Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་ནག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ཡིག་ཆུང་གསལ་བའི་སྒྲོན་མེ།
   
   
   
   
   
   
   


 
previousགཤིན་རྗེ་ནག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ཡིག་ཆུང་གསལ་བའི་སྒྲོན་མེ།next

གཤིན་རྗེ་ནག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ཡིག་ཆུང་གསལ་བའི་སྒྲོན་མེ།

གཤིན་རྗེ་ནག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ཡིག་ཆུང་གསལ་བའི་སྒྲོན་མེ་བཞུགས་སོ། །དཔལ་ལྡན་གཤིན་རྗེ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་དམ་དགྲར་གྱུར་པ་དེའི་བཀའ་ཉན་ཆེན་པོ་ནི། སེམས་ཅན་ཀུན་གྱི་སྲོག་བདག །འཆི་བདག་ནག་པོའི་རྗེ་བོ། སྟོབས་ཆེན་དེ་ཉིད་ཀྱི་ལས་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་རྫས་བསག་པ་དང་། དངོས་གཞི་ལས་སྒྲུབ་པ་དང་། རྗེས་དགེ་བའི་རྩ་བ་སྒྲུབ་པའོ། །དང་པོ་ནི། ལས་དང་མཐུན་པའི་གནས་སུ། བསྙེན་པ་སྦྱིན་སྲེག་དང་བཅས་པ་རྫོགས་ཤིང་། དུས་རྟགས་གྲངས་གསུམ་གྱི་མཚན་མ་བྱུང་ནས། འདིར་ཅི་དགོས་པའི་རྫས་རྣམས་བསགས་ཏེ། བསྟན་པ་སྤྱི་ལ་ཕན་པའི་དོན་དུའོ། །གཉིས་པ་དངོས་གཞི་ལས་སྒྲུབ་པ་ལ་གསུམ་སྟེ། སྔོན་འགྲོ་འཁྲུལ་འཁོར་སྒྲུབ་པ། དངོས་གཞི་སྒྲུབ་པའི་བྱ་ལུགས། ཐ་མ་ལས་ཀྱི་གཤིན་རྗེ་ལ་གཏད་ཅིང་མནན་པའོ། །དང་པོ་ལ་གསུམ་སྟེ། དང་པོའི་དུས་སུ་བྱ་བ། གཉིས་པ་འཁྲུལ་འཁོར་དངོས། གསུམ་པ་གང་དུ་བཞག་པའོ། །དང་པོ་ལ་བཅུ་སྟེ། དེའི་དང་པོ་གཟའ་མིག་དམར། སྤེན་པ་ལ་སོགས་དྲེགས་པ་ཅན་རྒྱུ་དུས་དང་། སྐར་མ་བྲ་ཉེ་ལ་སོགས་པ་གདུག་པ་ཅན་གྱི་དུས་དང་། གཉིས་པ་ཚེས་གྲངས་ཉི་ཤུ་གཉིས་སམ་དགུའམ། ལོ་ཟད་ཟླ་ཟད་ཀྱི་གནམ་སྟོང་གི་ནམ་ཕྱེད་དམ་ཉི་མ་ཕྱེད་པའི་དུས། གསུམ་པ་སྒྲ་གཅད་ཁ་འགྱུ་ཕྱོགས་དང་། ལྷ་འདྲེ་གདུག་པ་ཅན་རྒྱུ་བ་དང་སྤྲད་ནས། བཞི་པ་གནས་ནི། གྲོང་ཁྱེར་གྱི་ལྷོ་ཕྱོགས་སམ་དུར་ཁྲོད་ཆེན་པོའམ་གཡུལ་ཆེན་པོ་སྤྲད་ནས་མི་མང་པོ་བསད་པའི་སའམ། གྲོང་སྟོང་ངམ། ལྷ་ཁང་འདྲེ་ཅན་གྱི་གནས་སུའོ། །ལྔ་པ་གདན་ནི། གྲི་ལྤགས་སམ། རོ་རས་སམ། རོ་སྐྲའི་གདན་ནག་པོ་ལའོ། །དྲུག་པ་རང་ཉིད་དྲག་པོའི་གཡས་རླུང་རྒྱུ་དུས་སུ། བདུན་པ་གོས་ནི། མི་ལྤགས་སམ། གོས་ནག་གྱོན་ནས། བརྒྱད་པ་སེམས་བསྐྱེད་ནི། བླ་མ་དང་བསྟན་པའི་དགྲ་བོ་ལས་ངན་སྡིག་ཅན་འདི་བསྒྲལ་ནས་རྣམ་ཤེས་གོང་དུ་འཕོ་བ་བསྒྲུབ་ཅིང་། སྡིག་རྒྱུན་བཅད་སྙམ་པས། དགུ་པ་ལྷ་ནི། རང་ཉིད་དཔལ་ལྡན་གཤིན་རྗེའི་གཤེད་ནག་པོ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་ནས། བཅུ་པ་སྔགས་ཉེར་གཅིག་ཙམ་བཟླས། འོད་ཟེར་ནག་པོ་མཚོན་ཆ་ལྟ་བུའི་འཕྲོ་འདུ་བྱས་ཏེ། ཐུགས་ཀར་ས་བོན་སྔགས་དང་བཅས་པ་དམིགས་ལ། དེའི་ངང་ནས་བྱ་བ་བསྒྲུབ་པའོ། །གཉིས་པ་འཁྲུལ་འཁོར་དངོས་བྲི་བ་ལ་ལྔ་སྟེ། དེའི་དང་པོ་འཁྲུལ་འཁོར་བྲི་བའི་གཞི་ཞིང་ལྤགས་སམ། དུར་ཁྲོད་ཀྱི་རས་ལ། སྤྱིན་དང་དུག་དང་གྲི་ཁྲག་དང་བཅས་བྲིར་རུང་བར་བྱས་ནས། གཉིས་པ་སྣག་ཚ་ནི། དུར་ཁྲོད་ཀྱི་སོལ་བ། ལོང་ཏང་གི་འབྲས་བུ། དུག་ནིམ་པ། ལྡུམ་བུ་ཚ་བ་གསུམ། ལན་ཚྭ་གྲི་ཁྲག་རྣམས་སྦྱར་ནས། དམར་ནག་ཏུ་བྱུག་པ་དང་། གསུམ་པ་སྨྱུ་གུ་ནི། གྲི་རྐང་གི་སྡུ་གུའམ་གྲི་རུས་སམ། གླག་དང་ཁྲའི་སྒྲོ་རྐང་ངམ། འཕར་བའམ་སྤྱང་ཀའིརུས་པའོ། །བཞི་པ་འཁྲུལ་འཁོར་དངོས་ནི། གཅིག །བརྒྱད། བཅུ་གཉིས། བཅུ་དྲུག་མུ་ཁྱུད་བཅས་པའམ། ཡང་གཞུང་ན་མེད་ཀྱང་། སྔོན་གྱི་སློབ་དཔོན་ཁ་ཅིག་གིས། བཅུ་གཉིས་པའི་ཕྱི་རོལ། བཅུ་དྲུག་པའི་ནང་དུ། མུ་ཁྱུད་ཡངས་པོ་གཅིག་བཞག་ལ་མིང་རུས་སྣ་ཚོགས་འདེབས་པའོ། །བརྒྱད་པའི་བཞི། བཅུ་དྲུག་པའི་བརྒྱད་རྣམས་ཡངས་པར་བྱས་པ་སྟེ་འདི་རྣམས་མིང་མང་ཉུང་ལས་བྱུང་བ་འགྲེའོ། །དེ་ལ་དབུས་དང་ཕྱོགས་བཞིར། ཡ། ཀྵེ། མ། མེ་ཏ་དང་། མཚམས་བཞི་རུ། ཧཱུྃ་ཕཊ་མཱ་ར་ཡ། ལྷས་སྦྱིན་མཱ་ར་ཡ་ཧཱུྃ་ཕཊ། ཤར་ནས་གཡས་བསྐོར་དུ། ཡ། ཙ། ནི། ར་བཞི། ཙ། པ། ཏོ། རུ་བཞི། ཎ། ཡོ། ར། ནི་བཞི། དེའི་ཕྱི་རོལ་བཞི་བཞིའི་བར། ཨཱོྂ་ཧྲཱིཿཥྚི་བི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་བར་བརྒྱད་དུ། ཧཱུྃ་མཱ་ར་ཡ་ཧཱ་ན། ལྷས་སྦྱིན་མཱ་ར་ཡ་ཧཱུྃ་ཞེས་བྱའོ། །ལྔ་པ་འཁོར་ལུགས་ནི། འོག་མ་གཡས་བསྐོར་ཏེ། དེ་ནས་མོ་འཁོར། རླུང་གཡོན་བསྐོར། སྟེང་མ་གནམ་བསྐོར་ཏེ། དབུས་ནས་ཤར་དུ་ཕོ་འཁོར་རོ། །གཡས་བསྐོར་བྲི་བ་ནི། དྲག་བྱེད་དོ། །དེའི་ཕྱི་རོལ་མུ་ཁྱུད་ལ། མཱ་ར་ཡ་བཅུ་དྲུག་བྲི། དེའི་ཕྱི་རོལ་གཤིན་རྗེ་ཕོ་མོའི་གཟུགས་རབ་ཏུ་འཇིགས་པ་བྲི་ཞིང་དུག་ཁྲག་བྱུག་གོ། །གསུམ་པ་གང་དུ་བཞག་པ་ལ་གཉིས་ཏེ། དང་པོ་འཁོར་ལོའི་ཟླ་གྲོགས་ལིངྒའི་བཅས། གཉིས་པ་གང་དུ་ཇི་ལྟར་བཞག་པའོ། །དང་པོ་ལ་བདུན་ཏེ། དེའི་དང་པོ་ཕྱིའི་ལིངྒའི་རྒྱུ་ནི། ལྷས་སྦྱིན་གྱི་གོས་དུམ་བུ། ཟ་ལྷག །རྐང་རྗེས། དྲི་ཆུ། ཟག་པ། ཨ་ཀྲང་། ཀུན་འཛོམ་པའམ། གྲོའི་བག་ཟན་དང་། ནས་རྗེན་ཕྱེ་རྣམས་བསྲེས་ནས། གཟུགས་བརྙན་རིང་པ། ལྟོ་བ་ཆེ་བ་སོར་བདུན་ནམ་དགུ་ཙམ་བྱ། གཉིས་པ་ནང་གི་ལིང་གའི་རྒྱུ་ནི། དུག་ཤོག་གམ་གྲོ་གའམ། སྟག་པའི་ལོ་མའམ་ཤིང་ཤུན་ངན་པ་ལ། ལྕེས་བྲང་ཁང་སླེབས་པ། རྐང་ལག་ལྕགས་སུ་བཅུག་པ། ལྕེ་སྟེང་མཆོད་རྟེན། སྣ་ཚོགས་རྡོ་རྗེ་བྲིས་པའི་དཀྱིལ་དུ། ཧྲིཿཥྚིའི་གཤམ་དུ་ཕཊ། མིང་རུས་ཆྒཻ་མོ་ལ་ཧ་ན་མཱ་ར་ཡ་ཕཊ། དེ་ནས་སྙིང་གར་མིང་། དེ་དབུས་མིང་ཡིག་དང་པོ་ནྲྀ། དཔྲལ་བར་རུས། བརླ་གཉིས་ལ་བླ་དྭགས། ཡན་ལག་བཞི་ལ་ཛཿཛཿ རྣ་བ་ལ་འོན། མིག་ལ་ལོང་། ཁ་ལ་ལྐུག་ཅེས་བྲི། མགོ་ནས་བརྩམ་མཐར་དྲག་སྔགས་དང་དམོད་པ་བྲི། མིང་ཡིག་དང་པོ་ལ་གྲི་ཁབ་ཀྱི་གྲི་རྒྱུས་སམ། རོ་སྐྲའི་གཟུངས་ཐག་བཏགས། གསུམ་པ་རྣམ་ཤེས་འགུགས་པ་ནི། རང་ཉིད་ལྷར་གསལ་བའི་མདུན་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་རབ་ཏུ་འཚུབས་པའི་སྟེང་དུ། རྃ་ལས་མེ་དམར་ནག་འབར་བའི་དབུས་ན་ཡ་ལས་ཐོད་དབྱུག་ཡས་མཚན་པ་ལས་བྱུང་བའི་གཤིན་རྗེ་ནག་པོ། གཡས་ལྕགས་ཀྱུ། གཡོན་ཞགས་པ་ཅན། རླུང་ལྟར་གཡོ་ཞིང་རྔམས་པ། འཁོར་མཚོན་ཆ་ཅན་མང་པོས་བསྐོར་བར་དམིགས་ལ། རུས་མིང་ཆྒཻ་མོ་ཨ་ཀཪྴ་ཡ་ཛཿ ཞེས་བསྒོ་བས་དེ་འཁོར་བཅས་སོང་ནས། ལྷས་བྱིན་སྙིང་ལ་ལྕགས་ཀྱུས་བཏབ། མགྲིན་པ་ཞགས་པས་བཅིངས་ནས་དྲུད། འཁོར་རྣམས་ཀྱིས་བརྡུང་ཞིང་། དེ་ལྟར་བྱུང་བར་དམིགས་ནས། ངག་ཏུ། ཧཱུྃ་ཛཿ དཔལ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །གཏུམ་ཆེན་ཁྲོས་པའི་བཀའ་བཞིན་དུ། །བསྟན་དགྲ་དམ་ཉམས་ནག་པོ་འདི། །མྱུར་བ་མྱུར་བར་འདི་ཉིད་དུ། །ཁུག་ཅིག་དྲོངས་ཤིག་ཨཾ་ཀུ་ཤ །ལྕགས་ཀྱུས་ཐོབས་ལ་ཞགས་པས་ཆིངས། །ལྕགས་སྒྲོག་གིས་ནི་དམ་དུ་སྡོམ། །དྲིལ་བུས་མྱོས་ཤིང་བརྒྱལ་བར་གྱིས། །ཛཿཛཿདགྲ་བོ་དམ་ཉམས་འདི། །སྐད་ཅིག་ཙམ་ལ་ཁུག་པར་མཛོད། །ཅེས་མདུད་དུ་བཀུག་པ་ལ་རླུང་མེའི་དཀྱིལ་འཁོར་དུ་སྐྲག་པ། སྐྱབས་མེད་པ། མགོན་དང་བྲལ་བ། སྐྲ་གཟིངས་པ། ལུས་འདར་བ། ངག་ཤུས་འདེབས་པ། ལུས་རྨ་དང་ཕོལ་མིག་གིས་གང་བ། རིད་པ། གཅེར་བུ་གོས་དང་བྲལ་བར་དམིགས་ནས། བཞི་པ་དམོད་པས་འགུགས་པ་ནི། ཕུད་དང་འབྲུ་སྣ་རིན་པོ་ཆེ་སྣ་ལྔས་མཆོད་ཅིང་། ཀྱེ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྲོ་བོ་ཁྲོ་མོའི་ཚོགས་རྣམས་དང་། ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། འཇིག་རྟེན་སྐྱོང་བ་རྣམས་གསན་དུ་གསོལ། །དགོངས་སུ་གསོལ། བླ་མའི་སྐུ་དགྲ། བསྟན་པའི་སྤྱི་དགྲ། རྣལ་འབྱོར་པའི་སྒོས་དགྲ། དཀོན་མཆོག་གི་དབུ་འཕང་སྨོད་པ། ཆོས་སྐྱོང་སྲུང་མ་ལ་ཁ་ཟེར་བ། མ་བྱས་ཀྱང་བྱས་ཞེས་སྒྲོག་པ། སྡིག་ཅན་སྡང་བའི་དགྲ་བོ། ཉམས་པ་ཀློང་དུ་གྱུར་པ། ལྷ་ཆོས་ཀྱི་དམ་ཚིག་མེད་པ། མི་ཆོས་ཀྱི་མནའ་མེད་པ། གྲོགས་པོ་ལ་རྣ་གཞུང་ཆུང་བ། བློ་གཏད་པས་སྙིང་འབྲུ་བ། གྲོས་དྲིས་པའི་མཚང་འབྲུ་བ། ཕན་བཏགས་པ་ལ་དགྲར་ལྟ་བ། བཟང་ལན་ངན་དུ་འཇལ་བ། ཕྱི་ནང་མེད་པར་དགྲར་ཚོལ་བ། མི་ཐུབ་ཀྱང་ཐུབ་ཟེར་བ། མི་ཆོད་ཀྱང་ཆོད་ཟེར་བ། དམ་ཉམས་ཆྒཻ་མོ་ཞེས་བྱ་བ་བསྒྲལ་བའི་ཞིང་དུ་གྱུར་པ་འདི། སྒྲོལ་བའི་དུས་ལ་བབ་པས། འཆི་བདག་གི་བདུད་ཀྱིས་གནོན། གཤིན་རྗེ་ཕོ་ཉས་ཁྲིད། ལས་ཀྱི་རླུང་དམར་གྱིས་དེད། འཇིགས་པའི་མུན་ནག་གིས་ཁོབ། ལུས་སེམས་རེངས་སུ་ཆུག །དབང་པོ་རྣམ་ལྔ་རྨུགས་སུ་ཆུག །ཁ་ལྕེ་གྲེ་གསུམ་སྐོམ་དུ་ཆུག །བཀའ་ཉན་ཕོ་ཉས་སྙིང་ནས་ཁུག །ལས་དང་རྣམ་སྨིན་གྱི་མཐུས་ཁུག །རྒྱལ་བ་སྲས་བཅས་ཀྱི་བཀའ་ཆད་ཀྱིས་ཁུག །སྲུང་མ་རྣམས་ཀྱི་རྫུ་འཕྲུལ་གྱིས་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད། ལྔ་པ་ལྷ་དང་དབྱེ་བ་ནི། ལྷྭམ་འབོག །ཁྱི་ལུད། ར་ལུད། ཁྱི་བལ། ཡུགས་སའི་དོར་རྟ། མཛེ་ཕོའི་སྐྲ་རྣམས་བརྡུངས་པའི་རིལ་བུ་བྱས་པ་དོང་ནང་དུ་བདུག་ཅིང་། ཧཱུྃ་བི་དེ་ཥ་ཡ་ཨུ་ཙ་ཊ། ཉེར་གཅིག་བརྗོད། བླ་མ་དཀོན་མཆོག་བརྙས་བྱེད་པའི། །བསྟན་པའི་དགྲར་གྱུར་ནག་པོ་འདི། །ཕོ་ལྷ་དགྲ་ལྷ་རིགས་ཀྱི་ལྷ། །ཞང་ལྷ་ཡུལ་ལྷ་མཁར་གྱི་ལྷ། །སྐྱོབ་བྱེད་སྲུང་མ་རྣམས་དང་ཕྱེས། །ངན་བྱེད་བསོད་ནམས་ཟད་པ་འདི། །སུས་ཀྱང་བསྲུང་བར་མི་ནུས་ཏེ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེའི་ལས་ཀུན་ཚང་བ་བསྒྲུབས། །སྔོན་ལས་འཕྲལ་སྡིག་གཉིས་ཀ་སྨིན། །དེ་བས་སྲུང་བྱེད་ཡོད་གྱུར་ན། །རང་གནས་བདེ་བར་འགྲོ་བར་གྱིས། །ཞེས་དང་། དྲག་སྔགས་སུཾ་བྷ་ལ་སོགས་དུ་མ་བརྗོད། ཡུངས་ཀར་གྱིས་བྲབ་བོ། །དྲུག་པ་ལིངྒ་ལ་བསྟིམ་ཞིང་། ཛཿཧཱུྃ་བྃ་ཧོཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གཎྜེ་ཧོཿ ཧཱུྃ་ཧཱུྃ། གཤིན་རྗེའི་གཤེད་ཀྱི་བཀའ་ཉན་པ། །ལས་ཀྱི་གཤིན་རྗེ་དམ་ཚིག་ཅན། །ལྕགས་ཀྱུ་ཅན་གྱི་ཕོ་ཉ་ཡིས། །རྣམ་ཤེས་ལིངྒ་འདི་ལ་ཕོབ། །ཞགས་པ་ཅན་གྱིས་དམ་དུ་ཆིངས། །ལྕགས་སྒྲོག་ཅན་གྱིས་འཕོ་མེད་གྱིས། །དྲིལ་བུའི་སྒྲ་ཡིས་བརྒྱལ་དུ་ཆུག །ཅེས་ཡུན་རིང་དུ་དམིགས་པ་གཏད། བདུན་པ་འཕོ་མེད་ཀྱི་གཟེར་ནི། སྙིང་ག །ལྟེ་བ། ལྐོག་མ། སྨིན་མཚམས། སྤྱིི་བོ་སྟེ་གནས་ལྔར་གྲི་རུས་སམ་དུག་ཕུར་གདབ། ཚིགས་རྣམས་ཚེར་མ་རྣོན་པོས་བཀང་། དེ་ནས་གཤིན་རྗེ་མཚོན་ཆ་ཅན་རྣམས་ཀྱིས་བསྲེག །བྱ་དང་གཅན་གཟན་སྣ་ཚོགས་པས་ཟ་བཞིན་པ་ལ། ཡ་མ་རཱ་ཛ་ཕྲེང་སྔགས། ཧྲཱིཿཥྚི་སྙིང་པོ་འམ། ཡ་མཱནྟ་ཀ་ཉེ་བའི་སྙིང་པོ་གང་ལ་བསྙེན་པ་སོང་བའི་སྔགས་གཤམ་དུ། ལྷས་སྦྱིན་ལ་ཧ་ན་མཱ་ར་ཡ་ཕཊ། ཅེས་སྔགས་བརྒྱ་རྩ་དང་། ཐུན་གྱིས་ཅུང་ཟད་བྲབ་ནས་གཞན་ཡང་དྲག་སྔགས་སྣ་ཚོགས་ཀྱིས་གདབ་བོ། །གཉིས་པ་ཇི་ལྟར་བཞག་པ་ལ་གསུམ་སྟེ། དེའི་དང་པོ་ཕྱི་བྲུབ་ཁུང་ནི་དུར་ཁྲོད་ཀྱི་ས། ལམ་བཞི་མདོའི་ས། ཤིང་གཅིག །གྲོག་མཁར་བདུན་གྱི་ས། མཚན་མ་གཅིག་པའི་ས། རྒྱལ་ཁྲིམས་རལ་བའི་ས། དུར་ཁྲོད་སོལ་བ། རོ་སྲེག་ས་ཕག །ཀླུ་གཉན་གནས་པའི་ཆུས་སྦྲུས་ནས། མཎྜལ་མདའ་གང་བའི་དབུས་སུ་དང་པོ་གྲུ་གསུམ་སུམ་རིམ་ཁྲུ་གང་། གྱེན་དུ་མཐོ་གང་། ཁ་ལ་རྩང་ཉེར་གཅིག །ཕྱི་རོལ་ཐོད་མཁར་ཟླུམ་པོ་ཟླ་གམ་གསུམ་དུ་ཐུན་རྫས་རྣམས། ཐོད་པར་ཐུན་གཏོར་བཞི། མཎྜལ་ཟུར་བཞིར་རྒྱུན་གཏོར་རྣམས་བྱའོ། །གྲུ་གསུམ་ནང་རོ་སོལ་དུག་ཁྲག་གིས་དམར་ནག་ཏུ་བྱའོ། །གཉིས་པ་ནང་ཐོད་པའི་བཅས་ནི། མཛེ་ཐོད་དམ། རབ་ཆད། ནལ་གྲིའི་ཐོད་པ་ཁ་སྦྱོར་གྱི་འོག་མ་ལ། རླུང་གི་དཀྱིལ་འཁོར་བྲིས་པའི་དཀྱིལ་དུ་ཕཊ་ཡྃ་མཱ་ར་ཡ། ཧ་ན་ལྷས་བྱིན་ལ། ཧ་ན་མཱ་ར་ཡ་ཕཊ། རྒྱབ་ཏུ་ཡྃ་ཡིག་རྐྱང་པ་བྲི། སྟེང་མའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་བྲིས་པའི་ནང་དུའང་། ཕཊ་རྃ་མཱ་ར་ཡ། ལྷས་བྱིན་མཱ་ར་ཡ་ཕཊ། ཅེས་བྲིས་པའི་དེའི་སྟེང་དུ་རྃ་བྲི། དཀྱིལ་དུ་ཐུན་དོང་འབུག །ཐུན་ཐག་དྲང་བའོ། །དེའི་སྟེང་གོང་གི་རྫས་ངན་རྣམས་ལས་བྱས་པའི་དབང་ཆེན་གསེར་གྱི་ས་གཞི། གསེར་གྱི་རི་རབ་བང་རིམ་དང་བཅས་པས་མནན་པའི་དཀྱིལ་དུའང་ཐུན་དོང་འཛུག་ས་བཞག །དེ་སྟེང་རོ་གཡམ་ལ་གྲི་ཁྲག་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པའི་ལྟེ་བར་ཐུན་ཁུང་གྲུ་གསུམ་པ་ཉིད་དོ། །ཐུན་ཐག་མདུན་དུ་དུར་རྡོ་ལ་བརྟོད་དོ། །ཐུན་དོང་གྲི་རྐང་གི་སྦུ་གུ་ལ་བྱེད། གསུམ་པ་རབ་འཁོར་ལོའི་བཅས་ནི། ཐོད་པ་འོག་མའི་ནང་དུ་དུག་ཁྲག །རོ་སོལ་ཐལ་ཆེན་རྣམས་བཀྲམ་པའི་ནང་དུ། འཁོར་ལོ་འོག་མ་གཡོན་བསྐོར། དེའི་སྟེང་དུ་ལིངྒ་། དེའི་སྟེང་དུ་འཁོར་ལོ་སྟེང་མ་ཁ་སྦུབ་ལ་གཡས་བསྐོར་དུ་བྱའོ། །རོ་སྐྲ། རོ་རྒྱུས་སམ། རོ་སོལ་གྱིས་ནག་པོར་བྱས་པ་འཁོར་ལོ་གཉིས་པོ་མི་མཐོང་བ་ཙམ་དུ་དཀྲི། དེ་ནས་སྟེང་འོག་གི་ཐོད་པ་གཉིས་ཀྱི་མཚམས་སུ་དུག་ཁྲག་གི་འཇིམ་པ་རྣམས་ཀྱིས་སྦྱར་ནས་རོ་སྐྲས་རྒྱ་གྲམ་དུ་བཅིངས་ནས་བཞག །གལ་ཏེ་ཐོད་པ་དངོས་མ་རྙེད་ན། གྲི་རུས་རུས་མི་གཅིག་པ་དགུའི་ཐོད་པ་དུམ་བུ་རེ་དང་། གོང་གི་རྫས་ངན་རྣམས་སྦྱར་བའི་སའི་གྭའུ་གྲུ་གསུམ་པ། འཁོར་ལོ་བལྟབ་མི་དགོས་པ་གཉིས་བྱས་ནས་དོང་གྲུ་གསུམ་དུ་གཞུག །སྟེང་ནས་གཅོད་པ་ནམ་མཁའི་འཁོར་ལོ་དགབ། སྒྲུབ་དཀའ་ན་འོག་ཏུ་ཀླུ་བདུད་ནག་པོའི་འཁོར་ལོ་འདིང་ངོ་། །གཉིས་པ་དངོས་གཞི་སྒྲུབ་པའི་བཅའ་ལུགས་ལ་གསུམ་སྟེ། བདག་བསྐྱེད་ལྷར་གསལ་བས་བསྙེན་པ་གསོ། མདུན་བསྐྱེད་གཙོ་འཁོར་དུ་གསལ་བ་ལ་ལས་བཅོལ། ཐ་མ་གཤིན་རྗེ་ལ་གཏད་ནས་མནན་པ་བྱའོ། །དང་པོ་རང་ཉིད་དཔལ་ལྡན་གཤིན་རྗེའི་གཤེད་དུ་གསལ་བར་བསྐྱེད་ནས་ཡེ་ཤེས་པ་གཞུག །ང་རྒྱལ་ཆེར་བསྐྱེད། བསྙེན་པ་བརྒྱ་རྩ་སོགས་ཀྱིས་ཁ་གསོ། དམིགས་པ་བརྟན་པར་བྱའོ། །གཉིས་པ་ལ་གསུམ་སྟེ། དང་པོ་ལྷར་གསལ། གཉིས་པ་ལས་བཅོལ། གསུམ་པ་མ་གྲུབ་ན་སྤོགས་པའོ། །དེའི་དང་པོ་ལ་གསུམ་གྱི། དང་པོ་བྲུབ་ཁུང་ནི། པདྨ་ཉི་མ་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་གོང་གི་སྲུང་འཁོར་གསལ་བའི་ནང་དུ། ནང་ལྕགས་མཁར་མུན་པ་ནག་པོའི་གླིང་། ཕྱི་ལྕགས་མཁར་ཐོད་པའི་ར་བ། ཟླ་གམ་ཁྲག་ཞག་བཞུགས་པའི་མཚོ། སྲིན་པོའི་ཕོ་བྲང་། བདུད་ཀྱི་གྲོང་ཁྱེར། གཤིན་རྗེའི་གཞལ་མེད་ཁང་འཇིགས་སུ་རུང་བ་བསྐྱེད་དོ། །གཉིས་པ་ཐོད་པ་ནི། ལྕགས་མཁར་དེའི་ནང་དུ། འོག་ཏུ་རླུང་། སྟེང་དུ་མེ་དམར་ནག་ཏུ་འཁྱིལ་བའི་དབུས་སུ། ལྕགས་མཁར་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྕགས་མཁར་གཅིག །དེའི་ཕྱིར་བརྒྱད། བཅུ་གཉིས། དེའི་ཕྱི་རིམ་མུན་པའི་གླིང་། དེའི་ཕྱིར་བཅུ་དྲུག་ཡོད་པ། འཇིགས་ཤིང་རྔམས་པའི་དབུས་སུ། གསུམ་པ་ལྷ་དངོས་བསྐྱེད་པ་ནི། ཡ་ལས་གཙོ་བོ་དཔལ་ལྡན་གཤིན་རྗེའི་གཤེད། དེའི་མདུན་ན་ཆོས་རྒྱལ། ཕྱི་མ་བརྒྱད་ཀྱི་ཕྱོགས་བཞིར། གཤེད་བཞིའི་མདུན་དུ་ལས་ཀྱི་གཤིན་རྗེ་བཞི། མཚམས་བཞིར་ལས་བྱེད་བཞི་ཆུང་མ་དང་བཅས་པ། དེའི་ཕྱི་རོལ་དུ། གཤེད་པོ་བཅུ་གཉིས་ཀྱི་མདུན་དུ་ལས་ཀྱི་ཁྲམ་བདག་བཅུ་གཉིས། དེའི་ཕྱི་རོལ་དུ་ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ་སྟེ་གཤིན་རྗེ་བདུན་བརྒྱ་ཉི་ཤུ་རྣམས། དེའི་ཕྱི་རོལ་ལྕགས་མཁར་བཅུ་དྲུག་ལ། སྤྲུལ་པའི་གཤིན་རྗེ་བཅུ་དྲུག་གི་མདུན་དུ། ལས་བྱེད་ཆེན་པོ་བཅུ་དྲུག་རྣམས་སྐད་ཅིག་གིས་བསྐྱེད་ནས། སྤྱན་འདྲེན་གྱི་ཕྱག་རྒྱ་བཅས་ཏེ། ཧཱུྃ་ཡ་མཱནྟ་ཀྲྀ་ཏ་བཛྲ་དྷརྨ་ཙཀྵུ་པྲ་ཝེ་ཤ་ཡ། ཞེས་སྤྱན་དྲངས། སྡང་མིག་དགྲ་ལ་གཟིགས་པས་འཇིགས་པར་གྱུར། ཨཱོྂ་ཡ་མཱནྟ་ཀ་དེ་བ་ཤྭད་ཏྲཾ་པྲ་ཝེ་ཤ་ཡ་ཕཊ། ཅེས་བརྗོད་པས་ཞལ་གདངས་པ། ལྗགས་འདྲིལ་བ། ཧ་ཧ་ཞེས་དགྲ་བོ་སྐྲག་པར་བྱེད་པར་འགྱུར། ཨཱོྂ་ཡ་མཱནྟ་ཀ་བཛྲ་ཧྲཱིཿཞེས་བརྗོད་པས་ཐུགས་ཤིན་ཏུ་ཁྲོས་ཤིང་རྔམས་པ། དབུ་སྐྲ་གྱེན་དུ་བརྫེས་པ། སྨིན་མཚམས་ནས་འོད་ཟེར་དམར་ནག་མགར་གྱི་ཚྭ་ཚྭ་བཞིན་དུ་འཕྲོ་བར་གྱུར། ཨཱོཾ་བཛྲ་གུ་ཧྱ་ལཾ། ཞེས་བརྗོད་པས། མཆེ་བ་བཙིགས་ནས་ལྷས་སྦྱིན་སྲོག་རྩ་གཅོད་པར་གྱུར་པ་ལ། ཕྱི་ནང་གསང་བའི་མཆོད་པས་མཆོད་ཅིང་བསྟོད། གཉིས་པ་ལས་བཅོལ་བ་ལ་གསུམ་སྟེ། ལས་ལ་སྦྱོར་བ། ལས་དངོས། ལས་གྲུབ་པའི་རྟགས་སོ། །བཀའ་བསྐུལ་བ་ནི། ཧཱུྃ། གདུག་པ་སྐྲག་བྱེད་འཁོར་ལོ་མེ་ལྟར་འབར། །དུས་གསུམ་ཁྲོ་རྒྱལ་ཧེ་རུ་ཀ་ཡི་ཐུགས། །ལས་རྣམས་ཀུན་བྱེད་ཕྲག་དོག་རྡོ་རྗེ་སྟེ། །མ་ལུས་མཚམས་གཅོད་གསོལ་བའི་སྐུ་ཡི་ངང་། །ཧཱུྃ་དང་ཕཊ་ཀྱི་གདུག་རྩུབ་སྦྱོར་བ་གསུང་། །ཀུན་གྱི་རང་བཞིན་ཁྱེད་ཀྱི་གཤིན་རྗེ་ཡིན། །ལྟོར་འཛུད་བཀའ་ལས་དེས་ཀྱང་མ་འདའ་ཞིག །ཕྱོགས་བཅུའི་སྤྲུལ་པས་གནས་ནས་འགུགས་མཛད་པ། །མ་ལུས་ཀུན་མཁྱེན་འཁོར་ལོ་ཆེ་མཆོག་ལ། །གཞན་གྱི་དོན་ཕྱིར་དེ་ལ་ཕྱག་འཚལ་ལོ། །ཁྱོད་ནི་དཔའ་བོ་མཐུ་ཅན་ཀུན་གྱིས་འདུད། །ང་ཡིས་བཅོལ་བའི་ལས་རྣམས་མི་བྱེད་ཀྱང་། །དམ་ལས་འདའ་ཞིང་ལོག་པ་ཀུན་བྱེད་ལ། །ཁྱེད་ཀྱང་དམ་ལས་མ་འདའ་ལས་རྣམས་སྒྲུབས། །ཚེ་དང་སྲོགས་བསྡུས་ཡན་ལག་རྣམ་པར་ཆིངས། །བདུད་རྩི་ཆུ་རྒྱུན་ངང་ལས་བསྒྲུབ་ན་ངས་ནི་སྦྱིན་པར་བྱ། །ཁྱོད་ནི་དམ་ལས་མ་འདའ་ཞིག །ཅེས་གཙོ་བོ་སོ་སོའི་བཀས་རང་རང་གི་མདུན་གྱི་ལས་གཤིན་རྣམས་ལ་བཀའ་བསྒོ་བར་དམིགས་ཤིང་། དེ་ནས་ལས་ཀྱི་གཤིན་རྗེ་མི་བཟད་པ་གཡས་ཐོ་བ། །གཡོན་ཕུར་བུ་འཛིན་པ་འཕྲོས་ཏེ་དམ་ཉམས་སྡིག་ཅན་དེ་ཡང་བསྲུང་བར་འདོད་པའི་སྤྱི་བོར་ཕུར་བུས་བཏབ། ཐོ་བས་བརྡུང་བར་དམིགས་ཤིང་། ཧཱུྃ། རྡོ་རྗེ་འཛིན་པའི་བཀའ་ཡིས་ནི། །སྡིག་ཅན་བསྲུང་དང་སྲུང་བའི་ལྷ། །སྡིག་ཅན་དང་བཅས་ཐམས་ཅད་ལ། །རྡོ་རྗེ་ཕུར་པས་དྲག་ཏུ་ཐོབ། །ཨཱོྂ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཀཱི་ལ་ཡ་གཉིས། སརྦ་པཱ་པཾ་ཕཊ་གཉིས། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་ཆེ་གེ་མོ་རཀྵ་སཾ་བུཾ་བ་ཏི་རཀྵ་མུན་དེ་བ་ཏཤྩ་ཀཱི་ལ་ཡ་གཉིས། ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་ལན་གསུམ་གྱིས་གསང་བར་ཕུག །ལྕགས་མཁར་ས་གཞིར་སྦྲགས་པ་དང་། ཁོ་རང་གི་སྲུང་མ་དེ་རྣམས་འཁོར་ལོར་གྱུར་པས་དགྲ་བོ་བཅོམ་ཞིང་བརླག་པར་གྱུར། དེ་ནས་ལས་ཀྱི་གཤིན་རྗེ་རྣམས་ཀྱིས་དགྲ་བོ་དེ་མཚོན་ཆ་རྣམས་ཀྱིས་འདེབས། སྟེང་ནས་མེའི་ཆར་དང་སེར་བས་བརྡུངས། བྱ་རྒོད་ཁྱི་སྤྱང་དུར་བྱ་རྣམས་ཀྱིས་བཏོགས་པས་གོས་མེད་པ། སྐྱོབ་པའི་ལྷ་དང་བྲལ་བ། རིད་ཅིང་མདངས་མེད་པ། སྐྲ་གཟིངས་ཤིང་སྐྲག་པ། ལུས་རྨ་དང་ཕོལ་མིག་གིས་གང་བ། ཉམ་ཐག་པར་གྱུར་པར་དམིགས་ལ། ཡ་རིང་གི་གཤམ་དུ། ལྷས་སྦྱིན་ཨ་ཀཪྵ་ཡ་ཛཿཁུག་དྲོངས་ཆིངས་སྡོམས་མཱ་ར་ཡ་ཧཱུྃ་ཕཊ་ཅེས་བརྗོད། བརྒྱ་རྩའི་མཐར་ཐུན་འཕང་། ཐུན་བཞིའི་ཐུན་གཏོར་གཏོར་མ་བསྔོ། ཐུན་གཏོར་བཏང་། དམོད་པ་བརྗོད་པ་ནི། ཧཱུྃ། དཔལ་ལྡན་གཤིན་རྗེའི་གཤེད་འཇིགས་བྱེད་ཀྱི་ཁྲོ་བོ། དེ་ཡི་བཀའ་ཉན་ལས་ཀྱི་གཤིན་རྗེ། བཀའ་ཉན་གྱི་བྲན་ཕོ་མོ། སྣང་སྲིད་ཀྱི་ལྷ་འདྲེ་མང་པོ། ཡུལ་ལྷ་གཞི་བདག་གཉན་པོ་མ་ལུས་པ་ཐམས་ཅད་གསོན་ཅིག །དམ་ཉམས་སྡིག་ཅན་འདི་ལ་བསྒྲལ་བའི་ཞིང་བཅུ་ཚང་བས། བསྒྲལ་བའི་དུས་ལ་བབ་པས། ལོ་ཕྱི་མ་ལ་དུས་མ་གདབ། ཟླ་བ་ཕྱི་མའི་བཤོམ་མ་གཏོང་། དུས་ཚེས་གྲངས་ལ་ནོར་ས་མ་མཛད། ནམ་མཁའ་སྟོང་པ་ལ་འཛོལ་མ་འཛུགས། ས་གཞི་སྟོང་པ་ལ་རྒྱ་མ་དགོད། མིང་གཉིས་ལ་ནོར་ས་མ་བྱེད་པར་ད་ལྟ་ཉིད་དུ་བསྒྲལ་དུ་གསོལ། ལུས་བྱེ་ཆངས་བཞིན་ཐོངས་ཤིག །སེམས་མེ་སྟག་བཞིན་ཐོངས་ཤིག །མགོ་དུམ་བུ་བརྒྱར་ཁོས། ཁ་སོ་སིལ་བུར་ཐོངས། མིག་འབྲས་ཐང་ལ་ཕུལ། ཉམས་པའི་ཚེ་སྲོག་བསྟུང་། དམ་ཚིག་གི་ཆད་པས་ཆོད། དྲག་པོའི་དམོད་པས་བསྡིགས། དུས་ཀྱི་མཐའ་བསྡུས། ལས་ཀྱི་འདུ་བྱེད་བསྐུམ། གཟུགས་ཕུང་རྔུལ་ལྟར་བཤིག །རྣམ་པར་ཤེས་པ་རྟེན་ནས་ཕྱུངས། གནམ་གྱི་འཇུ་ཐག་ཆོད། སའི་རྟེན་ཕུར་ཕུད། གནས་དང་ཚང་བཤིག །ལས་ཀྱི་མེས་སྲེགས། སྡིག་ཅན་ད་ལྟ་ཉིད་དུ་སྒྲོལ། ཞེས་ལན་གསུམ་འབོད། ཐལ་མོ་བརྡབ་བོ། །གཉིས་པ་ལས་དངོས་ལ་གཉིས་ཏེ། ཉི་མ་བཞི་པའི་ལས་དང་། ལས་ཆེན་པོའོ། །དེའི་དང་པོ་ཉི་མ་བཞི་པའི་ལས་དང་དངོས་ཀྱི་ཉི་མ་དང་པོ་ལ། དང་པོ་རང་གཤེད་དུ་གནད་ལ་འབེབས་པ་ནི། འགྲོ་བ་རྣམས་ཀྱི་ལྟག་པའི་བདུད་སྒོར། འཆི་བདག་བྷེ་བ་ས་ཏྭ་ཞལ་བགྲད་པས། རྩ་དབུ་མའི་ཡར་སྣེ་ཁར་བཅུག་ནས་ཁྲག་འཇིབ་པ་འདྲ་བ། ལག་པ་གཉིས་ཀྱིས་རྩེ་ཆུང་གི་སྟོང་རྣ་བའི་བར་གཉིས་བཟུང་བས་གྱེན་དུ་འཐེན་པ་འདྲ་བ། རྐང་པ་གཉིས་ཀྱིས་སྙིང་རྩ་ཐུར་དུ་གནོན་པ་འདྲ་བ་ཡོད་པས་དེ་གསལ་གདབ། །དེ་ནས་སྤྱི་བོར། དེའི་འཁོར་ལོར་རྩ་སོ་གཉིས་གནས་པ་དེ་རྣམས་སུ་སྡིག་པ་རྭ་ཅན་ནག་པོ་སོ་གཉིས་ཁ་ནས་དུག་ཁྲག་ནད་རྣམས་སྐྱུག་པར་གསལ་གདབ། ཁོག་སྨད་བཅུ་དྲུག་མདོར། དེའི་ཆུང་མ་དུས་མཚན་མ་ཞལ་བགྲད་ནས་དབུ་མའི་མར་སྣེའི་ཁུ་བ་འཇིབ་པ་འདྲ་བ། ལག་པ་གཉིས་ཀྱིས་རོ་རྐྱང་མར་སྣ་ནས་འཐེན་པ་འདྲ་བའོ། །རྐང་པ་གཉིས་ཀྱིས་ལྟེ་བར་དྲག་ཏུ་གཏད་ནས། གཤང་གཅི་རྩ་གཉིས་འཐེན་པ་འདྲ་བ་ཡོད་པས་གསལ་གདབ། ལྟེ་བར་དེའི་འཁོར་ནི་རྩ་དྲུག་བཅུ་རྩ་བཞི་པར། གཤིན་རྗེ་མོ་དྲུག་ཅུ་རྩ་བཞི་པོ་ཟངས་སྡིག་འདྲ་བ་དམར་པོར་གྱུར་ནས་དུག་རླངས་འབྱིན་པར་གསལ་གདབ། གཉིས་པ་རྣམ་ཤེས་དགུག་པ་ནི། ཧཱུྃ། དཔལ་ལྡན་གཤིན་རྗེ་ཞེས་པས་བསྟན། གསུམ་པ་མགོ་འཁོར་ཞིང་ཀླད་ཁྲག་ཞོ་ལྟར་དུ་དཀྲུགས་པར་བྱེད་པ་ཤར་ལྷོ་མཚམས་ཀྱི་མིང་ཡིག་ལྷས་བྱིན་དུ་བསྐྱེད་ལ། རི་རབ་ཀྱི་ཤར་ལྷོ་མཚམས་ཀྱི་ས་འོག་ནས། ལས་ཀྱི་གཤིིན་རྗེ་ཆོས་རྒྱལ། ཕྱྭ་སངས། གཤིན་རྗེ་མོ་ལུ་གུ་རྒྱུད། འབེབས་མ་སྟེ། ཕོ་མོ་རྣམས་བསྒྲུབ་བྱ་མགོ་འཁོར་དུ་འཇུག་པའི་ལས་ལ་ཤིས་པས། མ་ཧེ་གླང་རྒོད་ཞོན་པ་གྲངས་མེད་བྱུང་བས། གཡས་ཕྱོགས་ནས་ལྷས་སྦྱིན་གྱི་ཀླད་ཁྲག་ཞོ་ལྟར་དཀྲུག་ཅིང་འཐུང་བར་དམིགས། བཞི་པ་ཕུང་པོའི་བདུད་ཚངས་པ་འཁོར་བཅས་བྱུང་བས་གཡོན་ཕྱོགས་ནས་དེ་ལྟར་བྱས་པར་དམིགས་ཤིང་། ལྔ་པ་སྔགས་དངོས་ནི། ༀ་ཡ་མ་ར། ལྷས་སྦྱིན་བྷྲ་མ་ཡ། བི་ཤྭ་ཀུ་རུ་ཧཱུྃ་ཕཊ། ཅེས་ཁྲི་ཕྲག་གཅིག་བཟླས་པ་སྟེ། ཧཱུྃ། གཤིན་རྗེའི་གཤེད་ཀྱི་བཀའ་ཉན་པ། །ཞེས་སོ། །ཕུར་ཐུན། དུག་ཐུན། ཁྲག་ཐུན། ཡུངས་ཐུན་སྔར་བཞིན། གཏོར་མ་བཏང་། དམོད་པ་བྱའོ། །ཉི་མ་གཉིས་པ་ལ། དང་པོ་རང་གཤེད་དུ་དབབ་པ་ནི། མགྲིན་པའི་རྩ་བཅུ་གཉིས་པར། སྡིག་མདུད་ཕོ་མོ་གཉིས། ལྕགས་སྡིག་ནག་པོ་གསུམ་གསུམ། སྙིང་གར་བདུད་མོ་བརྒྱད་ཟངས་སྡིག་དམར་ནག་བརྒྱད་དུ་བསྐྱེད་ནས། དུག་ཁྲག་འབྱིན་པར་དམིགས། གཉིས་པ་རྣམ་ཤེས་འགུགས་པ་གོང་བཞིན། གསུམ་པ་ཁྲག་ཏུ་སྐྱུག་ཅིང་ལུས་སེམས་འཁྲུགས་པར་བྱེད་པ། ལྷོ་ནུབ་མཚམས་ཀྱི་ལིངྒ་ལྷས་སྦྱིན་དུ་བསྐྱེད། རི་རབ་ཀྱི་ལྷོ་ནུབ་མཚམས་ནས། ལས་ཀྱི་གཤིན་རྗེ་ཡ་བ་ཏི། ཏེལ་པ་གཉིས། གཤིན་རྗེ་མོ་ལྕགས་ཀྱུ་མ། ཞགས་པ་གཉིས། ཕོ་མོ་རྣམས་བསྒྲུབ་བྱ་ཁྲག་སྐྱུགས་འཇུག་པ་ལ་ཤིས་པས། ཆུ་གླང་སྔོན་པོ་ཞོན་པ་གྲངས་མེད་བྱུང་བས། གཡས་ཕྱོགས་ནས་རྩ་རྒྱུས་ཐམས་ཅད་དཀྲུགས་ནས་ཁྲག་སྐྱུགས་པར་བྱེད་དོ། །བཞི་པ་ཉོན་མོངས་པའི་བདུད་དབང་ཕྱུག་ཆེན་པོ་འཁོར་བཅས་བྱུང་བས། གཡོན་ཕྱོགས་ནས་དེ་ལྟར་བྱེད་པར་བསམ་ལ། ལྔ་པ་སྔགས་དངོས་ནི། རཀྟ་ཙ་ར་ཡ། ཁྲི་ཕྲག་གཅིག །ཐུན་མཚམས་སུ་གོང་དང་འདྲའོ། །ཉི་མ་གསུམ་པ་ལ་དང་པོ་རང་གཤེད་དུ་དབབ་པ་ནི། སྙིང་གར་རྩ་འདབ་བརྒྱད་དུ་བདུད་པོ་བརྒྱད། ལྕགས་སྡིག་ནག་པོ་བརྒྱད། མགྲིན་པར་བདུད་མོ་སོ་གཉིས། ཟངས་སྡིག་དམར་ནག་སོ་གཉིས། གཉིས་པ་རྣམ་ཤེས་འགུགས་པ། གསུམ་པ་བརྒྱལ་ཞིང་མྱོས་པར་བྱེད་པ་ལ། ནུབ་བྱང་མཚམས་ཀྱི་མིང་ཡིག་འགྲེའོ། །རི་རབ་ཀྱི་ནུབ་བྱང་མཚམས་ནས་ཨ་བ་གླང་མགོ་གཉིས། ཕོ་ཉ་མོ་འཆིབ་མ་གཉིས། མྱོས་པར་བྱེད་པའི་ལས་ལ་ཤིས་པས། དྲེལ་རྟ་རྐང་གསུམ་ཞོན་པ་གྲངས་མེད་བྱུང་བས། གཡས་ནས་སྙིང་ཁྲག་དོན་སྙིང་ཐམས་ཅད་གཏུབས་ནས་བརྒྱལ་ཞིང་མྱོས་པར་གྱུར། བཞི་པ་འཆི་བདག་གི་བདུད་ཁྱབ་འཇུག་འཁོར་བཅས་བྱུང་ནས་གཡོན་ཕྱོགས་ནས་དེ་ལྟར་བྱེད་པར་བསམ། ལྔ་པ་སྔགས་ནི། སྔགས་ཆད་ཡོད་འདྲ། མཆན། བསྐུལ། ཐུན། ༈ ཉི་མ་བཞི་པ་ལ་དང་པོ་རང་གཤེད་དུ་དབབ་པ་ནི། ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་པོར་བདུད་པོ་དྲུག་ཅུ་རྩ་བཞི་ལྕགས་སྡིག་ནག་པོར་གྱུར། དཔྲལ་བའི་རྩ་འདབ་གསུམ་གཉིས་བདུད་མོ་ཟངས་སྡིག་དམར་ནག་གསལ་བར་གྱུར། གཉིས་པ་རྣམ་ཤེས་འགུགས་པ། གསུམ་པ་བསད་པ་ལ། བྱང་ཤར་གྱི་མིང་ཡིག་ཡིན། རི་རབ་ཀྱི་བྱང་ཤར་ནས། མཚན་མོ་དུས་མཚན་མ་བསད་པའི་ལས་ལ་ཤིས་པས་སྤྲུལ༴ གཡས་ཕྱོགས་ནས༴ ལྟེ་བར་ཤ་ཁྲག་གི་རྒྱ་མཚོ་ཐམས་ཅད་དཀྲུགས་ཤིང་ཟོས་ཏེ་བསད་པར་དམིགས། བཞི་པ་ལྷའི་བུའི་བདུད་བརྒྱ་བྱིན་འཁོར་བཅས་བྱུང་བས་གཡོན་ཕྱོགས་ནས་དེ་ལྟར་བྱེད་པར་བསམ། ལྔ་པ་སྔགས་ནི། སྔགས་ཆད་ཡོད་འདྲ། མཆན། ༈ ད་གཉིས་པ་ལས་ཆེན་ནི། གཙོ་བོའི་བཀའ་ཉན་གྱི་གཤིན་རྗེ་མཚམས་བཞིའི་བསྒྲུབ་བྱ་ལ་འཚེ་བའི་གཤིན་རྗེ་བརྒྱད། བདུད་བཞི། བྲན་ཡང་བྲན། ཕོ་ཉ་མངགས་གཞུག་པ་ཐམས་ཅད་ཀྱིས་དགྲ་བོའི་ལུས་རྡུལ་དུ་རློག །སེམས་མར་མེ་ཆུས་བསད་པ་བཞིན་དུ་བཏང་བར་དམིགས་ལ། ༀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ལྷས་སྦྱིན་མཱ་ར་ཡ་ཧཱུྃ་ཕཊ། ཡ་རིང་བཅས་པས་བྲབ། ཐུན་མཚམས་སུ་ཐུན་དང་གཏོར་མ་བཏང་། བསྐུལ། འབོད་སྒྲོག་བྱ། གསུམ་པ་དེ་ལྟར་བྱས་པས། གྲུབ་པའི་རྟགས་འོད་དང་། སྒྲ་དང་། མི་ནག་དང་། བནྡེ། དམག་འདྲེན་། བུད་མེད། ཁྱི། ཐོད་པ་འདར་བ་འཚིག་པ། དངོས་སུ་ཁུགས་པ། རྐང་རྗེས། བླ་རྟགས་མགོ། སྙིང་། རྐང་ལག །ནང་ཁྲོལ། ཤ་དམར་རྨི་བ། མཐོང་བ་ན་གྲུབ་པའི་རྟགས་དེ། རྟགས་ལ་ངེས་མེད་མང་དུ་འབྱུང་། །ཞེས་སོ། །གསུམ་པ་མ་གྲུབ་ན་སྤོགས་པ་ནི། དེའི་ལྷོར་དྲག་པོའི་ཐབ་གྲུ་གསུམ་སུམ་བརྩེགས་ཁ་ཁྱེར་ལ་མེ་རི། བར་པ་ལ་ཐོད་པ། ཐ་མ་ལ་རལ་གྲི། དབུས་སུ་རྃ། དུག་ཁྲག་དང་རོ་སོལ་གྱིས་བྱུགས་ནས་དམར་ནག་ཏུ་བྱ། མི་རོ་བསྲེགས་པའི་མགལ་དུམ་དང་། དུག་ཤིང་གི་མེ་ལ་ཐོད་པ་བསྲོ་ཞིང་དམིགས་པ་དྲག་ཏུ་བྱ་བ་སྟེ། ༈ ད་གསུམ་པ་ལས་ཀྱི་ཐ་མ་གཤིན་རྗེ་ལ་གཏད་ཅིང་མནན་པ་ལ་བདུན་གྱི། དང་པོ་གཤིན་རྗེའི་གཟུགས་གོང་གི་ས་སྣ་ལ་ཁྲུ་གང་བ། ཞལ་གཅིག་ཕྱག་གཉིས་རལ་གྲི། ཐོད་དབྱུག །ཐོད་ཁྲག །ཞགས་པ་འཛིན་པ། མཆེ་བ་གཙིགས་པ། མདོག་ནག་པ། དེའི་སྙིང་གར་ཐོད་པ་ཁ་སྦྱར་གཞུག་ཅིང་། ཉེར་དགུའམ། གནམ་སྟོང་གནམ་ཕྱེད་ན། དུར་ཁྲོད་དམ། ལྷ་འདྲེ་མང་པོ་གནས་པའི་སའམ་མཆོད་རྟེན་གྱིི་འོག་ཏུ་དོང་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ་སུམ་རིམ་གཏིང་ཟབ་པ་བྲུས་པའི་ནང་དུ། མགོ་ལྷོར་བསྟན་ཅིང་ཁ་སྦུབ་ཏུ་འཇོག་པའི་ཆས་བྱས་ནས། གཟུགས་བརྙན་དེ་རེ་ཞིག་ལ་དོང་དེའི་ཁར། ཁ་ལྷོར་བསྟན་ནས་བཞག་ནས། གཉིས་པ་ལས་གཤིན་བསྐྱེད་དེ་དགུག་པ་ནི། རང་ཉིད་གཤིན་རྗེའི་གཤེད་དུ་གསལ་བར་བསྐྱེད་ནས། སྔགས་ཅི་རིགས་པ་སྐབས་དང་བསྟུན་པ་བཟླས་ནས་གཤིན་རྗེ་ལ་འབུལ་བའི་མཆོད་གཏོར་བསང་སྦྱངས། བྱིན་གྱིས་བརླབས་ནས་གཤིན་རྗེའི་རྒྱལ་པོ་སྤྱན་དྲངས་པ་ནི། ཧཱུྃ། འདི་ནས་ལྷོ་ཡིི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ནས། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དྭགས་ཀུན་གྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་པོ་བསྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤིན་པོའི་རྗེ། །དགེ་བ་ཅན་གྱི་སྟངས་ཀྱང་འཛིན། །སྡིག་ཅན་ལས་ལ་ཆད་པ་མཁན། །ལེགས་ཉེས་གཉིས་ཀྱི་སྟངས་གཅོད་པ། །འཆི་བདག་གཤིན་རྗེ་ནག་པོ་དེ། །བཞིན་མི་སྡུག་ལ་ཁྲོ་གཉེར་ཅན། །གསུས་པོ་ཆེ་ལ་ལྟོ་འཕྱང་པོ། །ཁྲག་ཞག་མང་པོའི་ཐིག་ལེ་ཅན། །རྒྱུ་མ་སྦྲུལ་གྱི་སྐུ་ལུས་བརྒྱན། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །སྙིང་རྗེ་མེད་པར་གསོད་ལ་དགའ། །སྤྱན་གདངས་ཞལ་བགྲད་མཆེ་བ་གཙིགས། །ལྕེ་རྐྱང་མཆུ་ནི་ཁྲག་གིས་བསྐུས། །ཁ་རླངས་དུག་གི་མེ་ལྟར་འབར། །སོ་རྣོ་ལག་པ་དམར་བ་སྟེ། །ལས་སུ་སྐྱེ་འགྲོའི་སྲོག་རྩ་གཅོད། །ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ། །སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང་། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་འདིར་ནི་བདག་ལ་དགོངས། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པས། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱལ་ནི་ཡེ་ཤེས་རྡོ་རྗེ་འཆང་། །གཟི་བརྗིད་སྐུ་གསུང་ཐུགས་ཀྱིས་བསྐྱེད། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །རྒྱལ་པོ་འཁོར་དང་བཅས་པ་ལ། །དྲག་པོའི་ལས་འདི་གཏད་པར་འདོད། །ལྷས་སྦྱིན་ཞེས་བྱའི་གདུག་པ་འདི། །གསོན་ན་འགྲོ་བ་ཡོངས་ལ་གནོད། །དཀོན་མཆོག་གསུམ་ལ་རྣམ་པར་འཚེ། །དམིགས་ཀྱིས་རྣལ་འབྱོར་ཡོངས་ལ་སྡང་། །འདི་དག་ཡོངས་སུ་བསྒྲལ་བའི་ཕྱིར། །རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ནོ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཧྲཱིཿཥྚིའི་མཇུག་ལ། ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨ་ཀཪྵ་ཡ་ཛཿ ཞེས་རང་གི་ཁ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བྱུང་བས་སྤྱན་དྲངས་པར་མོས་ཤིང་གཤིན་རྗེ་མ་ཧེ་ལ་ཞོན་པ། ཡུམ་དུས་མཚན་མ་དང་སྦྱོར་བ། འཁོར་གཤིན་རྗེ་དུ་མས་བསྐོར་བ། དེ་དག་ལ་ཕྱག་རྒྱ་བསྟན་ནས་ཧྲཱིཿཥྚིའི་མཐར། ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། དེ་དག་གི་བདག་ལ་གླག་ལྟ་མི་ནུས་པར་དམིགས། གསུམ་པ་ལས་མཚར་གྱི་རིང་ལ་བཞུགས་སུ་གསོལ་བ་ནི། དེ་ནས་གཤིན་རྗེའི་གཟུགས་ལ་མེ་ཏོག་ནག་པོ་གཏོར་ལ། ཧཱུྃ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །ཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། ཞེས་པས་དེ་དག་གིས་བཅོལ་བའི་ལས་སྒྲུབ་པར་དམིགས། བཞི་པ་གཤིན་རྗེ་མཆོད་པ་ནི། དེ་ནས་གཟུགས་ལ་མེ་ཏོག་ནག་པོ་གཏོར་ལ། ཧཱུྃ། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །ཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་མ་ཡ་སྟྭཾ། གཡས་བེ་ཅོན་གྱི་ཕྱག་རྒྱ། གཡོན་རཀྟ་དང་ཆང་བསྲེས་པས་བཀང་བའི་ཐོད་པ་ཐོགས་ལ། ཨརྒྷཾ་པྲ་ཏཱིཙྪས་འབུལ་ཞིང་། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང་། །ཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། །ལས་གྲུབ་བར་དུ་བཞུགས་སུ་གསོལ། །ཧྲཱིཿཥྚི་དང་། ཡ་མ་རཱ་ཛ་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་ཧོ། དེ་བཞིན་དུ་བདུག་སྤོས། མེ་ཏོག །མར་མེ། བྱུག་པ། ལྷ་བཤོས། སྒྲ་དབྱངས། སྨན་རཀ །གཏོར་མ་འབུལ། ༈ ད་ལྔ་པ་ལས་བཅོལ་ཞིང་བཀའ་བསྒོ་བ་ནི། རང་གི་གཡོན་ཐོད་ཁྲག་འཛིན་པའི་ཚུལ་གྱིས། བཅོམ་ལྡན་གཤིན་རྗེ་གཤེད་པོའི་བཀའ། །ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་ཕྲིན་ལས་འདི། །ཁྱོད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་གཅོད་པ་ཁྱོད། །གཤིན་རྗེའི་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་སྲུང་བ་ཁྱོད། །ལས་དང་རྐྱེན་གྱིས་འཆི་བ་ལ། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །དེ་ཕྱིར་ལས་འདི་ཁྱོད་ལ་གཏད། །ཁྱོད་ཀྱི་འཁོར་ན་མི་སྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང་། །གཞན་གྱིས་བསྐུལ་བར་མ་བྱས་པར། །གློ་བུར་འཕྲད་པ་འཛིན་བྱེད་ན། །ང་ཡིས་བསྟན་པའི་ལས་འདི་རྣམས། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་གཏད། །དམ་ཚིག་སྙིང་པོ་རྣ་བར་བསྒྲགས། །རྡོ་རྗེའི་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང་། །དམ་ཚིག་ཕྲིན་ལས་གཉེར་དུ་གཏད། །ལས་འདི་མངོན་དུ་བསྒྲུབ་པར་རིགས། །ཁྱོད་ཀྱིས་ལས་འདི་མ་བསྒྲུབ་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེའི་གཤེད་པོའི་དམ་ལས་འདྲལ། །རང་གི་ཐ་ཚིག་རང་ཡང་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གིས། །རེ་བའི་བསམ་པ་གཏིང་ནས་བཅད། །དེ་བས་ལས་འདི་གྲུབ་པར་གྱིས། །ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དྷཱ་ཏི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་ཞགས་པ་ཐོགས། །གང་ཞིག་བཟུང་བར་འོས་པ་དེ། །ཐུག་པ་ཙམ་གྱིས་འཛིན་པར་བྱེད། །ཁྱོད་ལ་གཉེར་དུ་གཏད་པ་ནི། །ཆྒཻ་ཞེས་བྱའི་ཡུལ་ཁམས་ན། །ཆྒཻ་ཞེས་བྱ་བ་ཡི་མིང་། །རུས་ནི་ཆྒཻ་ཞེས་བྱ་བ། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱོད་ཀྱིས་དེ་རིང་བཟུང་བར་གྱིས། །དམར་གྱི་ཨརྒྷཾ་ལན་གསུམ་འབུལ། ༈ ད་དྲུག་པ་དམ་ལ་བཞག་པ་ནི། རྡོ་རྗེས་དྲི་ཆུ་བྱིན་ཞིང་། ༀ་བཛྲ་ཨུ་ད་ཀཋ། ཉེར་གཅིག་བཟླས་པས་བྱིན། འཁོར་བཅས་ཀྱི་སྙིང་གར་རྡོ་རྗེ་འབར་བ་རེ་རེར་གྱུར་པར་དམིགས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །གལ་ཏེ་དམ་ལས་འདས་པ་ན། །འཇམ་དཔལ་རྡོ་རྗེ་ཁྲོས་ནས་ཀྱང་། །སྙིང་ག་ནས་ནི་གཤེགས་པར་འགྱུར། །ༀ་བཛྲ་ཨུ་ད་ཀ་ཧཱུྃ་ཋ་ཋ། སྔོན་གྱི་དམ་ཚིག་དྲན་པའི་ཕྱིར། །རྡོ་རྗེའི་ཐ་ཚིག་འདི་བཟླས་པས། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །ཁྱོད་ཀྱི་སྙིང་ལ་གནས་པར་གྱུར། །ༀ་བཛྲ་ས་མ་ཡ་ཏིཥྛ་ཧཱུྃ། ཞེས་རྡོ་རྗེ་གཤིན་རྗེའི་སྙིང་གར་གཏུག་གོ། །བདུན་པ་མནན་པ་བྱ་བ་ནི། གཟུགས་དེ་ཁ་སྦུབ། ཐུན་རྫས་དེའི་སྟེང་དུ་སྤུངས། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་དམ་དུ་གཏམས་ལ་མི་མངོན་པར་བྱ། དེའི་སྟེང་དུ་ཁྲོ་བོའི་ཚམ་རྔམས་འགྱིང་སྟབས་ཀྱིས་བྱ་ཞིང་ལས་རྗེས་མི་མངོན་པར་བྱའོ། །དེ་ནས་གནས་དེའི་འབྱུང་པོ་ཕོ་མོ་དྲག་པོ་ཐམས་ཅད་ལ། དྲག་པོའི་གཏོར་མ་བྱིན། ཕྲིན་ལས་བཅོལ། དཔང་གཟུག་བར་བྱའོ། །དེ་ནས་གཤིན་རྗེའི་གྲོང་ཁྱེར་ནས་གཤིན་རྗེ་རྣམས་བྱུང་ནས་གསོད་པ་དང་། ཀླུ་རྣམས་དགུག་ཅིང་ཤ་ཟ་བར་བསམ་མོ། །དེ་ནས་གཏད་ལམ་བསྟན་ལ་རང་གི་གནས་སུ་འོང་སྟེ་སྔགས་ཀྱིས་བསྐུལ་བ་དང་། གཤིན་རྗེའི་རྒྱལ་པོ། མ་མོ་གཤིན་རྗེ་རྣམས་ལ་གཏོར་མ་བྱིན་ལ་དྲག་ཏུ་བསྐུལ། རང་གི་བརྟེན་པའི་འཇིག་རྟེན་པ་ཡང་བསྐུལ་ལ་གཏོང་ངོ་། །ཐོད་པ་ཁ་སྦྱར་རེ་བས་དྲིལ། སྦྲུལ་ནག་གམ། སྦལ་པའི་གཟུགས་སམ། ཀླུ་གནས་པའི་སའམ། ལུང་པའི་སུམ་མདོའམ། ལུང་པ་བྱང་ཤར་དུ་བལྟ་བ། མནན་པའི་སྔོན་དུ་འགྲོ་བ། དྲག་པོའི་ཐབ་གྲུ་གསུམ་སུམ་བརྩེགས་སུ་རྫས་ལྷག་མ་རྣམས་ལ་དྲག་པོའི་སྦྱིན་སྲེག་གསུམ་ལྔ་བྱའོ། །གཤིན་རྗེའི་གྲོང་ཁྱེར། ཙཀྲ་གཤིན་རྗེའི་ཀླུ་བདུད། གནོད་སྦྱིན་སྲིན་པོ་འདུས་པའི་ཕོ་བྲང་དུ་བསྒོམ་མོ། །ཡ་རིང་གི་མཐར་ཕུ་ནཾ་ནཱ་ག་རཱ་ཛ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཀླུ་ལ་དཀར་གསུམ་མེ་ཏོག་སྨན་བཟང་བཏབ་ལ་མཆོད། གསུམ་པ་རྗེས་དགེ་བའི་རྩ་བ་སྒྲུབ་པ་ནི། ལས་གྲུབ་ནས་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ལ་མཆོད་བསྟོད་གཏོར་མ་འབུལ། བྲུབ་ཁུང་དེ་ཉིད་དུ་དྲག་པོའི་སྦྱིན་སྲེག་བདུན་བྱ། དེའི་རྗེས་ལ་གཏང་རག་གི་ཚུལ་དུ་ཞི་བའི་སྦྱིན་སྲེག་མང་དུ་བྱ། ལས་གཤིན་ལ་ཡང་མཆོད་བསྟོད་གཏོར་མ་འབུལ། ཡི་གེ་བརྒྱ་པ་བཟླས་ཤིང་ལྷ་རྣམས་ལ་བཟོད་གསོལ་བྱའོ། །དེས་ལས་གྲུབ་ནས་སྡུད་པའི་འདོད་པ་གྲུབ་ནས་འཁོར་ལོ་ཕྱུང་སྟེ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་བྱ། སངས་རྒྱས་སྤྱན་གྱི་སྔགས་དང་ཕྱག་རྒྱ་བཟླས་ཤིང་འཁོར་ལོ་དྲི་བཟང་གི་ཆུས་བཀྲུས་ལ། དལ་འབབ་ཀྱི་ཆུ་ལ་དོར། རྫས་རྣམས་ཀྱང་ཆུ་ལ་དོར། རྗེས་བསྔོ་བ་དང་སྨོན་ལམ་གྱི་རྒྱས་བཏབ། བཀྲ་ཤིས་བརྗོད་པར་བྱའོ། །ཞེས་པ་འདི་ཡང་གཤིན་རྗེ་ནག་པོ་ལས་ཀྱི་འཁྲུལ་འཁོར་བཀའ་མ་ཚད་མ་འདུག་པ་དང་། གཏེར་མ་ཨོ་རྒྱན་གྱིས་མཛད་པ་འདུག་པ་རྣམས་ཀྱི་མན་ངག་ཡིག་ཆུང་བསྒྲིགས་པ་བླ་མའི་ཞལ་གདམས་ཀྱིས་བརྒྱན་ཏེ། གཞུང་དང་མཐུན་པ་གསལ་བའི་འདི་ཡང་རྣལ་འབྱོར་པ་དཔལ་རྡོ་རྗེ་ཆེ་མཆོག་རྩལ་གྱིས་འབྲུག་ལོའི་སྟོན་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་བྲག་དམར་ཆོས་རྫོང་དུ་བཀོད་པ་འདིས་བསྟན་པའི་དགྲ་རྣམས་ཞི་བར་གྱུར་ཅིག །བོད་ཀྱི་དགྲ་ཁ་ཕུང་དུ་བཏང་བའམ། ལས་ཀྱི་འཁོར་ལོ་བྱ་བ་དྲག་པོའི་ལས་ལ་སོགས་སུ་ཕྱུང་བར་སྣང་ངོ་། །དེས་ན་གཤིན་རྗེ་རྒྱ་གར་ནས་བསྒྱུར་བའི་འཁྲུལ་འཁོར་ཚད་མར་སྣང་བ། འདི་ལས་མིན་པ་འཁྲུལ་འཁོར་མིང་བཏགས་ཀྱང་དོན་ལ་བོན་དང་འདྲའོ། །བསྟན་པའི་དགྲ་བོ་སྒྲོལ་བའི་མཚོན་ཆའོ།། ༈ །།བདུད་བཞིའི་གནད་ཀྱི་འཁྲུལ་འཁོར་གྱི་མན་ངག་བཞུགས་སོ། །འཇམ་དཔལ་གཤིན་རྗེའི་གཤེད་ནི་ཐུགས་རྗེ་ཐབས་ཀྱི་བདག །བྱམས་ལྡན་སྙིང་རྗེ་ཆེན་པོས་འཁོར་བའི་སེམས་ཅན་དོན། །ཞེ་སྡང་ཚམས་རྔམས་སྟོབས་ཀྱིས་གདུག་པའི་དགྲ་བགེགས་སྒྲོལ། །ཐབས་ཀྱི་ལམ་མཆོག་སྟེར་མཛད་ཡ་མཱནྟ་ཀ་ལ། །གུས་པའི་ཚུལ་གྱིས་ལུས་ངག་དད་པས་འདུད། །འཇམ་དཔལ་གཤིན་རྗེ་ལ་སོགས་གྲུབ་ཐོབ་ཀྱིས། །གདམས་ངག་བདུད་རྩིའི་བརྒྱུད་པ་མ་ཆད་པར། །བརྗེད་ངས་ཡི་གེའི་རིས་སུ་བདག་བྲི་ན། །བར་ཆད་མེད་པར་བཀྲ་ཤིས་ཤོག །ༀ་སྭ་སྟི། དེ་ལ་གཤིན་རྗེ་ཐམས་ཅད་ཉི་མ་བཞིར་འདུས་ཏེ། དེ་སྐད་དུའང་། གཤིན་རྗེའི་ལས་ལ་བསམ་ཡས་ཀྱང་། །བསྡུས་ན་ཉི་མ་བཞི་ལས་མེད། །ཅེས་སོ། །དེ་ལ་ད་རེས་གཤིན་རྗེ་ཁ་ཐུན་རྒྱས་འབྲིང་བསྡུས་གསུམ་གྱི་མན་ངག་གཅིག་ཏུ་དྲིལ་ནས་བསྟན་ན། དོན་རྣམ་པ་གསུམ་སྟེ། གཞི་རང་བཞིན་གྱི་ཉི་མ་བཞི་དང་། ལམ་ཐབས་ཀྱི་ཉི་མ་བཞི་དང་། འབྲས་བུ་སྐུ་བཞིའི་ཉི་མ་བཞི་པའོ། །དང་པོ་ལ་བཞི་སྟེ། རྒྱུ་མ་རིག་པའི་ཉི་མ་དང་། རྐྱེན་ལས་དང་ཉོན་མོངས་པའི་ཉི་མ་དང་། ངོ་བོ་འགྲོ་བ་རིགས་དྲུག་དང་། སྡུག་བསྔལ་སོ་སོར་སྤྱོད་ཚུལ་ལོ། །རྒྱུ་མ་རིག་པ་ལ་གསུམ་སྟེ། ངོ་བོ་ཉིད་རྩ་བའི་མ་རིག་པ་དང་། ལྷན་ཅིག་སྐྱེས་པ་ཞར་བྱུང་གི་མ་རིག་པ་དང་། ཀུན་ཏུ་བརྟགས་པ་ཡན་ལག་གི་མ་རིག་པའོ། །དེ་ལ་ངོ་བོ་རྩ་བའི་མ་རིག་པ་ཞེས་བྱ་བ་ནི། རང་གི་སེམས་ཉིད་གཉུག་མ་རྣལ་མ་དེ་ཁོ་ན་ཉིད་ལ། ཤེས་པ་ཁ་ནང་དུ་མ་བལྟས་ཏེ། རང་ངོ་རང་གིས་མ་ཤེས་ཤིང་མ་རྟོགས་པའོ། །དེ་སྐད་དུའང་འཇམ་དཔལ་ཁྲོ་བོའི་རྒྱུད་ལས། གཞི་གནས་མི་རྟོགས་དངོས་པོ་མཁའ་ཁྱབ་འདྲ། །ཞེས་སོ། །ལྷན་ཅིག་སྐྱེས་པ་ཞར་བྱུང་གི་མ་རིག་པ་ནི། དཔེར་ན་མེ་ལོང་གི་གཡའ་འམ། ལུས་ཀྱི་གྲིབ་མ་ལྟ་བུས་ཏེ། ངོ་བོ་ཉིད་རྩ་བའི་མ་རིག་པ་དང་ལྷན་ཅིག་ཏུ་བྱུང་བ་ནི་གཟུང་འཛིན་རྣམ་པ་གཉིས་སོ། །དེ་ཡང་འཇམ་དཔལ་ཁྲོས་པའི་རྒྱུད་ལས། བདག་པོ་གཟུང་འཛིན་མུན་པ་ཉིད་ལས་གྲུབ། །ཅེས་སོ། །ཀུན་ཏུ་བརྟགས་པ་ཡན་ལག་གི་མ་རིག་པ་ནི། དཔེར་ན་ལ་ཁ་ན་མི་ཐོ་ཡོད་པ་ལ། ཤེས་པ་རྩེ་གཉིས་སུ་འགྱུས་ཏེ། ཐོ་དང་མི་རྟོག་དཔྱོད་བྱེད་པ་བཞིན་དུ། གཟུང་བས་ནང་དུ་འཛིན་ཅིང་། འཛིན་པས་ཕྱིར་བརྟགས་པས་རྟོག་པའི་བག་ཆགས་བརྟས་ནས་ཞེན་པ་བྱས་པའོ། །རྐྱེན་ལས་དང་ཉོན་མོངས་པ་ལ་གཉིས་ཏེ། ལས་གསུམ་དང་ཉོན་མོངས་པ་དྲུག་གོ། །ལས་གསུམ་ནི། དགེ་བའི་ལས་དང་། མི་དགེ་བའི་ལས་དང་། ལུང་དུ་མ་བསྟན་པའི་ལས་སོ། །དགེ་བ་ནི་ཆོས་ཕྱོགས་སུ་བརྩོན་འགྲུས་བྱེད་པའོ། །མི་དགེ་བ་ནི་ངན་སོང་གི་རྒྱུར་འགྲོ་བའི་ལས་སྤྱོད་པའོ། །ལུང་དུ་མ་བསྟན་པ་ནི། ཤན་མ་ཕྱེད་པའི་ལས་སོ། །ཉོན་མོངས་པ་ནི། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་དང་། འདོད་ཆགས་དང་། ཁོང་ཁྲོ་དང་དྲུག་གོ། །ངོ་བོ་འགྲོ་བ་རིགས་དྲུག་ནི། ཞེ་སྡང་ལས་དམྱལ་བ། གཏི་མུག་ལས་བྱོལ་སོང་། ཁོང་ཁྲོའམ་སེར་སྣ་ལས་ཡི་དྭགས། ང་རྒྱལ་ལས་ལྷ། ཕྲག་དོག་ལས་ལྷ་མ་ཡིན། འདོད་ཆགས་ཀྱིས་མིའོ། །སྡུག་བསྔལ་སོ་སོར་སྤྱོད་ཚུལ་ནི། ལྷ་ལྟུང་བའི་སྡུག་བསྔལ་ལ་སྤྱོད་པ་དང་། ལྷ་མ་ཡིན་འཐབ་རྩོད། མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། བྱོལ་སོང་བཟའ་བཏུང་བཀོལ་སྤྱོད། ཡི་དྭགས་སེར་སྣའི་སྒྲིབ་པ་དང་། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་སྤྱོད་པའོ། །དེ་བས་ན་སྡུག་བསྔལ་བ་དེ་དག་གཞིའི་དོན་མ་རྟོགས་པ་ལས་བྱུང་སྟེ། སྡུག་བསྔལ་དེ་དག་ཀྱང་སྤྱི་དོན་བཞིར་འདུས་པས་ན། ཆོས་ཐུན་རྩིས་ཏེ་ཉི་མ་བཞི་ཞེས་བྱའོ། །ལམ་ཐབས་ཀྱི་ཉི་མ་བཞི་ནི། འབྱུང་བ་ལུས་ཀྱི་གྲུབ་ཚུལ་དང་། བདུད་བཞི་རང་ལ་གནས་ཚུལ་དང་། རིག་པ་ལ་བདུད་ཀྱིས་དབང་བྱེད་ཚུལ་དང་། དེ་ཉིད་ལམ་དུ་བླངས་ལུགས་སོ། །འབྱུང་བ་ལུས་ཀྱི་གྲུབ་ཚུལ་ནི། ལུས་འདི་ཡང་འབྱུང་བ་རྣམ་པ་བཞི་ལས་གྲུབ་སྟེ། ཤ་དང་རུས་པ་འབྱུང་བ་ས་ལས་གྲུབ། །དྲོད་ནི་འབྱུང་བ་མེ་ལས་གྲུབ། །ཁྲག་དང་ཆུ་སེར་འབྱུང་བ་ཆུ་ལས་གྲུབ། །དབུགས་ནི་འབྱུང་བ་རླུང་ལས་གྲུབ་སྟེ། དང་པོ་ཕ་མ་གཉིས་ཀྱི་ཁུ་ཁྲག་འབྱུང་བ་བཞིའི་དྭངས་མ་ལས་བྱུང་སྟེ། ས་ཆུས་བསྡུས། མེ་རླུང་གིས་བསྐྱོད་ནས་ལུས་འབྱུང་བ་ཡིན་ཏེ། དེ་ལ་དང་པོ་རླུང་གི་རླུང་ལས་ལྷའི་བུ་གྲུབ། དེའི་ཁ་ནས་འབྱུང་བའི་དྭངས་མ་བཞི་ཤར་ཏེ། རླུང་གི་རླུང་ཤར་བས་རྣ་བས་སྒྲ་ཐོས་པར་བྱས། རླུང་གི་ཆུ་ཤར་བས་སྣས་དྲི་ཚོར་བར་བྱས། རླུང་གི་མེ་ཤར་བས་ལྕེས་རོ་མྱོང་བར་བྱས། རླུང་གི་ས་ཤར་བས་མགོ་ལ་སྐྲ་སྐྱེས་པར་བྱས་པས་མགོའི་ནང་དུ་རང་བྱུང་དུ་གྲུབ་པའོ། །དེ་ཡང་གནས་ཚུལ་ནི། བུང་བས་མེ་ཏོག་གི་བཅུད་འཇིབས་པ་ལྟར་གནས་ཏེ། ངོ་བོ་ནི་རླུང་གི་རླུང་ངོ་། །ལས་ནི་མིག་གི་གཟུགས་མཐོང་། རྣ་བས་སྒྲ་ཐོས། སྣས་དྲི་ཚོར། ལྕེས་རོ་མྱོང་བར་བྱས་སོ། །བདུད་དེའི་ཁར་རྩ་བྱུང་སྟེ། ལ་ལ་ན་དང་། ར་ས་ན་དང་། ཨ་ཝ་དྷཱུ་ཏི་གསུམ་བྱུང་བས། མགྲིན་པར་གཅིག་ཏུ་འཁྱིལ་ཏེ། དེ་ལས་ཉོན་མོངས་པའི་བདུད་བྱུང་སྟེ་ངོ་བོ་མེའི་རླུང་དུ་གྲུབ་པའོ། །དེ་ཡང་གནས་ཚུལ་ནི། དཔེར་ན་སྡིག་པ་བྲག་ལ་འཛེགས་པ་ལྟ་བུའོ། །བདུད་དེའི་ཁ་ནས་མེའི་རྩ་བ་བཞི་བྱུང་སྟེ། མེའི་མེ་དང་། མེའི་རླུང་དང་། མེའི་ཆུ་དང་། མེའི་སའོ། །དེ་ལ་མེའི་མེས་ལྕེ་བསྐྱེད། མེའི་རླུང་གིས་སྐད་གྲུབ། མེའི་ཆུས་ཀླད་པ་བྱས་ཏེ་གནས། མེའི་སས་སོ་གྲུབ་པར་བྱས་སོ། །ལས་ནི་རོ་ལ་སྤྱོད་པ་དང་སྐད་འབྱུང་ངོ་། །བདུད་དེའི་ཁ་ནས་རྩ་གསུམ་བྱུང་སྟེ། གཡས་ལ་ལ་ན་དང་། གཡོན་ར་ས་ན་དང་། དབུས་ཨ་ཝ་དྷཱུ་ཏི་གསུམ་བྱུང་ནས་སྙིང་གར་འདུས་པ་ལས། འཆི་བདག་གི་བདུད་བྱུང་སྟེ་ངོ་བོ་ཆུའི་རླུང་ལས་གྲུབ་པའོ། །དེ་ཡང་གནས་ཚུལ་ནི། དཔེར་ན་གྱད་སྟོབས་འགྲན་པ་ལྟར་གནས་སོ། །དེའི་ཁ་ནས་ཆུའི་རྩ་བ་རྣམ་པ་བཞི་གྱེས་ཏེ། ཆུའི་ཆུས་ཁྲག་བསྐྱེད། ཆུའི་སས་སྙིང་བསྐྱེད། ཆུའི་མེས་དྲོད་བསྐྱེད། ཆུའི་རླུང་གིས་དབུགས་བསྐྱེད། ལས་ནི་གཟུང་འཛིན་གཉིས་ལ་སྤྱོད་དོ། །བདུད་དེའི་ཁ་ནས་རྩ་གསུམ་བྱུང་སྟེ། ལ་ལ་ན་ཆུའི་རྩ། ར་ས་ན་ཁྲག་གི་རྩ། ཨ་ཝ་དྷཱུ་ཏི་རྒྱུངས་པའི་རྩ་བྱུང་སྟེ། ལྟེ་བར་འདུས་པ་ལས་ཕུང་པོའི་བདུད་གྲུབ་བོ། །ངོ་བོ་སའི་རླུང་དུ་གྲུབ་བོ། །དེ་ཡང་གནས་ཚུལ་ནི་སྡོམ་ཁ་གདངས་པ་ལྟ་བུས་ཏེ། བདུད་དེའི་ཁ་ནས་སའི་རྩ་བ་བཞི་བྱུང་སྟེ། སའི་སས་ལུས་བརྟན་པར་བྱས། སའི་མེས་ཟས་འཇུ་བར་བྱས། སའི་ཆུས་ལྟེ་བ་སྲིད་འཁོར་བར་བྱེད། སའི་རླུང་གིས་ཟས་འཕེན་སྡུད་བྱེད་པའོ། །ལས་ནི་མའི་ལྟེ་བ་དང་བུའི་ལྟེ་བ་འབྲེལ་བ་དང་། དབང་པོ་གཉིས་སྒོ་སྤྲོད་པར་བྱེད་དོ། །བདུད་བཞི་རང་ལ་གནས་ཚུལ་ནི། སེམས་ཅན་མིའི་ལུས་ལ་ཁྱད་པར་དུ་གནས། གཞན་སེམས་ཅན་ཐམས་ཅད་ལ་ཡང་བདུད་བཞི་པོ་འདི་གནས་སོ། །དེ་ཡང་མི་ཡི་ལུས་ལ། སྤྱི་བོ་ན་ལྷའི་བུའི་བདུད་གནས་ཏེ། དེ་གནས་པའི་རྟགས་གང་ཞེ་ན། ལྟག་ཁུང་ན་ཐོད་པ་ལ་གཟུགས་རང་བྱུང་དུ་གྲུབ་པ་ནི་ཕྱི་རྟགས་སོ། །གཟུགས་སྒྲ་དྲི་རོ་ལ་ཞེན་པ་ནི་ནང་གི་རྟགས་སོ། །བསྒོམས་པས་བདུད་ཀྱི་ཁ་ནས་གྲོལ་ཏེ། སྤྱི་བོ་ཚངས་པའི་བུ་ག་ལ་རླུང་འགྲོ་བ་ནི་གསང་བའི་རྟགས་སོ། །མགྲིན་པ་ན་ཉོན་མོངས་པའི་བདུད་གནས་ཏེ། དེ་གནས་པའི་རྟགས་གང་ཞེ་ན། ལྕེའི་རྩ་བ་ན་གནས་ཏེ། ལྕེའུ་ཆུང་སྡིག་པའི་རྭ་ལྟ་བུ། མགོ་གྱེན་ལ་བསྟན་ནས་ཁ་གདངས་པ། མཇུག་མ་མཐུར་ལ་བསྟན་ནས་གྲུབ་པ་ནི་ནང་གི་རྟགས་སོ། །སྐད་འོང་བ་དང་། རོ་ལ་ཞིམ་མི་ཞིམ་དུ་འཛིན་པ་ནི་ཕྱིའི་རྟགས་སོ། །བསྒོམས་ན་དབུགས་འགྱུ་བ་མི་ཚོར་བ་ནི་གསང་བའི་རྟགས་སོ། །སྙིང་ག་ན་འཆི་བདག་གི་བདུད་གནས་ཏེ། དེ་གནས་པའི་རྟགས་ནི། སྙིང་གི་ནང་ན་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཞིག་གནས་ཏེ། སའི་དྭངས་མ་དར་དཀར་གྱི་སྐུད་པ་ལྟ་བུ་དང་། མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་འོད་ཙམ་དང་། ཆུའི་དྭངས་མ་ཁྲག་མཚལ་བཅོས་མའི་ཁུ་བ་ཙམ་དང་། དབུགས་ཀྱི་དྭངས་མ་གསེར་ས་འོག་ན་བཅུག་པའི་རླངས་ཙམ་པ་རྣམས་ཀྱི་དབུས་ན་གནས་ཏེ། དེ་ལ་དབང་བྱེད་པ་ནི་ནང་གི་རྟགས་སོ། །དེ་རྣམས་བསྡུས་ནས་གཟུང་འཛིན་གཉིས་སུ་དགའ་མི་དགའ་སེམས་ལས་སྐྱེས་ཏེ། དྲན་རིག་སྣ་ཚོགས་སུ་སྤྱོད་པ་ནི་ཕྱིའི་རྟགས་སོ། །དེ་བསྒོམས་ན་འབྱུང་བ་རང་སར་ཞི་ནས་གནས། བདུད་མེད། གཟུང་འཛིན་རང་སར་གྲོལ་ནས་ལུས་ཀྱི་སྲོག་ཆགས་མི་འོང་། འཆི་ཙ་ན་དབུགས་གནད་དུ་བཅུག་ནས་གཏོང་བ་ནི་གསང་བའི་རྟགས་སོ། །ལྟེ་བ་ན་ཕུང་པོའི་བདུད་གནས་ཏེ། ལྟེ་བར་རྩ་ཐམས་ཅད་འདུས་ཏེ། རྩའི་མདུད་པ་སྡོམ་ཁ་གདངས་པ་ལྟ་བུར་གནས་པ་ནི་ནང་གི་རྟགས་སོ། །དེ་ལ་མའི་ལྟེ་བ་དང་། བུའི་ལྟེ་བ་འབྲེལ་བ་སྟེ། མས་ཟས་ཟོས་པ་བུའི་ལྟེ་བར་རླུང་གིས་བཅུད་བསྡུས་ཏེ་གསོ་བ་དང་། དབང་པོའི་སྒོ་གཉིས་སྤྲོད་པ་དང་། དྲི་ཆེན་དྲི་ཆུ་གཉིས་འབྱིན་པར་བྱེད་པ་ནི་ཕྱིའི་རྟགས་སོ། །བསྒོམས་ན་འདོད་ཆགས་ཞི་བ་དང་། ལུས་མི་འོང་བར་བྱེད་པ་ནི་གསང་བའི་རྟགས་སོ། །རིག་པ་ལ་བདུད་ཀྱིས་དབང་བྱེད་ཚུལ་ནི། མགོ་གཏི་མུག་རླུང་གི་ཡུལ་ཡིན་པས་རླུང་ལྡང་། གཏི་མུག་གིས་རྨོངས་ཤིང་གཉིད་དུ་འགྲོ། མགྲིན་པ་ང་རྒྱལ་མེའི་ཡུལ་ཡིན་པས་ང་རྒྱལ་སྐྱེ། ཚད་པ་ལྡང་། སྙིང་ག་ཞེ་སྡང་ཆུ་ཡི་གནས་ཡིན་པས་ཞེ་སྡང་སྐྱེ། ཆུའི་ནང་བད་མཁྲིས་ལྡང་། ལྟེ་བ་འདོད་ཆགས་སའི་ཡུལ་ཡིན་པས་འདོད་ཆགས་སྐྱེ། རོ་སྨད་བཤལ། ནད་གྲང་བར་ལྡང་ངོ་། །གཞན་ཡང་སྤྱི་བོར་ལྷའི་བུའི་བདུད་ཡོད་པས་བལྟས་པས་ཚིམ་པའི་འདོད་ཆགས་ལྡང་། མགྲིན་པར་ཉོན་མོངས་པའི་བདུད་ཀྱིས་དགོད་པས་ཚིམ་པའི་འདོད་ཆགས་ལྡང་། སྙིང་གར་འཆི་བདག་གི་བདུད་ཡོད་པས། ལག་པས་བཅངས་པས་ཚིམ་པའི་འདོད་ཆགས་ལྡང་། ལྟེ་བར་ཕུང་པོའི་བདུད་ཀྱིས་དབང་པོའི་སྒོ་སྤྲད་པས་ཚིམ་པའི་འདོད་ཆགས་ལྡང་། ལུས་ལ་རེག་པ་དང་། རེག་བྱ་དང་། རེག་བྱེད་དང་། རེག་ཤེས་སུ་བྱས་ནས། ལུས་ཀྱི་དབང་པོ་ཆགས་པར་བྱེད། རྟག་པ་དང་། ཆད་པ་དང་། ཡོད་པ་དང་། མེད་པར་འཛིན་པ་བྱེད། མིག །རྣ་བ། སྣ། ལྕེ། འདོད་ཡོན་དྲུག་ལ་ཆགས་ནས་ལྷའི་བུས་བྱ་ར་བྱེད། ལྕེས་ཐམས་ཅད་ཟོས་པས་ཉོན་མོངས་པའི་བདུད་ཀྱིས་ཕོ་ཉ་འགྱེད། དབང་པོའི་སྒོ་སྤྲད་ནས་ཁུ་བ་འབྱིན་ཅིང་ཟས་རོ་མཐུར་དུ་འདོན། དྭངས་མ་ལུས་ལ་ཐིམ་པས་ཕུང་པོའི་བདུད་ཀྱིས་བྱ་བ་བྱེད། འཆི་བདག་གི་བདུད་ཀྱིས་སེམས་ལ་ཐམས་ཅད་བཟུང་ནས་ཕོ་བྲང་དེར་བཅས་ཏེ། ཀུན་གཞི་ལ་བག་ཆགས་གསོག་པར་བྱེད་དོ། །དེ་ཉིད་ལམ་དུ་བླངས་ལུགས་ལ་གསུམ་སྟེ། གནས་ཚུལ་རྒྱས་པར་བཤད་པ་དང་། རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་བསྒྲལ་བའོ། །གནས་ཚུལ་རྒྱས་པ་ནི་ལུས་ལ་རྩ་རྣམ་པ་གསུམ་ཡོད་དེ། རྒལ་ཚིག་ལ་ཨ་ཝ་དྷཱུ་ཏི་ཞེས་བྱ། ཀུན་འདར་མ་ཞེས་ཀྱང་བྱ་བ་གནས་ཏེ། མགོ་ཀླད་པ་ལ་ཟུག །རྩ་བ་དབང་པོ་ལ་ཟུག་པ་དེ་སྐྱེས་པའི་རྩའི་མཆུ་རྡོ་རྗེ་ལ་ཟུག་སྟེ་ཧ་རེ་བ་ཡོད། བུད་མེད་ལ་ཁ་གྱེན་ལ་ལྡོག་སྟེ། པདྨ་ལྟར་འདུས་པ་དང་། ལྕུག་ཕྲན་ལྟར་བཅུམ་པ་དང་། དུང་ལྟར་འཁྱིལ་བ་དང་། རང་འཐག་གི་རི་མོ་ལྟར་འཁོར་བ་དང་། གླང་པོ་ཆེའི་སྣ་ལྟར་གྱེན་ལ་ལོག་པ་དང་། བྱ་རོག་གི་མཆུ་ལྟར་གདོང་པ་གཅིག་ཏུ་ཟུག་པ་དང་། ཀོ་བ་ལ་མེས་རེག་པ་ལྟར་འདུས་པ་དང་། ཁ་ཧར་བར་ཕྱལ་བར་ཐང་ངེ་བ་དང་བརྒྱད་དུ་ཡོད་དོ། །གཡས་ན་རོ་མ་ཞེས་བྱ་བ་ལ་ལ་ན་ཞེས་ཀྱང་བྱ། སྒལ་འགྲམ་གཡས་ན་དྲི་ཆུའི་རྩ་ཡོད་དེ། མགོ་ཀླད་པ་ལ་ཟུག་ནས། རྩ་བ་ལྒང་ལྤགས་ལ་ཟུག་སྟེ། སྐྱེས་པ་བུད་མེད་གཉིས་ཀ་ལ་ཁ་ཧར་བར་གནས་སོ། །གཡོན་ན་རྐྱང་མ་ཞེས་བྱ་བ། ར་ས་ན་ཞེས་ཀྱང་བྱ་སྟེ། སྒལ་འགྲམ་གཡོན་ན་ཁྲག་གི་རྩ་ཡོད་དེ། སྐྱེས་པ་ལ་གསང་གནས་ནས་ཡར་ལོག་སྟེ། སྣ་བུག་ཏུ་རྩའི་རྩེ་མོ་ཟུག་ནས་ཡོད་དོ། །དེའི་དྲི་ཚོར་བས་སྣའི་རྩ་གཉིས་ཀ་གཅིག་ཏུ་ཡོད་པས། སྣ་ལ་ཐོན་རྩ་ན་རྩ་ཀུན་ཏུ་རྒྱལ་བ་ཞེས་བྱའོ། །བུད་མེད་ལ་རྩ་དེ་བྷ་ག་ལ་ཟུག་ནས་ཁ་ཧར་བར་ཡོད་དེ། ཁྲག་ཟླ་བ་རེ་ལ་ལན་རེ་འཛག་གོ། །དེ་ལ་དེར་བྱུང་ཙ་ན་རྩ་ཁ་ཁ་མུ་ཀ་བྱ་རོག་གི་གདོང་པ་ཅན་ཞེས་བྱའོ། །རྩ་དེ་གསུམ་ལ་གཡས་ན་ཀཱ་ལི་གནས་པས་ཐབས་ཀྱི་རྩ་ཞེས་བྱ་སྟེ། དྲི་ཆུ་གཉིས་ཀ་ལ་ཁྱབ་པས་ཐབས་ཆེའི་འོ། །གཡོན་ལ་ཨཱ་ལི་གནས་ཏེ་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ་སྟོང་པའོ། །དབུས་ན་ཐབས་ཤེས་རབ་གཉིས་སུ་མེད་པའི་རྩ་ཞེས་བྱ་སྟེ། ཨཱ་ལི་ཀཱ་ལི་གཉིས་ཀ་གནས་སོ། །གཉིས་སུ་མེད་པ་ཅི་སྟེ་བྱ་ཞེ་ན། བུད་མེད་ལ་མེད་ཀྱང་དབང་པོ་སྒོ་སྤྲད་པའི་དུས་ན། གཉིས་ཀ་ལ་བདེ་བ་བསྐྱེད་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་གཡས་གཟུང་བ་ཕོའི་རྩ། གཡོན་འཛིན་པ་མོའི་རྩ། དབུས་གཟུང་འཛིན་མེད་པ་མ་ནིང་གི་རྩ་ཞེས་བྱ་སྟེ། གཡས་ན་ཕོ་རླུང་། གཡོན་ན་མོ་རླུང་། དབུས་ན་མ་ནིང་རྒྱུ་བས། འབྱིན་འཇུག་དང་ལྡེག་འགུལ་བྱེད་པའོ། །རྩ་དེ་གསུམ་ལ་རླུང་གི་འཁོར་ལོ་བཞི་ཡོད་དེ། སྤྱི་བོ་ན་རླུང་གི་རླུང་ལ། དབུས་སུ་འདབ་མ་བཞི། ཡན་ལག་ནི་སུམ་ཅུ་རྩ་གཉིས་ཏེ། འདབ་མ་རེ་རེ་ལ་རྩེ་མོ་བརྒྱད་དུ་གནས་ཏེ། འདབ་མ་ལ་ཨཱ་ལི་ཀཱ་ལིས་བསྐོར་ནས་གནས་སོ། །རྩ་བའི་འདབ་མ་བཞི་ལ་ར་ཡ་ཙ་ནི་བཞི་གནས་སོ། །དེའི་དབུས་ན་བདུད་གནས་ཏེ། ལྷའི་བུའི་བདུད་ཀྱིས་རྩ་དེ་རྣམས་ཞལ་དུ་གསོལ་ལོ། །མགྲིན་པ་ན་མེའི་རླུང་ལ། དབུས་འདབ་མ་བཞི། ཡན་ལག་བཅུ་དྲུག་སྟེ། རྩ་རེ་རེ་ལ་རྩེ་མོ་བཞི་བཞིར་གྱེས་ཏེ། ཡན་ལག་ལ་ཨ་ལི་བཅུ་དྲུག །རྩ་བ་ན་ར་ཙ་ས་ཏོ་བཞི་གནས་སོ། །དབུས་ན་ཉོན་མོངས་པའི་བདུད་ཀྱིས་རྩ་དེ་རྣམས་ཞལ་དུ་གསོལ་བའོ། །སྙིང་ག་ན་ཆུའི་རླུང་འདས་ཏེ། རྩ་བ་ཆུའི་རྩ་བཞི་ལ་ཡན་ལག་གཉིས་གཉིས་ཏེ་བརྒྱད་དོ། །རྩེ་མོ་ལ་ཨཱོྂ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ་ཅེས་གནས། རྩ་བའི་འདབ་མ་ལ་ཡ་མ་མེ་ཏ་ཀྵེ་གནས་སོ། །དབུས་ན་འཆི་བདག་གི་བདུད་ཀྱིས་རྩ་དེ་རྣམས་ཞལ་དུ་གསོལ་བའོ། །ཡ་བདུད་ཀྱི་སྙིང་ལ་གནས་པའོ། །ལྟེ་བ་ལ་སའི་རླུང་ལས་གྲུབ་པའི་རྩ་བཞི། ཡན་ལག་གི་རྩ་འདབ་མ་དྲུག་ཅུ་རྩ་གཉིས་ཏེ། རྩ་རེ་རེ་ལ་རྩེ་མོ་བཅུ་དྲུག་རེ་གྱེས་པའི་རྩེ་མོ་ལ་ཨཱ་ལི་ཀཱ་ལི་གཡས་བསྐོར་དུ་གནས། རྩ་བ་ལ་རུ་ན་ཡོ་ནི་བཞི་གནས། རྩ་དེ་རྣམས་ཕུང་པོའི་བདུད་ཀྱིས་ཞལ་དུ་གསོལ་བའོ། །རྩ་དེ་རྣམས་ཀྱིས་བསྐྱེད་པའིི་ཕྱི་རྩ་དང་བར་རྩ་ལ་སོགས་ཏེ། སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆོད་ཀྱི་རྩ་བདུད་བཞིའི་ཞལ་དུ་གསོལ་ལོ། །དེ་ལ་རྟོགས་པས་བདག་བསྒྲལ་བ་ནི་གསུམ་སྟེ། རྡོ་རྗེ་རླུང་གིས་རྟོག་པ་ཟ་བྱེད་ཀྱི་རྫོགས་རིམ་གྱིས་གནད་དུ་བརྡེག་པ་དང་། ཡི་གེ་སྲོག་རྩོལ་གྱིས་རྡོ་རྗེའི་མདུད་པ་གནད་དུ་བརྡེག་པ་དང་། བདུད་ཁྱབ་འཇུག་བྱེད་ཀྱིས་མཐའ་བཞི་རང་གྲོལ་དུ་བཏང་བའོ། །དེ་ལ་རྡོ་རྗེའི་རླུང་གིས་རྟོག་པ་ཟ་བྱེད་རླུང་གི་རྫོགས་རིམ་གྱིས་གནད་དུ་བརྡེག་པ་ལ་གསུམ་སྟེ། གནས་ཚུལ། རྒྱུ་ཚུལ། བསྒོམ་ཚུལ་དང་གསུམ་མོ། །གནས་ཚུལ་ལ་གཉིས་ཏེ། རྩ་བ་ཕུང་པོའི་རླུང་ལྔ་བསྟན་པ་དང་། ཡན་ལག་རྣམ་ཤེས་ཀྱི་རླུང་ལྔ་བསྟན་པའོ། །རྩ་བ་ཕུང་པོའི་རླུང་ལྔ་ནི། ལྡེག་བྱེད་ཀྱི་རླུང་དང་། ཁྱབ་བྱེད་ཀྱི་རླུང་དང་། མེ་དང་མཉམ་པའི་རླུང་དང་། དྭངས་སྙིགས་འབྱེད་པའི་རླུང་དང་། སྲོག་འཛིན་པའི་རླུང་ངོ་། །དེ་ལ་ལྡེག་པར་བྱེད་པའི་རླུང་ནི། གནས་ཚིགས་ལ་གནས། ལས་ལུས་ཡང་ཞིང་བསྐྱོད་པ་བྱེད། ངོ་བོ་ས་དང་མཐུན་པའི་རླུང་ངོ་། །རྩ་བ་ལྟེ་བ་ནས་གྱེས་པ་ཞི་བའི་དུས་ན་ལུས་བསྐྱོད་མི་ནུས་སོ། །ཁྱབ་བྱེད་ཀྱི་རླུང་ནི། གནས་ལུས་ཀྱི་སྤྱིར་ཁྱབ་པར་གནས། ལས་ནི་ལུས་ཀྱི་སྣུམ་བག་དང་མདངས་འབྱིན། །ངོ་བོ་ཆུ་དང་མཐུན་པའི་རླུང་། རྩ་བ་སྙིང་ག་ནས་གྱེས་པ་ཞི་བའི་དུས་ན་ལུས་ཀྱི་མདངས་ཉམས་ནས་འགྲོ། རླུང་གི་རྐྱེན་ཕྲན་ཚེག་གི་ཞི་ནུས་ཏེ། འཁྱགས་ན་ལུས་བྲི་ནས་བཀྲག་འཆོར་རོ། །མེ་དང་མཉམ་པའི་རླུང་ནི། གནས་ཕོ་བ་ན་གནས། ལས་ནི་ཟས་འཇུ་མདངས་གྲོལ་བར་བྱེད། ངོ་བོ་མེ་དང་མཐུན་པའི་རླུང་རྩ་བ་མགྲིན་པ་ནས་གྱེས་པ་ཞི་བའི་དུས་ན་ལུས་དྲོད་འཆོར་ཟས་མི་འཇུའོ། །དྭངས་སྙིགས་འབྱེད་པའི་རླུང་ནི། གནས་སྟེང་སྒོ་འོག་སྒོ་གཉིས་ན་གནས། ལས་དྭངས་སྙིགས་འབྱེད་པར་བྱེད་དེ། སྙིགས་མ་མཐུར་དུ་སེལ་བ་དང་། ཐིག་ལེ་དཀར་དམར་དང་། དྲི་ཆུ་ལ་སོགས་པ་སེལ་ལོ། །ངོ་བོ་ལུང་གི་རླུང་དང་མཐུན་པའི་རླུང་། རྩ་བ་སྤྱི་བོ་ནས་གྱེས། དེ་ཞི་བའི་དུས་ན་སོ་གཟིངས་པ་དང་། ཤེས་པ་འཐིབ། ལུས་བྱིང་ངོ་། །སྲོག་འཛིན་པའི་རླུང་ནི་གནས་སྲོག་རྩ་ན་གནས། ལས་ནི་རླུང་དེ་གནས་ཀྱི་བར་དུ་ལུས་སེམས་མི་འབྲལ་བར་བྱེད། ངོ་བོ་འབྱུང་བ་ལྔའི་དུས་ཀྱི་རླུང་ངོ་། །ལས་ཀྱི་གཤིན་རྗེ་ཐམས་ཅད་ཀྱི་སྲོག་འདུས་པའི་ཡི་གེ་ཡའི་རང་བཞིན་ནོ། །དེ་ནི་འཆི་བདག་བདུད་ཀྱི་སྙིང་ལ་ཡོད། རྩ་བ་ཡི་གེ་ཡ་ལས་གྱེས། ཡ་ལ་བདུད་བྱེད་བ་གུང་རིངས་ཀྱི་སྲོག །ཡ་མཱནྟ་ཏ་ཀའི་ཐུགས་སོ། །རླུང་དེ་ཞི་བའི་དུས་ན་རིག་པ་གནས་ནས་ཐོན་ཏེ། ཤེས་པ་བར་དོར་འཁྱམས་པས་ལས་ཀྱི་གཤིན་རྗེས་རང་སྲོག་ལ་དབང་བྱེད་པའོ། །རླུང་ལྔ་པོ་དེས་ཕུང་ཕོ་ལྔ་བསྐྱེད་དོ། །སའི་རླུང་ནི། འཇམ་དཔལ་ཡ་མཱནྟ་ཀའི་གཟུགས་ཀྱི་ཕུང་པོ། སྲོག་འཛིན་པའི་རླུང་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ་སྲས་ཡ་མ་རཱ་ཛ། ཆུའི་རླུང་ནི་ཚོར་བའི་ཕུང་པོ་སྟེ་ཨེ་ཀ་ཛཱ་ཏི། མེའི་རླུང་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་བེ་ཏ་ལི། རླུང་གི་རླུང་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ་མ་མོ་ཁྲག་མིག་མའོ། །དེ་རྣམས་ནི། རྟོགས་ན་ཡེ་ཤེས་ལྔ། མ་རྟོགས་ན་དུག་ལྔ། ཤེས་ན་ལྷ་ལྔ། མ་ཤེས་ན་བདུད་བཞི་སྟེ། རྩ་བ་དེ་ལས་གྱེས་པ་སྟེ་རྩ་བའི་རླུང་ལྔའོ། །ཡན་ལག་རྣམ་ཤེས་ཀྱི་རླུང་ལྔ་ནི། རྒྱུ་བའི་རླུང་། རབ་ཏུ་རྒྱུ་བའི་རླུང་། ཤིན་ཏུ་རྒྱུ་བའི་རླུང་། ཀུན་ཏུ་རྒྱུ་བའི་རླུང་། ངེས་པར་རྒྱུ་བའི་རླུང་ངོ་། །དེ་ལྔའི་གནས་ནི། མིག་དང་། སྣ་དང་། རྣ་བ་དང་། ལྕེ་དང་། ལུས་ཀྱི་དབང་པོ་ལྔ་ལ་གནས། ལས་ནི་གཟུགས་མཐོང་བ་དང་། སྒྲ་ཐོས་པ་དང་། དྲི་ཚོར་བ་དང་། རོ་མྱོང་བ་དང་། རེག་བྱ་ཤེས་པར་བྱེད། རྩ་བ་ནི་ས་རླུང་། ཆུ་རླུང་། མེ་རླུང་། རླུང་གི་རླུང་། ནམ་མཁའི་རླུང་དང་ལྔའོ། །དེ་རྣམས་ཀྱི་དཔེ་ནི། ཟར་མའི་མེ་ཏོག་ལྟ་བུ་དང་། གྲོ་ག་གཅུས་པ་ལྟ་བུ་དང་། ད་ར་ལེ་བརྒན་ལྟ་བུ་དང་། ཟངས་ཀྱི་མོ་ཁབ་ལྟ་བུ་དང་། བྱ་རེག་འཇམ་གྱི་པགས་པ་ལྟ་བུའོ། །རང་བཞིན་རྣམ་ཤེས་ལྔའོ། །ངོ་བོ་དབང་པོ་ལྔའོ། །འདུས་པ་ནི་རྣམ་ཤེས་རྣམས་སྲོག་གི་དབང་པོར་འདུའོ། །དོན་ནི་ཡེ་ཤེས་ལྔའི་རྩལ་དུ་ཤར་བའོ། །ཡོན་ཏན་ནི་མངོན་པར་ཤེས་པ་ལྔའོ། །རྒྱུ་ཚུལ་ནི་དབྱར་དགུན་སྟོན་དཔྱིད་དུས་བཞིར་འགྱུ་བ་དང་། ཉིན་ཞག་ཕྲུག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུའོ། །དེ་ཡང་ཁ་དོག་བཞི་དང་བཅས་ནས་འགྱུ་བ་ནི། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་སྤྱིར་གནས་ཏེ་མི་འགྱུར་བའོ། །ལས་བཞི་དང་བཅས་ཏེ་འགྱུ་བ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོར་བྱེད་དོ། །ལྷ་བཞི་དང་བཅས་ཏེ་འགྱུ་བ་ནི། རྣམ་སྣང་དང་། རིན་འབྱུང་། སྣང་མཐའ་དང་། དོན་གྲུབ་བོ། །རྣམ་སྣང་སྤྱིར་གནས་པར་བྱེད་དོ། །དེ་ལྔ་ནི་ཡེ་ཤེས་སེམས་དཔའ་དང་། མཉམ་པ་ཉིད་དང་། ངག་གི་དབང་ཕྱུག་དང་། རྣོན་པོ་དང་བཞིའོ། །འཇམ་དཔལ་རྡོ་རྗེ་སྤྱིར་གནས་སོ། །དེ་ལྔ་ནི་ཡ་མཱནྟ་ཀ་དང་། ཡ་མ་རཱ་ཛ་དང་། ཨེ་ཀ་ཛཱ་ཏི་དང་། བེ་ཏ་ལི་དང་། མ་མོ་ཁྲག་མིག་མའོ། །ཡ་མཱནྟ་ཀ་སྤྱིར་གནས་སོ། །དེ་རྣམས་ཡང་དག་པ་ཆོས་ཉིད་ཀྱི་རླུང་ངོ་། །གདུལ་བྱ་སེམས་ཅན་གྱི་དབང་དུ་བྱས་ནས། ཕོ་རླུང་གཡས། མོ་རླུང་གཡོན། མ་ནིང་དབུས་སུའོ། །དེ་བས་ན་ཁ་སྣ་གསུམ་དུ་འབྱུང་ཞེས་གདུལ་བྱར་བཤད་དོ། །སྒོམ་ཚུལ་ནི་གསུམ་སྟེ། རླུང་གི་དེ་ཁོ་ན་ཉིད་ཤེས་པར་བྱ་བ་དང་། བསྒོམ་ཐབས་དང་། འབྲས་བུའོ། །རླུང་གི་དེ་ཁོ་ན་ཉིད་གང་ཞེ་ན། རླུང་གི་དེ་ཁོ་ན་ཉིད་ཡེ་ཤེས་ལྔའོ། །དེ་མ་རྟོགས་ན་འདུ་བ་རྣམས་པ་བཞི་ཡིན་ནོ། །དེ་ཡང་རྒྱུད་ལས། རླུང་གི་དེ་ཉིད་མ་ཤེས་པས། །ནད་ཀྱི་འདུ་བ་རྣམ་བཞིར་སྨིན། །ཞེས་སོ། །བསྒོམ་ཐབས་ནི། དང་པོ་སྔོན་དུ་འགྲོ་བ་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས། དེ་ནས་བདུན་རྣམ་དག་བྱའོ། །དེ་ནས་གནས་དབེན་པར་སྟན་བདེ་བ་ལ་གནས་ཏེ། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བྱ། ལག་པ་མཉམ་གཞག་བཅའ། ལྕེ་ཡ་རྐན་ལ་སྦྱར། གསུས་པ་སྒལ་པ་ལ་བཅར། སྒལ་ཚིགས་བསྲང་། མིག་ཐད་ལ་བལྟ། ཁ་སྣ་རང་སར་བཞག །སྤྱི་བོའི་བདུད་དེ་ཡ་མཱནྟ་ཀ་ཡབ་ཡུམ་དུ་བསྒོམ། མགྲིན་པར་ཨེ་ཀ་ཛཱ་ཊི། སྙིང་གར་ཡ་མ་རཱ་ཛ། ལྟེ་བར་ཁྲག་མིག་མའོ། །དེ་ནས་སྣ་བུག་ནས་ཡར་ལ་འོད་ཟེར་སྤྲོ་བསྡུ་བྱའོ། །ཐུན་མཚམས་སུ་གཏོར་མ་བཏང་། མཆོད་པ་བྱ། འབྲས་བུ་ནི་བར་དོའི་ཤེས་པ་རང་ས་ཟིན། ལུས་འོད་གསལ་དུ་རྟོགས། རིག་པ་ཆོས་ཉིད་དུ་ཐིམ། རྟོགས་པ་ནམ་མཁའ་ལྟར་དྭངས་ཏེ། དགོངས་པ་ཆུ་བོ་གངྒཱ་དང་མཉམ་མོ། ༈ །ཡི་གེ་སྲོག་རྩོལ་གྱིས་རྡོ་རྗེའི་མདུད་པ་གནད་དུ་བརྡེག་པ་ནི། བསྐྱེད་རིམ་བསྒོམ་པ་ལ། རང་ཡ་མཱནྟ་ཀར་གསལ་བའི་སྐུ་ལ་སྤྱི་བོར་རཱ་ཛ་ཡ་ནི་བཞི་རླུང་གི་འདབ་མ་བཞི་ལ་བསྒོམ། མགྲིན་པར་མེའི་རླུང་བསྐྱེད་པའི་རྩ་འདབ་བཞི་ལ་ར་ཙ་ས་ཏོ་བཞི་བསྒོམ། སྙིང་གར་ཆུའི་རླུང་ལས་བསྐྱེད་པའི་རྩ་འདབ་བཞི་ལ་ཡ་མ་མེ་ཏ་ཀྵེ་བསྒོམ། ལྟེ་བར་སའི་རླུང་ལས་གྱེས་པའི་རྩ་འདབ་བཞི་ལ། རུ་ན་ཡོ་ནི་བཞི་བསྒོམས་ལ། ཡབ་ཡུམ་སྦྱོར་བ་བྱས་ཏེ། སྤྱི་བོའི་ཡི་གེ་འཁོར་བས་བྱང་སེམས་དབབ། དེ་ལ་དགའ་བ་སྐྱེ། དེ་མགྲིན་པར་དབབ། དེ་ལ་མཆོག་དགའ་སྐྱེ། དེ་སྙིང་གར་དབབ། དེ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ། དེ་ལྟེ་བར་དབབ། དེ་ལ་དགའ་བྲལ་གྱི་དགའ་བ་དང་སྦྱར་ཏེ། དེ་ལ་དགའ་བཞི་ལྷན་ཅིག་ཏུ་འདོད་པ་དང་། རིམ་པར་འདོད་པ་ལས། འདིར་སྔོན་དུ་རླུང་གཅུན་པའི་དབང་དུ་བྱས་པས་ལྷན་ཅིག་སྐྱེས་པར་འདོད། དེ་ནས་ཡི་གེ་འཁོར་ནས་འོད་དུ་ཞུ་བར་བསམ། རྡོ་རྗེའི་མཁའ་ལ་ཕེབས་པ་དང་བཟུང་སྟེ། སྟེང་རླུང་འོག་རླུང་བསྡོམ་མོ། །ལག་པ་ཁུ་ཚུར་བཅངས་ཏེ་མཐེ་བོང་ནང་དུ་བསྡོམ། མིག་ནམ་མཁའ་ལ་བལྟ། རྐང་པ་མདེའུ་འཕེན་པ་ལྟར་བྱ། དབུགས་སྣར་དྲངས། དེས་ཐིག་ལེ་མི་འཆོར་འཛིན་པར་བྱེད། བྱང་སེམས་ཡར་འཐེན་ལ་ཐིག་ལེ་བཟུང་བའོ། །བདུད་ཁྱབ་འཇུག་བྱེད་ཀྱིས་བདུད་བཞི་རང་གྲོལ་དུ་བཏང་བ་ནི། རང་ཡི་དམ་ཡ་མཱནྟ་ཀ་བསྒོམ། ལུས་ལ་བདུད་བཞི་གསལ་བར་བསྒོམ། རང་ལུས་སྐྱིལ་ཀྲུང་བྱ། ལག་པ་མཉམ་གཞག་བྱས་ལ། སྟེང་འོག་གི་རླུང་བསྡོམ། ཏིང་ངེ་འཛིན་གྱིས་གསང་བའི་ཆུ་སྦུབས་སུ་ཡི་གེ་ཡྃ་བསྒོམ། ལྟེ་བའི་དཀྱིལ་དུ་རྩ་བྱི་དྲི་ཨ་ཤད་བྱ་བ་ལྟེ་བ་ནས་སོར་བཞིའི་འོག་ན་ཡོད་པ་དེ་ལ་རྃ་དམར་པོ་བསྒོམ། དེ་ནས་ཡྃ་ལས་རླུང་བྱུང་། རྃ་ལས་མེ་འབར་ནས། བདུད་བཞི་མེས་བསྲེགས་ཏེ། ཞུ་ནས་ཐིག་ལེའམ། བདུད་རྩིས་ལུས་གང་ནས་དཀར་མེར་ཁེངས་ནས་མེས་ལྷོག་ལྷོག་ཁོལ་ནས་མེ་ལྕེ་ཁོང་པ་ན་ཡར་དམར་ལམ་ལམ་འབར། དུ་བ་སྤྱི་བོ་ཚངས་པའི་བུ་ག་ན་ཡར་ལ་ཐུལ་ཐུལ་འཐུལ་བར་བསམ། མེས་བག་ཆགས་རྣམས་བསྲེགས། དེའི་ཐལ་བ་གཤང་ལམ་ན་མར་སོང་བར་བསམ། དེ་ལ་དུ་བ་སྤྱི་བོར་མ་བཏོན་ན། རླུང་གནས་སུ་མི་འཆུན། མེ་ལྕེ་ཕྱིར་བཏང་ན་རླུང་གི་བརྡེག །ཐལ་བ་མར་མ་བཏོན་ན་རླུང་འཁྱམས་པས་གལ་ཆེའོ། །དབུགས་མ་ཐུབ་ན་གཏོང་བའི་དུས་སུ་ཧག་བྱས་ཏེ་ཕྱིར་དྲག་ཐལ་དང་བཅས་ཏེ་རྒྱངས་རྒྱངས་བཏང་ངོ་། །དེས་བདུད་མེས་བསྲེགས་པ་ཞུ་ནས། རྟག་པ་དང་། ཆད་པ་དང་། ཡོད་པ་དང་། མེད་པ་ལས་གྲོལ་ཏེ། མཐའ་བཞི་རང་སར་ཞི་བའོ། །དེ་ཅི་ཞེ་ན་མཐའ་བཞིའི་འཛིན་པ་བདུད་བཞི་ཡིན་པས། བདུད་བཞི་བདུད་རྩིར་ཞུ་བའོ། །དེ་ལྟར་ཤེས་ན་རྟོགས་པས་བདག་གྲོལ་བའོ། །དེ་རྣམས་ཡིད་ཆེས་པའི་ཁུངས་ནི། འཇམ་དཔལ་ཁྲོས་པའི་རྒྱུད་ཀྱི་ལེའུ་ལྔ་བཅུ་གཉིས་པ་ལྟར་རོ།། ༈ །།ཐུགས་རྗེས་གཞན་བསྒྲལ་བ་ནི་བཞི་སྟེ། ཉི་མ་དང་པོས་མགོ་འཁོར། གཉིས་པས་ཡིད་འཁྲུག་པ་དང་། གསུམ་པས་ཁྲག་སྐྱུགས་པ་དང་། བཞི་པས་མཱ་ར་ཡ་གདོན་མི་ཟ་བར་བྱེད་པའོ། །ཉི་མ་དང་པོས་མགོ་འཁོར་བར་བྱེད་པ་ལ་གསུམ་སྟེ། ཏིང་ངེ་འཛིན་དང་། རྫས་དང་། སྔགས་སོ། །ཏིང་ངེ་འཛིན་ནི་ཡ་མཱནྟ་ཀས་གཤིན་རྗེ་ཡ་མ་ཛྭ་བསྐུལ། དེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། བཀའ་ཉན་ཕྱྭ་སངས་བསྐུལ་ནས། དགྲ་ཡི་མགོ་ལ་འཁོར་ལོ་བསྐོར་བས་རླུང་འཁྲུགས་ཏེ་ལྷའི་བུའི་བདུད་ཀྱིས་སྤྱི་བོ་ཚངས་པའི་གཙུག་ཐག་བཅད་ནས། རླུང་གི་ཁ་ཞལ་དུ་རྔུབས་ཏེ་དཀྲུགས་པས་མགོ་འཁོར་བར་བསམ་མོ། །རྫས་ནི་ཤར་ནས་སྤོས་པ་དུག་ཐུན་བརྡེག་གོ། །སྔགས་ནི་ཉི་མ་དང་པོའི་སྔགས་ཁྲི་བཟླས་སོ། །ཉི་མ་གཉིས་པ་ཡིད་འཁྲུགས་པ་ལ་གསུམ་སྟེ། ཏིང་ངེ་འཛིན་དང་། རྫས་དང་། སྔགས་སོ། །ཏིང་ངེ་འཛིན་ནི་བདག་ཡ་མཱནྟ་ཀས་བདུད་པོ་མྱོས་བྱེད་འབར་བ་བསྐུལ། དེས་གཤིན་རྗེ་ཡ་བ་ཏི་དང་བཀའ་ཉན་ཏེལ་པ་བསྐུལ་བས་དགྲའི་མགྲིན་པར་འཁོར་ལོ་བསྐོར་ཏེ། མེའི་རླུང་དཀྲུགས་པས། མགྲིན་པའི་སྔགས་འཁོར་ནས་འཁྲུགས་པས་ཉོན་མོངས་པའི་བདུད་ཀྱིས་མགྲིན་པའི་ལྕེའུ་ཆུང་བཅད་ནས་མེའི་རྩ་བསྡུས་ཏེ་ཞལ་དུ་གསོལ་བས། དགྲ་བོ་ཡིད་འཁྲུགས་པར་བསམ་མོ། །རྫས་ནི་ལྷོ་ནས་མྱོས་བྱེད་ཁྲག་ཐུན་བརྡེག་གོ། །སྔགས་ནི་ཉི་མ་གཉིས་པའི་སྔགས་ཁྲི་བཟླས་སོ། །ཉི་མ་གསུམ་པ་ལ་ཡང་གསུམ་ལས། ཏིང་ངེ་འཛིན་ནི་བདག་ཡ་མཱནྟ་ཀས་སྲིན་པོ་ཨརྻ་མ་རུ་བསྐུལ། དེས་གཤིན་རྗེ་ཨ་ཝ་གླང་མགོ་དང་། བཀའ་ཉན་གཤིན་རྗེ་རྨིགས་པ་བསྐུལ་ནས་དགྲ་བོའི་ལྟེ་བར་འཁོར་ལོ་བསྐོར་ཏེ། སའི་རླུང་འཁྲུགས་པས་སྔགས་འཁོར་ཏེ། ཕུང་པོའི་བདུད་ཀྱིས་ལྟེ་བའི་རྩ་བཅད་ནས་སའི་རྩ་བསྡུས་ཏེ་ཞལ་དུ་གསོལ་བས་དགྲ་བོའི་བུ་ག་དགུ་ནས་ཁྲག་ཏུ་སྐྱུགས་པར་བསམ་མོ། །རྫས་ནི་ནུབ་ནས་གཟིར་བ་མདའ་ཐུན་བརྡེག་གོ། །སྔགས་ནི་ཉི་མ་གསུམ་པའི་སྔགས་ཁྲི་ཕྲག་བཟླས་སོ། །བཞི་པ་ལ་ཡང་གསུམ་སྟེ། ཏིང་ངེ་འཛིན་ནི་ཡ་མཱནྟ་ཀས་གནོད་སྦྱིན་རལ་པ་ཚར་དགུ་བསྐུལ། དེས་རལ་པ་ཚལ་དགུ་དང་། བཀའ་ཉན་མིག་དམར་བསྐུལ། དགྲ་བོའི་སྙིང་གར་འཁོར་ལོ་བསྐོར་བས་སྔགས་འཁྲུགས། ཆུའི་རླུང་དཀྲུགས་ནས་འཆི་བདག་གི་བདུད་ཁྲོས་ཏེ། བདུད་དེས་སྲོག་རྩ་བཅད་ནས་གཤིན་རྗེའི་ཞལ་དུ་གསོལ་ཏེ། ཡི་གེ་རྣམས་སྙིང་གར་བསྡུས། རླུང་རྣམས་སྲོག་རྩར་འདུས་ནས་ཡི་གེ་ལ་ཐིམ་ནས་ཤེས་པ་མར་མེ་ལྟར་གནས་པ་དེ་ལ། བདག་ཡ་མཱནྟ་ཀའི་སྐུར་གསལ་བའི་ཤེས་པ་དེ་ལག་པ་གཡས་པ་ཨ་ལས་ཟླ་བ། གཡོན་པ་མ་ལས་ཉི་མའི་དབུས་སུ་ཡི་གེ་ཡའི་ངོ་བོ་མར་མེ་ལྟ་བུ་དེ་བླངས་ནས་འོག་མིན་དུ་འཕངས་པ་འཕགས་པ་འཇམ་དཔལ་གྱི་སྲས་སུ་གྱུར་པར་བསམ་མོ། །དེ་ལ་ནི་ནང་རྩ་རླུང་གིས་བསྒྲལ་བ་ཞེས་བྱ་སྟེ། ཕྱི་དྲག་སྔགས་ཀྱིས་བསྒྲལ་བ་གཉིས་བསྟུན་ནོ། །དེ་རྣམས་ཀྱང་གོང་གི་ལེའུ་ལྔ་བཅུ་གཉིས་པ་ལས་སྟོན་པར་འགྱུར་རོ།། ༈ །།འབྲས་བུ་སྐུ་བཞིའི་ཉི་མ་བཞི་པ་ནི། སྟོང་པ་ཆོས་སྐུ། མཚན་དཔེ་ལོངས་སྐུ། སྣ་ཚོགས་སུ་འཆར་བ་སྤྲུལ་པའི་སྐུ། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལ་ཆོས་སྐུ་ནི་སྤྲོས་དང་བྲལ་བ། རང་བཞིན་གྱི་འོད་གསལ་བ། སྨྲ་བརྗོད་ལས་འདས་པ། གནས་ཆོས་ཀྱི་དབྱིངས་ན་རིག་པ་མ་དང་བྲལ་ནས་གནས་པ་དེ། རིག་པ་ལ་ཡེ་ཤེས་ཀྱིས་བརྒྱན་ནས། མཚོན་བྱར་མཚོན་དུ་བཏུབ་ཀྱང་། ཚ་རེག་དང་གྲང་རེག་ལས་འདས་པ། བློས་དཔག་ཏུ་མེད་པ། ངག་གིས་བརྗོད་པ་དང་བྲལ་བའོ། །ལོངས་སྐུ་ནི། གནས་འོག་མིན་ན་སྟོན་པ་རང་བཞིན་གྱི་རང་སྣང་ལ་དཔེར་ན་འཇའ་ཚོན་ལྟ་བུའི་སྐུ། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པའོ། །སྤྲུལ་པའི་སྐུ་ནི་འཇིག་རྟེན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུབ་པའི་དབང་པོས་མཛད་པ་བཅུ་གཉིས་ཀྱི་དོན་མཛད་པའོ། །དབྱེར་མེད་པའི་སྐུ་ནི་དེ་ལྟ་བུའི་སྐུ་གསུམ་པོ་དེ་ཡང་། ངོ་བོ་ནས་བལྟས་ན་ཆོས་སྐུ། རང་བཞིན་ནས་བལྟས་ན་ལོངས་སྐུ། འཆར་ཚུལ་ནས་བལྟས་ན་སྤྲུལ་སྐུ། རྣམ་པ་ནས་བལྟས་ན་ཡེ་ཤེས་རྣམ་པ་ལྔ་ཡིན་ལ། དེ་གསུམ་དབྱེར་མེད་པ་ནི་རིག་པའི་རང་བཞིན་འབྲས་བུའོ། །ཆོས་ཉིད་དེ་བཞིན་ཉིད། ཡང་དག་པའི་མཐའ་ལ་གནས་པ་ཞེས་བྱ་སྟེ། ཐ་སྙད་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །སྐུ་གསུམ་ངོ་བོ་ཉིད་ཐ་དད་དབྱེར་མེད་འབྲས་བུའི་ངོ་བོའོ། །ཆོས་ཐམས་ཅད་ཀྱི་དེ་ཉིད་ཡིན་པའོ། །དེ་ལ་ཐ་སྙད་དུ་འབྲས་བུ་སྐུ་བཞིའི་ཉི་མ་བཞི་ཞེས་བརྗོད་པའོ། །དེ་ལྟ་བུའི་ཉི་མ་བཞི་པོ་དེ་ཡང་དུས་ནམ་འབྱུང་ཞེ་ན། གཞི་དོན་གྱི་ཉི་མ་བཞི་ནི། ཐོས་པས་ཤེས་རབ་མཐར་ཕྱིན་པའི་དུས་སུ་འབྱུང་། ལམ་ཐབས་ཀྱི་ཉི་མ་བཞི་ནི། བསམ་པའི་ཤེས་རབ་མཐར་ཕྱིན་པས་བྲིས་སྐུ་ལ་བརྟེན་ནས་བསྙེན་པ་བྱས། རྡུལ་ཚོན་ལ་བརྟེན་ནས་ཉེ་བར་བསྙེན། མ་ཊྃ་ལ་བརྟེན་ནས་སྒྲུབ་པ་ཆེན་པོ། འཁོར་ལོ་ལ་བརྟེན་ནས་ལས་ལ་སྦྱར་བའི་དུས་ན་འབྱུང་ངོ་། །འབྲས་བུའི་ཉི་མ་བཞི་ནི། རྟོགས་པ་རང་ལ་ཤར། ཐུགས་རྗེ་གཞན་ལ་ཤར། སྒོམ་སྒྲུབ་ཕུལ་དུ་ཕྱིན་པའི་དུས་སུ་འབྱུང་ངོ་། །བརྒྱུད་པའི་མན་ངག་གསང་བ་དམ་པ་འདི། །བླ་མའི་ཐུགས་ཟིན་ཞལ་གྱི་གདམས་པ་རྙེད། །ཡིད་ཆེས་བདེར་གཤེགས་བཀའ་ཡི་གསང་རྒྱུད་ཐོས། །ཤེས་རབ་རིག་པ་ཆོས་དང་དབྱེར་མེད་མཁྱེན། །ཡིད་ཆེས་བློ་ལ་སྐྱེས་ནས་བརྗེད་བྱང་དུ། །ཡི་གེའི་རིས་སུ་བྲིས་པའི་གདམས་ངག་འདིར། །ཉེས་འགལ་བྱུང་ན་ཆོས་སྐུའི་ངང་དུ་བཤགས། །དགེ་བ་མཆིས་ན་འགྲོ་བ་ཡོངས་ལ་བསྔོ། །བདུད་བཞི་གནད་ཀྱི་འཁྲུལ་འཁོར་བསྒོམ་ཡིག་ཀུན་གྱི་རྩ་བ། ཁ་ཐུན་ནག་པོའི་བཅུད་ཕྱུང་བ། རྡོ་རྗེ་ཁྲོ་མཆོག་འབར་གྱིས་སྦྱར་བའོ། །གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་བརྒྱུད། སྒང་བ་ཇོ་བོའི་གདམས་ངག་ཡིན། །ཀུན་ལ་མེད་པས་རབ་ཏུ་གསང་།། ༈ །།བསྐུལ་འབུམ་བཞུགས་སོ། །དཔལ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །གཤེད་བཞི་ལ་སོགས་པའི་ལས་མཁན་བསྐུལ་ལོ། །དེ་ལ་ཉི་མ་དང་པོའི་གཤིན་རྗེ་བསྐུལ་བ་ནི། །ཧཱུྃ། གཤིན་རྗེའི་རྒྱལ་པོ་བགེགས་ཀྱི་གཤེད། །སྨུག་ནག་གཅེར་བུ་རལ་པ་ཅན། །རི་རབ་ཆེན་པོའི་རྨངས་དག་ནས། །དམ་ཉམས་དགྲ་བོ་འགུགས་མཛད་པ། །གཡས་ཀྱི་གཤིན་རྗེའི་དབྱུག་ཏོ་ཡིས། །བཀའ་ལས་འདའ་བ་རྡུལ་དུ་རློག །གཡོན་གྱི་འཁོར་ལོ་མཚོན་ཆ་ཡིས། །ཉམས་པའི་སྐྱེ་བརྒྱུད་རྩད་ནས་ཆོད། །མི་མགོའི་ཕྲེང་བས་ལུས་ལ་བརྒྱན། །སྦྲུལ་ནག་ཆུན་པོས་ཡན་ལག་དཀྲིས། །གདུག་པའི་ཞེ་སྡང་གཅོད་པ་དང་། །དམྱལ་བ་གནས་ནས་གཞོམ་པའི་ཕྱིར། །དམ་ཉམས་དགྲ་བོ་ཟུངས་ཤིག་ཁུག །ཅེས་སྔགས་བཟླས་སྨན་རཀ་སྦྲེང་ངོ་། །གཉིས་པ་གཤིན་རྗེ་མྱོས་བྱེད་བསྐུལ་བ་ནི། ཧཱུྃ། གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་གཤེད། །སེར་ནག་གཅེར་བུ་རལ་པ་ཅན། །རི་རབ་ཆེན་པའི་ངོས་བཞི་ནས། །དམ་ཉམས་དགྲ་བོ་འགུགས་མཛད་པ། །གཡས་ཀྱི་གཤིན་རྗེའི་དབྱུག་ཏོ་ཡིས། །བཀའ་ལས་འདའ་བ་རྡུལ་དུ་རློག །གཡོན་གྱི་འཁོར་ལོ་མཚོན་ཆ་ཡིས། །ཉམས་པའི་སྐྱེ་བརྒྱུད་རྩད་ནས་ཆོད། །མི་མགོའི་ཕྲེང་བས་ལུས་བརྒྱན་ཅིང་། །སྦྲུལ་ནག་ཆུན་པོས་ཡན་ལག་དཀྲིས། །གདུག་པའི་ང་རྒྱལ་གཅོད་པ་དང་། །བདུད་ཀྱི་གནས་ནས་གཞོམ་པའི་ཕྱིར། །དམ་ཉམས་དགྲ་བོ་ཆིངས་ཤིག་སྡོམས། །ཞེས་སྔགས་བཟླས། དམར་སྦྲེང་། གསུམ་པ་ཨཱརྻ་མ་རུ་བསྐུལ་བ་ནི། ཧཱུྃ། གཤིན་རྗེའི་རྒྱལ་པོ་ཀླུ་ཡི་གཤེད། །དམར་ནག་གཅེར་བུ་རལ་པ་ཅན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས། །དམ་ཉམས་དགྲ་བོ་འགུགས་མཛད་པ། །གཡས་ཀྱི་གཤིན་རྗེའི་དབྱུག་ཏོ་ཡིས། །བཀའ་ལས་འདའ་བ་རྡུལ་དུ་རློག །གཡོན་གྱི་འཁོར་ལོ་མཚོན་ཆ་ཡིས། །ཉམས་པའི་སྐྱེ་བརྒྱུད་རྩད་ནས་ཆོད། །མི་མགོའི་ཐོད་པ་སྐམ་རློན་གྱིས། །ཁྱོད་ཀྱི་དབུ་དང་ཡན་ལག་བརྒྱན། །སྦྲུལ་ནག་ཆུན་པོས་ཡན་ལག་དཀྲིས། །གདུག་པའི་འདོད་ཆགས་གཅོད་པ་དང་། །ཡི་དྭགས་གནས་ནས་གཞོམ་པའི་ཕྱིར། །དམ་ཉམས་དགྲ་བོ་དབང་དུ་བསྡུས། །ཞེས་སྔགས་བཟླས། དམར་སྦྲེང་། བཞི་པའི་གཤིན་རྗེ་བསྐུལ་བ་ནི། ཧཱུྃ། གཤིན་རྗེའི་རྒྱལ་པོ་གནོད་སྦྱིན་གཤེད། །ལྗང་ནག་གཅེར་བུ་རལ་པ་ཅན། །གླིང་བཞི་ས་ཡི་དཀྱིལ་འཁོར་ནས། །དམ་ཉམས་དགྲ་བོ་འགུགས་མཛད་པ། །གཡས་ཀྱི་གཤིན་རྗེའི་དབྱུག་ཏོ་ཡིས། །བཀའ་ལས་འདའ་བ་རྡུལ་དུ་རློག །གཡོན་གྱི་འཁོར་ལོ་མཚོན་ཆ་ཡིས། །ཉམས་པའི་སྐྱེ་བརྒྱུད་རྩད་ནས་ཆོད། །སྐུ་ལ་མི་ཐོད་ཕྲེང་བས་བརྒྱན། །སྦྲུལ་ནག་ཆུན་པོས་ཡན་ལག་དཀྲིས། །གདུག་པའི་ཕྲག་དོག་གཅོད་པ་དང་། །གཏི་མུག་གནས་ནས་གཞོམ་པའི་ཕྱིར། །དམ་ཉམས་དགྲ་བོ་ཐལ་བར་རློག །ཞེས་སྔགས་བཟླས། དམར་སྦྲེང་། གཤེད་མོ་བཞི་བསྐུལ་བ་ནི། ཉི་མ་དང་པོ་ལ། ཤར་གྱི་མ་མོ་མངགས་པ་ནི། །མི་སྲུན་ཐོག་གི་དབུ་རྒྱན་ཅན། །ཞལ་ནི་དཀར་ལ་མཆེ་བ་བཞད། །དགྲ་བོའི་སྙིང་རྩ་མྱུར་དུ་ཆོད། །ཕྱག་ན་འཇིགས་པའི་མཚོན་ཆ་བསྣམས། །གཡས་ན་སེང་ལྡེང་ཕུར་པ་བསྣམས། །དགྲ་བོ་ཀུན་གྱི་སྙིང་ལ་རྒྱོབ། །གཡོན་ན་སྔོན་དམར་ཞགས་པ་བསྣམས། །དགྲ་བོ་ཀུན་ཀྱང་བྱད་དུ་གཞུག་པ་ནི། །དབང་ཆེན་དྲག་རྩལ་ལྷ་མོ་ཁྱོད་ཡིན་པས། །གང་ལ་མངགས་པའི་གནས་གཤེད་དུ། །གཅིག་ལ་གཅིག་རྐྱ་འཁྲབ་ཅིང་འགྲོ་བར་ངེས། །མིང་པོའི་ལས་ཀུན་གྲུབ་པར་མཛོད། །གཉིས་པ་ལ། ལྷོ་ཡི་མ་མོ་མངགས་པ་ནི། །སྟག་ལྤགས་གོས་ནི་སྐུ་ལ་གསོལ། །དབུ་སྐྲ་ཐོག་གི་ཟར་བུ་ཅན། །སྤྱན་ནི་ཉི་ཟླ་འབར་བའི་འོད། །ཤངས་ནི་སྟོང་གསུམ་དྲི་སྣོམ་མཛད། །ཞལ་ནི་སྟོང་གསུམ་ཁྲག་ཏུ་འཐུང་། །ཕྱག་གཉིས་དགྲ་བགེགས་དབང་དུ་སྡུད། །འོད་ཕུང་འབར་བའི་དཀྱིལ་ན་འགྱིང་། །རྣལ་འབྱོར་བདག་གི་དགྲ་བགེགས་རྣམས། །སོད་ཅིག་རོལ་ཅིག་ཆིངས་ཤིག་སྡོམས། །རྒྱོབ་ཅིག་གཏོགས་ཤིག་མངགས་པའི་ལྷ་མོ་ཁྱོད། །གང་འདུལ་གཉེན་པོ་མཛད་དུ་གསོལ། །ཉི་མ་གསུམ་པ་ལ། ནུབ་ཀྱི་ལྷ་མོ་མངགས་པ་ནི། །རིན་ཆེན་རྨ་བྱའི་ཐུལ་པ་གསོལ། །ཀླུ་བྲན་མང་པོའི་སྟེང་ན་འགྱིང་། །དབུ་སྐྲ་ཁམ་ནག་འཇིགས་པར་སྟོན། །སྤྱན་གྱིས་བདུད་རྣམས་ཟིལ་གྱིས་གནོན། །ཤངས་ཀྱིས་དགྲ་བགེགས་ཀུན་ལ་དྲི་སྣོམ་མཛད། །ཞལ་ནས་དུག་གསུམ་སྒྲོལ་བར་མཛད། །ཕྱག་གཡས་ལྕགས་ཕུར་རྩེ་ལྔ་བསྣམས། །དགྲ་བོ་རྣམས་ཀྱི་སྙིང་ལ་འདེབས། །གཡོན་པས་ལྕགས་ཐག་འདོམ་གང་བསྣམས། །དགྲ་བོ་རྣམས་ཀྱི་རྐེ་ནས་ཐོགས། །རྡོ་རྗེ་ཕུར་པས་ངེས་པར་ཐོབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཉི་མ་བཞི་པ་ལ། བྱང་ནས་མངགས་པའི་མ་མོ་ནི། །འབྲོང་ཆེན་སྟོང་གི་གཡང་གཞི་གསོལ། །རྐྱང་བུ་དགུ་ལ་ཆིབས་སུ་བཅིབས། །དབུ་ནི་རཀྟའི་ཐོར་གཙུག་ཅན། །སྤྱན་གྱིས་གཟའ་སྐར་མང་པོ་འདུལ། །ཤངས་ཀྱིས་རྔུབས་པས་རྒྱ་མཚོ་གཏིང་ནས་སྐེམས། །ཞལ་ཆེན་གདངས་པས་དགྲ་བགེགས་སྤྱི་ནས་འཇོམས། །ཕྱག་ཆ་གཡས་ཀྱིས་བདུད་བཞི་གནས་སུ་སྒྲོལ། །ཕྱག་གཡོན་རཀྟའི་རྦ་ཀློང་གཏིང་ནས་དཀྲུག །ཞལ་གྱིས་སྒྲོལ་བའི་གིང་མཛད་དེ། །སྐུ་ལ་མེ་དཔུང་འབར་བ་ཡིས། །སྲིད་གསུམ་ཐམས་ཅད་མེ་ཡིས་སྲེག །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །མཐར་བྱེད་བརྒྱད་བསྐུལ་བ་ནི། ཧཱུྃ། དམྱལ་བའི་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་སྔོ་ནག་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པས་དབྱུག་པར་རལ་གྲི་ཐོགས། །གཡོན་པས་ཞགས་པ་ཐོད་པ་ཐོགས། །ཆིབས་སུ་མ་ཧེ་སྔོ་ནག་བཅིབས། །ཕོ་ཉར་གཤེད་ཤེལ་གྱིའང་ཟེར། ཀྱི་སེང་གེ་འགྱེད། །སྡང་བའི་དགྲ་དང་གནོད་པའི་བགེགས། །མགོ་བོ་བསྐོར་དུ་གཞུག་པའི་དུས་ལ་བབ། །སྲོག་རྩ་སྙིང་རྩ་དམར་ལ་ས་མ་ཡ། །བྷྱོ། ཡི་དྭགས་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་ནག་པོ་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པ་རལ་གྲི་ཁ་ཊྭཱྃ་ཐོགས། །གཡོན་པ་ཞགས་པ་རལ་གྲི་བསྣམས། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །ཕོ་ཉར་གསེར་གྱི་སྟག་མོ་འགྱེད། །ལས་སུ་དགྲ་བོ་བརྒྱལ་བར་བྱེད། །དུས་ལ་བབ་པོ་ས་མ་ཡ། །བྷྱོ། བྱོལ་སོང་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་དུད་ཁ་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པ་དབྱུག་པ་དགྲ་སྟྭ་ཐོགས། །གཡོན་པ་ཞགས་པ་ལྕགས་སྒྲོག་ཐོགས། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །ཕོ་ཉར་ཟངས་ཀྱི་ཝ་མོ་འགྱེད། །དགྲ་བོ་ཁྲག་ཏུ་སྐྱུགས་པར་བྱེད། །དུས་ལ་བབ་བོ་ས་མ་ཡ། །བྷྱོ། ཀླུ་སྲིན་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་སྨུག་ནག་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པ་དབྱུག་པ་རཀྟའི་ཆུ་རྒྱུན་འབེབས། །གཡོན་པ་ཞགས་པས་སྲིད་གསུམ་སྙིང་ནས་འདྲེན། །ཆིབས་སུ་སྦྲུལ་ནག་འབར་བ་བཅིབས། །ཕོ་ཉར་ལྕགས་ཀྱི་ཁྱི་མོ་འགྱེད། །གསོད་པར་གྱིས་ཤིག་མཱ་ར་ཡ། །དུས་ལ་བབ་བོ་ས་མ་ཡ། །བྷྱོ། ལོག་འདྲེན་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་སྔོ་སྐྱ་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །ཕྱག་ན་ཤེས་རབ་མདའ་གཞུ་བསྣམས། །ཆིབས་སུ་མ་ཧེ་སྔོ་ནག་བཅིབས། །ཕོ་ཉར་བསྭེ་ཡི་ཀངྐ་འགྱེད། །ལས་སུ་སྲིད་པའི་སྲོག་དབུགས་ལེན། །དུས་ལ་བབ་བོ་ས་མ་ཡ། །བྷྱོ། སྲིན་པོ་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་དམར་ནག་འཇིགས་པ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པ་དབྱུག་པ་ཡེ་ཤེས་མདའ། །གཡོན་པ་ཞགས་པ་ཤེས་རབ་གཞུ། །ཆིབས་སུ་མ་ཧེ་སྔོ་ནག་བཅིབས། །ཕོ་ཉར་བསྭེ་ཡི་ཀངྐ་འགྱེད། །ལས་སུ་སྲིད་པའི་སྲོག་དབུགས་ལེན། །དགྲ་བགེགས་དབུགས་ལ་ས་མ་ཡ། །བྷྱོ། དམ་སྲི་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་སྔོ་ནག་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པ་དབྱུག་པ་ཐོ་བ་ཐོགས། །གཡོན་པ་ཞགས་པ་གཏུན་ཤིང་ཐོགས། །ཆིབས་སུ་སྨྱོ་བྱེད་ཤ་བ་བཅིབས། །ཕོ་ཉར་སྟག་གཟིག་བྱ་རོག་འགྱེད། །ལས་སུ་དམ་ཉམས་བླ་ཚེ་རྐུ། །དུས་ལ་བབ་བོ་ས་མ་ཡ། །བྷྱོ། གནོད་སྦྱིན་མཐར་བྱེད་གཤིན་རྗེའི་གཤེད། །སྐུ་མདོག་དམར་ནག་འབར་བ་ལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གཡས་པ་ཐོད་དབྱུག་ཏྲི་ཤུ་ལ། །གཡོན་པ་ཞགས་པ་མདུང་ཐུང་བསྣམས། །ཆིབས་སུ་ལྐུགས་པ་ལུག་ལ་བཅིབས། །ཕོ་ཉར་གསེར་གྱི་འུག་པ་འགྱེད། །ལས་སུ་དགྲ་བགེགས་རྩད་ནས་བཅོད། །དུས་ལ་བབ་བོ་ས་མ་ཡ། །ལས་ཀྱི་གཤིན་རྗེ་ཁྱོད་རྣམས་ཀྱང་། །ལས་སུ་གསོད་དང་སྒྲོལ་ལ་བརྩོན། །ཟས་སུ་ཤ་དང་ཁྲག་ལ་དགའ། །དུས་ལ་བབ་བོ་ས་མ་ཡ། །སྲོག་རྩ་གཅོད་པའི་དུས་ལ་བབ། །སྙིང་རྩ་གཅོད་པའི་དུས་ལ་བབ། །རུང་ཐུང་གཡས་གཡོན་ལས་ལ་ས་མ་ཡ། །རྩེའུ་ཆུང་གཡས་གཡོན་ལས་ལ་ས་མ་ཡ། །ལོང་རྩ་གཡས་གཡོན་ལས་ལ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ད་ནི་གཤེད་པོ་བདུན་བསྐུལ་ཏེ། ཡབ་གཅིག་འཇམ་དཔལ་ནག་པོ་ནི། །སྐུ་མདོག་སྔོ་ནག་འབར་བ་ལ། །མཐིང་ནག་རལ་པ་ཤ་ར་ར། །མ་མོའི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་པ་སྟོང་ནི་མ་མོ་སྟོང་། །ཆིབས་སུ་གཤིན་རྗེ་འབུམ་གྱི་ཁྲི་ལ་བཅིབས། །འཁོར་དུ་མ་མོ་སྨུག་ནག་འབུམ་གྱིས་བསྐོར། །སྨུག་ནག་དགྲ་འདུལ་ལས་ལ་འགྱེད། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ནི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །ཡབ་གཅིག་ཡ་མ་རཱ་ཛ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ལྕགས་ཀྱི་རལ་པ་ཤ་ར་ར། །མ་མོའི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་ཟུར་སྟོང་ནི་མ་མོ་སྟོང་། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །འཁོར་དུ་ནག་མོ་འབུམ་གྱིས་བསྐོར། །ནག་མོ་དགྲ་འདུལ་ལས་ལ་འགྱེད། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ཡི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །ཡབ་གཅིག་གཤིན་རྗེ་ཕྱྭ་སངས་ནི། །སྐུ་མདོག་དཀར་པོ་རལ་པ་ཅན། །དུང་གི་རལ་པ་ཤ་ར་ར། །མ་མོའི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་ཟུར་སྟོང་ནི་མ་མོ་སྟོང་། །ཆིབས་སུ་ཉི་ཟླ་ཕྲུག་གཅིག་བཅིབས། །འཁོར་དུ་དཀར་མོ་འབུམ་གྱིས་བསྐོར། །དཀར་མོ་དགྲ་འདུལ་ལས་ལ་འགྱེད། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ཡི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །ཡབ་གཅིག་རལ་པ་ཚར་དགུ་ནི། །སྐུ་མདོག་མཐིང་ནག་རལ་པ་ཅན། །ཁྲོ་ཆུའི་རལ་པ་ཤ་ར་ར། །མ་མོའི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་ཟུར་སྟོང་ནི་མ་མོ་སྟོང་། །ཆིབས་སུ་སྦྲུལ་གྱི་ཁྲི་ལ་བཅིབས། །འཁོར་དུ་སེར་ནག་འབུམ་གྱིས་བསྐོར། །སེར་ནག་དགྲ་འདུལ་ལས་ལ་འགྱེད། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ཡི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །ཡབ་གཅིག་གཤིན་རྗེ་དམར་པོ་ནི། །སྐུ་མདོག་དམར་ནག་རལ་པ་ཅན། །བསྭེ་ཡི་རལ་པ་ཤ་ར་ར། །མཆོང་གི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་ཟུར་སྟོང་ནི་མ་མོ་སྟོང་། །ཆིབས་སུ་ལྐུགས་པ་ལུག་ལ་བཅིབས། །འཁོར་དུ་དམར་ནག་སྟོང་གིས་བསྐོར། །དམར་པོ་དགྲ་འདུལ་ལས་ལ་འགྱེད། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ཡི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །ཡབ་གཅིག་གཤིན་རྗེ་ཏེལ་པོ་ནི། །སྐུ་མདོག་སྔོ་ནག་རལ་པ་ཅན། །མཐིང་ནག་རལ་པ་ཤ་ར་ར། །མཆོང་གི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་ཟུར་སྟོང་ནི་མ་མོ་སྟོང་། །ཆིབས་སུ་མཛོ་མོ་བྲེ་མོ་བཅིབས། །འཁོར་དུ་སྲིན་མོ་འབུམ་གྱིས་བསྐོར། །མགོ་འཕྱང་དགྲ་འདུལ་ལས་ལ་འགྱེད། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ཡི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །ཡབ་གཅིག་གཤིན་རྗེ་མིག་དམར་ནི། །སྐུ་མདོག་དམར་ནག་རལ་པ་ཅན། །ཁྲག་གི་རལ་པ་ཤ་ར་ར། །མ་མོའི་གཤོག་སྒྲ་དི་རི་རི། །རལ་པ་འབུམ་ནི་གཤིན་རྗེ་འབུམ། །གཤོག་ཟུར་སྟོང་ནི་མ་མོ་སྟོང་། །འཁོར་ནི་མགོ་འཕྱང་འབུམ་གྱིས་བསྐོར། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །མགོ་འཕྱང་དགྲ་འདུལ་ལས་ལ་འགྱེད། །བདག་ལ་བརྣག་པའི་དགྲ་ཡུལ་དུ། །ཉེ་འབྱེད་འཁྲུག་པ་ཁྱོད་ཀྱིས་ཐོངས། །དམ་ཉམས་དགྲ་བོ་འདིར་ཁུག་ལ། །འདི་ཡི་སྲོག་དབུགས་ཁྱོད་ལ་འབུལ། །ཁྱོད་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གཤེད་མཛོད་ཅིག །གཤིན་རྗེའི་གཏད་ཁྲམ་བཅུ་གཉིས་ཀྱིས་ཁྲམ་ལ་བཏབ་པ་ནི། ཧཱུྃ། སྟེང་གི་ཕྱོགས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་ནག་འཇོམས་ཁྲམ་གྱི་བདག །སྐུ་མདོག་མཐིང་ནག་འབར་བ་ལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཡིས། །དགྲ་བོའི་དབང་པོ་ལྔ་ལ་བརྡེག །ཕྱག་གཡོན་ཐུགས་རྗེའི་དགྲ་སྟྭ་ཡིས། །དགྲ་བོའི་དུས་མཐའ་མྱུར་དུ་བསྟུང་། །དམ་ཉམས་དགྲ་བོ་མ་རུངས་པ། །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །རྣལ་འབྱོར་བདག་གིས་སྒོས་དགྲར་གྱུར། །གཏད་དོ་གཤིན་རྗེ་ཁྱོད་ལ་གཏད། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །དགྲ་ལ་ཁྲམ་ཁ་ཧྲི་ལི་ལི། །ཎི་མཱ་ར་ཡའི་སྔགས་ཀྱིས་དུག་ཆུ་ནས་ཕྱུང་ལ་བརྡེག་གོ། །འོག་གི་ཕྱོགས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་དམར་པོ་ཁྲམ་གྱི་བདག །སྐུ་མདོག་དམར་ནག་འབར་བ་ལ། །ཕྱག་གཡས་སྐྱེ་འགྲོའི་རྩིས་བྱང་གིས། །དམ་ཉམས་དགྲ་བོ་ཁྲམ་ལ་འདེབས། །གཡོན་པས་ཐུགས་རྗེའི་གཏུན་ཤིང་གིས། །དམ་ཉམས་དགྲ་བགེགས་རྡུལ་དུ་རློག །དམ་ཉམས་དགྲ་བོ་མ་རུངས་པ། །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །རྣལ་འབྱོར་བདག་གི་སྒོས་དགྲར་གྱུར། །གཏད་དོ་གཤིན་རྗེ་ཁྱོད་ལ་གཏད། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །དགྲ་ལ་ཁྲམ་ཁ་ཧྲི་ལི་ལི། །ཤར་གྱི་ཕྱོགས་ཀྱི་ཁྲམ་བདག་ནི། །ཀོང་རྩེ་བྲག་འཇོམས་ཁྲམ་གྱི་བདག །སྐུ་མདོག་དཀར་པོ་འབར་བ་ལ། །ཕྱག་གཡས་རྡོ་རྗེ་བྲག་ནག་གིས། །དགྲ་བགེགས་རྡུལ་ཕྲན་བཞིན་དུ་རློག །གཡོན་པ་འཁོར་ལོ་འབར་བ་ཡིས། །དགྲ་བགེགས་སྐྱེ་ཤི་རྩད་ནས་གཅོད། །དམ་ཉམས་དགྲ་བོ་མ་རུངས་པ། །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །རྣལ་འབྱོར་བདག་གི་སྒོས་དགྲར་གྱུར། །གཏད་དོ་གཤིན་རྗེ་ཁྱོད་ལ་གཏད། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །དགྲ་ལ་ཁྲམ་ཁ་ཧྲི་ལི་ལི། །ཤར་ལྷོ་མཚམས་ཀྱི་ཁྲམ་བདག་ནི། །ཨ་ཝ་གླང་མགོ་ཁྲམ་གྱི་བདག །སྐུ་མདོག་དུད་ཀ་འབར་བ་ལ། །ཕྱག་གཡས་འཇིགས་བྱེད་ལྕགས་ཀྱུ་ཡིས། །དགྲ་བགེགས་སྲོག་རྩ་དམར་ནག་གཅོད། །གཡོན་པས་ཞིང་གི་རྒྱུ་ཞགས་ཀྱིས། །དམ་ཉམས་དགྲ་བོའི་སྲོག་རྩ་ཆིངས། །དམ་ཉམས་དགྲ་བོ་མ་རུངས་སོགས་འགྲེ། །ལྷོ་ཡི་ཕྱོགས་ཀྱི་ཁྲམ་བདག་ནི། །གཤིན་རྗེའི་རྒྱལ་པོ་ཁྲམ་གྱི་བདག །སྐུ་མདོག་སྔོ་ནག་འབར་བ་ལ། །ཕྱག་གཡས་ཡེ་ཤེས་རལ་གྲི་ཡིས། །དགྲ་བགེགས་སྐྱེ་ཤི་རྩད་ནས་གཅོད། །གཡོན་པ་རྡོ་རྗེ་ལྕགས་ཀྱུ་ཡིས། །དགྲ་བགེགས་སྲོག་རྩ་དམར་ནག་འདྲེན། །དམ་ཉམས་དགྲ་བོ་སོགས་འགྲེ། །ལྷོ་ནུབ་མཚམས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་མིག་དམར་ཁྲམ་ཀྱི་བདག །སྐུ་མདོག་དམར་ནག་འབར་བ་ལ། །གཡས་པ་གཅོད་བྱེད་རལ་གྲི་ཡིས། །དགྲ་བགེགས་སྐྱེ་ཤི་རྩད་ནས་གཅོད། །གཡོན་པ་ཞིང་གི་དབྱུག་པ་ཡིས། །དམ་ཉམས་དགྲ་བགེགས་རྡུལ་དུ་རློག །དམ་ཉམས་དགྲ་བོ་སོགས་འགྲེ། ། ནུབ་ཀྱི་ཕྱོགས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་རྨིགས་པ་ཁྲམ་གྱི་བདག །སྐུ་མདོག་དུད་ཁ་འབར་བ་ལ། །གཡས་པ་ཐོད་པའི་ཕྲེང་བ་ཡིས། །དམ་ཉམས་དགྲ་བོའི་དབང་པོ་ཆིངས། །གཡོན་པ་ལྕགས་སྒྲོག་དམར་པོ་ཡིས། །དམ་ཉམས་དགྲ་བགེགས་ཡན་ལག་ཆིངས། །དམ་ཉམས་དགྲ་བོ་སོགས་འགྲེ། ནུབ་བྱང་མཚམས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་ཏེལ་པ་ཁྲམ་གྱི་བདག །སྐུ་མདོག་སྔོ་ནག་འབར་བ་ལ། །གཡས་པ་སྤུ་གྲི་འབར་བ་ཡིས། །དགྲ་བགེགས་སྐྱེ་ཤི་རྩད་ནས་ཆོད། །གཡོན་པ་བྷནྡྷ་འབར་བ་ཡིས། །དགྲ་བགེགས་མ་ལུས་ཞལ་དུ་བསྐྱོད། །དམ་ཉམས་དགྲ་བོ་སོགས་འགྲེ། །བྱང་གི་ཕྱོགས་ཀྱི་ཁྲམ་བདག་ནི། །ལྷ་མཆོག་དུད་ཁ་ཁྲམ་གྱི་བདག །སྐུ་མདོག་སྨུག་ནག་འབར་བ་ལ། གཡས་པ་རྡུང་བྱེད་ཐོ་བ་ཡིས། །དམ་ཉམས་དགྲ་བགེགས་རྡུལ་དུ་རློག །གཡོན་པ་རྡོ་རྗེ་རྒྱ་གྲམ་གྱིས། །དགྲ་བགྲེགས་འཇིག་རྟེན་གནས་སུ་བསྐྱེལ། །དམ་ཉམས་དགྲ་བོ་སོགས་འགྲེ། བྱང་ཤར་མཚམས་ཀྱི་ཁྲག་བདག་ནི། །ཆོས་ཀྱི་རྒྱལ་པོ་ཁྲམ་གྱི་བདག །སྐུ་མདོག་དམར་སེར་ཡང་སྣང་། ནག་འབར་བ་ལ། །གཡས་པ་རྡོ་རྗེ་རྩེ་གསུམ་གྱིས། །དགྲ་བགེགས་ལུས་ངག་བསྡུས་ལ་རྒྱོབ། །གཡོན་པ་བདུད་ཀྱི་ཁྲམ་ཤིང་གིས། །དམ་ཉམས་དགྲ་བགེགས་ཁྲམ་ལ་འདེབས། །དམ་ཉམས་དགྲ་བོ་སོགས་འགྲེ། སྟེང་གི་ཕྱོགས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་ཕྱྭ་སངས་ཁྲམ་གྱི་བདག །སྐུ་མདོག་དཀར་པོ་འབར་བ་ལ། །གཡས་པ་ཚེ་ཡི་བུམ་པ་འཛིན། །དགྲ་བགེགས་ཚེ་སྲོག་སྤར་གྱིས་འདེབས། །གཡོན་པ་རྡོ་རྗེ་གཤོལ་དབྱུག་གིས། །དགྲ་བགེགས་སྐྱེ་ཤི་དྲུང་ནས་འབྱིན། །དམ་ཉམས་དགྲོ་བོ་སོགས་འགྲེ། འོག་གི་ཕྱོགས་ཀྱི་ཁྲམ་བདག་ནི། །གཤིན་རྗེ་ཐོད་དབྱུག་ཁྲམ་གྱི་བདག །སྐུ་མདོག་མཐིང་ནག་འབར་བ་ལ། །གཡས་པ་ཏི་རའི་ཐོད་དབྱུག་གིས། །དམ་ཉམས་དགྲ་བགེགས་རྡུལ་དུ་རློག །གཡོན་པ་བདུད་ཀྱི་ཤོ་རྡེལ་གྱིས། །དགྲ་བགེགས་མ་ལུས་ཐུན་བུར་ཐུས། །དམ་ཉམས་དགྲ་བོ་མ་ལུས་པས། །སྔོན་གྱི་རྒྱལ་བའི་བཀའ་གཅོག་པས། །ཡ་མ་རཱ་ཙའི་ཐུགས་རྗེ་ཡིས། །གཉིས་སུ་མེད་པར་བསྒྲལ་བར་བྱའོ། །འཁོར་བའི་རྒྱ་མཚོ་གཏིང་ནས་བསྒྲལ། །དམ་ཉམས་དགྲ་བོ་མ་རུངས་པ། །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །རྣལ་འབྱོར་བདག་གི་སྒོས་དགྲར་གྱུར། །གཏད་དོ་གཤིན་རྗེ་ཁྱོད་ལ་གཏད། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །དགྲ་ལ་ཁྲམ་ཁ་ཧྲི་ལི་ལི། །ཞེས་གཏད་ཁྲམ་བྱ་ཐབས་རྫོགས་སོ།། ༈ །།ཧཱུྃ། ཡ་མཱནྟ་ཀའི་ཞབས་འོག་ནས། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་པ། །འཆི་བདག་གཤིན་རྗེ་འཁོར་བཅས་རྣམས། །དྲག་པོའི་ལས་ལ་སྤྱན་འདྲེན་ན། །ཕྱོགས་ཕྱོགས་མཚམས་ཀྱང་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །རི་རབ་ཆེན་པོའི་རྨངས་འོག་ན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །གཤིན་ཡུལ་ནག་པོའི་རྨངས་དག་ནས། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །སྒོ་མེད་ལྕགས་མཁར་བཅུ་བདུན་ཡོད། །གྲོང་ཁྱེར་དེ་ཡི་ནང་ཞིག་ན། །རུས་པའི་འདང་བུ་ཁྲོ་ལོ་ལོ། །ཤ་ཡི་ལྷུ་དུམ་ཉི་ལི་ལི། །རཀྟའི་རྦ་ཀློང་ཁྱི་ལི་ལི། །ཞིང་ཆེན་གསར་རྙིང་རྩིག་པར་བརྩིགས། །ས་གཞི་ཀེང་རུས་ཁྲག་ཐིག་ཅན། །ཉི་ཟླའི་འོད་ཀྱིས་མ་ཁྱབ་པའི། །མུན་ནག་འཇིགས་པའི་སྨག་རུམ་ན། །ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། །དེ་ན་ལས་ཀྱི་གཤིན་རྗེ་བཞུགས། །ཡི་དྭགས་འབུམ་གྱི་དེད་དཔོན་པོ། །འཆི་བདག་ཆོས་ཀྱི་རྒྱལ་པོ་ནི། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤེད་དུ་ཆེ། །དགེ་བ་ཅན་གྱི་ལྟངས་ཡང་འཛིན། །སྡིག་པ་ཅན་ལ་ཆད་པ་མཁན། །ལེགས་ཉེས་གཉིས་ཀྱི་སྟངས་གཅོད་པ། །འཆི་བདག་གཤིན་རྗེ་ནག་པོའི་སྟེ། །བཞིན་མི་སྡུག་པ་ཁྲོ་གཉེར་ཅན། །གསུས་པོ་ཆེ་ལ་ལྟོ་འཕྱང་པོ། །ཁྲག་ཞག་མང་པོའི་ཐིག་ལེ་ཅན། །རྒྱུ་མ་སྦྲུལ་གྱིས་སྐུ་ལུས་བརྒྱན། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །སྙིང་རྗེ་མེད་པར་གསོད་ལ་དགའ། །སྤྱན་གདངས་ཞལ་བགྲད་མཆེ་བ་གཙིགས། །ལྕེ་བརྐྱང་མཆུ་ནི་ཁྲག་གིས་བསྐུས། །ཁ་རླངས་དུག་གི་མེ་ལྕེ་འབར། །སོ་རྣོ་ལག་པ་དམར་བ་སྟེ། །ལས་སུ་སྐྱེ་འགྲོའི་སྲོག་རྩ་གཅོད། །ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ། །སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང་། །སྐུ་ནི་ཧ་ཅང་མི་བསྐྱོད་དེ། །འཇམ་དཔལ་ཏིང་འཛིན་གཡོས་པའི་ཚེ། །གནག་པའི་དགྲ་ལ་ཁྱུར་མིད་བྱེད། །འཆི་བདག་གཤིན་རྗེ་ནག་པོ་ལ། །འཁོར་དུ་ཡི་དྭགས་འབུམ་གྱིས་བསྐོར། །ཤར་ཕྱོགས་ཡ་མ་རཱ་ཙ་དང་། །ལྷོ་ཕྱོགས་སྨྱོས་བྱེད་འབར་བ་དང་། །ནུབ་ཕྱོགས་ཨཱརྻ་མ་རུ་དང་། །བྱང་ཕྱོགས་རལ་པ་ཚར་དགུ་བཞིས། །རྒྱལ་པོའི་ཚུལ་དུ་ས་ཡང་འཛིན། །བློན་པོའི་ཚུལ་དུ་ཞལ་ལྕེ་གཅོད། །དམག་དཔོན་ཚུལ་དུ་ཁྲིམས་ལས་མཛད། །མངོན་ཤེས་དུས་འདིར་བདག་ལ་དགོངས། །བདག་ཀྱང་རིག་འཛིན་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་རིག་འཛིན་ཏེ། །ཡ་མཱནྟ་ཀའི་ཐུགས་ཀྱི་སྲས། །བླ་མེད་བྱང་ཆུབ་བསྒྲུབ་པ་དང་། །དགེ་བའི་ཆོས་ལ་བར་གཅོད་པའི། །སྡིག་ཅན་འདི་དག་བསྒྲལ་བའི་ཕྱིར། །ཁྱོད་ཀྱི་ཐུགས་དམ་བདག་བསྐུལ་ན། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །ཕྲིན་ལས་དྲག་པོའི་གཉེར་གཏད་ཀྱིས། །ལྷས་སྦྱིན་ཞེས་བྱའི་སྡིག་ཅན་འདིས། །སྤྱིར་ཡང་དཀོན་མཆོག་གསུམ་ལ་སྡང་། །དམིགས་ཀྱིས་རྣལ་འབྱོར་བདག་ལ་སྡང་། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །གཤིན་རྗེ་འཁོར་བཅས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །དམར་གྱི་གཏོར་མའི་འདི་བཞེས་ལ། །བཀའ་ལས་འདས་པའི་སྡིག་ཅན་འདི། །མགོ་བོ་བསྐོར་ཅིག་པྲ་མ་ཡ། །ལུས་པོ་སྤྲུགས་ཤིག་མུར་ཙ་ཡ། །སྙིང་ཁྲག་སྐྱུག་ཏུ་ཆུག་ཆིག་རཀྟ་རཱ་ཙ་ཡ། །གསད་པར་གྱིས་ཤིག་མཱ་ར་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། དབུས་ཀྱི་ཐོད་མཁར་ཆེན་པོ་ནས། །བདུད་པོ་བྱེ་བ་གུང་རིང་ཡབ་ཡུམ་ལས་ལ་ཆོས། །ཤར་ཕྱོགས་ལྕགས་མཁར་སྒོ་མེད་ནས། །ཡ་མ་རཱ་ཙ་ཡབ་ཡུམ་ལས་ལ་ཆོས། །ལྷོ་ཕྱོགས་ལྕགས་མཁར་སྒོ་མེད་ནས། །སྨྱོས་བྱེད་འབར་བར་ཡབ་ཡུམ་ལས་ལ་ཆོས། །ནུབ་ཕྱོགས་ལྕགས་མཁར་སྒོ་མེད་ནས། །ཨཱརྻ་མ་རུ་ཡབ་ཡུམ་ལས་ལ་ཆོས། །བྱང་ཕྱོགས་ལྕགས་མཁར་སྒོ་མེད་ནས། །རལ་པ་ཚར་དགུ་ཡབ་ཡུམ་ལས་ལ་ཆོས། །ཕྱོགས་བཞི་མཚམས་བཞི་སྟེང་འོག་གི། །ལྕགས་མཁར་ནག་པོ་སྒོ་མེད་ནས། །ཕྱོགས་སྐྱོང་བཅུ་པོ་ལས་ལ་ཆོས། །རི་རབ་ལྷུན་པོའི་ཟོམ་རྩེ་ནས། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་ལས་ལ་ཆོས། །བཀའ་ཉན་འདུས་པའི་དཀྱིལ་འཁོར་ནས། །ཁྲམ་ཐོགས་བདུད་པོ་བཅུ་གསུམ་ལས་ལ་ཆོས། །ཕྲིན་ལས་རྣམ་བཞི་འདུས་པའི་དཀྱིལ་འཁོར་ནས། །སྒོ་མ་བསྭེ་མོ་བཞི་པོ་ལས་ལ་ཆོས། །ཁྲག་མཚོ་ཞག་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །སྲིད་པའི་མ་མོ་མཁའ་འགྲོ་ལས་ལ་ཆོས། །དམ་ཉམས་དགྲ་བོ་རྩད་ནས་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འཆི་བདག་དངོས་བསྐུལ་ལོ། །ཧཱུྃ། འཇམ་དཔལ་ཡབ་ཡུམ་སྦྱོར་བའི་སྲས། །སྲས་མཆོག་རྣམས་ཀྱི་ཁས་བླངས་པ། །དབུས་ཀྱི་ཡི་དྭགས་རྒྱལ་པོ་ཡིས། །སྨྱོ་འབོགས་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་སྨྱོ་འབོགས་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་རལ་པ་ཚར་དགུ་ཡིས། །ཀླད་ནད་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་ཀླད་ནད་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་ཨཱརྻ་མ་རུ་རྩེས། །ཕོ་ལོག་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་ཕོ་ལོག་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་སྨྱོས་བྱེད་འབར་བ་ཡིས། །ལྷོག་པ་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་ལྷོག་པ་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་ཡ་མ་རཱ་ཛ་ཡིས། །འབྲུམ་བུ་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་འབྲུམ་བུ་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་རྒྱལ་པོ་བདུད་འཇོམས་ཀྱིས། །གཟེར་ནད་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་གཟེར་ནད་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་རྒྱལ་པོ་ཕྱྭ་སངས་ཀྱིས། །རིམས་ནད་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་རིམས་ནད་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེའི་རྒྱལ་པོ་ཏེལ་པ་ཡིས། །མཛེ་ནད་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་མཛེ་ནད་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་ལྷ་མཆོག་དུད་ཀ་ཡིས། །མཁྲིས་པ་བཤལ་ཡ་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་མཁྲིས་ནད་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེའི་རྒྱལ་པོ་ཡ་བ་ཏིས། །སྐྱ་རྦབ་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་སྐྱ་རྦབ་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིིས། །འཆི་ནད་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་འཆི་ནད་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེ་ཨ་ཝ་གླང་མགོ་ཡིས། །འབོག་འགྱེལ་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་འབོག་འགྱེལ་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །གཤིན་རྗེའི་རྒྱལ་པོ་མིག་དམར་གྱིས། །ཆོ་འཕྲུལ་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་ཆོ་འཕྲུལ་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཟ་བྱེད་བེ་ཏ་ནག་མོ་ཡིས། །ཁྲག་ཟེར་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་ཁྲག་གཟེར་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཨེ་ཀ་ཛཱ་ཏི་རལ་གཅིག་གིས། །གཞོག་སྐོམས་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་གཞོག་སྐོམས་ཐོངས། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ལྕགས་ཀྱི་ལྕང་ཕོ་ལྕང་མོ་ཡིས། །ཧུར་ཐུམ་གཏོང་བར་ཞལ་གྱིས་བཞེས། །དམ་ཉམས་དགྲ་ལ་ཧུར་ཐུམ་ཐོངས། ། དམ་ལས་མ་འདའ་ཕྲིན་ལས་མཛོད། །ཅེས་སྲས་མཆོག་བཅུ་བདུན་བསྐུལ་ལོ། །ཨཐྎ། ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །སྟེང་གི་ཕྱོགས་ནས་བྱུང་བ་ཡི། །རྡོ་རྗེ་ཐོ་བའི་གིང་ཞེས་བྱ། །སྨུག་པོ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །ཤར་གྱི་ཕྱོགས་ནས་བྱུང་བ་ནི། །ཁྲོ་བདག་དུང་གི་རྡོ་རྗེ་བྱ། །དཀར་པོ་ལག་ན་ཤེལ་གྲི་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །ལྷོ་ཡི་ཕྱོགས་ནས་བྱུང་བ་ནི། །ལྷོ་ཡི་གིང་ཐབས་སྔོན་པོ་བྱ། །སྔོན་པོ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །ནུབ་ཀྱི་ཕྱོགས་ནས་བྱུང་བ་ནི། །དབང་སྡུད་གིང་ཆེན་དམར་པོ་བྱ། །དམར་པོ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །བྱང་གི་ཕྱོགས་ནས་བྱུང་བ་ནི། །བྱང་གི་རྟ་ཁྲིད་ནག་པོ་བྱ། །ནག་པོ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །ཤར་ལྷོ་མཚམས་ནས་བྱུང་བ་ནི། །སྲེག་བྱེད་ཁྲོ་བོ་ཆེན་པོ་བྱ། །དམར་སྐྱ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །ལྷོ་ནུབ་མཚམས་ནས་བྱུང་བ་ནི། །རཀྴ་སྲིན་པོ་ཤ་ཟན་པོ། །སྔོ་སྐྱ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །ནུབ་བྱང་མཚམས་ནས་བྱུང་བ་ནི། །འཇིགས་བྱེད་རྡོ་རྗེ་རླུང་གི་བྱ། །སྐྱ་ཁྲ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །བྱང་ཤར་མཚམས་ནས་བྱུང་བ་ནི། །གསོད་བྱེད་མགོ་བརྙན་ཆེན་པོ་སྟེ། །སེར་སྐྱ་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། འོག་གི་ཕྱོགས་ནས་བྱུང་བ་ནི། །འོག་ཀུན་ཕྲ་མ་སྐྱེལ་བ་སྟེ། །ནག་ཁྲག་ལག་ན་གྲི་ཡང་ཐོགས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག །བཤན་པ་ལེགས་ཉེས་སྟངས་འཛིན་ནི། །ལག་ན་སྒྲོལ་བའི་གྲི་ཡང་ཐོགས། །ཁྱོད་ནི་གཤིན་རྗེའི་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། གིང་ཆེན་རྡོ་རྗེ་རལ་པ་ཅན། །རལ་པ་སྤྲུགས་པས་སྟོང་ཁམས་ཁྱབ། །ལག་ན་འོད་ཟེར་ཞགས་པ་ཐོགས། །མཐིང་གའི་ལག་ན་གྲི་ཡང་ཐོགས། །ཁྱོད་ནི་སྲོག་བདག་ཆེན་པོ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། གསོད་བྱེད་རྡོ་རྗེ་གིང་ཆེན་ནི། །དམ་ཚིག་ཉམས་པའི་རྗེས་གཅོད་ཅིང་། །ལག་ན་ཟངས་ཀྱི་གྲི་དམར་ཐོགས། །ཁྱོད་ནི་སྲོག་གཅོད་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། རྡོ་རྗེ་ཤུགས་སྒྲོལ་ཆེན་པོ་སྟེ། །མངགས་ན་ཡིད་བས་མགྱོགས་པ་སྟེ། །ལག་ན་གསེར་གྲི་སེར་པོ་ཐོགས། །ཁྱོད་ནི་སྲོག་གཅོད་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། ཚངས་པ་རྡོ་རྗེ་མཆེ་བ་ཅན། །གསོད་དང་གཅོད་པའི་ཐུགས་དམ་ཅན། །ལག་ན་དུང་གྲི་དཀར་པོ་ཐོགས། །ཁྱོད་ནི་སྲོག་གཅོད་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། གཤིན་རྗེ་འབུམ་གྱི་དཀྱིལ་འཁོར་ནས། །གཤིན་རྗེ་ནག་པོ་སྟག་མགོ་ཅན། །ལག་ན་ལྕགས་གྲི་ནག་པོ་སྔོན་ཡང་སྣང་། ཐོགས། །ཁྱོད་ནི་སྲོག་གཅོད་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། རྡོ་རྗེ་སྒྲུབ་པ་ཆེན་པོ་སྟེ། །གསོད་ལ་དགའ་ཞིང་གཅོད་ལ་དགྱེས། །ལག་ན་དབལ་གྲི་དམར་པོ་ཐོགས། །ཁྱོད་ནི་སྲོག་གཅོད་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ཧཱུྃ། སྲིད་པ་གསུམ་གྱི་སྒྲོལ་གིང་བདག ། ལྟ་ཁྲི་རོ་ལངས་ཆེན་པོ་སྟེ། །སྲིན་པོའི་འཁོར་རྫོགས་འབུམ་ལ་དབང་། །གསོད་པར་བྱེད་པའི་ལས་ལ་དགའ། །ལག་ན་དབལ་གྲི་ནག་པོ་ཐོགས། །ཁྱོད་ནི་སྲོག་གཅོད་བཤན་པ་སྟེ། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །བསྟན་པ་བཤིག་པའི་དགྲ་སྲོག་ཆོད། །གིང་ཆེན་ཁྱོད་ཀྱི་དུས་ལ་བབ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ས་མ་ཡ་གིང་ཀ་ར། ཆྒཻ་མོའི་སྲོག་ལོངས། དབུགས་ཕྲོགས། སྙིང་རྩ་ནན། པྲ་མ་ཡ་ཡཀྴ་བཾ། དུ་རུ་དུ་རུ་རྦད་ཡ། ཟླ་གསང་ནག་པོ་ལས། གྲི་ཐོགས་ཀྱི་གིང་རྦད་པའི་སྐབས་རྫོགས་སོ།། ༈ །།ཧཱུྃ། བསྐལ་པ་ལྔ་བརྒྱ་སྙིགས་མའི་ཐ་མ་ལ། །ཁྲོ་རྒྱལ་གཤིན་རྗེའི་སྤྱན་སྔར་དམ་བཅས་པའི། །མི་བཟད་ཆེན་པོ་སྲོག་བདག་ཀུན་འདུལ་ཁྱོད། །འཇམ་དཔལ་གཤིན་རྗེས་དམར་གྱི་ཨརྒྷཾ་དང་། །བདུད་རྩི་སྨན་གྱི་དམ་རྫས་དམ་པ་འདི། །ཁྲམ་ཐོག་བདུད་ལ་བྱིན་ནས་དབང་བསྐུར་བས། །བདུད་འཁོར་ཡོངས་ཀྱིས་སངས་རྒྱས་བསྟན་པ་སྲུངས། །ལུས་ཀྱི་དམ་ཚིག་ཨ་ལ་ལ། །ངག་གི་དམ་ཚིག་སྟི་ཡ་ཡ། །ཡིད་ཀྱི་དམ་ཚིག་སྟི་ཡྃ་སྟི། །དམ་ལས་མ་འདའ་ཕྲིན་ལས་མཛོད། །འབར་བ་ཡང་རྗེ་བླ་མེད་ནི། །གཡུ་འབྲུག་སྔོན་པོའི་རྟ་ལ་ཞོན། །ལག་ན་གློག་དམར་ཞགས་སྟྭ་ཟེར། པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །མུན་ནག་གཏིབས་པའི་དཀྱིལ་འཁོར་ནས། །ནག་པོ་ཡ་མ་ཁྲག་འཐུང་ནི། །སྟག་དམར་གྱི་ནི་རྟ་ལ་ཞོན། །ལག་ན་སྦྲུལ་ནག་ཞགས་པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཤར་ཕྱོགས་རུས་པའི་ཞིང་ཁམས་ནས། །ཤར་བདུད་རོག་པོ་རལ་པ་ཅན། །ཕུང་སྲི་རྔ་མོང་གློག་འགྱུ་ཞོན། །སེང་གེ་དཀར་མོའི་སྟོད་སློག་གསོལ། །གནམ་ལྕགས་རལ་གྲི་ལག་ན་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ལྷོ་ཕྱོགས་ཁྲག་གི་ཞིང་ཁམས་ནས། །ཁྲམ་བདག་སྲོག་བདུད་མཆེ་བ་ཅན། །བདུད་ཤ་ནག་པོ་རྭ་བཅུ་ཞོན། །ལག་ན་འཛིན་བྱེད་ཞགས་པ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ནུབ་ཕྱོགས་དྲོད་ཀྱིི་ཞིང་ཁམས་ནས། །བླ་བདུད་རོལ་པོ་ཞགས་པ་ཅན། །འབྲོང་ནག་འགྱིང་བའི་རྟ་ལ་ཞོན། །སྤྲིན་ལན་རལ་ག་སྐུ་ལ་གསོལ། །ལག་ན་གནམ་ལྕགས་ཕུར་ཆེན་འདྲིལ། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །བྱང་ཕྱོགས་དབུགས་ཀྱི་ཞིང་ཁམས་ནས། ། སྲོག་བདུད་གསེར་གྱི་སྟྭ་རེ་ཅན། །ཁྱུང་དམར་གྱི་ནི་རྟ་ལ་ཞོན། །སྡང་བར་བྱེད་པའི་དགྲ་ལ་ཡ། །སྐྱེས་པ་དར་མ་ཁྲིད་ལ་ཤོག །སྐྱེས་བུ་དར་མའི་སྙིང་ལ་ཡ། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་བདག་གནམ་ལྕགས་ཐོགས་པ་རྗེ། །ལས་ཀྱི་ནི་སྐལ་ཕབ་པ། །སྐལ་མེད་ལ་གནམ་ལྕགས་འབེབས། །སྐལ་ལྡན་ལ་འོད་ཟེར་སྤྲོ། །ཁྲོ་ཞིང་སྤྲུལ་པའི་ཚེ། །འབྲུག་སྒྲ་ཆེམས་སེ་ཆེམ། །གློག་དམར་ནི་ལྕིབས་སེ་ལྕིབ། །སྡང་བར་བྱེད་པའི་དགྲ་ལ་ཡ། །དགྲ་བོའི་གཤེད་དུ་ཕོབས། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་བདག་བར་བཙན་རི་བོ་ཆེ། །རླུང་ཤ་རྣམས་བཙན་ལ་ཞོན། །རླུང་ནག་གི་གཡབ་ཀྱིས་འདེབས། །སྟོང་གསུམ་ནི་རླུང་གིས་འགེངས། །ཆེད་འགའ་ནི་སྤྲུལ་པའི་ཚེ། །དྲག་རྔམ་ནི་རྟ་རུ་ཞོན། །སྐྱི་སེར་ནི་བྷནྡྷེ་བྷན། །སྡང་བར་བྱེད་པའི་དགྲ་ལ་ཡ། །དགྲ་བོའི་གཤེད་དུ་ཕོབས། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་བདག་གསེར་འཛིན་ནི་བདུད་ཀྱི་རྗེ། །དུར་སྲི་ཕག་མོ་ཞོན། །བསེ་རག་ནི་འཁོར་དང་གཡོག་ཏུ་བྱས། །ལག་ན་ནི་ཁྲམ་བདག་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །དགྲ་བོའི་གཤེད་དུ་ཕོབས། །བདུད་ཀྱིས་ཁྲམ་ཁྲམ་ཁྲམ་ལ་ཐོབ། །ཁྲམ་བདག་རོ་ལངས་ནག་པོ་བྱ་བ་ནི། །ཆུ་གླང་ནག་པོ་རྟ་རུ་ཞོན། །ལག་ན་གནམ་ལྕགས་སྟྭ་རེ་ཐོགས། །སྡང་བར་བྱེད་པའི་དགྲ་ལ་ཡ། །དགྲ་བོའི་གཤེད་དུ་ཕོབས། །བདུད་ཀྱི་ཁྲམ་ཁྲམ་ཁྲམ་ལ་ཐོབ། །གཤིན་རྗེ་ནག་པོའི་དུས་ལ་བབ། །འབར་བ་ནག་པོའི་དུས་ལ་བབ། །ཤ་ཟན་ནག་པོའི་དུས་ལ་བབ། །ནག་པོ་རྐྱ་གསུམ་དུས་ལ་བབ། །རོ་རངས་སྐྱ་གསུམ་དུས་ལ་བབ། །སྤྱང་སྔོན་འབར་བའི་དུས་ལ་བབ། །སྐྱ་བོ་མིག་བཞིའི་དུས་ལ་བབ། །ཨཱོྂ་སྙིང་ཁྲག་ཙིཏྟ་རྦད། །དུན་རྨུགས་ཁྲམ་གཏོར་ཏ་རྦད། །ཆྒཻ་མོ་མཱ་ར་ཡ་ཁུག་ལིང་རྦད། །ཅེས་བདུད་བསྐུལ་བའི་ལས་རྫོགས་སོ།། །།ཨཐྎ། ༈ ཆོས་ཀྱི་རྒྱལ་པོ་ལ་སོགས་པ་ཉིན་བཞི་ལྷའི་གིང་བཞི་བསྐུལ་བ་ནི། ཉི་མ་དང་པོའི་རྩིས་བྱེད་གིང་། །པྲ་མ་རཱ་ཙ་སྲིན་པོ་སྟེ། །བར་སྣང་ཁམས་ལ་ཡིད་ཀྱིས་འགྱུ། །གསང་བའི་དབང་བསྐུར་གིང་གི་བདག །སྟག་ཞུ་སྟག་སློག་སྐུ་ལ་གསོལ། །ཕྱག་ན་ཤྭ་རྡེལ་རྩིས་བྱེད་ཅིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤྭ་རྡེལ་ནག་པོས་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོགས་ཐོང་། །གཏད་དོ་མ་གཏང་ཤོ་ར་རེ། །ཉི་མ་གཉིས་པའི་རྩིས་བྱེད་གིང་། །ཞལ་བགྲད་མཆེ་གཙིགས་ཁ་དོག་ནག །སྦྲུལ་གྱི་གཡང་གཞི་སྐུ་ལ་གསོལ། །ཆུ་གླང་ནག་པོ་ཆིབས་སུ་བཅིབས། །ཕྱག་ན་ཤྭ་རྡེལ་ནག་པོ་བསྣམས། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤྭ་རྡེལ་ནག་པོས་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོགས་ཐོངས ། །གཏད་དོ་མ་གཏང་ཤོ་ར་རེ། །ཉི་མ་གསུམ་པའི་རྩིས་བྱེད་གིང་། །དྷ་ཤ་གྲི་ཝ་བདུད་ཀྱི་གིང་། །ནག་པོ་ཤ་ཟ་ཤ་ཞུ་ཅན། །ནག་པོ་རྟིང་དཀར་ཆིབས་སུ་བཅིབས། །མི་ཤ་ཟ་ཞིང་མི་ཁྲག་འཐུང་། །དུག་མདའ་འཕེན་ཅིང་མི་སྙིང་ཟ། །རྟ་ནག་ཞོན་པ་འབུམ་ཁྲིར་བཅས། །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོགས་ཐོངས། །ཤ་ཟོ་ཁྲག་འཐུང་དགྲ་ལ་རོལ། །ཁྲམ་ཁྲམ་དུན་དུན་དགྲ་ལ་དུན། །འུར་འུར་ཆེན་ཆེམ་དགྲ་ལ་ཆེམ། །ལག་ན་དཀར་ནག་རྩིས་བྱེད་ཅིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤྭ་རྡེལ་ནག་པོས་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོགས་ཐོངས། །གཏད་དོ་མ་གཏང་ཤོ་ར་རེ། །ཉི་མ་བཞི་པའི་རྩིས་བྱེད་གིང་། །ཡཀྴ་རཱ་ཙ་གནོད་བྱིན་གིང་། །ཆིབས་སུ་གཟའ་རྟ་ནག་པོ་བཅིབས། །ཟབ་སླག་ཁྲ་བོ་སྐུ་ལ་གསོལ། །བདུད་ཞགས་ནག་པོ་དགྲ་ལ་འདེབས། །དབུ་ལ་དོམ་ཞུ་ནག་པོ་གསོལ། །ལག་ན་དཀར་ནག་རྩིས་བྱེད་ཅིང་། །བདག་གིས་མ་ཉེས་འདི་ཡིས་ཉེས། །ཤྭ་རྡེལ་ནག་པོས་རྩིས་སུ་ཆུག །སྲོག་ཆོད་སྙིང་ཕྱུང་སྨྱོ་འབོགས་ཐོང་། །གཏད་དོ་མ་གཏང་ཤོ་ར་རེ། །བདུད་ཏྲི་རྦད། ཐུམ་རི་ལི་ལི། ཡ་ཏྲི་རྦད། ཐུམ་རི་ལི་ལི། དྷ་ཤ་གྲྀ་ཝ་རྦད། ཐུམ་རི་ལི་ལི། ཡཀྴ་གྲྀ་ཝ་རྦད། །ཐུམ་རི་ལི་ལི། ཉི་མ་བཞི་པའི་ལས་ཀྱི་སྤྱིར་རྒྱུག་ཤྭ་རྡེལ་བཀྲམ་པའི་ཆོ་ག་གིང་ཤན་བཞིའི་ལས་རྫོགས་སོ།། ༈ །།འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལྕགས་ཀྱི་མོན་པ་ནག་པོ་དང་། གསེར་གྱི་མོན་པ་སེར་པོ་དང་། བསྭེའི་མོན་པ་དམར་པོ་དང་། གཡུའི་མོན་པ་སྔོན་པོ་དང་བཞི་རྦད་ཅིང་བསྐུལ་བ་ནི། ཧཱུྃ། ལྕགས་ཀྱི་མོན་པ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །སྐུ་སྟོད་དྲེགས་པའི་འབྲུག་སློག་གསོལ། །སྐུ་སྨད་དུག་སྦྲུལ་ཤམ་ཐབས་ཅན། །ལྕགས་ཀྱི་རལ་པ་ཉི་ལི་ལི། །དུག་གི་སྨིན་མ་ཁྱུགས་སེ་ཁྱུག །ལྕགས་ཀྱི་མིག་རྩ་ཧུ་རུ་རུ། །ལྕགས་ཀྱི་རྐན་སྒྲ་ཏོགས་སེ་ཏོག །ཨག་ཚོམ་མེ་འབར་ཡ་ལ་ལ། །མཆེ་བ་ཟླ་ཚེས་ཐམས་སེ་ཐམ། །ཞལ་ནས་གདུག་པའི་དྲག་སྔགས་ཟློས། །གཡས་ན་མ་ཏྲཾ་རོ་དབྱུག་བསྣམས། །གཡོན་ན་སྲོག་གི་འཁོར་ལོ་བསྒྱུར། །ཡ་མ་རཱ་ཛ་སྲོག་གི་བདུད། །ལྷ་སྲིན་ཀུན་ལ་མངའ་མཛད་པ། །སྲིད་པ་ཤར་གྱི་མངའ་བདག་པོ། །སྔགས་ཀྱི་བྱིན་རླབས་ཁྱེད་ཀྱིས་བསྐྱེད། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །བསྟན་པ་གཉན་པོ་བཤིག་པ་ཡི། །སྲོག་ལ་དུག་རི་རླངས་ཀྱིས་བདུག །ལུས་སྲོག་ཕྲལ་བའི་དུས་ལ་བབ། །ཨཱོྂ་བཛྲ་ཙིཏྟ་བཾ་རི་ལ། ཞུ་ཐུཾ། ཆྒཻ་མོ་ཞིག་ཨ་མུ་ཀཾ་པྲ་མ་ཡ་ཧཱུྃ་ཕཊ། ཧཱུྃ། གསེར་གྱི་མོན་པ་སེར་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། །སྐུ་སྟོད་ཞེ་སྡང་སྟག་ལྤགས་གསོལ། །སྐུ་སྨད་ཆུ་སྦྲུལ་ཤམ་ཐབས་ཅན། །གསེར་གྱི་རལ་པ་ཉི་ལི་ལི། །གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག །གསེར་མིག་སེར་པོ་ཀྱི་ལི་ལི། །གསེར་གྱི་ཨག་ཚོམ་ཕྱ་ར་ར། །མཆེ་བ་དཀར་པོ་ཐམས་སེ་ཐམ། །ཞལ་ནས་གདུག་པའི་དྲག་སྔགས་ཟློས། །གཡས་ན་མ་ཏྲཾ་རོ་དབྱུག་ཕྱར། །གཡོན་ན་སྲིད་པའི་འཁོར་ལོ་བསྒྱུར། །མ་ར་ནག་པོ་སྲོག་གི་བདུད། །འདྲེ་སྲིན་ཀུན་ལ་མངའ་མཛད་པ། །ལྷོ་ཕྱོགས་སྲིད་པའི་མངའ་མཛད་པ། །གསང་སྔགས་གདུག་པའི་དབལ་བསྐྱེད་ཅིང་། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཁྱོད་ཀྱི་མི་ཐུབ་གཅིག་ཀྱང་མེད། །བདུད་དང་རུ་ཏྲ་མུ་སྟེགས་ཐུལ། །སྲོག་ལ་གཤེད་ཀྱི་དྲག་སྔགས་བསྔོབས། །ཚེ་སྲོག་བྲལ་བའི་དུས་ལ་བབ། །ཏྲི་ཞུ་རྦད་ཏྲི་གཾ། ཆྒཻ་མོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུྃ་ཕཊ། ཧཱུྃ། བསྭེ་ཡི་མོན་པ་དམར་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྐུ་སྟོད་གླང་ཆེན་ཀོ་རློན་གསོལ། །སྐུ་སྨད་མེ་སྦྲུལ་ཤམ་ཐབས་ཅན། །བསྭེ་ཡི་རལ་པ་ཁྲ་ལ་ལ། །ཤེལ་གྱི་སྨིན་མ་ཁྱུགས་སེ་ཁྱུག །བསྭེ་མིག་དམར་པོ་ལྟེམས་སེ་ལྟེམ། །བསྭེ་ཡི་ཨག་ཚོམ་ཕྱ་ར་ར། །མཆེ་བ་རྣོ་དབལ་ཐིབས་སེ་ཐིབ། །ཞལ་ནས་གསོད་པའི་དུག་སྔགས་ཟློས། །གཡས་ན་མ་ཏྲཾ་བེ་ཅོན་བསྣམས། །གཡོན་ན་གཤེད་ཀྱི་འཁོར་ལོ་བསྒྱུར། །ཡ་མ་ན་ཏྲེ་སྲོག་གི་བདུད། །ལྷ་འདྲེ་ཀུན་གྱི་མངའ་བདག་པོ། །ནུབ་ཕྱོགས་སྲིད་པའི་བདག་པོ་ཁྱོད། །གསང་སྔགས་གདུག་པས་ད་སྒྲོལ་ཅིག །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཁྱོད་ཀྱིས་མི་ཁུག་གཅིག་ཀྱང་མེད། །གང་ཞིག་འགལ་བ་རྡུལ་དུ་རློག །དམ་ཉམས་སྲོག་ལ་བར་ཆོད་ཐོངས། །འཚོ་བའི་ལྷ་དང་ད་ཕྲོལ་ཅིག །ཨཱོྂ་ཁ་ཡུ་རྦད། །ཏྲི་ར་དུ་ས་ལ་ཡ། མ་རུ་རུ་ཆྒཻ་མོ་ཨ་མུ་ཀཾ་རཀྟ་རཱ་ཙ་ཡ་ཧཱུྃ་ཕཊ། ཧཱུྃ། གཡུ་ཡི་མོན་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །སྐུ་སྟོད་ཞིང་གི་གཡང་གཞི་གསོལ། །སྐུ་སྨད་སྲིད་པའི་ཤམ་ཐབས་ཅན། །གཡུ་རལ་སྔོན་པོ་སིགས་སེ་སིག །གཡུ་རལ་སྔོན་པོ་བསིགས་པ་ཡིས། །གཤེད་ཀྱི་མ་མོ་ཀུན་ཀྱང་འདུས། །མ་མོ་འདུས་པས་བླ་ཚེ་འགུགས། །བླ་ཚེ་ཀུན་གྱི་བདག་པོ་སྟེ། །གསེར་གྱི་སྨིན་མ་ཕྲེངས་སེ་ཕྲེང་། །གཡུ་མིག་སྔོན་པོ་ལྷངས་སེ་ལྷང་། །གཡུ་ཡི་ཨག་ཚོམ་ཕྱ་ར་ར། །མཆེ་བ་རྣོ་དབལ་ཁྲིགས་སེ་ཁྲིག །ཞལ་ནས་གཤེད་ཀྱི་དུག་སྔགས་ཟློས། །གཤེད་ཀྱི་བཤུགས་གླུ་ཀྱུ་རུ་རུ། །གཡས་ན་བདུད་ཀྱི་བེ་ཅོན་བརྡེགས། །གཡོན་ན་མཚོན་ཆའི་འཁོར་ལོ་བསྒྱུར། །ཡ་མ་ནི་ཏ་ཀུ་ཝེ་ར། །གནོད་སྦྱིན་གདུག་པའི་གཤེད་མ་སྟེ། །སྲིད་པ་བྱང་གི་བསྐོས་བདག་པོ། །གསང་སྔགས་དུག་དང་འདྲ་བའི་བདག །དམ་ཉམས་ཆུང་སྲི་དབང་ཐང་ཕྲོགས། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །གང་ཞུན་པ་ཏྲི་ཞུ་ཆུཾ་འགྲི། །རང་བ་བྲེང་། ཆྒཻ་མོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུྃ་ཕཊ། མོན་པའི་བསྐུལ་བཞི་པོ་རྫོགས་སོ།། ༈ །།འཆི་བདག་གི་སྨད་ལས་མནན་པའི་སྦྱོར་བ་བཞུགས་སོ། །རང་ཉིད་ཡ་མཱནྟ་ཡབ་ཡུམ་སྲས་དང་བཅས་པ་བསྐྱེད་ལ། ཀར་བསྒོམས་ལ། བེ་ཅོན་གྱི་ཕྱག་རྒྱས་རྒྱས་ས་ལ་བརྒྱབ་པས་ས་གས་ཏེ་རྒྱ་མཚོར་མེར་གྱིས་བྱུང་བར་བསམ། པའི་སྒོ་ཕྱེ་ལ། རྒྱ་མཚོའི་གཏིང་རླུང་གི་སྟེང་ལྕགས་ཀྱི་ཁང་པ་འབར་བ་ནས་ལས་ཀྱི་བདག་པོ་འཆི་བདག་རང་བཞིན་གྱི་གནས་ནས་སྤྱན་དྲངས་ན་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་བྱོན་པར་བསམ་ལ། འབོད་པ་ནི་འདི་སྐད་དོ། །ཧཱུྃ། འདི་ལས་ཀྱི་འཆི་བདག་འབོད་པའོ། །འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨངས། །དཔག་ཚད་བརྒྱད་ཁྲི་ཐུར་དུ་ཟུག་པ་ན། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །ཡིད་ཀྱིས་རྒྱུ་བའི་སྒོ་ཅན་ན། །ཕྱོགས་ཕྱོགས་མི་རོས་གཏམས་པའི་གནས་མཆོག་ན། །འཆི་བདག་ལས་ཀྱི་གཤིན་རྗེའི་གཤེད་པོ་དང་། །བདུད་ཀྱི་རྒྱལ་མོ་དུག་ཧྲུལ་གོས་གྱོན་མ། །ལས་ཀྱི་གཤེད་པོ་ཁྲམ་བདག་ཡབ་ཡུམ་རྣམས། །སྲིད་གསུམ་ལྟོ་ན་འཕྱོ་ཞིང་འགལ་བྱེད་ཞགས་པས་འདྲེན། །བེ་ཅོན་འཁོར་ལོ་བསྐོར་ཞིང་དམ་ཉམས་རྩད་ནས་གཅོད། །བསྟན་པ་གཉན་བསྲུང་ལས་ཀྱི་རྫུ་འཕྲུལ་ཅན། །ཐ་ཚིག་གཉན་པོས་ཐུགས་དམ་རྒྱུད་བསྐུལ་གྱིས། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་དམ་ལ་གཤེགས། །ཡ་མ་མེ་ཏ་ཀྵེ། ནི་ར་ཙ་ས་ཏོ། །རུ་ན་ཡོ་ནི། ར་ཡ་ཛ་ནི། ཛ་མ་རི་ཧཱུྃ། ཨ་རལླི་ཧོ། ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ། ཧཱུྃ། གྲུབ་པའི་འཆི་འདི་ལས་ཀྱི་འཆི་བདག་འཁོར་ལོར་བསྟིམ་པ། བདག་གཤིན་རྗེ་སྲིན་པོའི་ཚོགས། །མིང་དང་སྲོག་ཏུ་བརྗོད་པས་སྒྲུབ་པའི་ཚོགས། །རྡོ་རྗེའི་ཐ་ཚིག་དམ་ཚིག་རྗེས་དྲན་ཅིང་། །སྒྲུབ་པོའི་ལས་རྣམས་སྔོན་ཚེ་ཁས་བླངས་ཏེ། །དཀྱིལ་འཁོར་གནས་འདིར་དམ་ཚིག་བརྟན་པར་བཞུགས། །ཡ་མ་མེ་ཏ་ཀྵེ། ནི་ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཛ་ནི། ས་མ་ཡ། མ་ན་མ་ར་ཨ་དྷི་ཏིཥྛ་ས་མ་ཡ་ལྷན། ཧཱུྃ། འཇིག་རྟེན་འཆི་བདག་དབང་དུ་བསྡུ་ཞིང་ཟིལ་གྱིས་མནན་པའོ། །གཤིན་རྗེ་མཐུ་ཆེན་རྣམས། །འཇིགས་རུང་ལས་ཀྱི་རྫུ་འཕྲུལ་སྟོབས་ཅན་ལས། །ཡེ་ཤེས་ཏིང་ངེ་འཛིན་གྱི་བྱིན་སྟོབས་ཀྱིས། །འཇིག་རྟེན་གདུག་པ་འདུལ་བའི་ཡེ་ཤེས་དང་། །སྲིད་པའི་སྙིང་ཁྲག་འདྲེན་པའི་ཏིང་འཛིན་ང་ལ་ཡོད། །ང་ནི་བགེགས་ཆེན་འདུལ་བ་ཡི། །སངས་རྒྱས་རྫུ་འཕྲུལ་བདག་སྦྱོང་བས། །བགེགས་ཀྱི་ཚོགས་རྣམས་ངས་འདུལ་ལོ། །ཨཱོྂ་ཧྲཱིཿཥྚི་ཝིཥྚི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། མ་ཧཱ་བི་ཀ་ཛི་ཏི་ཏ་ཨནྟ་ཀ་ར་སརྦ་དུ་ཤ་སྟྭཾ་བྷ་ཡ་ཧཱུྃ་ཕཊ། ཧཱུྃ། དམ་བསྲེ་ཞིང་དམ་ལས་མི་འདའ་བའོ། །སྔོན་ཚེ་དཔལ་ཆེན་གཤིན་རྗེའི་གཤེད། །ཁྲོ་མཆོག་འབར་བའི་སྐུ་མངའ་དེས། །འཆི་བདག་གཤིན་རྗེ་གཟིར་ནས་ནི། །དྲེགས་པ་སྤངས་ནས་སྲོག་སྙིང་ཕུལ། །ཕོ་བྲང་འཁོར་དུ་དམ་ཚིག་བྱིན། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའོ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །བྷེ་བ་ས་ཏྭ་ས་མ་ཡེ། ས་མ་ཡ་ཋཱ། ཧཱུྃ། འདི་མཆོད་པའོ། །སྒྲུབ་པའི་འཆི་བདག་གཤིན་རྗེའི་ཚོགས། །ཕུང་བྱེད་ཤ་ཁྲག་ཞལ་གསོལ་ཏེ། །དམར་ཆེན་ཁྲག་ལ་ས་མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ཏ་ཀྵི། ར་ཙ་ས་ཏོ། རུ་ན་ཡོ་ནི། ར་ཡ་ཛ་ནི། བྷེ་བ་ས་ཏྭ་ཛ་མ་རི་ཧཱུྃ། སརྦ་བུ་པ་ཏ་ཡ་པ་ཏེ། མ་ཧཱ་རཀྟ་པྲ་ཏཱིཙྪ་ཧོ། །ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི། ཕྱུགས་ཆེན་ཤ་དང་ཁྲག་དང་རྐང་། །ལྷ་བ་རུས་པ་བདུད་རྩིར་སྦྱར། །དབང་པོ་ཚིམས་བྱེད་འདོད་ཡོན་ལྔ། །འདོད་ཡོན་བདུད་རྩིའི་ཏིང་འཛིན་གྱིས། །གྲུབ་པའི་གཤིན་རྗེའི་ཚོགས་རྣམས་རོལ། །ཧ་ཧ་ཧི་ཧི། ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་པ་བཞེས་སུ་གསོལ། །མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་པས་མཆོད་དོ། །ལས་ཀྱི་གཤིན་རྗེ་གཤེད་དམར་བསྐུལ་ལོ། །ཡ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨངས། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །རྒྱ་མཚོ་རླུང་གི་བར་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །གཤིན་རྗེ་ཀུན་གྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །འཆི་བདག་ཀུན་གྱི་བདུད་ཆེན་པོ། །ཀླུ་རྣམས་ཀུན་གྱི་སྲིན་པོ་སྟེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་བསྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །གཤིན་རྗེ་ནག་པོ་དགྲ་ཡི་གཤེད། །བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་གུང་རིངས་སུས་མི་བཟློག །མེ་ལྕེ་གློག་གི་ཕྲེང་བ་ཅན། །ཐོད་པ་སྦྲུལ་གྱིས་བརྒྱན་དུ་བྱས། །མ་ཧེ་ནག་པོ་ཞོན་ནས་ནི། །ལག་ན་དབྱུག་པ་ཞགས་པ་ཐོགས། །ལས་ཀྱི་རླུང་དམར་འདེད་ཅིང་རྒྱུ། །ཞལ་ནས་ཐོགས་དང་སེར་བ་འབེབས། །ཟས་སུ་སྐྱེ་འགྲོའི་སྲོག་དབུགས་ཟ། །ལས་སུ་དམ་ཉམས་སྲོག་དབུགས་ལེན། །ཡིད་ལ་གནག་པའི་དགྲ་བོ་འདི། །གཤིན་རྗེའི་ཞགས་པས་ཁྲིད་ལ་ཤོག །ཁྲམ་མ་ཐོབ་ལ་སྟོང་ལ་རྒྱུས། །བེ་ཅོན་རྒྱོབ་ལ་འཁོར་ལོ་བསྐོར། །ཁྱོད་ཀྱི་ཟས་སྐལ་འདི་ཡིན་གྱི། །ཤ་རུས་ཁྲག་ལ་ལོངས་སྤྱོད་གྱིིས། །སྔོན་ཆད་ཇི་བཞིན་དམ་བཅས་བཞིན། །བསྟན་པ་རྒྱ་མཚོ་བསྲུང་བར་གྱིས། །དེ་ཡི་ཐུགས་དམ་བྱེ་བ་གུང་རིངས་ཀྱི་ཡུམ་བསྐུལ་བ། རྒྱུད་བསྐུལ་མ། །སྲིན་མོ་དུག་ཧྲུལ་གོས་གྱོན་མ། །བདུད་མོ་ནག་མོ་སྐྱེ་འགྲོའི་གཤེད། །སྲིད་གསུམ་ལྟོ་ན་གནས་པ་མོ། །སྣ་ཚོགས་ནད་ཀྱི་བདག་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་སྲོག་འཕྲོག་མ། །ཤ་ཁྲག་སྲོག་དབུགས་བདག་མོ་སྟེ། །ལས་ཀྱི་རླུང་དམར་ཞོན་ནས་ནི། །ལག་ན་ཐོད་ཁྲག་འཐོར་བྱེད་ཅིང་། །འདུ་བ་རྣམ་བཞིའི་ནད་གཏོང་མ། །སྒྲུབ་པའི་གནས་འདིར་ད་གཤེགས་ལ། །ཡིད་ལ་གནག་པའི་དགྲ་བོ་འདི། །བདུད་མོ་ནག་མོའི་ལག་ཏུ་གཏད། །གཏད་དོ་མ་གཏོང་ཤོ་ར་རེ། །ཡ། ཕྱོགས་འདི་གཤེད་བཞི་བསྐུལ་བའོ། །བཞི་གྲུབ་པའི་ལྕགས་མཁར་ནས། །དགྲ་བོའི་གཤེད་པོ་སྒྲོལ་གིང་ཆེན་པོ་བཞི། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཱརྻ་མ་རུ་རལ་པ་ཚར་དགུ་བཞི། །ལས་ཀྱི་ཡུམ་ཆེན་བཞི་དང་བཅས་པ་རྣམས། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་འདི། །མགོ་འཁོར་ཡིད་འཁྲུགས་ཁྲག་ཏུ་སྐྱུགས་པ་དང་། །རྣམ་ཤེས་གཟིར་ལ་མྱུར་དུ་བསྒྲལ་བར་མཛོད། །ཡ། བྲུབ་པའི་འདི་ལས་ཀྱི་འཁོར་གཤིན་རྗེ་བཅུ་གཉིས་བསྐུལ་བ། ཐོད་པ་ལྕགས་ཀྱི་མུན་ཁང་ནས། །ལས་ཀྱི་འཆི་བདག་ཁྲམ་བདག་བཅུ་གཉིས་ཀྱང་། །ལས་ཀྱི་སྲིན་མོ་ཆུང་མར་བཅས་པ་རྣམས། །གྲུབ་པའི་གནས་འདིར་སྤྱན་འདྲེན་ཕྲིན་ལས་མཛོད། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དགྲ་བོ་དམ་ཉམས་འདི། །གཟེར་ནད་ཚ་བའི་ནད་དང་ཁྲག་སྐྱུགས་དང་། །ཆོ་འཕྲུལ་འབྲུམ་ནད་མཁྲིས་པ་གཤལ་ཡ་དང་། །མཛེ་ནད་གློ་གཟེར་སྐྱ་རྦབ་བརྒྱལ་ནད་དང་། །སྐྲངས་འབུར་རིམས་ནད་གཞོག་སྐོམས་ནད་རྣམས་ཀྱིས། །མྱུར་དུ་གཟིར་ལ་ཚེ་ཡི་འདུ་བྱེད་བསྐུམ། །ཁྲམ་ཐོགས་བདུད་དང་རྩིས་བྱེད་གིང་དང་བཅས། །འཆི་བདག་ལས་ཀྱི་གཤིན་རྗེ་ཕོ་མོ་རྣམས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །དམ་ཚིག་ཚུལ་བཞིན་མནའ་བོར་བ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །བདུད་ནག་བྱེ་བ་དུན་ཏིང་ཁ་ལ་ཡ། །དགྲ་བོའི་ཡིད་སྲོག་ལ་བྷྱོ་བྷྱོ། །གཏུམ་མོ་ལས་ཀྱི་དུན་ཏིང་ཁ་ལ་ཡ། །དགྲ་བོའི་སྙིང་ལ་བྷྱོ་བྷྱོ། །ཞེས་མུ་སུ་ར འམ་གཡག་རུ་ཁྲག་དང་དུག་གིས། ཞེས་པས། མདུན་གྱི་ལིངྒ་ལ་ཐུན་ཏིག་གོ། །དེ་ནས་འཁོར་ལོ་བསྐོར་ཟིན་པ་དང་། ཐུན་སྔགས་དྲིལ་ལ་ཞག་བདུན་བྱས་ལ། དེ་ནས་ལྷོ་ཕྱོགས་ཀྱི་རོ་ཁུང་རྙིང་པའམ་བམ་རོ་དང་བཅས་པའམ། ཀླུ་ནག་པོ་ཡོད་པའི་སར། བེ་ཅོན་གྱིས་ས་གཞི་གཤགས་ཏེ་འཆི་བདག་ལ་གཏད་དོ། །དེ་ནས་བྲོས་ཕྲིན་ལས་རྣམ་པ་བཞིའི། གཟིར་བ་དང་། དོན་ཡོད་གྲུབ་པའི་ཕོ་བྲང་གདབ་བོ། །སླར་ཡང་བཀྲ་ཤིས་པའི་ཆོ་ག་བྱའོ། །ཡ་མ་རཱ་ཛ་འཆི་བདག་གི་སྨད་ལས་རྫོགས་སོ།། །།


previousགཤིན་རྗེ་ནག་པོའི་འཁྲུལ་འཁོར་གྱི་མན་ངག་གི་ཡིག་ཆུང་གསལ་བའི་སྒྲོན་མེ།next