལ་མི་གཡོ་མགོན། །དབྱུག་ཏོ་འབར་བས་ལྷ་མཆོག་སྲིད་པ་གསུམ་གྱི་ལྷ། །གཤིན་རྗེ་འཆི་བདག་དབང་པོ་ཀུན་འདུལ་བ། །ཁ་དོག་ནག་པོ་འདུད་བདུལ་རལ་གྲི་ཅན། །སྲིན་མོ་མ་མོ་སྟག་གཟིག་ཞོན་ནས་སུ། །རལ་གྲི་སྲིད་པ་གསུམ་པོ་ཐལ་བར་རློག །སྲིད་གསུམ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྔོ་ནག་གཤིན་རྗེའི་གཤེད་ཀྱི་ལྷ། །སྐུ་ནི་དུད་ཀ་ཆེན་པོ་ལ། །འབྱུང་པོ་ཡོངས་ཀྱི་གཤེད་མར་བྱུང་། །གཤེད་བདག་ཡ་མ་རཱ་ཛའི་ཐུགས་དམ་དུས་ལ་བབ། །གཅིག་གི་བཀའ་ཉན་མང་པོའི་ཚོགས་ཀྱིས་བསྐོར། །མ་མོ་རྦོད་གཏོང་སྡང་བའི་དགྲ་ལ་གཏོང་། །སྡིགས་མཛུབ་འབར་བས་དགྲ་བགེགས་སྲོག་རྩ་གཅོད། །སྡང་མིག་བགྲད་པས་གཤིན་རྗེའི་ཚོགས་རྣམས་འདུལ། །རྐན་སྒྲ་བརྡབས་པས་སྲིན་མོ་འབངས་སུ་འཁོལ། །སྲིན་མོ་ཁྲོས་པས་ཁྲག་མཚོ་ཁོང་དུ་གསོལ། །བཤུགས་གླུ་བླངས་པས་མ་མོ་དགྲ་ལ་གཏོང་། །དུག་གསུམ་ཞལ་དུ་རྔུབས་ལ་ཕྱག་འཚལ་ལོ། །ཞབས་འོག་གཤིན་རྗེ་སྲིན་མོ་མ་མོ་རྣམས། །དུན་དུན་གུམ་གུམ་སྡང་བའི་དགྲ་ལ་གཏོང་། །གཤིན་རྗེ་ཁྲོས་ཏེ་ཤིན་ཏུ་རྔམ་པ་ཡིས། །སྲིན་པོ་ཕོ་མོའི་དོན་སྙིང་སྤར་གྱིས་འདེབས། །གདུག་པའི་སྲིན་མོ་ཁྲོས་ཏེ་རྒྱུག་པ་ཡིས། །མ་མོ་སྟོང་གི་དོན་སྙིང་སྤར་གྱིས་འདེབས། །གདུག་པའི་མ་མོ་ཁྲོས་ཏེ་རྒྱུག་པ་ཡིས། །སྡང་བའི་དགྲ་བོའི་དོན་སྙིང་སྤར་གྱིས་འདེབས། །དམ་ཉམས་དགྲ་བགེགས་དབང་དུ་སྡུད་ཅིང་ཐལ་བར་རློག །ཨཱོྂ་ཡ་མཱནྟ་ཀ་ཀྵཾ། ཨཱརྻ་ཨ་ཙ་ལ་ཀྵཾ། ཨཱོྂ་མ་དུག །ཙ་ཙ་ཚལ་པ་ཚལ་པ་རྦད་རྦད། མ་དུག་ཀྵཾ། ཡ་མཱན་ཀྵཾ། ཆྒཻ་མོའི་སྲོག་ལ་མུགས་ཏི་རྦད། ཙ་ཙ་རཱ་ཙ་རྦད། མ་མོ་ཁྲག་ལ་དུན་ཏི་རྔུབས། །སྲིན་མོ་རུས་ལ་ཆོམ་ཆོམ་ཚལ། །གཤིན་རྗེས་ཁྲམ་ལ་ལྷན་ལྷན་ཐོབ། །དགྲ་བགེགས་ལ་ཁྲམ་ཁ་རིལ་རིལ་ནྲྀ་ཛཿརྦད། དེ་ནས་གཟས་པ་པོ་དངོས་སུ་གསལ་བ་དང་། སེང་ལྡེང་གི་ཕུར་བུ་ཀུན་གྱི་སྐུ་སྟོད་མི་གཡོ་མགོན་པོའི་སྐུར་བསྒོམ་མོ། །རྒྱ་མདུད་མན་ཆད་བདུད་ཀྱི་བུ་མོ་ཁྲོཾ་བམ་གྱི་བདག་མོར་བསྒོམ་མོ། །དེའི་སྟེང་དུ་ཡ་མཱནྟ་ཀ་གསལ་བར་བསྒོམ་མོ། །སྔགས་པ་བདག་ཉིད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་གདབ་བོ། །དགྲ་བོའི་སྙིང་གི་དཀྱིལ་དུ་དཔག་ཆེན་གྱི་མདའ་གཡག་ལ་བརྒྱབ་པ་འདྲ་བའམ། ལྕགས་ཀྱི་གཟེར་མདའ་བཏབ་པ་བཞིན་དུ་བསྒོམ་མོ། །ཕུར་བུས་ཧོམ་ཁུང་ནས་བླངས་ལ། འཁོར་ལོའི་སྟེང་དུ་ཁ་དགྲ་བོའི་སྙིང་། དཔེ་ལ་ལར་སྣང་། སྦུབ་ཏུ་བཞག་སྟེ་རྡོག་པས་མནན་ལ་བདག་ཉིད་ཡ་མཱནྟ་ཀར་བསྒོམ་ལ། ཡི་དྭགས་རྒྱལ་པོ་གཤིན་རྗེ་མནན་ལ། དེས་དགྲ་བོ་མནན་པར་བསྒོམ་ལ། དེས་ཡུམ་བསྐུལ་ཏེ། ཀྱེ། སྐུ་མདོག་དམར་མོ་ཟངས་ཀྱི་དྲིལ་ཞགས་ཅན། །ཟངས་ཀྱི་རལ་པ་སྤྲུག་པའི་སྐྲ་གསེབ་རེ་རེ་ནས། །མ་མོ་ལྔ་བཅུ་རྩ་བཞི་སྡང་བའི་དགྲ་ལ་གཏོང་། །ལྕགས་ཀྱི་ཕྱག་སོར་འབར་བས་གདབ་པ་ཡིས། །གཤིན་རྗེ་ནག་པོ་དུན་དུན་དགྲ་ལ་གཏོང་། །ཁྲོ་མོའི་སྡིགས་མཛུབ་འཕྱར་ཏེ་གདབ་པ་ཡིས། །སྲིན་མོ་ནག་མོ་དུན་དུན་འབངས་སུ་འཁོལ། །མ་མོ་འབུམ་ཁྲི་འབུམ་སྟོང་སྡང་བའི་དགྲ་ལ་གཏོང་། །དགྱེས་ཏེ་གད་མོ་དྲག་ཏུ་བགད་པ་ཡིས། །སྡང་བའི་དགྲ་བོ་གཏན་ནས་ཕུང་བར་མཛོད། །ལྷ་སྲིན་སྡེ་བརྒྱད་རབ་ཏུ་བསྲེག་པར་མཛད། །དམ་ཉམས་དགྲ་བགེགས་དབང་དུ་བསྡུས་ཤིང་ཐལ་བའི་རྡུལ་དུ་རློག །རག་མོ་ཤན་པ་མཱ་ར་ཡ་ཛཿཛཿ མགོ་འཕྱང་མ་ཛཿཛཿ དུན་མུགས་བླ་རྩ་ལ་ཛཿཛཿ རྩ་བོ་ཆེ་ལ་དུན་རྨུགས་ནང་ཁྲོལ་སྨད་ལྔ་ལ་རྩ་བཾ་བྱེས་ཐུགས་ན་བཾ། ཐུཾ་རི་ལི་ལི་རི་ལི་རྦད་རྦད། ཕུར་བས་གདབ་བོ། །ཡུངས་ཀར་གྱིས་བརྡེགས། དམར་སྦྲེང་། དུག་ཐུན་བྱ། ཁྲག་ཟོར་བྱ། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །གསོད་བྱེད་ཡ་མ་རཱ་ཛ་གཤེགས་སུ་གསོལ། །དམར་སྨུག་བརྗིད་པས་མ་མོ་བྲན་དུ་འཁོལ། །ཁྲོ་གཏུམ་བཙན་དྲག་སྲིད་པ་གསུམ་གྱི་ལྷ། །ཆེ་བཙན་དྲེགས་པས་མ་མོ་འབངས་སུ་འཁོལ། །གསོད་བྱེད་དེ་ཡི་ཐུགས་དམ་དགྱེས་བསྐུལ་མ། །མ་གཅིག་སྲིན་མོ་མགོ་འཕྱངས་མ། །དགྲ་ལ་ཁྲག་ཟོར་འཕེན་གྱིས་ད་ཚུར་སྤྱོན། །སྡང་བའི་དགྲ་ལ་ཁྲག་ཐུན་མུགས། །འཇིགས་བྱེད་དེ་ཡི་ཞབས་འོག་ནས། །སྲིད་གསུམ་ཤ་ཁྲག་མངའ་མཛད་མ་མོ་རྣམས། །དམར་ལམ་བསྟན་གྱིས་མ་ཐོགས་ད་ཚུར་སྤྱོན། །ཙིཏྟ་ཕྱུང་གིས་མ་ཐོགས་ད་ཚུར་སྤྱོན། །ཁྲག་འཐུང་དབབ་ཀྱིས་མ་ཐོགས་ད་ཚུར་སྤྱོན། །སྲིད་པ་གསུམ་གྱི་ཁྲག་གི་མངའ་བདག་མོ། །དམར་མོ་མཆུ་འཇིབས་བཙན་སྲོག་མངའ་བདག་མོ། །ཕྱག་ན་ལྕགས་ཀྱུ་དགུ་ཁྲི་དགུ་སྟོང་བསྣམས་ཤིང་དགྲ་བོའི་སྙིང་འབྱིན་མ། །འཁོར་གྱི་མ་མོ་སྟོང་དང་རྩ་བརྒྱད་ཀུན། །ཐུན་ཟོར་འཕང་གིས་མ་ཐོགས་ད་ཚུར་སྤྱོན། །དམ་ཉམས་དགྲ་བོ་དབང་བསྡུས་ཐལ་བར་རློགས། །དགྲ་བོ་ལ་ཁྲག་ཐུན་མུགས། ཨཱོྂ་མུཾ་ཨཱོྂ་མུགས་ཏི་སུབས། ཆྒཻ་མོ་ལ་ཆོམ་ཆོམ་ཡ། བལ་ཧུབ་བལ་ཧུབས། བལ་ཡུལ་སྙིང་གྷོ་རྩ་ཐུན། ཆྒཻ་མོ་ནན། ཁྲག་ཐུན་ཁོང་ཁྲག་ནན། ཆྒཻ་མོའི་ཁྲག་ལ་ཡ། དགྲ་ལ་ཁྲག་ཐིག་ཕོབ། སྙིང་ཐིག་ཕོབ། སྲོག་ཐིག་ཕོབ། ཁྲག་དང་དུག་ཐུན་བྱའོ། །ཁྲག་ཟོར་དུ་བྱས་ན་ཡང་། ཁྱི་ཁྲག་ར་ཁྲག་རྟ་ཁྲག་གསུམ་བསྲེས་པ་དང་། དུག་སྣ་ཚོགས་དང་སྦྱར་ཏེ་གླང་གི་རྭ་དང་། མུ་སུ་རའི་ཐོད་པར་བླུགས་ལ། ཁྲག་ཐུན་གྱི་སྔགས་ཀྱིས་བསྔགས་ལ། བདག་ཉིད་གོས་ནག་པོ་གྱོན། གདོང་ཁྲག་གིས་བྱུགས་ལ། གཟའ་སྐར་ངན་པ་ལ་གཏོར་རོ། །རང་ཁྲོས་པར་བྱས་ལ། ཁང་པ་ཡང་ཧྲུལ་གྱིས་ཞིག་པར་གསལ་བར་བསྒོམ་མོ། །མདའ་བྱ་ན་ཡང་། ཁྲག་ཐུན་གྱི་སྔགས་ཀྱིས་ཡུངས་ཀར་དང་དུག་ལ་ཡང་བསྔགས་ལ། འུག་པའི་མདའི་མདེའུའི་ཁུང་དུ་བླུགས་ལ་སྐྱེར་པའི་མདེའུས་ཁ་བཅད་ལ་གཟའ་སྐར་དྲག་པོ་ལ། མདེའུའི་རྩེ་མོ་ལ་སྲོས་ནས། ཡུམ་གྱི་ཐུགས་དམ་བསྐུལ་ལ་དགྲ་བོའི་ཡུལ་ཕྱོགས་སུ་འཕང་ངོ་། །དེ་ནས་མནན་པ་ནི། ཉི་མ་དམར་ཐག་མ་ཆོད་ཀྱི་བར་དུ། འཁོར་ལོ་དང་གཟུགས་གཉིས་ཕུར་བུས་སོར་བཞིར་སྦྲེལ། འཁོར་ལོའི་ལྟོར་གཞུག །སྔོན་དམར་གྱིས་དཀྲིས་ལ། དམར་གཏོར་ཆ་གཅིག་དང་། གཤིན་རྗེ་ཡབ་ཡུམ་ལ་བཅོལ་ཞིང་གཏད་དོ། །བདག་གི་ཚེ་སྲིངས་ཤིག །རྒྱགས་མཐུད་ཅིག །བུ་ཚ་རིགས་བརྒྱུད་དར་ཞིང་རྒྱས་པར་གྱིས་ཤིག །གཤིན་རྗེའི་རྒྱལ་པོ་ཁྱོད་ཀྱི་ལྟོ་བ་ན་སྲིད་པ་གསུམ་ཡོད་དེ་ཁྱོད་ཀྱིས་མི་གྲུབ་པ་གཅིག་ཀྱང་མེད་དོ། །དཀོན་མཆོག་གསུམ་གྱི་བསྟན་པ་འཇིག་པར་བྱེད་པའི་དགྲ་བོ་འདི། ཁྲག་ཏུ་སྐྱུག་པར་གྱིས་ཤིག །ལྐུག་པར་གྱིས་ཤིག །མྱོས་པར་གྱིས་ཤིག །བསྐྲད་པར་གྱིས་ཤིག །སྨྱོ་རུ་ཆུག་ཅིག །དུས་འདི་ཙམ་ཞིག་ན་དཀོན་མཆོག་གསུམ་གྱི་ཁ་ཐབས་སུ་མ་བཏང་ཞིག །གཤིན་རྗེ་རལ་པ་ཚར་དགུའི་ལག་ཏུ་གཏད་དོ། །གཤིན་རྗེ་ནག་པོ་བྱེ་བ་གུང་རིངས་ཀྱི་ལག་ཏུ་གཏད་དོ། །བདུད་མོ་མི་ཟན་གྱི་ལག་ཏུ་གཏད་དོ། །གཤིན་རྗེ་ནག་པོ་ཡ་མ་རཱ་ཛའི་ཞལ་དུ་བསྔོའོ། །ཡུམ་ཆེན་སྲིན་མོ་མགོ་འཕྱང་མའི་ཞལ་དུ་བསྟབ་བོ། །ད་ཟ་བྱེད་ཆེན་མོ་བསྐྱོད་ཅིག །དགྲ་བོའི་ལྷུ་གཟུགས་ཕྲོལ་ཅིག །བདུད་དཔུང་ཆོམས་ཤིག །ཐུགས་དམ་ཉམས་ཆག་སྐོངས་ཤིག །དངོས་གྲུབ་ཆེན་པོ་དབྱིངས་ནས་སྩོལ་ཅིག །བདག་གིས་དེ་སྐད་ཅེས་གཤིན་རྗེ་ལ་ལས་བཅོལ་ཞིང་གཏད་དོ། །སྲུང་མ་ལ་སྨྲེ་སྔགས་འདོན། །བམ་རོ་དང་བཅས་པའམ་རོ་ཁུང་རྙིང་པར་སྦའོ། །དེ་ལྟར་སྦས་ན་ཁྲག་ཏུ་སྐྱུག་པ་དང་། སྨྱོ་འབོག་དང་། སྐྱུགས་ནས་འཆིའོ། །ཕ་ཚན་གཅིག་གམ་ཡུལ་མི་རངས་པ་དང་འགྲས་ན་ཆུ་མིག་ཁ་བྱང་དུ་བལྟ་བར་སྦའོ། །དེ་ལྟར་སྦས་ན་ཕ་ཚན་ནམ་ཡུལ་མི་རངས་པ་མཛེ་ཅན་ནམ་དམང་ལོག་ཏུ་འཆིའོ། །ཟླ་དུས་སུ་ཡོང་བ། རྨི་ལྟས་ནི་མོན་པ་ནག་པོའམ། མོན་མོ་ནག་མོ་རྣ་ཆ་ཅན་ནམ། བུད་མེད་ནག་མོ་དང་འཕྲད་ནས་བདག་ལ་བཀུར་སྟི་བྱེད་ན་ཆས་ཟིན་པ་ཡིན་ནོ། །འདི་དང་དུ་བླངས་ཤིང་འཛབ་སྐོང་མང་དུ་བྱ་ན་གསེར་ས་འོག་ན་འཇུག་འདུག་པ་དང་འདྲའོ། །ལན་གསུམ་གྱིས་མི་འགྲུབ་མི་སྲིད་དོ། །ལུས་ལ་མེ་འབར་ཁོང་དུ་སྦྲུལ་ཞུགས་ཀྱང་། སུ་རུང་རུང་ལ་མི་སྤེལ་ལོ། །གནག་པའི་ལས་བྱང་རྫོགས་སོ།། །།


previousཤིན་རྗེ་ཁ་ཐུན་དོན་བརྒྱད་མ།next