Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མངོན་རྟོགས་སྒོམ་ཁོག་པདྨའི་སྤྱན།
   
   
   
   
   
   
   
   
   
   
   


 
previousམངོན་རྟོགས་སྒོམ་ཁོག་པདྨའི་སྤྱན།next

མངོན་རྟོགས་སྒོམ་ཁོག་པདྨའི་སྤྱན།

མངོན་རྟོགས་སྒོམ་ཁོག་པདྨའི་སྤྱན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དཔལ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཁ་ཐུན་རྡོ་རྗེའི་དཀྱིལ་འཁོར་དུ། །དབང་བསྐུར་ཐོབ་པའི་རྣལ་འབྱོར་པས། །གཤིན་རྗེའི་སྒྲུབ་པ་ལ་དོན་གསུམ་གྱིས་བསྟན་ཏེ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ཅིང་། །བཀའ་བསྒོ་མཚམས་བཅད་ཚོགས་རྟེན་སྤྲུལ། །བརྡའ་སྒོ་དབྱེ་ཞིང་བརྡའ་ཕྱག་འཚལ། །ཡན་ལག་བདུན་བྱ་སྡོམ་པ་བཟུང་། །དམ་བཅའ་བྱིན་དབབ་བཤགས་པ་བྱ། །མཆོད་པ་སྨན་རཀ་བྱིན་གྱིས་བརླབ། །ཅེས་པས། དེ་ལྟར་དོན་ཚན་བཅུ་གཉིས་ཡོད་པ་ལས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི། བླ་མ་དང་ཡི་དམ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ལ་མོས་པ་རྩེ་གཅིག་ཏུ་བྱས་ལ། ན་མོ། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་བའི་ཡི་དམ་ལྷ། །ལེགས་བྱིན་རློབས་པའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །སྡུག་བསྔལ་འདམ་ནས་དྲང་བའི་བློས། །བསྐྱེད་དང་རྫོགས་པའི་རིམ་པ་ལ། །བདག་གི་ཇི་སྲིད་གནས་པར་བགྱི། །དེ་ནས་གཞི་བདག་ལ་གཏོར་མ་བྱིན་ལ་བདེན་པ་བརྡར། དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། རང་ཐ་མལ་པའི་སྙིང་གར་མ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་མཐིང་ནག་དེ་ལ་དམིགས་ནས་ངག་ཏུ་ཨཱོྂ་མཉྫུ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་པས། བདག་ཉིད་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན། གཡོན་སྡིགས་མཛུབ་དང་རྒྱུ་ཞགས་ཅན། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། བ་སྤུའི་བུ་ག་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་ཁྲོ་ཆུང་ཚོན་གང་བས་གཏམས་པར་བསྒོམ་ལ། ཧཱུྃ། གསང་སྔགས་དོན་ལ་ཞེས་པ་ལས་བྱང་དུ་གསལ། ཨཱོྂ་ཤྲཱི་པ་ར་ཡཀྵ་གུ་ཧྱ་བཛྲ་ཏ་ཀ་ནི་ཀཱ་ལ་རཱུ་པ་ཎི་མ་ར་ཎ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨཱོྂ་ཧྲཱིཿཥྚི་བི་ཀྲི་ཏཱ་ན་ན་མཱ་ར་ཡ་ཙཀྲ་ཨ་པ་ན་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨཱོྂ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝན། བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ། ཅེས་པས་བ་སྤུའི་བུ་གའི་ཁྲོ་བོ་དང་། ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་བོའི་སྤྲུལ་པ་སྐུ་མདོག་མཐིང་ནག་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པ་དཔག་ཏུ་མེད་པ་འཕྲོས་པས། སྥ་ར་ཎ་ཕཊ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ་དེ་དག་གནས་པའི་བགེགས་ཐམས་ཅད་ཕྱོགས་བཅུར་བསྐྲད་ཅིང་རྡུལ་དུ་བརླག་པར་བྱས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ་ནས་ཐུགས་དམ་གྱི་རྒྱུད་བསྐུལ། སཾ་ཧ་ར་ཎ་ཧཱུྃ། ཞེས་པས་ཁྲོ་བོ་དེ་དག་འུབ་ཀྱིས་འདུས་ནས་བདག་གི་བ་སྤུའི་ཁྲོ་བོ་ལ་ཐིམ་པར་བསམ། ན་མཿསརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧཱུྃ། ང་ཡི་དཀྱིལ་འཁོར་ཞེས་པ་ལ་སོགས་པའི་ཚིགས་བཅད་རྣམས་ལས་བྱང་དུ་གསལ། ཕཊ། ཅེས་བརྗོད་པས། རང་གི་ཐུགས་ཀ་ནས་མཚོན་ཆ་བེ་ཅོན་གྱི་ཚོགས་དཔག་ཏུ་མེད་པའི་འཕྲོས་ཏེ། བེ་ཅོན་དེ་དག་རབ་ཏུ་འཁྲིགས་པ་ལས་འོག་ཐམས་ཅད་བེ་ཅོན་གྱི་ས་གཞི། ལོགས་ཐམས་ཅད་བེ་ཅོན་གྱི་ར་བ། སྟེང་ཐམས་ཅད་བེ་ཅོན་གྱི་གུར་དང་བླ་བྲེས་སུ་གྱུར་པར་བསམ་མོ། །ཧཱུྃ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུྃ། ཞེས་པས་རང་གི་ཐུགས་ཀ་ནས་རྡོ་རྗེའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས། བེ་ཅོན་གྱི་ཕྱི་རོལ་དུ་འཁྲིགས་པ་ལས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེས་སུ་གྱུར་བར་བསམ་མོ། །ཨཱོྂ་ཙཀྲ་ཛྭ་ལ་ཨ་ན་ལརྐ་ཧཱུྃ། ཞེས་པས་རང་གི་ཐུགས་ཀ་ནས་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེ་བེ་ཅོན་གྱི་ཕྱི་རོལ་དུ་མངོན་པར་ཐོན་ཏེ་རབ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བགེགས་དང་ལོག་འདྲེན་ཐམས་ཅད་ཚར་བཅད་ཚུར་འདུས་ནས།སྡིགས་ཏུ་འཁྲིགས་པ་ལས། འོག་ཐམས་ཅད་འཁོར་ལོའི་ས་གཞི། སྟེང་ཐམས་ཅད་འཁོར་ལོའི་གུར་ཁང་དང་། ལོགས་ཐམས་ཅད་འཁོར་ལོའི་འཕྲད་ཐབས་སུ་བརྩིགས་ཏེ་འཁོར་བར་བསམ་མོ། །ཏྲཱཾ་རཏྣ་ཛྭ་ལ་ཨ་ན་ལརྐ་ཧཱུྃ། ཞེས་པས་རང་གི་ཐུགས་ཀ་ནས་དབྱུག་ཐོ་དཔག་ཏུ་མེད་པ་འཕྲོས་གུར་གསུམ་པའི་ཕྱི་རོལ་དུ་ཐོན་བགེགས་དང་ལོག་འདྲེན་ཐམས་ཅད་ཚར་བཅད་ནས། ཏེ་འོག་ཐམས་ཅད་དབྱུག་ཐོའི་ས་གཞི། ལོགས་ཐམས་ཅད་དབྱུག་ཐོའི་རྩིག་པ། སྟེང་ཐམས་ཅད་དབྱུག་ཐོའི་གུར་དུ་གྱུར་པར་བསམ་མོ། །ཧྲཱིཿཔདྨ་ཛྭ་ལ་ཨ་ན་ལརྐ་ཧཱུྃ། བདག་གི་ཐུགས་ཀ་ནས་དགྲ་སྟྭ་དཔག་ཏུ་མེད་པ་འཕྲོས་གུར་བཞི་པའི་ཕྱི་རོལ་དུ་ཐོན། བགེགས་དང་ལོག་འདྲེན་ཐམས་ཅད་ཚར་བཅད་ནས། དབྱུག་ཐོའི་ཕྱི་རོལ་དུ་འཁྲིགས་པ་ལས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དགྲ་སྟྭའི་གུར་དང་ས་གཞིར་གྱུར་པ་བསམ་མོ། །ཧཱ་ཀརྨ་ཛྭ་ལ་ཨ་ན་ལརྐ་ཧཱུྃ། ཞེས་པས་རང་གི་ཐུགས་ཀ་ནས་རལ་གྲི་དཔག་ཏུ་མེད་པ་འཕྲོས་ཏེ་བགེགས་དང་ལོག་འདྲེན་ཐམས་ཅད་ཚར་བཅད། ཚུར་འདུས་དགྲ་སྟྭའི་ཕྱི་རོལ་དུ་འཁྲིགས་པ་ལས་འོག་ཐམས་ཅད་རལ་གྲིའི་ས་གཞི། ལོགས་ཐམས་ཅད་རལ་གྲིའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རལ་གྲིའི་གུར་དང་བླ་བྲེས་སུ་གྱུར་ཏེ། སྲིད་པའི་རླུང་གིས་ཀྱང་མི་ཐར་བའི་བསྲུང་བའི་གུར་ཁང་རིམ་པ་ལྔ་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བ་བློས་འཁྱུད་ཚད་དུ་བསྒོམ་པར་བྱའོ། །གུར་དེ་རྣམས་ཀྱི་བར་དུ་དཔག་ཚད་རེ་རེ་ཡོད་པ་འཁོར་ལོ་དང་རལ་གྲི་གཉིས་ནི་འཁོར་ཏེ། གནོད་བྱེད་གདོན་བགེགས་ཐམས་ཅད་ཕྲུ་ཕྲུ་གཏུབ་པར་བསམ། རྡོ་རྗེ་དང་དབྱུག་ཐོ་དང་དགྲ་སྟྭ་རྣམས་ནི་བྲག་རི་གཏམས་པ་བཞིན་དུ་བསམ་མོ། །སྲུང་བའི་གུར་ཁང་དེ་རྣམས་ཀྱང་རྒྱ་དང་ཚད་ལས་འདས་པ་ནམ་མཁའི་མཐའ་དང་མཉམ་པར་དམིགས་སོ། །དེ་ནས་མེའི་མཚམས་ནི་ངག་ཏུ་ཕཊ་རཾ། ཡྃ་རྃ། ཧེ་རྃ། ཏྲག་རྃ། ཁྃ་རྃ། ཛྭ་ལ་རྃ་རྃ་རྃ། ཞེས་བརྗོད་པས་བདག་གི་ཐུགས་ཀ་ནས་རྃ་དཔག་ཏུ་མེད་པ་འཕྲོས་ཏེ། མཚོན་ཆའི་གུར་ཁང་གི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཏེ། འོག་ཐམས་ཅད་མེའི་ས་གཞི། ལོགས་ཐམས་ཅད་མེའི་ར་བ་དང་དྲྭ་བ། སྟེང་ཐམས་ཅད་མེའི་གུར་དང་བླ་བྲེས་སུ་གྱུར་ཏེ། བསྐལ་པའི་མེ་རི་ཆེན་པོ་ཙག་ཙག །ཆོམ་ཆོམ། འུར་འུར་དུ་འབར་བས། བགེགས་དང་ལོག་འདྲེན་ཐམས་ཅད་སྦྲང་མ་མེས་ཚིག་པ་ལྟར་གྱུར་པར་བསྒོམ་མོ། །ཨཱོྂ་ཨ་ཀྲོ་ཏེ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཛཿ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ནན། ཞེས་བརྗོད་པས། རང་གི་ཐུགས་ཀ་ནས་ར་དམར་པོ་གཅིག་འོག་ཕྱོགས་སུ་ཆད་པ་ལས་འོག་ཐམས་ཅད་ཁྲག་གི་རྒྱ་མཚོ་ཆེན་པོ་རྦ་རླབས་རབ་ཏུ་འཁྲུགས་པ། སྟེང་ནས་རྡོ་རྗེའི་ཐོག་འབེབས་པ། ལོགས་ཐམས་ཅད་རྡོ་རྗེའི་བྲག་གིས་གཏམས་པ། ཕྱི་རོལ་ཐམས་ཅད་བསྐལ་པའི་མེ་ཆེན་པོ་རབ་ཏུ་འབར་བ་ལས་རྡོ་རྗེ་དང་མཚོན་ཆ་སྣ་ཚོགས་ཀྱི་ཚྭ་ཚྭ་འཕྲོ་བར་བསམ་མོ། །ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་གནོད་བྱེད་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་བརྗོད་པས་བདག་ཉིད་ཀྱི་ཐུགས་ཀ་ནས། སྤྲུལ་པའི་ཁྲོ་བོ་མི་བཟད་པ། ཕྱག་ན་བེ་ཅོན་དང་། འཁོར་ལོ་དང་། དབྱུག་ཐོ་དང་། དགྲ་སྟྭ་དང་། རལ་གྲི་དང་། ཐོ་བ་དང་། ལྕགས་ཀྱུ་བསྣམས་པ་བ་སྤུའི་བུ་ག་ནས་རྡོ་རྗེའི་ཐོག་འབེབས་པ་དཔག་ཏུ་མེད་པ་འཕྲོས་པས། མཚོན་ཆའི་གུར་ཁང་གི་དྲྭ་མིག་ཐམས་ཅད་གཏམས་པར་བསམ་མོ། །བི་ཤྭ་ཀྲོ་ཏ་ཛ་ལ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས་ཕྱི་སྣོད་ཀྱི་འཇིག་རྟེན་གཤིན་རྗེའི་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་གཤིན་རྗེའི་གཤེད་ཡབ་ཡུམ་དུ་གྱུར་པར་བསམ་མོ། །དེ་ནི་མཚམས་བཅད་པའི་རིམ་པའོ། །དེ་ནས་ཡེ་ཤེས་ཀྱི་དལ་དུ་འཇུག་པ་ལ་དབང་བའི་ཕྱིར་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ཤིང་སྨིན་པའི་དབང་བླང་བ་ནི། བཛྲ་ས་མ་ཡ་ཛཿ ཞེས་ལན་གསུམ་བརྗོད་པས། བཅོམ་ལྡན་འདས་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས་པ་ཆོས་སྐུ་མཚན་མ་མེད་པ་ལས་འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་ཏེ། རང་ཉིད་ཀྱི་མདུན་གྱི་ནམ་མཁའ་ལ། པདྨ་ཉི་ཟླའི་གདན་ལ་བཞུགས་པར་བསམ་ལ། བརྡ་སྒོ་དབྱེ་བ། བཛྲ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། བརྡ་ཕྱག་འཚལ་བ་ནི། གུ་ཧྱ་མཎྜ་ལ་ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཚིགས་བཅད་ལ་སྤྲོ་ན་ལས་བྱང་དུ་གསལ། ཡན་ལག་བདུན་པ་ནི། ལུས་ངག་ཡིད་གསུམ་མོས་པ་བསྐྱེད་དེ། ན་མོ། འཇམ་དཔལ་རྡོ་རྗེ་ལ་སོགས་ཞེས་པ་ཡན་ལག་བདུན་པ་ལས་བྱང་དུ་གསལ། སྡོམ་པ་བཟུང་བ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་བར་སྤྱི་དང་མཐུན། ཁྱད་པར་དུ། བླ་མས་གསུངས་པའི་སྡོམ་པ་ཀུན། །འཁོར་བར་སྐྱོ་བའི་ཡིད་བཞག་ནས། །ངེས་པར་ལེགས་པའི་དོན་དུ་ཡང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་ཀུན་ཏུ་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་དེ། །སེམས་ཅན་མ་བསྒྲལ་དཔག་མེད་རྣམས། །མྱ་ངན་འདས་ལ་འགོད་པར་བྱ། །ལུས་དང་ངག་དང་ཡིད་ཀྱི་ལས། །ཉེས་པའི་ལས་ཀུན་བསྡམ་པར་བྱ། །བག་མེད་ཆང་ཡང་སྤང་བར་བགྱི། །ཐེག་པ་དམན་ལ་ཞུགས་མི་བྱ། །ལྷ་དང་ལྷ་མོ་གསང་བ་སོགས། །བླ་མར་བརྙས་པར་མི་བྱའོ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོང་བར་མི་བྱའོ། །རིག་པ་འཛིན་པའི་སྡོམ་པ་ཀུན། །ཚུལ་ཆེན་གསང་སྔགས་ལས་གསུངས་པ། །མི་དགེ་བཅུ་སྤོང་ལ་སོགས་པ། །ཀུན་ནས་མ་ལུས་བཟུང་བར་བགྱི། །ལས་དང་བཀའ་སྩལ་མ་ལུས་བགྱི། །ཞེས་སྡོམ་པ་བཟུང་བར་བྱའོ། །དེ་ནས་ཡི་དམ་གྱི་ལྷ་དང་མི་འབྲལ་བར་དམ་བཅའ་བ་ནི། སྲོག་གི་ཕྱིར་ཡང་ལྷ་ཁྱོད་མི་སྤང་བར་བསྒྲུབ་པར་བྱ་ཨང་སྙམ་དུ་དམ་བཅའ་བ་བརྟན་པོས་བཟུང་ལ། ཧཱུྃ། ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡབ་དང་ཡུམ། །རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་ཅན། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ནི་མཐོ་རིས་ལོངས་སྤྱོད་རྒྱལ་སྲིད་དམ། །འདོད་པའི་ལོངས་སྤྱོད་བསྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པས། །ཡེ་ཤེས་སྒྲིབ་མེད་ཁྱོད་ཀྱིས་ས་ལེར་མཁྱེན། །བདག་ལུས་དུམ་བུར་སྟོང་དུ་གཏུབ་གྱུར་ཀྱང་། །ཡི་དམ་ལྷ་ཁྱོད་མི་སྤོང་བསྒྲུབ་པར་བྱ། །བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། །རྩེ་གཅིག་དད་པའི་སེམས་ཀྱིས་བསྒྲུབས་པའི་ལྷ། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གསང་བའི་ཡུམ་མཆོག་བཛྲ་བེ་ཏ་ལི། །བསྐལ་པར་བསྒྲུབས་ཀྱང་ཁྱོད་ཀྱི་ཞལ་མ་མཐོང་། །ཞལ་བཟང་རྔམས་པ་བདག་ལ་བསྟན་དུ་གསོལ། །བདུད་དང་སྲིན་པོ་དྲེགས་པ་གློ་བུར་ནད། །སྒྱུ་མའི་ལུས་ལ་བར་དུ་གཅོད་གྱུར་ན། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་གཤིན་རྗེ་བདག་གིས་བཟུང་བར་བགྱི། །རཱ་ག་ཡ་ཧོ། རཱ་ག་ཡ་མི། བེ་ཏ་ལི་བཾ། རཀྟ་ཨ་ལ་ལ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། བྱིན་དབབ་པ་ཨཱོཾ་བོ་དྷི་ཙིཏྟ་མ་ཧཱ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ། ལས་བྱང་དུ་གསལ། །བཤགས་པ་བྱ་བ་ནི། ཧཱུྃ། ཡ་མཱནྟ་ཀ་འཇམ་དཔལ་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་བཅས་ཕོ་ཉ་གཡོག་འཁོར་བཅས། །གཡང་གཞི་ཐོད་པས་བརྒྱན་པའི་འཇིགས་ཚོགས་ཅན། །དཀྱིལ་དང་འཁོར་དུ་བཅས་པ་དགོངས་སུ་གསོལ། །སྲིད་གསུམ་དབྱིངས་ནས་བསྐྱོད་པའི་ཡུམ་ཆེན་ནི། །ཕྱི་ཡི་མ་བདུན་ནམ་གྲུ་ཆེན་མོ་དང་། །ཁ་ཁ་རེ་མ་ཏཱི་ཡི་ཚོགས་རྣམས་དང་། །རྦོད་གཏོང་ལེན་པར་བྱེད་པའི་མ་མོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །དམ་རྫས་སྔགས་སོགས་བདུད་རྩིའི་བཅུད་ཕྱུང་སྟེ། །སྲོག་གི་སྙིང་པོས་གནས་འདིར་སྤྱན་འདྲེན་ན། །མངོན་སུམ་འདི་རུ་ལྷ་ཚོགས་བཞུགས་སུ་གསོལ། །བདག་ནི་རྡོ་རྗེ་རང་བྱུང་ཆེན་པོ་སྟེ། །མི་དམིགས་ཚངས་པའི་དངོས་གྲུབ་སྩལ་ལགས་ན། །བཀའ་དང་གཞུང་ལས་འགལ་བ་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་ཡེ་ཤེས་ལྷ་ཡི་ལྷ། །གནོང་ངོ་འགྱོད་དོ་མ་སྲིང་རྒྱ་མཚོའི་ཚོགས། །མཐོལ་བཤགས་ཕུལ་ན་ཚངས་པར་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དོ། །རྒྱས་པར་སྤྲོ་ན་ཡེ་ཤེས་སྐུ་མཆོག་འདོན་ནོ། །མཆོད་པ་སྨན་རཀ་གཏོར་མ་བྱིན་གྱིས་བརླབ་ཅིང་འབུལ་བ་ནི། རྃ་ཡྃ་ཁྃ། ཨཱོྂ་ཨཱཿཧཱུྃ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝིདྱ། ཤཔྡ་པཱུ་ཛ་ཨཱཿཧཱུྃ། ཨཱོྂ་བཛྲ་རཱུ་པ། ཤཔྡ། གྷནྡྷེ། རཱ་ས། སྤཪྴེ་པཱུ་ཛ་ཨཱཿཧཱུྃ། ཨཱོྂ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། ཨཱོྂ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། མཱུ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། པདྨ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲིཿཋཱ། ཨཱོྂ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ། ཏེ་ཛྭ་བྷ་ལིངྟ། བ་ལ་བ་ཏི་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཨཱོྂ་མ་ཧཱ་མུ་དྲ་པཱུ་ཛ་ཨཱ་ཧཱུྃ། རྒྱས་པ་གཞན་དུ་གསལ། བཅོམ་ལྡན་འདས་ཡ་མཱནྟ་ཀའི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་གི་ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། བྱིན་གྱིས་རློབས་པར་མཛད་དུ་གསོལ། ཞེས་བརྗོད་པས། ཡ་མཱནྟ་ཀའི་སྐུ་གསུང་ཐུགས་ལས་ཡི་གེ་ཨཱོྂ་ཨཱཿཧཱུྃ་གསུམ་བྱུང་སྟེ། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་ནས་ཡ་མཱནྟ་ཀའི་སྐུ་གསུང་ཐུགས་དང་བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ཏེ་ལྷ་ཚོགས་ཐམས་ཅད་བདག་ལ་ཐིམ་པར་བསམ་མོ། །དེ་རྣམས་ནི་སྔོན་འགྲོ་བསོད་ནམས་ཀྱི་ཚོགས་སོ། །དངོས་གཞི་ལ་ཡང་དོན་གཉིས་ཏེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང་། །ཡེ་ཤེས་སྤྱན་དྲངས་མཆོད་ཅིང་བསྟོད། །ཅེས་པས། སྤྱི་དོན་གཉིས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་དུ་བསྒོམ་པ་ནི། ཨཱོྂ་མ་ཧཱ་ཤཱུ་ཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་རང་ལས་ཀྱི་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། ཧཱུྃ་དེ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག །འོད་དུ་ཞུ། ནང་བཅུད་ཀྱི་འགྲོ་བ་ལ་ཐིམ། འགྲོ་བ་འོད་དུ་ཞུ། བདག་ལ་འདུས། བདག་ཉིད་ཀྱི་ལུས་ཀྱང་ཡས་ཞུ་མས་ཞུ་ནས་སྙིང་གའི་ཉི་མའི་དལ་ལ་ཐིམ། ཉི་མའི་དལ་དེ་ཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡང་རིམ་གྱིས་ཞབས་ཀྱུ་ནས་བསྡུས་ཏེ་ཞུ་ནས་ཅི་ལ་ཡང་མི་རྟོག །ཅི་ལ་ཡང་མི་སེམས། སེམས་དང་སེམས་ལས་བྱུང་བའི་ཆོས་ཉིད་དུས་གསུམ་གྱི་ཆས་གཞིག་ན་སྟོང་། བརྟག་ན་དབེན་པའི་སེམས་ཀྱི་ཆོས་ཉིད་རང་བཞིན་མེད་པར་བསྒོམ་མོ། །ཨཱོྂ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཆོས་ཉིད་སྟོང་པའི་ངང་ལས། ཡིད་ཀྱི་རྣམ་པར་ཤེས་པ་འོད་ཚོན་གང་བ་དམར་སྨུག །དཔེར་ན་ཆུ་ཟླའི་དཀྱིལ་འཁོར་ལྟར་སྣང་ལ་རང་བཞིན་མེད་པ་གཅིག་བསྒོམ་མོ། །དེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཁྱབ་སྟེ་ནམ་མཁའ་ལྟར་སྟོང་ཞིང་གོ་ཕྱེ་ལ་སྣང་སྲིད་ཀྱི་སྐྱེ་འགྲོ་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་གསལ་བར་བསྒོམ་མོ། །ཨཱོྂ་བཛྲ་ཏིསྟ་ཛྙཱ་ན་བཛྲ་ཧཱུྃ། ཞེས་པས་གོང་གི་ཡིད་ཡོངས་སུ་གདལ་བ་དེ་བསྡུས་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེའི་ངང་ལས་སྐྱེ་བའི་ཆོ་འཕྲུལ་སེམས་ཀྱི་མཚན་ཉིད་ཡི་གེ་ཧཱུྃ་མཐིང་ནག་ཉི་མ་འབུམ་གྱི་འོད་ཟེར་ལས་ཀྱང་གཟི་བརྗིད་ཆེ་བར་བསྒོམ་མོ། །ཧཱུྃ་དེ་ལས་ཨེ་མཐིང་ནག་གཅིག་འོག་ཕྱོགས་སུ་ཆད་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུར་འདུས་ཨེ་ལ་ཐིམ། ཨེ་ཨགྣེ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། ཨེ་འོད་དུ་ཞུ་བ་ལས་ནམ་མཁའ་མཐིང་ནག་དབྱིབས་གྲུ་གསུམ་པ། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན། ཁ་གྱེན་དུ་ལྟ་བ་ཨེ་མཐིང་ནག་གིས་མཚན་པ་གཅིག་བསྒོམ། ཧཱུྃ་ལས་ཡྃ་དུད་ཁ་གཅིག་འོག་ཕྱོགས་སུ་ནམ་མཁའི་ཁོངས་སུ་ཆད་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དང་པོའི་ཡྃ་ལ་ཐིམ། ཡྃ་ཀརྨ་རཀྟ་ཧཱུྃ། ཞེས་བརྗོད་པས། ཡྃ་འོད་དུ་ཞུ་བ་ལས་འབྱུང་བ་རླུང་གི་དལ་དབྱིབས་ཟླ་གམ། ཡུམ་དམ་ཚིག་སྒྲོལ་མའི་རང་བཞིན། །ཡྃ་དང་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་གཅིག་བསྒོམ། ཧཱུྃ་ལས་རྃ་དམར་ནག་གཅིག་རླུང་གི་དལ་གྱི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དང་པོའི་རྃ་ལ་ཐིམ་པ་ལས། རྃ་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། རྃ་དེ་འོད་དུ་ཞུ་བ་ལས། འབྱུང་བ་མེའི་དལ་དབྱིབས་གྲུ་གསུམ་པ། ཡུམ་ན་བཟའ་དཀར་མོའི་རང་བཞིན་རྃ་དང་མེ་རི་འབར་བས་མཚན་པར་བསྒོམ། ཧཱུྃ་ལས་ཁྃ་དཀར་པོ་གཅིག་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་དང་པོའི་ཁྃ་ལ་ཐིམ་པ་ལས། ཁྃ་མ་ཧཱ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། ཁྃ་དེ་འོད་དུ་ཞུ་བ་ལས། འབྱུང་བ་ཆུའི་དལ་དབྱིབས་ཟླུམ་པོ། ཡུམ་མཱ་མ་ཀཱིའི་རང་བཞིན་ཁྃ་དང་བུམ་པས་མཚན་པར་བསྒོམ། ཡང་ཧཱུྃ་ལས་སུྃ་སེར་པོ་གཅིག་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་སུྃ་ལ་ཐིམ་པ་ལས། སུྃ་བཛྲ་ཏིཥྛ་ལྷན། ཞེས་བརྗོད་པས། སུྃ་སེར་པོ་དེ་འོད་དུ་ཞུ་བ་ལ་འབྱུང་བ་སའི་དཀྱིལ་འཁོར་དབྱིབས་གྲུ་བཞི་པ། ཡུམ་སངས་རྒྱས་སྤྱན་མའི་རང་བཞིན་སུྃ་སེར་པོས་མཚན་པ་གཅིག་བསྒོམ། ཧཱུྃ་ལས་ར་དམར་སྨུག་གཅིག་སའི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། བསྐུལ་དོན་གཉིས་བྱས་ཚུར་འདུས་ར་ལ་ཐིམ་པ་ལས། ར་རཀྟ་ས་མུན་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། ར་འོད་དུ་ཞུ་བ་ལས། རཀྟའི་རྒྱ་མཚོ་རྒྱ་ཆེ་ལ་གཏིང་ཟབ་པ། ར་དམར་སྨུག་གིས་མཚན་པ་གཅིག་བསྒོམ། ཀེཾ་ཞེས་པས་ཧཱུྃ་ལས་ཀེཾ་སྔོ་སྐྱ་གཅིག་རཀྟའི་རྒྱ་མཚོའི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། བསྐུལ་དོན་གཉིས་བྱས། ཚུར་འདུས་ཀེཾ་ལ་ཐིམ། ཀེཾ་ནི་རི་ཏི་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། ཀེཾ་འོད་དུ་ཞུ་བ་ལས། ཀེང་རུས་ཀྱི་རི་རབ་སྔོ་སྐྱ་སོག་ཡུ་རྟིང་སྤྲད་པ་འདྲ་བ། གྱེན་མཐུར་གཉིས་ལ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ། ཟུར་བཞི་ལ་གནམ་ལྕགས་ཨུར་མོའི་གཟེར་བཏབ་པ། གཟེར་མགོ་ལ་མེ་འབར་བ། རཀྟ་ཁྲག་གི་ཞམ་ཆུས་མཚན་པ་བསྒོམ་མོ། །ཧཱུྃ་ལས་རྃ་དམར་ནག་གཅིག་རི་རབ་ཀྱི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། བསྐུལ་དོན་གཉིས་བྱས། ཚུར་འདུས་རྃ་ལ་ཐིམ་པ་ལས། རྃ་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། རྃ་དེ་འོད་དུ་ཞུ་བ་ལས་མེ་རི་དམར་ནག་འབར་བ་ཆེན་པོ་གཅིག་ཏུ་བསྒོམ། ཧཱུྃ་ལས་བྷྲཱུྃ་ཁ་དོག་སྣ་ཚོགས་དང་ལྡན་པ་གཅིག་རི་རབ་ཀྱི་སྟེང་། མེ་དཔུང་གི་གསེབ་ཏུ་ཆད་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་བྷྲཱུྃ་ལ་ཐིམ་པ་ལས་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་བནྡྷ་ཛྙཱ་ན་ཙཀྲ་བྷྲཱུྃ། ཞེས་བརྗོད་པས། བྷྲཱུྃ་ཡོངས་སུ་གྱུར་པ་ལས། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་དབུས་མཐིང་ག་བཻ་ཌཱུརྻ་ལས་གྲུབ་པ། ཤར་དཀར་པོ་ཤེལ་ལས་གྲུབ་པ། ལྷོ་སེར་པོ་གསེར་ལས་གྲུབ་པ། ནུབ་དམར་པོ་པདྨ་རཱ་ག་ལས་གྲུབ་པ། བྱང་ལྗང་གུ་ཨིནྡྲ་ནཱི་ལ་ལས་གྲུབ་པ། ནང་ཐོད་པ་སྐམ་པོ་དང་། རློན་པ་དང་ར་རིའི་རྩིག་པ་ལས་གནམ་ལྕགས་འབར་བའི་གཟེར་གྱིས་བཏབ་པ། ཀླད་ཁྲག་གི་འཇིམ་པས་ཁྱབ་པ། རྩེ་མོ་ནས་ཞག་འཛག་པ། རྩ་བ་ནས་ཁྲག་ཁོལ་བ། རྒྱལ་པོ་ཆེན་པོ་བཞིས་ཀ་བ་བྱས་པ། ཆུ་སྲིན་གྱིས་ཀ་གཞུ་བྱས་པ། ལྷ་ཆེན་བརྒྱད་ཀྱིས་གདུང་ལྕམ་བྱས་པ། འདོད་ཁམས་ཀྱི་ལྷ་བྲན་རྣམས་ཀྱིས་དྲལ་དྲབ་བྱས་པ། ཉི་མ་དང་ཟླ་བའི་དཀར་ཁུང་གསལ་ཞིང་སྦྲུལ་གྱི་དྲྭ་བ་དྲྭ་ཕྱེད་ཀྱི་རྣམ་པར་བརྒྱན་པ། འཁོར་ལོའི་བད་བཏང་བ། ཐོད་པའི་འབུར་ཡོད་པ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ། རྩེ་མོ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་འདོད་པའི་ཡོན་ཏན་ལྔའི་ཆར་འབེབས་པ། མི་རོ་དམར་པོའི་རྒྱལ་མཚན་ཕྱོགས་བཞིར་འཕྱར་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཕྱི་ནས་བལྟས་ན་ནང་གསལ་བ། སྟེང་ཐམས་ཅད་འཁོར་ལོ་རྩིབས་སྟོང་དང་ལྡན་པ། འོག་ཐམས་ཅད་པདྨ་འདབ་མ་སྟོང་དང་ལྡན་པ། འཇིགས་པའི་དུར་ཁྲོད་ཆེན་པོ་གནས་བརྒྱད་ཀྱིས་རབ་ཏུ་བསྐོར་བ། གཤིན་རྗེ་དང་། རོ་ལངས་དང་། ཚོགས་བདག་དང་། དུར་ཁྲོད་ཀྱི་བདག་པོ་བདག་མོ་ཐམས་ཅད་འཇིགས་པའི་ང་རོ་ཆེན་པོ་སྒྲོགས་པ། དུར་བྱ་ཀང་ཀ་དང་། ལིང་འདུ་ལ་སོགས་པ་ཐམས་ཅད་རོ་ལ་ཟ་ཞིང་ལོངས་སྤྱོད་པ། ཕྱི་རོལ་ཐམས་ཅད་རྡོ་རྗེའི་ར་བ་དང་། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ཀྱི་ལྟེ་བ་མཐིང་ནག་གྲུ་གསུམ་པ། ཟླ་གམ་དམར་པོ་ཐོད་པའི་ཕྲེང་བས་བསྐོར་བར་བསྒོམ། ཡང་རྒྱུའི་ཧཱུྃ་དེ་ལས་ཧཱུྃ་ཕྲ་མོ་གྲངས་མེད་པ་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་བག་ཆགས་སྦྱངས། ལས་ཀྱི་གཤིན་རྗེའི་གནས་སུ་འཕྲོས་པས་རང་དབང་མེད་པར་བཀུག་ནས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ། ལུས་གདན་དུ་ཕུལ་བར་བསམ། ཨཱོྂ་རུ་དྲ་ཏི་ར་བྃ། ཨགྣེ་ཏི་ར་བྃ། ཡ་མ་ཏི་ར་བྃ། རཀྴ་ཏི་ར་བྃ། ཡཀྵ་ཏི་ར་བྃ། མ་ཧེ་མཎྜ་ལ་ཧཱུྃ། པྃ་པདྨ་མཎྜ་ལ་ཧཱུྃ། ཨ་ཙནྡྲ་མཎྜ་ལ་ཧཱུྃ། མ་སཱུརྻ་མཎྜ་ལ་ཧཱུྃ། ཞེས་བརྗོད་པས། དབུས་ཀྱི་ལྟེ་བ་མཐིང་ནག་གྲུ་གསུམ་པའི་སྟེང་དུ། མ་ཧེ་གླང་རྒོད་བརྒྱད་ཀྱིས་བཏེགས་པའི་རུ་དྲ་ཕོ་མོ་དང་། གཤིན་རྗེ་དང་། སྲིན་པོ་དང་། གནོད་སྦྱིན་དང་། དྲི་ཟ་ལ་སོགས་པ་དྲེགས་པ་ཅན་ཐམས་ཅད་བསྣོལ་བའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་སྟེང་ན་པདྨ་འདབ་མ་སྟོང་དང་ལྡན་པ། པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེ་ནས་རྒྱུའི་ཧཱུྃ་དེ་དབུས་ཀྱི་གདན་སྟེང་དུ་བབས་པ་ལས། ཧཱུྃ་སྥ་ར་ཎ་ཕཊ། ཅེས་པས། འོད་ཟེར་དང་ཧཱུྃ་ཕྲ་མོ་གྲངས་མེད་པ་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སྃ་ཧ་ར་ཎ་ཧཱུྃ། ཞེས་པས་ཚུར་འདུས་དང་པོའི་ཧཱུྃ་ལ་ཐིམ། ཏིསྟ་བཛྲ་ཞེས་བརྗོད་པས་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། ཧཱུྃ་སྥ་ར་ཎ་ཕཊ། ཅེས་བརྗོད་པས། འོད་ཟེར་དང་རྡོ་རྗེ་ཕྲ་མོ་གྲངས་མེད་པ་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་སྒྲིབ་པ་སྦྱངས། སྃ་ཧ་ར་ཎ་ཧཱུྃ། འོད་ཟེར་དེ་དག་ཚུར་འདུས་རྡོ་རྗེ་ལ་ཐིམ་པས། ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་དེ་འོད་དུ་ལྟེམ་ལྟེམ་ཞུ་ནས་གནས་པ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་བརྗོད་པས། སྐད་ཅིག་གིས་འོད་དུ་ཞུ་སྟེ་བཅོམ་ལྡན་འདས་ཡ་མཱནྟ་ཀ་སྐུ་ཆེ་ལ་ཡན་ལག་རགས་པ། ཆོས་ཀྱི་སྐུ་ལ་ཅིས་ཀྱང་བསྒྱུར་དུ་མེད་པའི་རྟགས་སུ། སྐུ་མདོག་མཐིང་ནག་དུག་ཧ་ལའི་མེ་ཏོག་ལྟར་ནག་ཅིང་འཚེར་བ། དུག་གསུམ་མ་སྤང་སྐུ་གསུམ་ལྷུན་གྱིས་གྲུབ་པས། ཞལ་གསུམ་མཐིང་ལ་རྔམས་པ། འགྲོ་དྲུག་གི་གཡང་ས་བཅད་ནས་ཡེ་ཤེས་ཆེན་པོ་དྲུག་གི་ངང་དུ་གྲོལ་བས། ཕྱག་དྲུག་ཏུ་བསྟན་པ། ཕྱག་གཡས་དང་པོ་ན་དུག་གསུམ་འཇོམས་པའི་ཞིང་དབྱུག །བར་མ་ན་འཁོར་བ་དབྱིངས་སུ་དག་པར་གཅོད་པའི་དགྲ་སྟྭ། ཐ་མ་ན་ཉོན་མོངས་པ་ཡེ་ཤེས་སུ་འཇོམས་པའི་རལ་གྲི། གཡོན་དང་པོ་ན་གདུག་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་སྡིགས་མཛུབ་དང་རྒྱུ་ཞགས། བར་པ་ན་ཉོན་མོངས་པ་འབིགས་པའི་མདུང་ཐུང་། ཐ་མ་ན་འཁོར་བའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟད་པར་བྱེད་པའི་ཐོད་རློན་དམར་གྱིས་བཀང་བ་བསྣམས་པ། གཏི་མུག་ཆོས་ཀྱི་དབྱིངས་སུ་སྒྲོལ་བས་སྐུ་སྟོད་གླང་ཆེན་གྱི་ཀོ་རློན་གསོལ་བ། འདོད་ཆགས་སྤྲུལ་པའི་སྐུར་གྲོལ་བས། ཞིང་ཆེན་གྱི་གཡང་གཞི་གསོལ་བ། ང་རྒྱལ་མ་སྤང་མངོན་པར་བྱང་ཆུབ་པས། སྐུ་སྨད་བ་ཏི་ཏའི་ཤམ་ཐབས་གསོལ་བ། ཡང་རྩལ་ལུས་ལ་རྫོགས་ཤིང་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པས་སྟག་གི་ཤམ་ཐབས་གསོལ་བ། ཞེ་སྡང་མ་སྤང་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་ཞིང་ཀླུ་རིགས་དབང་དུ་སྡུད་པས། སྦྲུལ་རིགས་བཞི་ཡིས་བརྒྱན་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་དབང་བྱེད་པས་རྒྱལ་རིགས་དཀར་ཁྲས་དབུ་ལ་བརྒྱན་པ། ཞལ་ནས་གསུངས་པ་ཀུན་ཉན་ཏེ་བདུད་བགེགས་ཐམས་ཅད་ཐལ་བར་བརློག་པས་བྲམ་ཟེའི་རིགས་ཀྱིས་མགུར་ཆུ་བྱས་པ། རྗེ་བོས་བྲན་ལ་དབང་བྱེད་པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་བྲན་དུ་ཁོལ་བས་རྗེའུ་རིགས་ཀྱིས་དཔུང་རྒྱན་དང་སྙན་ཆ་དང་གདེངས་ཁ་བྱས་པ། ཕོ་ཉ་མང་པོ་ལས་བྱེད་པའི་རྟགས་སུ་དམངས་རིགས་ཀྱིས་སྐུ་རག་བྱས་པ། ལས་དང་ཉོན་མོངས་པ་ཀུན་ཞབས་འོག་ཏུ་གནོན་པའི་རྟགས་སུ། གདོལ་པའི་རིགས་ཀྱིས་ཞབས་གདུབ་བྱས་པ། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་རྟགས་སུ་ཉི་ཟླས་སྙན་གོང་གཡས་གཡོན་མཚན་པ། སེམས་ཅན་གྱི་དོན་སྔར་བྱས་པའི་རྟགས་སུ་ཐོད་སྐམ་ཚལ་པས་དབུ་བརྒྱན་པ། ད་ལྟར་གྱི་སེམས་ཅན་གྱི་དོན་བྱེད་པའི་རྟགས་སུ་ཐོད་པ་ནེ་ཏྲེལ་གྱིས་མགུལ་དུ་བརྒྱན་པ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་མ་འོངས་པའི་སེམས་ཅན་གྱི་དོན་བྱེད་པའི་བརྡར། ཐོད་རློན་གྱི་ཕྲེང་བ་སེ་རལ་ཁར་བྱས་པ། ཕྲག་དོག་མ་སྤངས་རྡོ་རྗེའི་སྐུ་གྲོལ་བས་ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། འཁོར་བ་མ་སྤངས་ཐུགས་རྗེས་ཆགས་པའི་རྟགས་སུ་རཀྟའི་ཐིག་ལེ་དང་། ཞག་གི་ཟོ་རིས་ཀྱིས་བརྒྱན་པ། མ་རིག་པའི་མུན་པ་ཐམས་ཅད་ཡེ་ཤེས་ཆེན་པོས་སྣང་བར་མཛད་པས་དུར་ཁྲོད་ཀྱི་མེ་རི་དམར་སྨུག་འཁྱིལ་བའི་ཀློང་ན་བཞུགས་པ། འཁོར་བའི་ཆོས་ཐམས་ཅད་སྟོང་ཞིང་ཟད་པར་མཛད་པས་དུར་ཁྲོད་ཀྱི་བྱ་ཀཾ་ཀ་དང་། ཁྱུང་དང་འུག་པ་ལ་སོགས་པ་གཤོག་པ་ཅན་རྣམས་ལྡིང་ཞིང་འཁོར་ནས། གང་ལ་བྱ་བའི་ཡུལ་ལ་བཅུམ་ནས་མིག་འབྱིན་རྒྱུ་མ་འདྲེན་པ། ལྕེ་སྤྱང་ལིང་འདུ་ལ་སོགས་པ་མཆེ་བ་ཅན་རྣམས་ཤ་ཟ་ཁྲག་འཐུང་བའི་ཚུལ་དུ་གནས་པའི་དབུས་ན། དྲེགས་པ་ཅན་ཐམས་ཅད་འཁོལ་ཞིང་ཟིལ་གྱིས་གནོན་པ་རྟགས་སུ་མ་ཧེ་གླང་རྒོད་ཀྱི་ཁྲི་ལ། གཤིན་རྗེ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་ལ་བཞུགས་པ། ཞབས་བཞི་ནི་ཚད་མེད་པ་བཞིས་འགྲོ་བ་འདུལ་བའོ། །ཞབས་གཉིས་ནི་ཐབས་ཤེས་རབ་དབྱིངས་ཡེ་ཤེས་རོ་གཅིག་པར་མཛད་པའོ། །ཆོས་ཀྱི་སྐུའི་རོལ་པ་ཆེན་པོར་ཤར་བས། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསུང་གི་ང་རོ་ཁྲོ་བོའི་རྔམ་སྒྲ་ལྔ་ཞལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་ཀྱིས་སྒྲ་སྒྲོགས་པ། ཞལ་གདངས་ནས་ལྗགས་འདྲིལ་ཞིང་ཚེམས་བར་ནས་རྡོ་རྗེའི་ཐོག་འབེབས་པས་མ་མོ་ཐམས་ཅད་བྲན་དུ་འཁོལ་བ། ཞལ་ནས་ཧ་ཧ་དང་། ཏ་ཀ་དང་། བྷྱོ་རུ་ལུ་དང་། ཧཱུྃ་ཧཱུྃ་དང་། ཕཊ་ཕཊ་དང་། དལ་དལ་དང་། བྷྱོ་ཨ་རལླི་དང་། རྔམ་སྒྲ་ཆེན་པོ་སྒྲོག་པས་སྟོང་གསུམ་འུར་འུར། ཆེམ་ཆེམ་དུ་གཡོ་བ། བདུད་དང་མུ་སྟེགས་ཚར་གཅོད་པ། ཉོན་མོངས་པའི་བག་ཆགས་སེལ་ཞིང་། ཡེ་ཤེས་ཆེན་པོར་སྣང་བ་བསྐྱེད་པས་སྨིན་མ་གློག་སྟོང་འོད་དུ་འབར་ཞིང་རབ་ཏུ་བསྐྱོད་པ། ཡེ་ཤེས་ཆེན་པོ་དགུས་ཉོན་མོངས་པའི་སེམས་ཅན་ལ་གཟིགས་པའི་རྟགས་སུ། སྤྱན་རྩ་དམར་ནག་འབར་བ་མེའི་ཚྭ་ཚྭ་ལྟར་འཁྲུགས་པ། བདེ་བ་ཆེན་པོའི་དབྱིངས་སུ་བཀོད་པས་ཤངས་ནས་རླུང་ནག་འཚུབས་ཤིང་ནམ་མཁའི་ཁམས་ཀུན་ཏུ་འཁྲུགས་ཏེ་ས་གཞི་གཡོ་བ། སྙན་ནས་འབྲུག་སྟོང་ལྡིར་བ། བ་སྤུ་ཐམས་ཅད་རྡོ་རྗེའི་བ་སྤུར་འབར་བ། རྡོ་རྗེ་ལྟ་བུའི་སྐུ་སྐྱེ་འཇིག་མེད་པའི་སྣང་སྟོང་། ཐུགས་བཻ་ཌཱུརྻ་སྔོན་པོ་ལྟ་བུ་ལ། ཡེ་ཤེས་སེམས་དཔའ་གསང་བའི་ཐུགས་ཀར་ཧཱུྃ་རྡོ་རྗེའི་ལྟེ་བ་ལ་གནས་པའི་སྙིང་པོ་གསལ་ཞིང་འཕྲོ་བ། ཡེ་ཤེས་ཀྱི་སྤྲུལ་པ་ཁྱེའུ་ཆུང་སྔོན་པོ་བར་སྣང་ཁེངས་པར་འགྱེད་པ། བདུད་དང་། གཤིན་རྗེ་དང་། ཤ་ཟ་དང་། སྲིན་པོ་དང་། མ་མོ་ཁྲག་འཐུང་གིང་དང་ཕོ་ཉ་ཀུན་བྲན་བཞིན་འདར་ཡེད་ཡེད་འཁོར་བར་བསྒོམ་མོ། །དེ་ཡང་དངོས་པོ་དང་མཚན་མར་མ་གྲུབ་པ་སྣང་ཞིང་སྟོང་ལ་སྟོང་ཞིང་མ་འགགས་པ། སྣང་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ། དེ་ཡང་ཆོས་སྐུ་སྐྱེ་བ་མེད་པ་ལས། །ཡེ་ཤེས་ཆེན་པོའི་ཕྱག་རྒྱར་གསལ། །དངོས་འཛིན་བསྒྲལ་ཕྱིར་འཇིགས་པར་སྣང་། །རང་བྱུང་རང་རིག་རང་ལ་འཆར། །སྣང་མེད་ཆོས་སྐུ་བདག་མེད་པའོ། །སྐུ་དེའི་བྱིན་རླབས་ལས། ཨཱོྂ་བེ་ཏ་ལི་རཀྴ་ཡཀྴ་ཛཿཛཿ ཨུ་ཙུཥྨ་ཀྲོ་དྷ་བེ་ཏ་ལི་ཧཱུྃ། ཞེས་བརྗོད་པས་གཡོན་ཕྱོགས་སུ་ཡུམ་ཟ་བྱེད་བེ་ཏ་ལི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། གཡས་ཏྲི་ཤུལ་གཡོན་པ་ཐོད་ཁྲག་གཙོ་ལ་སྟོབ་པ། རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ་གཡོན་ཕྱོགས་ནས་ཡབ་དང་གཉིས་སུ་མེད་པར་འཁྲིལ་བའོ། །ཨཱོྂ་ཏྲིག་ཏྲིག་ཡེར་ཡེར། ཁུ་ལུ་མོ་ཁུ་ལུ་མོ་ཧཱུྃ་ཕཊ། ཅེས་བརྗོད་པས། གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཙ་ཏི་མ། སྐུ་མདོག་མཐིང་སྐྱ་ཕྱག་གཡས་ན་སྤུ་གྲི། གཡོན་ན་དགྲ་བོའི་སྙིང་བསྣམས་པ། སྦྲུལ་ནག་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཆ་ལུགས་གཙོ་བོ་དང་མཐུན་པར་བསྒོམ་མོ། །དེ་ནས་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ནས་སྤྲུལ་པའི་སྲས་བསྐྱེད་པ་ནི། ཡུམ་གྱི་མཁའ་མི་དམིགས་པ་ལས། པྃ་པདྨ་མཎྜ་ལ་ཞེས་བརྗོད་པས། པདྨ་འདབ་མ་བརྒྱད་པ་དབུས་སུ་ཨ་དམར་པོས་མཚན་པར་བསམ། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ཞེས་བརྗོད་པས། ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ། རྩེ་ལྔ་ལ་ཨཱོཾ་ཧཱུྃ་ཧྲཱིཿཏྲཱྃ་ཧཱ་ལྔས་མཚན་པར་བསམ་མོ། །རྡོ་རྗེའི་སྤྱི་བོར་ཨཱོྂ། བུ་གའི་ནང་དུ་ཕཊ། སྐེད་པར་ཧཱུྃ། རྩ་བར་ཨཱཿས་མཚན་པའོ། །དེ་ནས་ཡབ་ཀྱིས་ས་མ་ཡ་ཧོཿ ཞེས་ཡུམ་ལ་བསྐུལ་བ་ཡུམ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས། ཡུམ་གྱིས་ས་མ་ཡ་སྟྭཾ། ཞེས་ཡབ་ལ་བསྐུལ་བས། ཡབ་ཆགས་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས། ར་ཧོ་ཧཾ། ཞེས་བརྗོད་པས་རྡོ་རྗེ་ཡུམ་གྱི་པདྨར་བསྐྱོད། ཡུམ་གྱིས། རཱ་ག་ཡ་མི། ཞེས་པས་གཉིས་མེད་ཀྱི་བདེ་བ་འབར་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པ་ལས། བྱང་ཆུབ་ཀྱི་སེམས་ཡ་སྲས་བསྐྱེད་པ། སྨུག་ནག་གཅིག་དང་མ་མ་མོ་ཁྲག་མིག་བསྐྱེད་པ། ནག་མོ་གཅིག་ཡུམ་གྱི་པདྨར་འཕྲོས། ཡུམ་གྱི་མཁའ་ནས་ཡ་གསུང་ཡིག་འབྲུའི་ཆོ་ག །སྨུག་ནག་དེ་མདུན་དུ་ཟླ་གམ་གྱི་སྟེང་དུ་ཆད་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡ་ལ་ཐིམ། རལ་ཐུགས་ཕྱག་མཚན་རལ་གྲི་ཡས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། གྲི་ཡས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་རལ་གྲི་ལ་ཐིམ། ཡ་མ་རཱ་ཛ་ན་ཛཿཛཿ ཞེས་བརྗོད་པས། ཐུགས་སྐུ་ཡོངས་སུ་རྫོགས་པའི་ཆོ་ག །ཀྱི་སྤྲུལ་པ་འཇིགས་བྱེད་ཡ་མ་རཱ་ཛ་སྐུ་ཆེ་ལ་ཡན་ལག་རགས་པ་སྐུ་མདོག་སྨུག་ནག་ལ་སྤྱན་རྩ་དམར་བ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ། ཕྱག་གཡས་རལ་གྲི། གཡོན་སྡིགས་མཛུབ་དང་རྒྱུ་ཞགས་བསྣམས་པ། གཅེར་བུ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ། བ་སྤུའི་བུ་ག་ནས་སྤྲུལ་པ་སྒྲོལ་གིང་ཉིད་དང་འདྲ་བ་བསམ་གྱིས་མི་ཁྱབ་པས་འཕྲོ་བར་བསམ། ཡང་ཡབ་ཡུམ་གྱི་མཁའ་གསང་ལས། མ་ནག་པོ་གསུང་ཡིག་འབྲུ། གཅིག་ཡ་མ་རཱ་ཛའི་མདུན་དུ་ཆད་པ་ལས། འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་མ་ལ་ཐིམ་པ་ལས། ལྕགས་ཐུགས་ཕྱག་མཚན། ཀྱུ་མས་མཚན་པར་གྱུར། ཡང་དེ་ལས་འོད་ཟེར་འཕྲོས། བསྐུལ་དོན་གཉིས་བྱས། ཚུར་འདུས་མ་ལ་ཐིམ་པ་ལས། མ་མ་རུ་ལུ་རུ་ལུ་མ་ཧེ་བྷྱོ་ཧཱུྃ་ཕཊ། ཅེས་བརྗོད་པས། ཡ་མ་རཱ་ཙའི་མདུན་དུ་མ་མོ་ཁྲག་སྐུ་ཡོངས་སུ་རྫོགས་པའི་ཆོ་ག །གི་མིག་ཅན། སྐུ་མདོག་མཐིང་ནག་ལ་གཡུའི་རལ་པ་ཅན་ཁ་རླངས་དང་སྣ་རླངས་མི་ནད་དང་ཕྱུགས་ནད་དུ་གཏོང་བ། ཁྲག་གི་མིག་གཉིས་ནས་མེ་འབར་བ། ཁྲོ་གཉེར་རྣ་ཆ་སྒེག་ཅིང་། ཕྱག་གཡས་ལྕགས་ཀྱུ་གཡོན་སྙིང་ཁྲག་ཞལ་དུ་སྟོབ་པ། རླུང་ནག་འཚུབས་མའི་དབུས་ན་བོང་བུ་དམར་གྭ་རླུང་གི་གཤོག་པ་ཅན་བཅིབས་པ། བ་སྤུའི་བུ་ག་ནས་སྤྲུལ་པ་ཉིད་དང་འདྲ་བ་སྟོང་རྩ་བརྒྱད་དམ་བསམ་གྱིས་མི་ཁྱབ་པ་བཀྱེ་ནས་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག་པར་བསྒོམ། དེར་ཡང་མ་ཟད་དེ། རང་གི་བ་སྤུའི་བུ་ག་ནས། ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་པས་སྟོང་ཁམས་ཁེངས་ཏེ་དགྲ་བགེགས་ཐམས་ཅད་བསྒྲལ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། འཇམ་དཔལ་ཡབ་ཡུམ་དགོངས་པ་ཆོས་ཉིད་དེ་ལས་སླང་། སླར་འདུས་ནས་འོད་དུ་ཆི་ལི་ལི་རང་གི་ཐུགས་ཀར་འདུས་པར་བསམ་མོ། །དེའི་ཕྱི་རོལ་ནས་འཇིགས་སུ་རུང་བའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན། ཁྲོ་བོ་དང་། ཁྲོ་མོ་ཤ་ཟ་བ་དང་། སྲིན་པོ་དང་། སྲིན་མོ་ཁྲག་འཐུང་བ་དང་། ལྟ་བ་དང་། རྒོད་པ་དང་། ཁྲོ་བ་དང་། བརྡ་དང་། གར་བྱེད་པ་དང་། འཛུམ་པའི་མདངས་སྟོན་པ་དང་། ཁྲོ་བོའི་བྲོ་བརྡུང་བ་དང་། གནམ་ལྕགས་ཀྱི་མདའ་འཕེན་བ་དང་། དར་ནག་གི་གཡབ་མོ་འདོར་བ་དང་་། ཀང་ཀ་དང་། ལིང་འདུའི་ཚོགས་ཀང་ཀང་། རྐེང་རྐེང་ཟེར་བ་དང་། ཏ་ཧུ་ཏ་ཧཱུྃ་ཟེར་བ་བསམ་གྱིས་མི་ཁྱབ་པའི་དབུས་ན་བདག་ཉིད་ས་ལེར་བསྒོམ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས། ཀུན་རྫོབ་ཏུ་དཔལ་གཤིན་རྗེ་གཤེད་ཀྱི་དལ་དུ་གང་ཡང་མ་ཡིན་པ་མེད་པ། གང་དུ་ཡང་སོང་བ་མེད་པར་བསྒོམ་མོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། བདག་ཡ་མཱནྟ་ཀར་གསལ་བའི་སྤྱི་འཁོར་ལོ། བོ། མགྲིན་པདྨ། པ། སྙིང་རྡོ་རྗེ་རྒྱ་གྲམ། ག་གསུམ་དུ་ཨཱོྂ་དཀར། ཨཱཿདམར། ཧཱུྃ་སྔོ། གསུམ་བསམ་ལ། ངག་ཏུ་ཨཱོྂ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱོྂ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཨཱོྂ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ་པས་སྐུ་འགྱུར་བ་མེད་པ། གསུང་འགགས་པ་མེད་པ། ཐུགས་འཁྲུལ་པ་མེད་པ་ཆོས་ཀྱི་སྐུར་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་རིགས་ལྔས་དབང་བསྐུར་བ་ནི། རང་ཡ་མཱནྟ་ཀ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས། ཨརྒྷཾ་ལ་ཐུགས་ཀ་ནས་མཆ ོད་པའི་ལྷ་མོ་མང་པོ་སྤྲོས་ནས། སོགས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་གི་ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་བདུན་གྱི་བར་དུ་བཏབ་པས་རིགས་ལྔའི་ལྷ་ཚོགས་རྣམས་སྤྱི་བོར་བྱོན་ནས། ཨཱོྂ་བུདྡྷ་ཀུན་ལེན་ཧཻ་ཧ་ཧཱུྃ་ཕཊ། ཨཱོྂ་བཛྲ་ཀུན་ལེན་ཧཻ་ཧ་ཧཱུྃ་ཕཊ། ཨཱོྂ་རཏྣ་ཀུ་ལེན་ཧཻ་ཧ་ཧཱུྃ་ཕཊ། ཨཱོྂ་པདྨ་ཀུན་ལེན་ཧཻ་ཧ་ཧཱུྃ་ཕཊ། ཨཱོྂ་ཀརྨ་ཀུན་ལེན་ཧཻ་ཧ་ཧཱུྃ་ཕཊ། ཅེས་བརྗོད་པས། བདེ་བར་གཤེགས་པ་ཐམས་ཅད་ཡི་གེ་ཨཱོྂ་ཧཱུྃ་ཏྲཱྃ་ཧྲཱིཿཧཱའི་རྣམ་པར་ཆི་ལི་ལི་ཞུ་ནས་བདག་ལ་ཐིམ་པས། ལུས་ཀྱི་ནང་ཐམས་ཅད་གང་བས་ཉོན་མོངས་པ་ལྔ། ཕུང་པོ་ལྔ། སྐུ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་དུ་དག་པར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་། ལུས་ངག་ཡིད་གསུམ་ཀུན་གཞི་སྒོ་ལྔ་ལ་བསྐུར་བས། ཨཱོྂ་ཧཱུྃ་ཏྲཱྃ་ཧྲཱིཿཧཱའི་ཡི་གེ་རྣམས་ཞུ་བའི་བདུད་རྩིས་ལུས་གང་། ལྷག་མ་གྱེན་དུ་འཁྱིལ་པས་དབང་རྟགས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔས་དབུ་བརྒྱན་པར་བསམ། དེ་རྣམས་ནི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབས་པ་དང་དབང་བསྐུར་བའི་རིམ་པའོ། །དེ་ནས་བར་འདིར་གཏུམ་ཆེན་གྱིས་བསྟོད། དེ་ཅིའི་ཕྱིར་ན་གཏུམ་ཆེན་འདི་ནི་དམ་ཚིག་གསལ་གདབ་པ་ཡང་ཡིན། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་སྐུ་སྐྱེ་བ་མེད་པ་ལས་འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་སུ་གསོལ་བ་ཡང་ཡིན། དེས་ན་རང་གི་བྱང་ཆུབ་ཀྱི་སེམས་མི་འགྱུར་བ་ཐིག་ལེ་ཆེན་པོ་རྡོ་རྗེ་ལྟ་བུའི་སྐུ་གཅིག་དང་དུ་མ་བྲལ་བ། ཡོད་མེད་རྟག་ཆད་འགྲོ་འོང་ཐམས་ཅད་ལས་འདས་པ། རྒྱུ་ལས་མ་བྱུང་ཞིང་རྐྱེན་གྱིས་མི་འཇིག་པ། སྣང་སྟོང་གར་དགུའི་ཉམས་ལྡན་དཔའ་བོ་ཆེན་པོ་དེ་ཉིད་ཡིད་ལ་སལ་སལ། ཝལ་ཝལ། ལམ་ལམ་བསྒོམ་ཞིང་། གཏུམ་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་མཛད་ལྷ། །ཞེས་པའི་ཚིག་རྔམས་པའི་དབྱངས་དང་བཅས་པས་བསྟོད་དོ། །གཏུམ་ཆེན་ནི་དོན་བརྒྱད་དུ་གསལ། ད་ནི་དབྱིངས་ནས་བཞེངས་སུ་གསོལ་བ་ནི། ངག་ཏུ་ཛཿཧཱུྃ་བྃ་ཧོཿ ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། འཁོར་གྱི་གིང་ཆེན་བཅོ་བརྒྱད་ས་མ་ཡ་སྟྭཾ། ཨཱོྂ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་པའི་སྒྲ་དང་། བདག་དམ་ཚིག་པའི་དཀྱིལ་འཁོར་གྱི་ཐུགས་ཀ་ནས་འོད་འཕྲོས་ཏེ། འོག་མིིན་ནས་ཡེ་ཤེས་ཀྱི་ལྷ་ཚོགས་དགོངས་པ་ཆོས་ཉིད་ཀྱི་ངང་ལ་བཞུགས་པ་དེ་ལོངས་སྤྱོད་རྫོགས་པའི་སྐུ་འཇམ་དཔལ་ལྷ་ལྔའི་དཀྱིལ་འཁོར་དུ་བཞེངས་པར་བསམ། དེ་ནས་སྤྱན་དྲང་བ་ནི། ཧཱུྃ། དད་པ་དང་ནི་ཞེས་པའི་ཚིགས་བཅད་དང་། ས་མ་ཡ་ཛཿཧཱུྃ་བྃ་ཧོཿ ཨཱོྂ་ས་མ་ཡ་ཨཱརྻ་མཉྫུ་ཤྲཱི་མུ་དྲ་ཡ་མཱནྟ་ཀ་པཉྩ་ཏེ་རོ་ཧཱུྃ་ཛཿ ཡ་མན་ཤ་ཡ་ཧཱུྃ་ཛཿཛཿ གུ་ཧྱ་ཨ་ཏྲཾ་ཛཿཛཿ ཞེས་བརྗོད་པས་དམ་ཚིག་པའི་ཐུགས་ཀ་ནས། ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཏེ། ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས། འོད་ཕུང་འདབ་འབྱོར་ཙམ་དུ་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ། ཨརྒྷཾ་ལ་སོགས་པས་མཆོད་ནས། ཨཱོྂ་ཨ་ཀྲོ་ཏེ་ཀ་མཉྫུ་ཤྲཱི་ཀཱ་ལ་རཱུ་པ་ཤ་ཡ་ནན། བཾ་རྦད་རུ་ལུ་ཧཱུྃ་ཛཿ རུ་ལུ་ཚལ་པ་ཡ་ནི་ཏོ་ཤ་རུ་པི་ནན། དགྲ་བོ་མཱ་ར་ཡ་ནན། ཞེས་བརྗོད་པས་གཙོ་བོ་ལ་གཙོ་བོ། འཁོར་ལ་འཁོར་ཐིམ་པར་བསམ་མོ། །ས་མ་ཡ་ཏིཥྛ་ལྷན། ཞེས་བརྗོད་པས་རང་གི་ལམ་མ་གྲུབ་ཀྱི་བར་དུ་བཞུགས་པར་བསམ། དེ་ནས་ཕྱག་འཚལ་བ་ནི། རང་ཐ་མལ་པའི་ལུས་སུ་བྱས་ཏེ། དལ་གྱི་ཤར་སྒོར་ཐོན་ལ། དོན་ལྷ་དང་རང་གི་རིག་པ་གཉིས་སུ་མེད་པར་ཤེས་པར་བྱས་ལ་རྟགས་སུ་ཕྱག་འཚལ་བ་ནི། ཧཱུྃ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལས། །ཞེས་ཡན་ལག་བཅུ་གཉིས་མས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་སླར་གཙོ་བོའི་ཐུགས་ཀར་ཐིམ་མོ། །དེ་ནས་མཆོད་པ་འབུལ་བ་ནི། ཕྱི་དང་། ནང་དང་། གསང་བ་ལ་སོགས་པའི་མཆོད་པ་རྣམས་གཞན་དུ་གསལ། སྨན་རཀ་གཏོར་གསུམ་དང་། སྦྱོར་སྒྲོལ་དུག་གསུམ་ཤ་ཁྲག་གི་མཆོད་པ་ལ་སོགས་པ་རྒྱས་བསྡུས་གནས་སྐབས་དང་སྦྱར་ལ། ལས་བྱང་ནས་འབྱུང་བ་ལྟར་དམིགས་པ་གསལ་བར་བྱས་ལ་འབུལ་ལོ། །དེ་ནས་བར་འདིར་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་ལེགས་པར་བཤགས་ལ། ཡི་དམ་གྱི་ལྷ་ལ་བསྟོད་པ་བྱ་བ་ནི། སྐུ་རྒྱན་གཅིག་པས་རྩ་བ་གསལ་འདེབས། རྩ་བའི་ལྷ་ལྔ་ལ་བསྟོད་པ་ལས་བྱང་དུ་གསལ། དེ་ཡང་བསྟོད་པ་གང་བྱེད་ཀྱང་ཡ་མཱནྟ་ཀའི་སྐུ་ནམ་མཁའི་འཇའ་ཚོན་ལྟ་བུ་སྣང་སྟོང་དབྱེར་མེད་ཕྱག་མཚན་རྒྱན་ཆ་ལུགས་རྣམ་པ་བཞུགས་ཚུལ་དང་བཅས་པ་ལ་སེམས་གཏད་ལ་རྟོག་པ་གཞན་དུ་མ་ཡེངས་པར་བསྒོམ་ཞིང་བསྟོད་པ་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། ཨ་ཀྲོ་ཏེ་མཁའ་ལ་ཉི་མ་ཤར་བ་ལྟར་བཟླས་པ་དང་། ས་མ་ཡ་སྤྲིན་བསྡུ་བའི་ཚུལ་དུ་བཟླས་པའོ། །དེ་ལས་དང་པོ་བདག་ཉིད་ཡ་མཱནྟ་ཀར་བསྒོམ་པའི་ཐུགས་ཀར། པདྨ་ཟླ་བ་ཉི་མའི་གདན་སུམ་བརྩེགས་ཀྱི་སྟེང་དུ། ཡེ་ཤེས་སེམས་དཔའ་སྐུ་མདོག་མཐིང་ནག་ཚོན་གང་བ། ཕྱག་གཡས་བེ་ཅོན་གཡོན་སྡིགས་མཛུབ་ཅན་གསལ་བར་བསྒོམ། དེའི་ཐུགས་ཀར་ཉི་ཟླའི་གདན་སྲན་མའི་གྭའུ་ཙམ་གྱི་སྟེང་དུ་རྡོ་རྗེ་ནས་ཙམ་པའི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ལྟ་བུ་ལ་ཨ་ཀྲོ་མུ་ཏིག་གི་ཕྲེང་བ་ལྟར་དཀར་སྒོ་རེས་བསྐོར་བར་བསམ། ཡ་རྐན་ལ་ཉི་མའི་དལ་གྱི་སྟེང་དུ་ཨཱོྂ་གཅིག་བསམ། མ་རྐན་ལ་ཟླ་བའི་སྟེང་དུ་ཨཱཿ ལྕེ་རྡོ་རྗེ་རྩེ་གསུམ་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམ། ཡ་མཆུ་མ་མཆུ་གཉིས་རྡོ་རྗེའི་ཕྱེད་ཚལ་དུ་བསམ། དེ་གཉིས་བསྡེབས་པས་རྡོ་རྗེ་གཅིག་ཏུ་བསམ། དེ་ནས་ཨ་ཀྲོ་ལན་གཅིག་བརྗོད་པས། བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་བར་བསམ། ཡང་ཨ་ཀྲོ་ལན་གཅིག་བརྗོད་པས། དུག་ལྔ་ཡེ་ཤེས་ལྔར་བསྒྱུར་བར་བསམ། ཡང་ཨ་ཀྲོ་ལན་གཅིག་བརྗོད་པས། བདག་གི་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་སེམས་དཔའ་ཚོན་གང་བ། ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་ཐོར་གྱིས་གང་བར་བསམ། ཡང་སྔགས་བརྗོད་པས། ཚངས་བུག་ནས་ལོང་བུ་ཡན་ཆོད་དུ་ཁྲོ་ཆུང་ཞལ་གཅིག་ཕྱག་གཉིས་པས་བ་སྤུའི་བུ་ག་ཐམས་ཅད་གཏམས་ཏེ། ཕྱེ་ཕྲུག་ལ་ཁྲབ་ཆགས་པ་ལྟར་བསྒོམ། ཡང་སྔགས་བརྗོད་པས། ཁྲོ་བོའི་སྤྲུལ་པ་གྲངས་མེད་པ་བར་སྣང་ལ་འཕྲོས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། རིགས་དྲུག་སེམས་ཅན་གྱི་བག་ཆགས་སྦྱངས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས་ནས་བདག་ལ་ཐིམ་པར་བསྒོམ། ཡང་སྔགས་བརྗོད་པས། བདག་གི་ལུས་ངག་ཡིད་གསུམ་ལས་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པས། ཁྲོ་བོ་དེ་དག་གི་ཞལ་ནས་ཨ་ཀྲོ་དང་། ཧ་ཧ་དང་། འུར་འུར་དང་། ཆེམ་ཆེམ་འབྲུག་གི་ང་རོ་ལྟར་གཡོས་པས་བདུད་དང་དགྲ་བགེགས་ལོག་པར་ལྟ་བ་ཐམས་ཅད་རྡུལ་དུ་རློག །སྣང་སྲིད་ཀྱི་ལྷ་མ་སྲིན་ཐམས་ཅད་ལ་ཕོག་པས་བཅོལ་བའི་ལས་བྱེད་ཅིང་། བདག་གི་བཀའ་ཉན་གསུང་སྡོད་པར་བསམ་ལ། བཟླས་པ་བརྒྱ་ཙམ་བྱ་བ་ནི། བདག་གི་ལུས་བསྲུང་བ་ཡིན་ཏེ་དཔེར་ན་སྐྱེས་བུ་གོ་མཚོན་གྱོན་པ་དང་འདྲ་སྟེ་ཚུར་ལ་ནི་ཅིས་ཀྱང་མི་ཚུགས་ལ། ཕར་ལ་ནི་ཅི་ལ་ཡང་ཐོགས་པ་མེད་དོ། །དེ་ནས་ཡང་དམིགས་པ་འདི་ལྟར་དུ་བསྒོམ། ཨཱོྂ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཅེས་བརྗོད་པས། སྔགས་ཀྱི་སྒྲ་འོད་ཟེར་དང་བཅས་པ་ཐུགས་ཀ་ནས་ལྗགས་སྟེང་དུ་འཕྲོས། ལྗགས་སྟེང་ནས་ཕར་འཕྲོས། མདུན་གྱི་ལྷ་ཚོགས་རྣམས་ལ་ཕོག །སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འབུལ། ལྷ་ཚོགས་ཐམས་ཅད་ཀྱང་ཨ་ཀྲོ་ཏི་རི་རི་བཟླས་པར་བསམ། ཡང་སྔགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས། བླ་མ་དང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། ཕྱི་སྣོད་ཀྱི་མཚན་མ་སྦྱངས་ནས་གཞལ་ཡས་ཁང་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ལ་ཕོག །སྒྲིབ་པ་སྦྱངས་ནས་ཡ་མཱནྟ་ཀའི་སྐུར་གྱུར། དེ་དག་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟར་འུར་འུར་དང་ཤིག་ཤིག་ཏུ་བཟླས་པར་བསམ། ཡང་ལྷ་ཐམས་ཅད་ཀྱི་སྔགས་བཟླས་པའི་འོད་ཟེར་ཡི་གེ་ཨ་ཡི་རྣམ་པ་ལྟ་བུ་བདག་ལ་ཐིམ་པས། བདག་གི་རྒྱུད་ལ་བདེ་སྟོང་གི་ཉམས་ཕུན་སུམ་ཚོགས་པ་སྐྱེས་པར་བསམ་ལ། ཨ་ཀྲོ་སེམས་མ་ཡེངས་པར་བཟླའོ། །དེ་ནི་མཁའ་ལ་ཉི་མ་ཤར་བ་ལྟར་བཟླས་པའོ། །དེ་ནས་བཟླས་པ་ལ་སྐྱོན། ཡིད་ཀྱི་བཟླས་པ་བྱ་སྟེ། ཐུགས་ཀའི་སྔགས་ཕྲེང་ལ་སེམས་གཏད་ལ། དེ་ཡང་གཡས་ཕྱོགས་སུ་འགལ་མེ་ལྟར་འཁོར་བ་ལ་མ་ཡེངས་པར་ཅི་ནུས་སུ་བསྒོམ། དེ་ནས་འཕྲོ་འཇོག་པའི་དུས་སུ་མཐེ་བོང་ཟླ་བའི་དལ་གྱི་དབུས་སུ་ཡ་མཐིང་ནག་གཅིག་བསམ། གུང་མོ་ཉི་མའི་དལ་གྱི་དབུས་སུ་མ་དམར་སེར་གཅིག་བསམ་ལ་སེ་གོལ་བརྡབས་པས། ན་མོ་དུས་གསུམ་གྱི་སངས་རྒྱས་དེ་བཞིན་གཤེགས་པ་དང་། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་འཁོར་དང་བཅས་པའི་བཀའ་བདེན་པས། བདག་གི་བསམ་པ་བསམ་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག །སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གྱུར་ཅིག །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག །ཅེས་བརྗོད་པས་སྨོན་ལམ་གྱི་ཚིག་དེ་དང་། སེ་གོལ་བརྡབས་པ་ལས་འོད་ཟེར་འཕྲོས་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་འོད་དུ་ཞུ་ནས་བདག་ལ་ཐིམ་པས་སྨོན་ལམ་ཅི་ལྟར་བཏབ་བཞིན་འགྲུབ་པར་བསམ་མོ། །གྲངས་ཀྱི་བསྙེན་པ་འབུམ་ཚོ་བདུན་ཟེར་ཏེ། དེ་ཡང་རྫོགས་ལྡན་གྱི་དུས་ཡིན་ལ་རྩོད་ལྡན་གྱི་དུས་སུ་སུམ་འགྱུར་དུ་སྐྱེལ་དགོས་པར་གསུངས་སོ། །དུས་ཟླ་བ་དྲུག་ཟེར་ཏེ་ཟླ་བ་བཅུ་གཉིས། རྟགས་ནི་ཉམས་དང་རྨི་ལམ་དུ་འཆར་ཚུལ་རྣམས་རྩ་བ་ནས་ཤེས་པར་གྱིས། ས་མ་ཡ་མཁའ་ལ་སྤྲིན་བསྡུ་བའི་ཚུལ་དུ་བཟླས་པ་ནི་ཡི་གེ་མང་དོགས་པས་འདིར་མ་བྲིས། དེ་ལྟར་དུས་གྲངས་རྟགས་གསུམ་གྱི་བསྙེན་པ་རྫོགས་པ་དང་། ཞི་བ་ལ་སོགས་པ་གང་འདོད་ཀྱི་ཕྲིན་ལས་ཀྱི་ཁ་བསྒྱུར་ནི་སྒྲུབ་ཐབས་བྱིན་པོ་རྣམས་སུ་ཤེས་པར་གྱིས་ཤིག །བཟླས་པ་བྱེད་པའི་དུས་སུ་ཚིག་གཞན་གྱིས་བར་མ་ཆད་པར་གལ་ཆེ། སྟོང་ཚིག་ལ་སོགས་བར་བར་དུ་གཏུམ་ཆེན་དང་། རྒྱན་གཅིག་པ་ལ་སོགས་པས་བསྟོད་ཅིང་མཆོད་པར་བྱའོ། །དུས་གྲངས་ཀྱི་རྟགས་མ་བྱུང་ན་སྔགས་ཀྱི་སྐྱོན་བསལ་བ་ཤེས་པར་བྱའོ། །དེ་ནི་བཟླས་པའི་རིམ་པ་མདོར་བསྡུས་པའོ། །རྒྱས་པ་ནི་རྩ་བ་ལ་སོགས་པ་གཞན་རྣམས་སུ་ཤེས་པར་བྱའོ། །དེ་ནས་དབང་བླང་བར་བྱ། རྒྱས་པར་ནི་དབང་གི་ཆོ་ག་ནས་ཤེས་པར་བྱས་ལ། བསྡུས་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས། རང་གི་སྤྱི་གཙུག་ཉི་ཟླ་པདྨའི་གདན་ལ་བཞུགས་པར་དམིགས་ལ། ལུས་ངག་ཡིད་གསུམ་མོས་པ་ཐུན་མོང་མ་ཡིན་པ་བསྐྱེད་དེ། ན་མོ། འཇམ་དཔལ་རྡོ་རྗེ་ལ་སོགས་པའི། ཞེས་པའི་ཡན་ལག་བདུན་པ་དང་། གོང་ལྟར་གསོལ་བ་གདབ་པ་རྣམས་བྱས་ལ། འཇམ་དཔལ་གྱི་སྐུའི་ཆ་ཐམས་ཅད་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བདག་གི་ལུས་ཐམས་ཅད་གང་བར་བསམ། དེའི་རྗེས་ལ་ལྷ་ཐམས་ཅད་བདག་ལ་ཐིམ་པས། འཇམ་དཔལ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་སྙམ་དུ་ངེས་ཤེས་བསྐྱེད་དོ། །དེ་ནི་དབང་བླང་བའི་རིམ་པའོ། །དེ་ནས་དགེ་སྦྱོར་གྱི་འཕྲོ་འཇོག་པའི་དུས་སུ། ཕྱི་གཞལ་ཡས་ཁང་འོད་དུ་ཞུ་ནས་ལྷ་ཚོགས་རྣམས་ལ་ཐིམ། ལྷ་ཡ་མ་རཱ་ཛ་ཡབ་ཡུམ་གཉིས་ཟ་བྱེད་བེ་ཏ་ལི་ལ་ཐིམ། སྦྱོར་ཡུམ་དང་སྒྲོལ་ཡུམ་ཡང་བདག་ཉིད་གཙོ་བོ་ལ་ཐིམ། བདག་ཉིད་ཀྱང་འོད་དུ་ཞུ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་རྡོ་རྗེ་ལ་ཐིམ། རྡོ་རྗེ་ཧཱུྃ་ལ། ཧཱུྃ་ཞབས་ཀྱུ་ལ། ཞབས་ཀྱུ་འ་ལ། འ་ཧ་ལ། ཧ་ཀླད་ཀོར་ལ། ཀླད་ཀོར་ཡང་ནམ་མཁའ་ལ་སྤྲིན་ཡལ་བ་ལྟར་གྱུར་པའི་ངང་ལ་རྣམ་པར་རྟོག་པ་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་བསམ་པ་གང་ཡང་མི་བྱེད་པར། གནས་ལུགས་རང་བབས་ཀྱི་ངང་ལ་ཀློད་ནས་བཞག་གོ། །རྗེས་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ལྷའི་ང་རྒྱལ་དང་ལྡན་པས་སྤྱོད་ལམ་གང་ཡིན་ལ་འཇུག་གོ། །དེ་ནི་རྒྱུན་དུ་ཉམས་སུ་ལེན་པའི་རིམ་པའོ། །དེ་ནས་རྗེས་སྤྱོད་ལམ་གྱི་རྣལ་འབྱོར་ནི། བཟའ་བ་ཟས། བགོ་བ་གོས། འགྲོ་བ་ལམ། ཉལ་བ་གཉིད་ཀྱི་རྣལ་འབྱོར་རོ། །ཟས་ཀྱི་རྣལ་འབྱོར་ནི། རང་ཡ་མཱནྟ་ཀའི་ཏིང་འཛིན་གསལ་བར་བསྒོམ། ལུས་ཀྱི་ནང་ཐམས་ཅད་ཁྲོ་བོ་དང་ཁྲོ་མོས་གང་བར་བསམ་ལ། རྃ་ཡྃ་ཁྃ་གིས་ཟས་ཀྱི་དྲི་མ་སྦྱངས་ལ། རྒྱས་པར་བྱེད་ན། རྡོ་རྗེ་མེ་རླུང་ཐོད་པའི་སྦྱོར་བས་བདུད་རྩི་བྱིན་གྱིས་བརླབ་པ་ལྟར་བྱ། བསྡུས་པར་བྱེད་ན་ཨཱོྂ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ལག་པ་མཆོད་པའི་ལྷ་མོ་ལྔར་བསམ་ལ། ལྷ་མོ་དེ་རྣམས་ཀྱིས་བདག་ལ་མཆོད་པའི་ཚུལ་གྱིས་རོལ་པས། ལུས་ཀྱི་ནང་གི་ཁྲོ་བོ་ཐམས་ཅད་ཀྱིས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བར་བསམ་མོ། །གོས་ཀྱི་རྣལ་འབྱོར་ནི། རྃ་ཡྃ་ཁྃ་གསུམ་གྱིས་དྲི་མ་སྦྱངས། སྟོད་ཀྱི་གོས་ནི་གླང་ཆེན་གྱི་ཀོ་རློན། མི་ལྤགས་ཀྱི་གཡང་གཞིར་བསམ་ལ་གྱོན། སྨད་ཀྱི་གོས་ནི་སྟག་ཤམ་དུ་བསམ། སྐེ་རག་དང་། ལྷྭམ་སྒྲོགས་དང་། མགུལ་རྒྱན་དང་། གདུབ་བུ་དང་། སོར་གདུབ་ལ་སོགས་པ་རྣམས་ནི་སྦྲུལ་དཀར་ནག་དང་། དུར་ཁྲོད་ཀྱི་ཆས་དང་རྒྱན་དུ་བསམ་ལ་གྱོན་ནོ། །འགྲོ་བ་ལམ་གྱི་རྣལ་འབྱོར་ནི། རང་ཡ་མཱནྟ་ཀ་ཡབ་ཡུམ་དུ་བསྒོམ། གཞན་ཡང་ས་དང་རྡོ་ཤིང་ལ་སོགས་པ་ཐམས་ཅད་ཀྱང་ཡ་མཱནྟ་ཀ་ཡབ་ཡུམ་དུ་བསྒོམ་སྟེ། རི་རྣམས་ནི་ཡ་མཱནྟ་ཀ་རི་ཙམ་པ། ཤིང་རྣམས་ནི་ཡ་མཱནྟ་ཀ་ཤིང་ཙམ་པ། དེ་བཞིན་དུ་སའི་རྡུལ་ཕྲ་རབ་ཇི་སྙེད་ཐམས་ཅད་ཀྱང་ཡ་མཱནྟ་ཀའི་སྐུར་ཤིག་ཤིག་གྱུར་པར་བསམ། སྒྲ་ཐམས་ཅད་ཨ་ཀྲོའི་རང་སྒྲ་དི་རི་རི་བསམ་ལ། དེ་དག་ཐམས་ཅད་ཀྱང་བྲོ་བརྡུངས་པ་དང་། གར་བྱེད་པ་དང་། སྣང་སྲིད་ཐམས་ཅད་འུར་འུར་དང་། ཤིག་ཤིག་ཏུ་གཡོ་བར་བསམ། ངག་ཏུ་ཨ་ཀྲོ་འདོན་ཞིང་རྒྱུག་པ་དང་། མཆོང་པ་ལ་སོགས་པ་བྱའོ། །གཉིད་དུ་ནམ་ཉལ་བའི་དུས་སུ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་གོང་ལྟར་བསྒོམ། དེ་ཡང་འོད་ཀྱི་གོང་བུ་ལྟ་བུའི་ཐུགས་ཀར་རྡོ་རྗེ། རྡོ་རྗེའི་ལྟེ་བར་ཧཱུྃ། ཧཱུྃ་དེ་ལས་ཨ་ཀྲོ་འོད་ཁ་དོག་ལྔ་དང་ལྡན་པ། དཔེར་ན་འཇའ་ཚོན་ལྟ་བུས་བསྐོར་བར་བསམ་མོ། །དེའང་གཡས་ཕྱོགས་སུ་སྒོ་རོ་རོ་བསྐོར་བར་བསམ། དེ་ནས་ཡེ་ཤེས་སེམས་དཔའ་རྡོ་རྗེ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་བར་བསམ་ལ། འོད་དེ་ཇེ་ཆེ་ཇེ་ལ་སོང་བས། རང་ལུས་ཐམས་ཅད་འོད་ཁ་དོག་ལྔ་དང་ལྡན་པ་གཅིག་ཏུ་བསྒོམ་ལ། སེམས་མ་ཡེངས་པར་བྱའོ། །དེས་ནི་རྨི་ལམ་དུ་འོད་གསལ་ཟིན་པའི་དགོས་པ་དང་། ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད། དེ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །ཡང་དུས་དང་གནས་སྐབས་ཐམས་ཅད་དུ་ལུས་ཡ་མཱནྟ་ཀ །ངག་ཨ་ཀྲོ་ཏེ་ཀ །ཡིད་སྙིང་གའི་ཡེ་ཤེས་སེམས་དཔའ་སྔགས་ཕྲེང་དང་བཅས་པ་ལ་མ་ཡེངས་པར་བྱའོ། །སྣང་གྲགས་ཐམས་ཅད་ཡ་མཱནྟ་ཀའི་སྐུ་གསུང་ཐུགས་སུ་ལམ་དུ་ཁྱེར་རོ། །དེ་ལྟར་བྱས་པའི་འབྲས་བུ། སྐུ་གསུང་ཐུགས་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཡ་མཱནྟ་ཀ་མངོན་དུ་གྱུར་ནས། གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་རྩོལ་མེད་དུ་འབྱུང་བར་འགྱུར་རོ། ༈ །ད་ཕྲིན་ལས་སྤྱིར་རྒྱུགས་ཀྱི་རིམ་པ་ནི། བསྟོད་པ་དང་བཟླས་པའི་རྗེས་ལ། ཚོགས་ཀྱི་མཆོད་པ་འབུལ་བ་དང་། ལྷག་མའི་གཏོར་མ། ཐུགས་དམ་བསྐུལ་བ། བརྟན་མ་སྐྱོང་བ། གཏོར་བྲོ་དང་། དེ་རྣམས་ཀྱི་རིམ་པ་སྨད་ལས་ཀྱི་རིམ་པ་ཡིན་པས་ལས་བྱང་དུ་ཤེས་པར་བྱའོ། །གཞན་ཡང་དངོས་གྲུབ་མེའི་མཆོད་པ་དང་། བཟློག་པ་དང་། ཟོར་དང་དེ་ལ་སོགས་པའི་ཁ་བསྒྱུར་ནི། བསྟོད་པ་ལ་སོགས་ཟིན་པའི་རྗེས་ལ་ཤེས་པར་བྱའོ། །རྗེས་སྨད་ལས་ཀྱི་རིམ་པ་ནི། ལས་བྱང་ལ་སོགས་གཞན་དུ་ཤེས་པར་བྱའོ། །རང་དོན་སྒྲུབ་པའི་འཁོར་ལོ་ཨ་ཀྲོ་ལྷའི་བསྙེན་པ་ལ་བརྟེན་ཏེ། གསང་བའི་དགྲ་དུག་ལྔ་སྐྱེ་མེད་དུ་གསོད་པའི་མན་ངག་འདི། བཙད་པོ་ཁྲི་འོད་འབར་བའི་ཕྱག་དཔེ་ལས། ཉམས་སུ་བླང་བདེ་བར་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ནི། ཆོས་གྲགས་དཔལ་བཟང་པོའི་ཕྱག་ལེན་བདག་གཤིན་རྗེ་གྲགས་ལ་གནང་བ་ལགས་སོ། །སརྦ་མངྒ་ལཾ།། །།


previousམངོན་རྟོགས་སྒོམ་ཁོག་པདྨའི་སྤྱན།next